Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
  
  
  
  
  
ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ།
  
  
 
  
  
 
  
  
  
  
  
  
  
  
  
  
 expand section
  
  
  
  
  
  


6 occurrences of འ་འུར་
[Clear Hits]

 
previousཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ།next

ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ།


GTD008_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་བསྙེན་ཅིང་སྒྲུབ་པའི་རིམ་པ་ཁ་སྐོང་གསང་སྒྲུབ་ཀྱི་བསྐང་བ་དང་བཅས་པ་བཞུགས་སོ། །


GTD008_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་བྷཻ་ར་ཝཱ་ཡ། རྒྱལ་ཡུམ་དེ་ཉིད་རྟོགས་པའི་ཤེས་རབ་ལ། །རྒྱལ་བའི་ཡབ་ཏུ་གྱུར་པའི་ངོ་མཚར་ཡང། །རྒྱལ་སྲས་ཚུལ་དུ་རྩེན་པའི་སྒྱུ་འཕྲུལ་གར། །རྒྱལ་བའི་དབང་པོ་ཙོང་ཁ་པ་ལ་འདུད། །ཧ་ཧར་བཞད་པའི་གད་རྒྱངས་མཐོན་པོ་ཡིས། །སྲིད་པ་གསུམ་པོ་ཤིག་ཤིག་འདར་བྱེད་ཅིང། །ནམ་མཁའི་དབྱིངས་སུ་རྭ་གདེངས་མ་ཧེའི་གདོང༌། །གཤིན་རྗེ་གཤེད་པོས་བགེགས་ལས་རྒྱལ་བར་མཛོད། །བླ་མ་རྡོ་རྗེ་འཇིགས་བྱེད་ཞབས་པད་ལ། །གུས་པས་བཏུད་ནས་ལས་གཤིན་རིགས་གསུམ་གྱི། །བསྙེན་སྒྲུབ་རིམ་པ་དམ་པས་བཤད་ཟིན་འགའ། །ཤིན་ཏུ་གོ་སླའི་ཚུལ་གྱིས་བྲི་བར་བྱ། །དེ་ལ་འདིར་ལས་ཀྱི་གཤིན་རྗེ་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་ཚུལ་བཞིན་དུ་བྱ་བར་འདོད་པའི་གང་ཟག་གིས་ཐོག་མར་གང་དུ་བསྒྲུབ་པའི་གནས་ནི། དུར་ཁྲོད་ལ་སོགས་པ་གཙོ་བོར་གསུངས་ཀྱང། གནས་ཁང་ལྟ་བུར་བྱེད་ན། མུན་པ་ཤིན་ཏུ་འཐིབ་པས་རྔམས་གནག་པ། ཁ་ལྷོར་བལྟ་བ་དངོས་སམ། ཡང་ན་ཡིད་ཀྱིས་དེ་ལྟ་བུར་མོས་ཏེ། གཟའ་དང་རྒྱུ་སྐར་སོགས་ཀྱང་མངོན་སྤྱོད་ཀྱི་ལས་དང་མཐུན་པར་འཆར་བའི་ཚེས་ལ། ཐུན་ཚོད་ཀྱང་དེ་ལྟ་བུ་ནས་འགོ་རྩོམ་པར་བཤད་དོ། །དེ་ལ་ཐོག་མར་གནས་ཁང་བྱི་དོར་ལེགས་པར་བྱས། ཡི་དམ་དང་ལས་གཤིན་རིགས་གསུམ་གྱི་རྟེན་རྣམས་གོ་རིམ་བཞིན་དུ་བཀྲམ། དེའི་མདུན་དུ་སྟེགས་བུ་མཐོན་པོའི་སྟེང་དུ། ལྕགས་སྣོད་


GTD008_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་ནས་ནག་རྗེན་བཏགས་ལས་བྱས་པའི་གཏོར་མ་ཁྲུ་གང་ལས་མི་ཆུང་བར་བྱ་དགོས་ལ། དེ་ཡང་ཡི་དམ་གྱི་གཏོར་མ་དཀྱུས་ལྟར་དང། ཕྱི་སྒྲུབ་ལ་དཔལ་བཤོས་ཟུར་གསུམ་པ་རྩེ་མོར་ཐོད་དབྱུག་དང་རྡོ་རྗེའི་ཏོག་གིས་སྤྲས་ཤིང། མེ་རི་སོགས་ཀྱིས་བརྒྱན་པ། ནང་སྒྲུབ་ཀྱི་དབྱིབས་དེ་མཚུངས་ལ་གྲི་ཐོད་ཀྱིས་བརྒྱན་པ་དང། གསང་སྒྲུབ་ཀྱི་གཏོར་མ་ནོར་བུ་འབར་བའི་དབྱིབས་ཅན། ཕྱི་སྒྲུབ་ཀྱི་གཏོར་མའི་གཡོན་དུ། ཙཱ་མུཎྜའི་གཏོར་མ་མཐོ་གང་ལས་མི་ཆུང་བ་རྩེ་གསུམ་གྱིས་མཚན་པ་དང། མཐའ་སྐོར་དུ་མཐེབ་ཀྱུ་སོགས་ཕྱག་བཞེས་མ་ཉམས་པར་ཚུལ་བཞིན་དུ་བཤམ། མདུན་དུ་འབུལ་གཏོར་དང་ཉེར་སྤྱོད་སོགས་ཅི་འབྱོར་བའི་མཆོད་པ་དམ་ཉམས་ཀྱི་རྫས་སོགས་ཀྱིས་མ་སྦགས་པའི་གཙང་ཞིང་གྱ་ནོམ་པ། ཕུད་མ་ཉམས་ཤིང༌། གཡོ་ཟོལ་གྱིས་མ་བསླད་པ་དང། ཁྱད་པར་དུ་ཡང་འདིའི་བསྙེན་པའི་ཡན་ལག་ལ་མེད་དུ་མི་རུང་བ། མི་རྐང་གི་གླིང་བུ། ཐོད་པའི་ཌཱ་མ་རུ། ཤ་ཆེན་གུ་གུལ་བསྲེས་པའི་སྤོས་སྦྱོར། ནང་མཆོད་སོགས་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱས། རོ་གདན་དངོས་མ་འབྱོར་ཡང། རོ་རས་ལྟ་བུ་ལ་བྲིས་པའམ། ཐ་མའང་ཡིད་ཀྱིས་དེ་ལྟ་བུར་མོས་པའི་སྟན་ལ་འཁོད། སྐྱབས་སེམས་སྔོན་དུ་བཏང༌། ཡི་དམ་གྱི་མངོན་རྟོགས་རྒྱས་བསྡུས་གང་ཡང་རུང་བའི་སྒོ་ནས། རང་ལྷའི་ང་རྒྱལ་བརྟན་པོ་ལ་གནས་པ་ཞིག་མེད་མི་རུང་བར་དགོས་ཏེ། རང་ལ་དེ་ལྟ་བུའི་


GTD008_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གདེང་ཅི་ཡང་མེད་པར་སྐྱེ་འགྲོའི་སྲོག་གི་བདག་པོ་འདི་ལྟ་བུ་ལ་བཀའ་བསྒོ་བ་ནི། རང་ཉིད་ཀྱི་འཚོ་བ་ཐུང་ངུར་བྱེད་པའི་སྦྱོར་བ་ལྷུར་ལེན་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ལྷའི་ང་རྒྱལ་དང་གསལ་སྣང་ཁྱད་པར་ཅན་འབྱུང་བ་ལ་ཡང་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཚུལ་བཞིན་དུ་བསྟེན་ནས་མཉེས་པར་བྱས་པ་ལས། སྨིན་བྱེད་དབང་གི་ཆུ་བོ་ཉམས་པ་མེད་པར་མནོས་པ་ཞིག་དགོས་ཤིང། དེའི་སྔོན་དུའང་འཆི་བ་མི་རྟག་པ་ནས་བཟུང་སྟེ། ཐུན་མོང་བའི་ལམ་གྱི་རིམ་པས་རྒྱུད་ལེགས་པར་སྦྱངས་པ་ཞིག་དགོས་པས། ཐོག་མར་རང་རྒྱུད་ལ་རྨང་གཞི་དེ་དག་ཚང་མ་ཚང་བལྟ་དགོས་ཀྱི། དང་པོ་ཉིད་ནས་མཐོ་མཐོ་དང་རྔམ་རྔམ་འབའ་ཞིག་ལ་དགའ་བས་ནི་གར་ཡང་མི་ཕྱིན་ནོ། །ཁྱད་པར་དུ་ཡང་ལས་ཀྱི་གཤིན་རྗེ་འདི་ཉིད་ལམ་གྱི་འགྲོས་དང་བསྟུན་པའི་སྲུང་མ་བཤད་པའི་སྐབས་སུ། སྐྱེས་བུ་ཆུང་ངུའི་ཆོས་སྐྱོང་དུ་གསུངས་པའི་དོན་འཆི་བ་མི་རྟག་པ་ལ་སྦྱར་ནས་བཤད་པའང་ཡོད་ལ། གཙོ་བོ་འདི་ཉིད་ལས་དཀར་ནག་གི་ཤན་འབྱེད་ཡིན་ཞིང། སྐྱེས་བུ་ཆུང་ངུའི་ལམ་གྱི་སྲོག་ཀྱང་ལས་འབྲས་ཀྱི་སྤང་བླང་འདི་ཉིད་ཡིན་པས། དེའི་དབང་དུ་བྱས་པ་ཡིན་ལ། དེས་ན་ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་དུ་བྱས་ཏེ། དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་བཞིན་དུ་བསྲུངས་ན། བསྙེན་སྒྲུབ་ཀྱང་ལོགས་སུ་མི་དགོས་པར་ཆོས་སྐྱོང་རང་དབང་མེད་པར་འཁོར་བའི་རྟེན་དེ་ལས་ལྷག་པ་མེད་ཅིང༌། དེ་དག་ཡལ་བར་བོར་ནས་བཟླས་བརྗོད་དང་དམོད་བཅོལ་ཅི་ཙམ་བྱས་ཀྱང། ཡི་དམ་ཆོས་སྲུང་རྣམས་ཐུགས་ཁྲེལ་བའི་རྒྱུ་ལས་མ་འདས་པས་དམ་ཚིག་དང་སྡོམ་པ་གཙང་བ་ཤིན་ཏུ་གལ་ཆེའོ། །


GTD008_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ལས་གཤིན་རིགས་གསུམ་པོ་འདི་ནི། གཞན་གྱི་ཆོས་སྐྱོང་ཐ་དད་པ་གསུམ་ལྟ་བུ་མ་ཡིན་པར། རྩ་བ་དམ་ཅན་ཆོས་རྒྱལ་གཅིག་པུ་དེ་ཉིད་སྒྲུབ་པ་པོའི་མོས་པ་ཐ་དད་པའི་དབང་གིས་ལས་སོ་སོ་ལ་སྐུའི་རྣམ་པ་སྟོན་ཚུལ་ཙམ་ཡིན་པས། དཀྱུས་གཅིག་ཏུ་བསྒྲུབ་པའི་ཚེ་ཡང༌། མངོན་རྟོགས་སོགས་གསལ་འདེབས་པའི་ཚུལ་རགས་པ་ཙམ་ཞིག་སོ་སོར་བྱས་ཀྱང༌། ཆོ་གའི་ཆ་རྣམ་པ་ཐམས་ཅད་ནས་མ་འདྲེས་པ་མི་དགོས་པས། འདིར་ཡང་ཕྱི་སྒྲུབ་ནང་སྒྲུབ་གཉིས་ཀྱི་མངོན་རྟོགས་སོགས་དཀྱུས་ལྟར་བྱས་ཏེ། དེའི་བར་དུ་གསང་སྒྲུབ་ཀྱི་སྐོར་རྣམས་འཇུག་པའི་ཚུལ་ནི། ཡི་དམ་གྱི་བསྒོམ་བཟླས་གཏོར་འབུལ་རྣམས་གྲུབ་པའི་རྗེས་སུ་ཧྲཱིཿ ཥྚྲཱིཿ ས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མ། ཞེས་པ་ནས༌། ལིངྒ་དམར་པོ་གྱེན་དུ་ལངས་པ། ཡང་མདུན་གྱི་ནམ་མཁར་པདྨ་དང་ཉི་མ་དང་མ་ཧེ་དམར་པོའི་གདན་གྱི་སྟེང་དུ་ཡཾ་ཡིག་དམར་པོ་དེ་ལས་འོད་ཟེར་འཕྲོས། གནོད་བྱེད་གདུག་པ་ཅན་རྣམས་ཚར་བཅད་ཅིང༌། སེམས་ཅན་རྣམས་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། སྲིད་ཞིའི་དཔལ་འབྱོར་མཐའ་དག་བསྡུས་ཏེ་ཡཾ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ཆོས་ཀྱི་རྒྱལ་པོ་སྐུ་མདོག་དམར་ནག་རབ་ཏུ་འཇིགས་པའི་གཟུགས་ཅན། བྱུ་རུའི་རི་བོ་ལ་བསྐལ་པའི་མེས་འཁྱུད་པ་ལྟ་བུ། མ་ཧེ་རབ་ཏུ་ཁྲོས་པའི་གདོང་དང་ལྡན་པ། འབར་བའི་སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག་ཅིང༌། མེའི་ཚ་ཚ་འཕྲོ་བའི་སྨ་ར་དང། སྨིན་མ་དམར་སེར་གྱེན་དུ་བརྫེས་པ། མཆེ་བ་རྣོན་པོ་བཞི་གཙིགས་ཤིང་ལྗགས་འདྲིལ་བ།


GTD008_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཡིད་བཞིན་གྱི་ནོར་བུ་དང། གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་འཛིན་ཅིང༌། ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། ལིངྒ་དམར་པོ་གྱེན་དུ་ལངས་པ། གཞན་ཡང་པདྨ་དང་ཉི་མ་ཞེས་སོགས། ཕྱི་སྒྲུབ་ཀྱི་མངོན་རྟོགས་དཀྱུས་ལྟར་བྱས། སྤྱན་འདྲེན་གྱི་ཚེ་ཡང་གསུམ་ག་ལྷན་ཅིག་ཏུ་སྦྱན་དྲངས་ཏེ། དམ་ཚིག་པ་སོ་སོ་ལ་ཐིམ་པའི་མོས་པ་དང་དབང་བསྐུར་རྒྱས་གདབ་ཀྱང་ལྷན་ཅིག་ཏུ་བྱས་པས་ཆོག་ལ། གང་དུ་བཞུགས་པའི་གནས་ནི། རང་ཡི་དམ་གྱི་རྟེན་བརྟེན་པའི་ང་རྒྱལ་ལ་གནས་པའི་ཚེ། ཤར་སྒོའི་རྟ་བབས་ཀྱི་རྒྱབ་ཐད་དྲང་གི་ནམ་མཁར་གསལ་འདེབས་པར་གསུངས་སོ། །ནང་མཆོད་འབུལ་བའི་ཚེ། ཡ་མ་རཱ་ཛཱ་སརྦ་སིདྡྷི་ས་པ་རི་ཝཱ་ར་ཨོཾ་ཨཱཿ ཧཱུཾ། ཞེས་པ་བཅུག་ཅིང༌། བསྟོད་པ་ཐུན་མོང་དུ་བྱ། སྔ་ཕྱིའི་ཐུན་གང་རུང་གཅིག་མ་གཏོགས་པར་འདི་ནས་བཟླས་པ་ལ་ཞུགས་པས་ཆོག་ཀྱང༌། བསྐང་བཤགས་བྱེད་པའི་ཚེ། ཧཱུཾ་བླ་མ་མཆོག་དང། ཞེས་པ་ནས། སྤྲོས་བྲལ་ཆོས་དབྱིངས་ངང་དུ་བཤགས་པར་བགྱི། །ཞེས་པའི་རྗེས་སུ། ཧཱུཾ་འཇམ་པའི་དབྱངས་སོགས་རྩ་བརྒྱུད་བླ་མ་དང༌། །དགེ་སྡིག་ཤན་འབྱེད་ཆོས་ཀྱི་རྒྱལ་པོ་སོགས། །ཡེ་ཤེས་སྤྱན་ལྡན་སྲུང་མ་འཁོར་དང་བཅས། །མ་ལུས་བདག་ལ་བརྩེ་བས་དགོངས་སུ་གསོལ། །ཐོག་མེད་དུས་ནས་སྲིད་པའི་བཙོན་རར་ཆུད། །སེར་སྣ་ལ་སོགས་ཉེས་བརྒྱའི་ལྕགས་ཀྱིས་བསྡམས། །རྨོངས་པའི་མུན་པ་འཐིབ་པོའི་དབང་གྱུར་ཏེ། །ལས་འབྲས་ཚུལ་ལ་བླང་དོར་ལོག་པར་བསྒྲུབས། །དངོས་གྲུབ་རྩ་བ་བླ་མར་སྐྱོན་བརྟགས་ཤིང༌། །ཡི་དམ་


GTD008_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་ལྷར་ཡང་སོམ་ཉི་བགྱིས། །ཆོས་སྐྱོང་སྲུང་མའི་བསྙེན་སྒྲུབ་གཡེལ་བ་སོགས། །སྒོ་གསུམ་ཉེས་པའི་ཚོགས་ཀུན་མཐོལ་ལོ་བཤགས། །དངོས་གྲུབ་ཀུན་གྱི་རྟེན་དུ་གྱུར་པ་ཡི། །བསྲུང་སྡོམ་བཅས་པའི་མཚམས་ལས་འདས་པ་དང༌། །དམ་རྫས་གཏོར་མ་སོགས་ལ་ཉམས་གྲིབ་ཀྱིས། །སྦགས་པའི་ནོངས་པ་ཅི་བགྱིས་མཐོལ་ལོ་བཤགས། །དབུལ་ཕོངས་སེར་སྣའི་སྐྱོན་དུ་མ་རྟོགས་པར། །ཕྱི་ཕྱིར་འཇུངས་པས་སྦྱིན་པ་མི་གཏོང་ཞིང། །འདོད་ལ་སྲེད་པས་གཞན་ནོར་བླངས་པ་སོགས། །ཁྱོད་ཀྱི་དམ་ཚིག་ལས་འགལ་བགྱིས་རྣམས་བཤགས། །ཡབ་རྗེ་རྒྱལ་བའི་བསྟན་ལ་འཁུ་བའི་དགྲར། །དྲག་པོས་ལས་ཀྱི་ཚམ་རྔམ་མི་སྟོན་པར། །ཟས་ནོར་གཏམ་གྱིས་བྱམས་པར་བསྐྱངས་པ་སོགས། །ཁྱོད་ཀྱི་ཐུགས་དང་འགལ་བ་བགྱིས་རྣམས་བཤགས། །མདོར་ན་བཟང་ངན་སྤྲོས་པའི་མཐའ་བྲལ་བ། །ཆོས་ཀྱི་དབྱིངས་ལ་ནོངས་པ་མ་མཆིས་ཀྱང། །ཀུན་རྫོབ་འཁྲུལ་ངོར་བཀྲ་བའི་ཉེས་ལྟུང་ཀུན། །བརྩེ་ཆེན་ཐུགས་རྗེའི་སྟོབས་ཀྱིས་བྱང་གྱུར་ཅིག །བསྐང་བ་ནི། ཧཱུཾ། མི་འགྱུར་ལྷན་སྐྱེས་བདེ་བའི་རོལ་པ་ལས། །ཏིང་འཛིན་གསལ་བའི་རི་མོ་མཆོད་པའི་སྤྲིན། །སྣ་ཚོགས་དབང་པོའི་གཞུ་བཞིན་བཀྲ་བ་ཡིས། །ཆོས་ཀྱི་རྒྱལ་པོ་འཁོར་བཅས་དགྱེས་གྱུར་ཅིག །ཁྲག་གི་མཆོད་ཡོན་རྦ་རླབས་མཁའ་ལ་འཕྱོ། །དབང་པོའི་མེ་ཏོག་འདབ་མ་འབུམ་དུ་བཞད། །ཤ་ཆེན་དུད་སྤྲིན་ལྷ་ཡི་ལམ་ཀུན་འགེངས། །ཚིལ་ཆེན་སྒྲོན་མེ་ཉི་ཟླའི་འོད་ལ་འཁུ། །ཁྲག་དང་ཞག་གི་དྲི་ཆབ་རྒྱ་མཚོར་འཁྱིལ། །ཤ་དང་རུས་པའི་ཞལ་ཟས་ལྷུན་པོར་སྤུངས། །སྙན་ཅིང་བརྗིད་པའི་རོལ་


GTD008_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འབྲུག་ལྟར་སྒྲོགས༌། །ཕྱི་དང་ནང་གི་ཉེར་སྤྱོད་དམ་པ་འདིས། །བླ་མ་གཤིན་རྗེའི་གཤེད་པོའི་ཐུགས་དམ་བསྐང༌། །ཆོས་རྒྱལ་ཡིད་བཞིན་ནོར་བུའི་ཐུགས་དམ་བསྐང། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༌། །ཐུགས་དམ་བསྐངས་ཤིང་ཉམས་ཆག་སོས་གྱུར་ནས། །བསྟན་ལ་གནོད་པའི་དགྲ་བགེགས་བརླག་པ་དང༌། །དབུལ་ཞིང་ཕོངས་པའི་སྡུག་བསྔལ་བསལ་བྱས་ཏེ། །རྣལ་འབྱོར་དམ་ཆོས་བསྒྲུབ་པའི་མཐུན་རྐྱེན་ཀུན། །འབད་མེད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །བསྐལ་པའི་མེ་འོད་འཕྲོ་བའི་བྲག་གི་རིས། །རབ་ཏུ་རྔམ་པའི་ངར་སྒྲ་སྒྲོགས་པ་བཞིན། །ཁ་དོག་དམར་ནག་རྣོ་བའི་རྭ་གདེངས་ཤིང༌། །རུས་པའི་རྒྱན་སྤྲས་གཏུམ་དྲག་མ་ཧེ་འདིས། །བླ་མ་གཤིན་རྗེ་གཤེད་སོགས་ཤོ་ལོ་ཀ་གཉིས་གོང་དང་འདྲ། ཟས་ནོར་ལོངས་སྤྱོད་འདོད་དགུའི་གཏེར་ཆེན་པོ། །ཆར་དུ་བསྙིལ་བའི་ནོར་བུ་བསམ་འཕེལ་དང༌། །ཡངས་ཤིང་རྒྱ་ཆེ་མཚན་ལྡན་ཀ་པཱ་ལ། །དམར་སེར་བདུད་རྩིའི་རྒྱུན་གྱིས་གང་བ་འདིས། །བླ་མ་ནས། གངས་རིའི་མདངས་ལྡན་ཐོད་པའི་དབུ་རྒྱན་དང༌། །ཆིལ་ཆིལ་ཁྲག་འབབ་བརྒྱ་ཕྱེད་མགོ་བོའི་འཕྲེང༌། །མུ་ཏིག་འོད་ཆགས་རུས་པའི་དོ་ཤལ་སོགས། །སྣ་ཚོགས་རྒྱན་གྱི་བྱེ་བྲག་དམ་པ་ཡིས། །བླ་མ་ནས། གཞན་ཡང་ལྷུན་པོ་ཉི་ཟླའི་རྣ་ཆ་ཅན། །གླིང་དང་གླིང་ཕྲན་བཀྲ་ཤིས་རྟགས་རྫས་ཚོགས། །རིན་ཆེན་བདུན་དང་གོ་མཚོན་ཟས་ནོར་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་འདིས། །བླ་མ་གཤིན་རྗེ་ནས། ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཟློག་པ་ཐུན་མོང་དང་བཟླས་པའི་སྐབས་སུ། ཨོཾ་ཡ་མ་རཱ་ཛཱ་སརྦ་སིདྡྷི་ཧཱུཾ། ཞེས་བཟླ་


GTD008_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། གཏོར་འབུལ་གྱི་ཚེ་ཡང༌། ཡ་མ་རཱ་ཛཱ་སརྦ་སིད་དྷི་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བཅུག་ལ། ནང་མཆོད་ཀྱང་སྔར་ལྟར་དབུལ། བསྟོད་པ་ནི། ཧཱུཾ། གང་ཞིག་ཡིད་ལ་དྲན་པའི་བསིལ་ཟེར་གྱིས། །དབུལ་ཞིང་ཕོངས་པའི་ཚ་གདུང་འཇིལ་བྱེད་ཅིང༌། །སྲིད་ཞིའི་དཔལ་འབྱོར་ཀུནྡ་རྒྱས་བྱེད་པ། །ཆོས་རྒྱལ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ། །རིན་ཆེན་རོ་ཧི་ཏ་ཀའི་ལྷུན་པོ་ལ། །རབ་འབར་གློག་གི་ཞགས་པས་འཁྱུད་པ་བཞིན། །སྐུ་མདོག་དམར་ནག་རབ་འཇིགས་སྲིན་པོའི་གཟུགས། །གཏུམ་དྲག་ཚམ་རྔམ་འཕྲོ་བ་ཁྱོད་ལ་བསྟོད། །དམར་སེར་མེ་ཡི་རལ་པ་མཁའ་ལ་གསིག །ཧ་ཧའི་གད་རྒྱངས་དྲག་པོས་སྲིད་གསུམ་འགེངས། །བརྐྱང་བསྐུམ་ཞབས་གཉིས་བརྡབ་པས་ས་ཆེན་གཡོ། །རྒྱལ་བསྟན་སྲུང་མའི་གཙོ་བོ་ཁྱོད་ལ་བསྟོད། །འཇིག་རྟེན་གསུམ་གྱི་དཔལ་འབྱོར་མ་ལུས་པ། །དབང་དུ་སྡུད་པའི་ནོར་བུ་རིན་ཆེན་དང། །བདུད་རྩིའི་རྒྱུན་གྱིས་གང་བའི་ཀ་པཱ་ལ། །གཡས་གཡོན་ཕྱག་གིས་འཛིན་མཛད་ཁྱོད་ལ་བསྟོད། །ཡེ་ཤེས་རང་བཞིན་རབ་འབར་བྱིན་ཟ་ཡིས། །སྡེ་དང་བཅས་པའི་བདུད་རྣམས་སྲེག་བྱེད་ཅིང། །སྒྲུབ་པ་པོ་ལ་དངོས་གྲུབ་ཆར་འབེབས་པའི། །བསམ་འཕེལ་དབང་གི་རྒྱལ་པོ་ཁྱོད་ལ་བསྟོད། །འཇམ་མགོན་ངུར་སྨྲིག་གར་བསྒྱུར་ཙོང་ཁ་པའི། །བསྟན་དང་བསྟན་འཛིན་བརྒྱུད་པར་བཅས་པ་ཀུན། །འཛད་མེད་དངོས་གྲུབ་ཆར་གྱིས་སྐྱོང་མཛད་པའི། །ཆོས་སྐྱོང་ཆེན་པོ་ཁྱོད་ལ་སྙིང་ནས་འདུད། །བདག་ཅག་དེང་ནས་བྱང་ཆུབ་སྙིང་པོའི་བར། །དམ་ཆོས་སྒྲུབ་པའི་བར་གཅོད་མི་འབྱུང་ཞིང༌། །ཕྱི་དང་


GTD008_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་མཐུན་རྐྱེན་མ་ལུས་པ། །འདོད་དགུར་ལྷུན་གྱིས་གྲུབ་པའི་སྡོངས་གྲོགས་མཛོད། །ཅེས་པས་བསྟོད། དེ་དག་ནི་གཙོ་བོར་ངག་འདོན་གྱི་རིམ་པ་ཙམ་སྟེ། གཙོ་བོར་གྱུར་པ་བསྙེན་པའི་དམིགས་པ་ནི། ནང་སྒྲུབ་ལ་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ། ཧཱུཾ་ཡིག་མཐིང་གའི་འོག་ཙམ་ལ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཧཱུཾ་ཡིག་དང༌། མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ་བཏབ། ཆོས་རྒྱལ་གྱི་ཐུགས་ཀར་ཡང་དེ་ལྟ་བུའི་སྔགས་འཁོར་ཞིག་གསལ་བཏབ་སྟེ། རང་གི་ཐུགས་ཀའི་སྔགས་འཁོར་དེ་ཉིད་དྲག་ཏུ་བསྐྱོད། སྐུའི་དབྱིབས་བརྒྱུད་དེ། ཤངས་བུག་གཡས་ནས་བྱུང༌། ཆོས་རྒྱལ་གྱི་ཤངས་བུག་གཡོན་པ་ནས་ཞུགས། ཐུགས་ཀའི་སྔགས་འཁོར་གྱི་དབུས་ཀྱི་ས་བོན་ལ་སིབ་ཀྱིས་ཐིམ། སླར་ཡང་ཆོས་ཀྱི་རྒྱལ་པོའི་སྐུའི་དབྱིབས་བརྒྱུད་དེ་ཤངས་བུག་གཡས་ནས་བྱུང༌། རང་གི་ཤངས་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀར་འཁོད། དེ་ལྟ་བུའི་ཚུལ་གྱིས་མགལ་མེའི་འཁོར་ལོ་བཞིན་དུ་འཁོར་ཞིང། དེ་ལ་ཡི་གེ་རྣམས་ལས་སྔགས་ཀྱི་གདངས་ཟབ་མོ་འབྲུག་སྒྲ་བཞིན་དུ་འུ་རུ་རུ་སྒྲོག་བཞིན་པ་དང། མེ་སྟག་དམར་ཆེམ་ཆེམ་འཕྲོ་བ་དེ་ལྟ་བུ་བསམ་དགོས་ལ། དེ་ལྟ་བུའི་སྔགས་ཀྱི་འཕྲེང་བ་བརྒྱུད་མར་འཁོར་བས། ཆོས་ཀྱི་རྒྱལ་པོའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ། རང་ལ་ལྟ་མི་ནུས་བཞིན་དུ་འདུད་ཅིང་གུས་པའི་ཚུལ་གྱིས་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་གང་བཅོལ་ཐམས་ཅད་བདག་གིས་བྱའོ་ཞེས་ཞལ་གྱིས་བཞེས་ཤིང་དམ་བཅས་པར་བསམས་ཏེ། སྔགས་བཟླས་པ་ལ་འཇུག་དགོས་ཤིང། ཕྱི་སྒྲུབ་ལ་སྔགས་འཁོར་


GTD008_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའི་དབུས་ཀྱི་ས་བོན་ལ་ཡཾ་ཡིག་མཐིང་ག་དང། ཙཱ་མུཎྜིའི་ཐུགས་ཀར་རྩེ་གསུམ་ལ་གནས་པའི་ཙཾ་ཡིག་གི་མཐར། སྔགས་འཁོར་འགོད་དགོས་ཀྱི། དམིགས་པའི་ཁྱད་པར་གཞན་འདྲའོ། །ནང་སྒྲུབ་ཀྱི་སྔགས། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཕཊ། ཅེས་པ་འདི་ཉིད་ཡིན་པར་གྲགས་ཆེ་ལ། ཕྱི་ནང་གཉིས་ཀའི་སྔགས་གཅིག་པར་བཞེད་པ་ཡང་ཡོད་དེ་དཔྱད་པར་བྱའོ། །གསང་སྒྲུབ་ཀྱི་བཟླས་པའི་དམིགས་པ་ནི། ཐུགས་ཀར་ཉི་གདན་གྱི་སྟེང་དུ་དབུས་སུ་ནོར་བུ་འབར་བ་ལ་གནས་པའི་ཡཾ་ཡིག་དམར་པོ་དང༌། མཐའ་སྐོར་དུ། ཨོཾ་ཡ་མ་རཱ་ཛཱ་སརྦ་སིད་དྷི་ཧཱུཾ་ཞེས་པས་བསྐོར་བར་བསམས་ཏེ། སྔགས་འཕྲེང་སྤྲོ་བསྡུ་སོགས་སྔ་མ་དང་འདྲ་ཡང༌། དམིགས་པའི་ཁྱད་པར་ནི། འདིའི་སྔགས་འཕྲེང་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་དང། ཞགས་པའི་རྣམ་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་ནས། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་པས་ཟས་ནོར་ལོངས་སྤྱོད་མཐའ་དག་དང་ཁྱད་པར་རྒྱལ་བློན་སྡེ་འབངས་སོགས། གང་ཞིག་དབང་དུ་བསྡུ་བར་འདོད་པ་ཐམས་ཅད་རང་དབང་མེད་པར་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་བཞིན་དུ་བཀུག་སྟེ་དབང་དུ་འདུས་པར་བསམ་ལ་བཟླས་པ་བྱའོ། །བསྙེན་པའི་ཚེ་ཅུང་ཟད་འཚུབ་པའི་རྣམ་པ་བྱུང་ན། ཆོས་རྒྱལ་གྱི་སྤྱི་བོར་རྡོ་རྗེ་ནག་པོ་རྩེ་ལྔ་བའི་ལྟེ་བའི་ནང་དུ། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ངོ་བོ་ཧཱུཾ་ཡིག་མཐིང་ནག་འོད་ཟེར་དྲག་ཏུ་འབར་བ་ཞིག་གོང་གནོན་གྱི་ཚུལ་དུ་གསལ་བཏབ་དེས་འཚུབ་ཞི་བར་མ་ནུས་ན། རྡོ་རྗེའི་ལྟེ་བར་འཇིགས་བྱེད་མ་ཧེའི་ཞལ་ཅན། ཞལ་གཅིག་ཕྱག་གཉིས་པ། ཆེ་ཆུང་ཚོན་གང་བ་ཞིག་གསལ་བཏབ།


GTD008_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཀྱང་མ་ནོན་པར་ཤིན་ཏུ་འཚུབ་ཅིང་ལས་བསྒྲུབ་པར་མི་ཉན་པའི་རྣམ་པ་བྱུང་ན། གནམ་ལྕགས་ཀྱི་རང་བཞིན་གྱི་རྭ་རྩེ་དང་རྨིག་པ་ཤིན་ཏུ་རྣོ་བའི་མ་ཧེ་ལ་གནས་པའི་འཇིགས་བྱེད། ཞལ་གཅིག་ཕྱག་གཉིས་པ་ཞིག་གསལ་བཏབ་སྟེ། དེ་ལ་ཡེ་ཤེས་པ་བཅུག །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ནུས་མཐུ་ཡང་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བསྟིམ་པས་གཟི་བྱིན་དང་ལྡན་པར་བསམས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་གྱིས། དེའི་ཐུགས་རྒྱུད་བསྐུལ་བས་དྲག་ཏུ་ཁྲོས་ཏེ་གར་མཛད་ཅིང། མ་ཧེས་ཀྱང་ཆོས་རྒྱལ་གྱི་དབུའི་སྟེང་དུ། ཡན་ལག་བཞི་དྲག་ཏུ་བརྡབ་ནས་ཟིང་ཟིང་འཁྲབ་པས། ཆོས་རྒྱལ་བཟོད་གླགས་མེད་པར་གྱུར་ནས་ལས་གང་བཅོལ་བསྒྲུབ་པའི་གཡར་དམ་པོར་བར་བསམ་མོ། །ཕྱི་མ་འདི་དམིགས་པ་ཤིན་ཏུ་འཚུབ་པས། ཡི་དམ་གྱི་བསྙེན་སྒྲུབ་ཚད་དང་ལྡན་པའི་གདེང་མ་ཐོབ་པར་གཏན་ནས་བྱ་མི་རུང་ལ། དེ་ལྟ་བུ་ཡོད་ཀྱང་བརྒྱ་ལ་ཐབས་མེད་བྱུང་ན་མ་གཏོགས་ཤིན་ཏུ་འཛེམ་པར་བྱ་དགོས་སོ། །འཁུ་ཞིང་ཟློག་ན་སྲོག་མནན་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་ཆོས་སྐྱོང་གི་ཐུགས་ཀའི་ས་བོན་ལ་ཕོག་པས། དེའི་གཟི་བྱིན་བཀྲག་མདངས་ཐམས་ཅད་བསྡུས་ཏེ། རང་ལ་ཐིམ་པར་བསམ། ཆོས་སྐྱོང་ཕྱི་བཞིན་འབྲང་བའི་ཐབས་ནི། ཐུན་འཇོག་ཁར་དེའི་ཐུགས་ཀའི་སྔགས་འཁོར་དེ་ཉིད་དབུས་ཀྱི་ས་བོན་ལ་ཐིམ། ས་བོན་ཡང་ཤངས་བུག་ནས་ཐོན། རང་གི་སྙིང་གའི་ས་བོན་ལ་ཐིམ་པར་བསམ་མོ། །དམ་ཚིག་ཉམས་ཆག་སྐོང་བ་ནི། རང་དང་ཆོས་སྐྱོང་གཉིས་ཀའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་དཀར་པོ་རེ་དང། ཡི་གེ་བརྒྱ་པའི་སྔགས་


GTD008_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཕྲེང་བ་གསལ་བཏབ་སྟེ། ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ་ཞིང༌། དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་བསམ། གཟི་བྱིན་བསྐྱེད་པ་ནི། རང་དང་ཆོས་རྒྱལ་གཉིས་ཀའི་ཐུགས་ཀར་ཉི་གདན་ལ་ཧཱུཾ་ཡིག་མཐིང་ནག་རེ་བསམ་ཞིང༌། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པ་དེའི་ཐུགས་ཀར་ཕོག །དེའི་ཐུགས་ཀའི་ཧཱུཾ་ལས་ཀྱང་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་ནུས་མཐུ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ། དེ་ལ་ཐིམ་པས་ཧཱུཾ་ཡིག་དེ་ཉིད། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་རྣམ་པར་གྱུར་ཅིང༌། བ་སྤུའི་བུ་ག་རྣམས་ཀྱང་དེ་ལྟ་བུས་གང་བར་བསམ། དེ་ལྟར་བཟླས་པ་བྱས་པའི་བསྙེན་གྲངས་ནི། རབ་བྱེ་ཆེན། འབྲིང་འབུམ་ཕྲག་བཅུ། ཐ་མའང་སུམ་འབུམ་བཟླ་དགོས་པར་གསུངས་ལ། བསྙེན་པ་ཚད་དང་ལྡན་པར་སོང་ནས། མཇུག་ཏུ་ཁ་སྐོང་གི་སྦྱིན་སྲེག་གྲུབ་ན་ལེགས་པས། དེའི་ཚུལ་ཡང་ཇི་ལྟར་བྱེད་སྙམ་ན། མགོན་པོ་སོགས་ཀྱི་སྦྱིན་སྲེག་ལོགས་སུ་སྣང་བས་དཔེ་འགྲེ་བྱས་ཏེ། མེ་ལྷའི་ཐུགས་ཀར་ཆོས་རྒྱལ་ཙམ་ཞིག་བསྐྱེད་པ་སོགས། ཟུར་རྣམས་བསྒྱུར་ནས་ཆོས་རྒྱལ་སྦྱིན་སྲེག་གསར་རྩོམ་གྱི་མིང་ཞིག་ལེན་པ་ལས་སླ་ཡང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་དྲིས་ལན་ཞིག་ཏུ། ཁོ་རང་གི་སྦྱིན་སྲེག་ཡོད་པ་ཡིན་ནམ། འཇིགས་བྱེད་སྦྱིན་སྲེག་བྱས་པས་ཆོག་ཅེས་ཞུས་པའི་ལན་གྱི་མཆན་བུར། འཇིགས་བྱེད་དང་ཆོས་རྒྱལ་བསྐྱེད། གཞན་འདྲ་ཞེས་གསུངས་པ་ལྟར། འཇིགས་བྱེད་སྦྱིན་སྲེག་ཇི་ལྟ་བ་བཞིན་ལ། མདུན་དུ་ལས་གཤིན་གཏོར་ཆོག་ལྟར་བསྐྱེད་དགོས་པ་ཡིན་ཏེ། འདིར་


GTD008_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་གྱི་ཚེ་ཡང་ཡི་དམ་ཆོས་སྐྱོང་འདི་གཉིས་ཟུང་འབྲེལ་དུ་བྱ་བ་ནི། མན་ངག་གི་གནད་ཁྱད་པར་ཅན་ཡིན་པས། ཚུལ་དེ་འདྲ་མ་གོ་ན། གནད་སྟོར་བའི་སྟབས་བདེ་བདེ་རེ་ལ་གདམས་པའི་མཐིལ་དུ་འཛིན་པ་འབྱུང་ཉེན་ཆེ་བར་སྣང་ངོ་། །གཉིས་པ་བསྒྲུབ་པའི་རྣམ་གཞག་ནི། ལྕགས་མཁར་དང་འབྲེལ་བའི་སྐོར་རྣམས་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་ལས་འབྱུང་བ་རྒྱུན་གྱི་ཕྱག་བཞེས་སུ་བསྟར་བཞིན་པ་ལས་ཤེས་དགོས་ཤིང༌། གཏོར་མའི་བཅའ་ཐབས། འཁོར་ལོ་དང་ལིངྒ་བྲི་ཚུལ་དེ་དག་གི་རྫས། དགྲ་བོ་འགུག་ཅིང་གཞུག་པའི་ཚུལ། རྟགས་མཚན་གྱི་ཁྱད་པར་སོགས་མདོར་བསྡུས་པ་ཙམ་ཞིག་ནི། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལས་འབྱུང་བ་ལྟར་ཡིན་ལ། སྐྱོབ་པའི་ལྷ་དང་བྲལ་བར་བྱ་བའི་ཚུལ་ཞལ་ལས་ཤེས་དགོས་ཞེས་ཁ་འཕང་མཛད་སྣང་བས། དེ་ཉིད་ཇི་ལྟར་ཡིན་སྙམ་ན། ཁ་སྦྱོར་དབྱེ་བའི་ཆོ་ག་བྱ་བ་ནི། དང་པོ་སྲུང་འཁོར་དང་ཕྱེ། དེ་རྗེས་སྲུང་མདུད། དེ་ནས་གོ་ཆ། དེ་ནས་འགོ་བའི་ལྷ་དང་འབྱེད་པ་ཡིན་ལ། དེས་ཀྱང་མ་གྲུབ་ན། དགྲ་བོའི་ལྷ་སྲུང་རྣམས་དགྲ་བོ་རང་ཉིད་ལ་ཁྲོས་ནས། དེ་ཉིད་གན་རྐྱལ་དུ་བསྒྱེལ་བའི་སྙིང་གི་ཐད་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་དྲུག་པའི་རྣམ་པར་གྱུར་ཏེ། གཡོན་སྐོར་དུ་འཁོར་བས་སྙིང་ཁྲག་དམར་ཆིལ་གྱིས་བྱུང༌། དེ་ནས་འཁོར་ལོ་དེ་ཉིད་སྡིག་པ་ཁ་དགུ་མིག་དགུ་པ་ཞིག་ཏུ་གྱུར་ཏེ། དགྲའི་ཤ་ཁྲག་རྣམས་ལྷག་མེད་དུ་ཟོས་པར་བསམ་མོ། །གསུམ་པ་ལས་ལ་སྦྱར་བ་ནི་སྒྲུབ་པའི་སྐབས་སུ། དགུག་གཞུག་བྱས་པའི་ལིངྒ་དེ་ཉིད་དགྲ་བོ་དངོས་སུ་བསམས་ཏེ། གནས་ལྔ་དང༌། ཚིགས་རྣམས་སུ་གཟེར་བཏབ། སྐུད་པ་ནག་པོས་རྒྱ་གྲམ་དུ་བཅིངས། ཐོད་པས་སྟེང་ནས་བཀབ་པའི་སྲུབ་ལ་


GTD008_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། སྔགས་དང་སྤེལ་ཚིག་བྲིས། སྟེགས་བུ་གྲུ་གསུམ་པའི་ཁར་བཞག །བདག་བསྐྱེད་དང་ལས་གཤིན་གྱི་བསྐྱེད་ཆོག་གནད་དུ་འགྲོ་ངེས་པ་བྱས། དེ་རྗེས་སྐབས་སྐབས་སུ་ཐུན་བྲབ་ཅིང། སྔ་དྲོ་ཕྱི་དྲོ་དང་ཐུན་སྔ་ཕྱིར་བཟླ་རྒྱུའི་སྔགས་མི་འདྲ་བའི་ཁྱད་པར། ཤིན་ཏུ་ཁྲོས་འཁྲུགས་རྔམ་པའི་གཤིན་རྗེ་རྣམས་ཀྱིས་མཚོན་ཆའི་ཆར་ཕབ་སྟེ། ཤིན་ཏུ་ཉམ་ཐག་པའི་ཚུལ་གྱིས་གནས་པའི་དགྲ་བོ་དེ་ཉིད་ཐལ་བའི་རྡུལ་དུ་བརླག་ནས། ཤ་རུས་ལྷག་མེད་དུ་གསོལ་བའི་དམིགས་པ་བྱ་ཚུལ་སོགས་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལས་འབྱུང་བ་བཞིན་བྱ་ལ། མཇུག་གི་མཆོད་བསྟོད། བཟོད་གསོལ། ལྷག་ཆད་ཁ་བསྐང་བ། ཡེ་ཤེས་པ་གཤེགས་སུ་གསོལ་ཞིང། བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་སོགས་ནི་དཀྱུས་ལྟར་རོ། །ཁམས་གསུམ་ཟ་བྱེད་གཤིན་རྗེའི་གཤེད་པོ་ཡི། །བཀའ་སྡོད་ལས་ཀྱི་གཤིན་རྗེའི་བསྙེན་སྒྲུབ་ཀྱི། །རྣམ་གཞག་ཅུང་ཟད་སྨྲས་པའི་དགེ་བ་དེས། །བྱང་ཆུབ་བསྒྲུབ་ལ་བར་ཆད་མེད་པར་ཤོག །ཅེས་ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ་བསྙེན་ཅིང་སྒྲུབ་བའི་རིམ་པ་ཁ་སྐོང་གསང་སྒྲུབ་ཀྱི་བསྐང་བ་དང་བཅས་པ་འདི་ནི་དད་བརྩོན་རྣམ་དཔྱོད་དང་ལྡན་པ་རབ་འབྱམས་པ་དཀོན་མཆོག་བསོད་ནམས་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྲིས་པའོ། །


previousཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ།next