Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
  
  
  
  
  
  
དཔལ་ལྡན་དམག་ཟོར་རྒྱ་མོའི་བསྙེན་སྒྲུབ།
  
 
  
  
 
  
  
  
  
  
  
  
  
  
  
 expand section
  
  
  
  
  
  


6 occurrences of འ་འུར་
[Clear Hits]

 
previousདཔལ་ལྡན་དམག་ཟོར་རྒྱ་མོའི་བསྙེན་སྒྲུབ།next

དཔལ་ལྡན་དམག་ཟོར་རྒྱ་མོའི་བསྙེན་སྒྲུབ།


GTD008_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྙེན་སྒྲུབ་ལ་འཇུག་པའི་མན་ངག་ཁྲག་འཐུང་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །


GTD008_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་རྒྱལ་བའི་འཕྲིན་ལས་སྒྲོལ་མ་ཡུམ། །མཁྱེན་གཏེར་ངག་གི་འདོད་འཇོ་དབྱངས་ཅན་ལྷ། །དབྱེར་མེད་ཞབས་ཀྱི་པདྨོར་ཕྱག་བགྱིས་ཏེ། །དེ་ཡི་སྒྲུབ་འཕྲིན་རླབས་འཁྲུགས་དམར་གྱི་མཚོ། །ཧེ་ལ་འདོད་པའི་རྣལ་འབྱོར་ཚོགས་རྣམས་ལ། །ཉེར་མཁོའི་མན་ངག་དགའ་སྟོན་རུ་དྷི་རཿ །ཚིག་ཉུང་ཀ་པཱ་ལ་ཡིས་སྟོབ་པར་བྱ། །དེའང་དཔལ་ལྡན་ལྷ་མོའི་བསྙེན་སྒྲུབ་ཉམས་སུ་ལེན་པར་བྱེད་པ་ལ། བསྙེན་པའི་སྐད་དོད་ཨུ་པ་ཞེས་པ་ཉེ་བའི་དོན་ཡིན་པས། སྲུང་མ་རང་ལ་ཉེ་བར་བྱེད་པའི་ཐབས་ཀྱི་གཙོ་བོ་ནི་མཆོད་བསྟོད་དང་གྱེར་དབྱངས་ཙམ་གྱིས་མི་ཆོག་གི །དཔེར་ན་དམ་ཅན་ཆོས་རྒྱལ་ལ་ལས་འབྲས་ཀྱི་བླང་དོར་དང༌། རྣམ་ཐོས་སྲས་ལ་འབྲིང་གི་ལྷག་པའི་ཚུལ་ཁྲིམས་དང༌། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་སྐྱེས་བུ་ཆེན་པོའི་ལྷག་བསམ་གལ་ཆེ་བ་བཞིན། དཔལ་ལྡན་ལྷ་མོ་འདི་ཉིད་མཉེས་པར་བྱེད་པའི་ཐབས་ཀྱི་གཙོ་བོ་རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ལ་རག་ལས་ཏེ། བདེ་མཆོག་རྩ་རྒྱུད་ལས། གང་ཞིག་སྲུང་བར་བྱེད་པ་ནི། །མཁའ་འགྲོ་མ་བཅས་དགེ་གདོང་ཞེས། །ང་ནི་དེ་ལ་ཕན་འདོགས་སོ། །ཞེས་སྤྱིར་མཁའ་འགྲོ་མ་རྣམས་དམ་ཚིག་ལ་ཤིན་ཏུ་གཙིགས་ཆེ་བར་གསུང་ཞིང༌། ཁྱད་པར་དུ་འདི་ཉིད་ཀྱི་སྒོས་རྒྱུད་མེ་ལྕེ་འབར་བའི་དམ་ཚིག་གི་ལེའུ་ལས། དམ་ཚིག་འདི་ནི་བཤད་པར་བྱ། །འདས་ན་རྡོ་རྗེའི་


GTD008_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བའི་རྒྱུ། །མ་འདས་དངོས་གྲུབ་དམ་པའི་རྒྱུ། །ཞེས་དངོས་གྲུབ་འགྲུབ་པ་དམ་ཚིག་ལ་རག་ལས་པ་དང༌། ཉམས་པའི་ཉེས་པ་ཆེ་འབྲིང་ཆུང་གསུམ། དེ་སོ་སོའི་སྐོང་ཚུལ་དང་བཅས་རྒྱ་ཆེར་གསུངས་པ་ཆོས་སྲུང་འདི་ཉིད་གཙོ་བོར་བསྟེན་པའི་བླ་མ་གོང་མ་རྣམས་ཚད་མར་མཛད་པ་བཞིན་ནོ། །ཁ་ཅིག་རྒྱུད་འདི་དག་རྩོད་བཅས་ཡིན་ཞིང༌། རྩོད་བྲལ་གྱི་ཁུངས་མེད་ཟེར་བ་ནི་རང་གི་དེ་ཉིད་སྟོན་པར་ཟད་དེ། གསེར་འོད་དམ་པའི་ལེའུ་བཅོ་ལྔ་བ་ལས། གཡུལ་གྱི་ལས་ལ་རྟག་ཏུ་དགྱེས། །ཞེས་དང༌། རྟག་ཏུ་དར་གོས་ནག་པོ་གྱོན། །ཞེས་དང། རྨ་བྱའི་མདོངས་ལ་གདུགས་བྱས་དེ། །རྟག་ཏུ་ལྷ་མོ་ཁྱོད་མཆོད་ན། །ཞེས་སོགས་དམག་དང་ཟོར་ལ་དགྱེས་པའི་མཚན་སྒྲ་ཆ་ལུགས་དང་བཅས་པ་གསལ་བར་གསུངས་སོ། །གཞན་ཡང་འཇིགས་བྱེད་ཀྱི་གཏོར་སྔགས་སུ། བེ་ཙ་རཱ་ཡ་ཞེས་པ་གནས་གསུམ་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ལྷ་མོ་ལ་གསུངས་པ་དང། གཞན་ཆོས་སྐྱོང་མང་པོའི་སྒྲུབ་ཐབས་སུ་དཔལ་ལྡན་ལྷ་མོ་སྐུ་མདོག་ཕྱག་མཚན་སོགས་ཅུང་ཟད་འདྲ་མི་འདྲ་བ་མང་དུ་གསུངས་ལ། དེ་ལྟར་གྱི་བསྟོད་པ་རྒྱ་གཞུང་ཡང་མང་དུ་བྱུང་སྟེ། མདོར་ན། ཕྱི་རོལ་ཉིད་དུ་དགྲ་བགེགས་གདུག་པའི་གཤེད། །ནང་དུ་བཅོམ་ལྡན་གཤིན་རྗེའི་གཤེད་ཉིད་ལ། །ཟག་མེད་བདེ་བ་ཆེན་པོ་སྟེར་མཛད་མ། །ཞེས་པ་ལྟར། ཡབ་འཇམ་དཔལ་ཁྲོ་ཚུལ་རིམ་པ་གསུམ་གྱིས་ཡུམ་དབྱངས་


GTD008_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཁྲོས་པ་གསུམ་དང༌། ཡེ་ཤེས་ཀྱི་མགོན་པོའི་ཡུམ་འདོད་ཁམས་དབང་ཕྱུག་མ། ཆོས་ཀྱི་རྒྱལ་པོའི་ཡུམ་ཙཱ་མུཎྜི་སོགས་ཐམས་ཅད་དཔལ་ལྡན་ལྷ་མོ་འདི་དང་ངོ་བོ་གཅིག་སྟེ། རྙིང་མའི་ཕུར་སྲུང་རེ་མ་ཏིའང་འདི་དང་གཅིག་པར་བཞེད་པས། མིང་བརྒྱ་མ་ལ་མཚན་སྟོང་མ། །གང་ནས་བོས་ཀྱང་ཁྱོད་ཀྱི་མིང༌། །ཞེས་པ་ལྟར། འཇིག་རྟེན་ལས་འདས་མ་འདས་ཞི་དྲག་རྣམ་པ་སྣ་ཚོགས་པར་འཆར་བའི་མཐའ་གཟུང་དུ་མེད་ཀྱང་ངོ་བོ་ཟག་མེད་ཆོས་སྐུའི་ངང་ལས་གཡོ་བ་མེད་པ་ནི་རྒྱལ་བ་བྱམས་པ་མགོན་པོས། གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ་། །ཞེས་པ་ལྟར་གདུལ་བྱའི་སྐལ་བའི་དབང་ཁོ་ན་ཡིན་ཚུལ་ཤེས་ཏེ་ཕྱིར་མི་ལྡོག་པའི་ཡིད་ཆེས་ཀྱི་དད་པ་རྙེད་པ་ནི་སྲུང་མ་བསྙེན་པའི་མན་ངག་གི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་རྟེན་མཆོག་ཏུ་གྱུར་པ་ཡིན་པས་གནད་འདི་ལ་གཟབ་པར་བྱ་ཡི། བསྟན་སྲུང་ཡེ་ཤེས་པ་ཡིན་ཚུལ་གྱི་ཕྱོགས་ཙམ་ཡང་མ་གོ་བར་རྫས་དང་བཅའ་གཤོམ་མང་པོའི་སབ་སུབ། རོལ་མོའི་དྲག་བརྡུང༌། བསྐང་བའི་གྲངས་གསོག་ཙམ་གྱིས་སྲུང་མའི་ཐུགས་རྒྱུད་བསྐུལ་བར་འདོད་པ་གནས་མ་ཡིན་པས། ཚུལ་འདི་དག་ལེགས་པར་བསམས་ཏེ་རྨང་གཞི་ཚུགས་ངེས་ཤིག་བྱ་བ་གལ་ཆེའོ། །སྒྲུབ་པའི་དུས་ཀྱི་ཁྱད་པར་ནི་རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ལས། ཟླ་བ་གཅིག་ལ་རྒྱུ་བ་ནི། །ཉི་ཤུ་དགུ་སྟེ་གཏོར་མ་བཏང༌། །ཞག་གཅིག་དག་ལ་རྒྱུ་བ་ནི། །ནངས་ནུབ་ཉིན་གུང་མཚན་གུང་གཉིས། །གནས་ནས་བོས་ཤིང་འཕྲིན་ལས་བཅོལ། །ལོ་གཅིག་དག་ལ་རྒྱུ་བ་ནི། །ཚེས་གཅིག་ལོ་གསར་གཉན་པོ་ལ། །རྒྱུ་སྟེ་གཏོར་མ་སྦྱིན་པར་བྱ། །ཞེས་གསུངས་པའི་ཕྱི་མ་ནི་དེང་སང་ལོ་གསར་ཚེས་གཅིག་ལ་


GTD008_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བའི་ཚེས་གཏོར་དང༌། ལྷ་མོ་འཇིག་རྟེན་དུ་གཤེགས་ཤིང་རྒྱུ་བའི་དུས་དང་བསྒྲིགས་པའི་ཆ་ནས་གཤེགས་གཏོར་ཞེས་གྲགས་པ་འདི་ཉིད་ཡིན། ཟླ་བ་དང་ཞག་གི་རྒྱུ་དུས་དེ་རྒྱུན་པའི་བསྙེན་སྒྲུབ་གཏོར་མ་སོགས་ཀྱི་དབང་དུ་བྱས་པ་ཡིན་པས། བསྙེན་སྒྲུབ་ཐོག་མར་རྩོམ་པའི་དུས་མར་ངོའི་ཉི་ཤུ་དགུའི་སྲོད་ལྟ་བུ་ལ་བྱས་ན་ལེགས། སྤྱིར་ལྷ་མོ་འདི་ཉིད་སྒྲུབ་པ་ལ་གལ་ཆེ་བ་ནི། བསྙེན་པ་འདུག་པའི་གནད་དང་གཅིག །སྒྲུབ་པ་གནས་པའི་གནད་དང་གཉིས། །བསྐུལ་བ་དགྱེས་པའི་གནད་དང་གསུམ། །མན་ངག་ལས་ཚོགས་གནད་དང་བཞི། །རྡེག་པ་ཐུན་ཟོར་གནད་དང་ལྔ། །འཕང་བ་དུས་སྦྱོར་གནད་དང་དྲུག །མྱུར་མགྱོགས་སྦྱིན་སྲེག་གནད་དང་བདུན། །གནོན་པ་ལས་གཞུག་གནད་དང་བརྒྱད། །ཅེས་གནད་བརྒྱད་གསུངས་པས། དང་པོ་ནི་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་དང་ལྡན་པས་གནས་མཚན་ཉིད་ཚང་བར་ཕྱི་ནང་གསང་བའི་རྟེན་ཚང་བས་སྒྲུབ་དགོས་པ་ཡིན། གནས་བྲག་དང་ཆུ་འཐབ་ས་མ་མོའི་འདུན་ས། སྲིན་བྱ་དང་བདུད་བྱ་སྐྱུང་ཀ་སོགས་གནས་པ་ཁ་བྱང་ཤར་དུ་བལྟ་བ་དངོས་སམ་ཡིད་ཀྱིས་དེ་ལྟ་བུར་མོས། རྟེན་བཞི་ནི་ཕྱིའི་རྟེན་བྱ་རོག་གི་གསོབ་མ་ཉམས་པའི་ནང་དུ་རོ་རས་ལ་བྲིས་པའི་ལྷ་མོའི་ཙཀླི་དང་འབྲུ་སྨན་གྱིས་བཀང། མགུལ་དུ་དར་ནག་ལ་བླ་མ་བརྒྱུད་པའི་མཚན་དང་བཀའ་བསྒོ་བྲིས་པ་བཏགས་ཏེ་རབ་གནས་བྱས་པ་དང༌། ནང་རྟེན་ནལ་བུའི་གསོབ་སྙིང་ག་མན་ཁྲག་སྣ་ཟས་སྣ་མཚོན་ཆ། འབྲུ་སྣ་སོགས་ཀྱིས་བཀང་བའི་སྟེང་དུ་ལྷ་མོའི་སྐུ་དང༌། སྙིང་ག་ནས་མགྲིན་པའི་བར་ལྷ་མོའི་སྔགས་དང་སྤེལ་ཚིག་རོ་རས་ལ་གྲི་ཁྲག་གིས་བྲིས་


GTD008_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མགོའི་ནང་བླ་མ་བརྒྱུད་པའི་མཚན་དང་བཀའ་བསྒོ་བྲིས་པས་བཀང༌། ཕྱི་ནས་མངལ་ཁྲག་གིས་ཐིག་ལེ་བྱས། གོས་ནག་བསྒོས། ལག་ཏུ་རྒྱལ་མཚན་དང་མགོ་བོར་རྨ་བྱའི་གདུགས་ཕུབ་སྟེ་ལྷར་བསྐྱེད། བརྟན་བཞུགས་སོགས་བྱ། གསང་རྟེན་ནལ་བུའི་སྙིང་གི་རྩ་སྦུབས་སུ་ལྷ་མོའི་སྐུ་དང༌། སྔགས་པདྨ་རཀྟས་བྲིས་པ་བཅུག །སྙིང་གི་ནང་ཐམས་ཅད་རྡོ་ཕ་ཝང་ལ་བྷྱཽ་བྲིས་པ་དང༌། སྨན་སྣ་དར་སྣ་འབྲུ་སྣ་སོགས་ཀྱིས་བཀང་ནས་དར་དམར་ནག་གིས་དྲིལ་ལ། བྲག་ནག་པོར་སྐྱེས་པའི་སྙུག་མ་བྱ་རོག་གི་སྒྲོས་བརྒྱན་ཅིང༌། ལྟོང་དམར་པོ་ནས་སྒྲོའི་བར་སྔགས་བྲིས་ཏེ་བཅུག་པ། གནམ་ལྕགས་སམ་གྲི་ལྕགས་ཀྱི་མདེའུ་ཅན། རྩ་བར་དགྲ་ལ་བྷྱཽཿ ཞེས་བྲིས་ཤིང་དར་ནག་གིས་བརྒྱན་པའི་དར་ནག་དེས་གྲི་སྙིང་མདའི་མགུལ་དུ་བཏགས། ནས་ནག་གིས་བཀང་བའི་སྒྲོམ་མམ་གཏོར་མ་ལ་བཙུགས་ནས་རབ་གནས་སྔར་བཞིན་བྱ། བཤམ་ཚུལ་མགོན་ཁང་གི་ཕུ་ལྟ་བུ་ཤིན་ཏུ་དབེན་པར་ནང་རྟེན་གྱི་གསོབ་བཞག །དེའི་གདོང་བའི་ཐད་དུ་གསང་རྟེན་གྱི་སྙིང་འབབ་པ་བྱས་ཏེ་མདའ་དར་མདུན་དུ་བཞག།།དེའི་ཕྱི་ངོས་ཀྱི་སྟེང་ནས་བྱ་རོག་གི་གསོབ་བརྒྱངས། དེའི་ཕྱི་ནས་བེ་ཅོན་ནལ་ཐོད། ཕྱག་རྒྱ་དྲུག །ཁྲམ་ཤིང་ཤོ་རྡེའུ་དཀར་ནག །ནད་རྐྱལ། མཚོན་དྲུ། རེ་ནག །དྲེའུའི་གསོབ་བམ་གཟུགས། བོང་བུ་གྭ་པ། རྩེ་གསུམ། རལ་གྲི། བྱང་ཁྲེས། ནེའུ་ལེ། ནག་པོ་ལྔའི་གཟུགས་དང༌། དར་ནག་གི་གཡབ་མོ། རེ་ལྡེ་གོ་ཁྲབ་མཚོན་ཆ་སོགས་དངོས་སམ་བྲིས་པའི་སྤྱན་གཟིགས་ཀྱིས་བསྐོར། མཐའ་ཡོལ་བས་བཅད་དེ་མི་མཐོང་བར་བྱ། དེ་ཁོ་ན་ཉིད་ཀྱི་རྟེན་ནི་སྔར་བཤད་ཟིན་ཏོ། །དེ་ནས་ཡོལ་བའི་ཕྱིར་ཐང་ག་


GTD008_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ། དེའི་མདུན་དྲང་ཐད་དུ་བསྐང་གཏོར། དེའི་གཡས་སུ་ཕེབས་གཏོར། གཡོན་དུ་བཟླས་གཏོར། གཏོར་མའི་མདུན་དུ་གཡས་སུ་སྨན་མཆོད་དང༌། གཡོན་དུ་རཀྟ་གཉིས་ཀ་ཐོད་པའི་སྣོད་དུ་བཤམ། གཏོར་མ་ཆེ་བའི་གཡས་སུ་ཡི་དམ་གྱི་གཏོར་མ། གཞན་ཡང་སྔོན་འགྲོའི་མཆོད་གཏོར། གཞི་བདག་གཏོར་མ་སོགས་ཀྱང་སྐབས་གང་བདེར་བཤམ། ཌཱ་དྲིལ་རྔ་རོལ་རྐང་གླིང་སོགས་དང༌། སྤོས་སྦྱོར་རྒྱས་པའམ་མ་འབྱོར་ན་ཤ་ཆེན་གུ་གུལ་ཅོང་ཞི་བསྲེས་པ་སོགས་ཡོ་བྱད་ཚང་བར་བྱ། བདག་བསྐྱེད་ཀུན་གཟིགས་ལྔ་བས་རྡོ་རྗེ་གཞོན་ནུ་གཙོ་བོར་བྱེད་པར་གསུངས་ལ། གོང་སྨོས་ལྟར་འཇམ་དཔལ་ཁྲོས་པའི་རྣམ་པ་སོ་སོ་དང་མཐུན་པར་ཞང་ཤེས་རབ་བླ་མ་སོགས་ཀྱིས་དགྲ་ནག་དང༌། མཁས་པ་མང་པོས་གཤེད་དམར་ཡི་དམ་དུ་མཛད་ཀྱང༌། རང་རེ་རྡོ་རྗེ་འཇིགས་བྱེད་ལ་སྒོ་ཀུན་ནས་འབྲེལ་ཆེའོ། །གཏོར་མ་བཤམ་ཚུལ་གོང་དུ་བཤད་པ་དེ་སྒྲུབ་གཞི་རས་བྲིས་ལྟ་བུ་ལ་བརྟེན་པའི་དབང་དུ་བྱས་ཀྱི། གཏོར་མ་ཆེ་བ་དེ་ཉིད་སྒྲུབ་གཞིར་བྱས་ཏེ་ལྷར་བསྐྱེད་པ་ཡིན་ན་བསྐང་གཏོར་ཆུང་བ་ཞིག་མདུན་དུ་འཇོག་པའམ་ཐུན་སོ་སོར་འབུལ་རྒྱུའི་མཐེབ་ཀྱུ་སྣོད་དུ་བསྒྲིག་ནས་འཇོག །ལྷར་བསྐྱེད་ཚུལ་ཡང་དང་པོ་མངོན་རྟོགས་ཀྱི་དཀྱུས་ལྟར་བྱེད་ལ། ཐུན་ཕྱི་མ་རྣམས་ཀྱི་ཚེ་ས་བོན་ལས་མི་བསྐྱེད་པར་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ། སྲབ་མཐར་གདུག་པའི་སྦྲུལ་ལས་བྱས་པ། དེའི་སྟེང་དུ་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་ཞེས་སྦྲེལ་ཞིང་གཞན་འདྲ། བསྙེན་གྲངས་གཙོ་བོར་བྱས་ཏེ་ཐུན་ལ་རྒྱས་བསྡུས་གཏོང་ན། མཆོད་ཕྲེང་སྔགས་འབུལ་


GTD008_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཨོཾ་ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་མཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་བ་ལིདྟ་ཁ་ཁ་ཁཱ་ཧ་ཁཱ་ཧི། ཞེས་པས་སྨན་རཀ་གཏོར་གསུམ་ཕུལ། ཡན་ལག་བདུན་པ་མན་ཆད་གཏོར་ཆོག་རྒྱས་པ་ལྟར་བྱེད་པའམ། ཤིན་ཏུ་བསྡུས་པ་ལ་མོས་ན་ཁོ་བོས་བྲིས་པའི་གཏོར་ཆོག་ལྟ་བུས་ཀྱང་རུང༌། བསྙེན་སྒྲུབ་གནད་དུ་འགྲོ་བ་ནི་དམ་ཚིག་ཉམས་ཆག་བསྐང་བ་ལ་རག་ལས་ཤིང༌། དེའི་ཚུལ་མེ་ལྕེ་འབར་བའི་རྒྱུད་ཀྱི་ཐུགས་དམ་བསྐང་བའི་ལེའུ་ལས། ཉམས་པ་ཆེན་པོ་བསྐང་ཐབས་ནི། །གཏོར་མ་ཁྲི་དང་སྦྱིན་སྲེག་ཁྲི། །དེ་བཞིན་ཙ་ར་གསུམ་གྱིས་བསྐང། །དེས་ཀྱང་སྐོང་བར་མ་གྱུར་ན། །དང་པོ་མཁའ་ལྡིང་གསུམ་གྱིས་བསྐང༌། །ཞེས་སྲོག་ཆགས་རྒྱུ་སྐོང་ངམ་བམ་སྐོང་དུ་གྲགས་པ་དང༌། མེ་མཆོད་ཀྱི་རྫས་སྣ་རེ་ཡིན་ཀྱང་ཁྲིའི་གྲངས་གསོག་པ་དང། གཏོར་རིལ་ཁྲིའམ་གང་འབྱོར་ལ་སྔགས་ཁྲིས་གྲངས་ཚང་བར་བྱས་ཏེ་བསྐང་ཚུལ་མང་དུ་གསུངས་ཀྱང༌། རྒྱུད་སྡེ་ཀུན་དགོངས་པ་མཐུན་ཞིང་གྲགས་ཆེ་བས་འཇུག་པ་བདེ་ལ་གནད་ཚང་བ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་ཡི་གེ་བརྒྱ་པ་བཟླ་བ་འདི་ཡིན་པས། དེའི་ཚེ་རྡོ་རྗེ་གསུམ་གྱི་ལྷའི་ཐུགས་ཀར་ཨོཾ་ཨཱཿ ཧཱུཾ་དཀར་དམར་མཐིང་གསུམ་ལ་ཡིག་བརྒྱས་བསྐོར་བ་ལས་བདུད་རྩི་དེ་ལྟ་བུའི་རྒྱུན་བབས། ལྷ་མོ་འཁོར་བཅས་ཀྱི་གནས་གསུམ་གང་བས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང༌། རང་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས། གནས་གསུམ་དང་ལུས་ཀྱི་ནང་ཐམས་ཅད་གང། སྐུ་གསུང་ཐུགས་ལ་བརྟེན་པའི་དམ་ཚིག་ཉམས་ཆག་དང༌། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ནག་འདུར་གྱིས་ཕྱིར་ཐོན། ལུས་


GTD008_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་གསལ་ཤེལ་སྒོང་ལྟ་བུ་དང། སེམས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་གྱི་ངང་དུ་གནས་པར་བསམས་ལ་འབྲུ་གསུམ་དང་ཡིག་བརྒྱ་གང་མང་བཟླ། བསྐང་བཤགས་རྣམས་ཀྱང་ཚིག་རིས་ལྟར་དམིགས་རྣམ་ཡིད་ལ་བྱེད་བཞིན་པས་མ་ཡེངས་པར་གདོན། བཟླས་པའི་དམིགས་པ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་སྔགས་འཕྲེང་འོད་ཟེར་དང་བཅས་པ་བྱུང༌། ཞལ་ནས་ཐོན། ལྷ་མོའི་ཞལ་དུ་ཞུགས། ཐུགས་ཀའི་བྷྱོཿ ལ་ཐིམ། ལྟེ་བ་ནས་བྱུང༌། རང་གི་ལྟེ་བ་ནས་ཞུགས་ཧཱུཾ་ལ་ཐིམ། མགལ་མེའི་འཁོར་ལོ་ལྟར་སྔགས་ཀྱི་ཡིག་འབྲུ་རྣམས་ཁ་དོག་སྔོ་ནག་མེ་འོད་འཕྲོ་བ་མྱུར་བ་དྲག་པ་རྩུབ་པ་ཅན་དུ་རྩེ་གཅིག་ཏུ་དམིགས་ཏེ་བཟླ་བར་བྱ་ཞིང༌། མགྱོགས་པ་དང༌། བུལ་བ་དང༌། མ་དག་པའི་སྐྱོན་བསལ་ཏེ། རྩེ་གཅིག་པའི་དམིགས་པ་རྣོ་ཞིང་སྨྲ་བརྗོད་དག་པོས་བཟླ་དགོས་པ་ནི་རྒྱུད་དེ་ཉིད་ཀྱི་ལེའུ་བརྒྱད་པ་ལས། སྔགས་ཞེས་བྱ་བ་མཁའ་འགྲོའི་སྲོག་རྩ་ཡིན། །གྲངས་ཀྱང་མང་ལ་ཟུར་ཡང་མ་ཆག་སྟེ། །གི་གུ་ཚེག་དྲག་དག་ཀྱང་མ་ནོར་ན། །ལྷ་མོ་ནག་མོ་དངོས་སུ་འགྲུབ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །བསྙེན་གྲངས་ཀྱང་དེ་ཉིད་ལས། ས་ཡ་བཟླས་ན་ནག་མོ་མངོན་དུ་འོང༌། །བྱེ་བ་བཟླས་ན་ཕྱག་རྒྱ་སྟོན་པར་བྱེད། །འབུམ་ཕྲག་བཟླས་ན་དངོས་གྲུབ་མཚན་མ་སྟེར། །ཞེས་གསུངས་པས་གྲངས་དེ་བཞིན་དང༌། དུས་ཟླ་བ་དྲུག་སོགས་སམ་མ་མཐའ་འབུམ་ཕྲག་གཅིག་བཟླས་པའི་སྐྱོན་དང་བྲལ་ཞིང༌། མཚམས་ཀྱི་བར་མ་ཆད་པར་བཟླ་དགོས། བསྙེན་སྔགས་ནི་བྷྱོཿ བདུན་མ་ཡིན། སྲོག་སྔགས་མེ་ལྕེ་འབར་བའི་རྒྱུད་ཀྱི་གླེང་གཞིའི་


GTD008_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་བཅོམ་ལྡན་འདས་དང༌། ཕྱག་རྡོར༌། རྟ་མགྲིན། རལ་གཅིག་མ་རྣམས་ལ་ཕུལ་བ་བཞི། སྔགས་ཀྱི་ལེའུར་ཚར་གཅིག་བཅས་འབྱུང་བ་ནང་གསེས་སུའང་དཔེ་ཕལ་ཆེར་ལ་མི་འདྲ་བ་སྣ་ཚོགས་འབྱུང་བས་ཁ་ཚོན་གཅོད་དཀའང༌། མ་མ་ཏྲཀ་རཀྵ་ཁ་མུ་ཏྲ་རུ་ལུ་རུ་ལུ་ཧཱུཾ་བྷྱཽ་ཞེས་པ་འདི་ཕལ་ཆེར་གྱི་ནང་དུ་ཡོད་པས་བཏགས་ན་ལེགས། སྤེལ་ཚིག་གཞན་རྣམས་ཀྱང་བཅུག་པར་འགལ་བ་མེད། དཔེ་རེ་གཉིས་ལ་ཕྲ་མིན་མ་ཧེ། ཞེས་པ་ཞིག་འདུག་པ་དེ། གཞན་ཕལ་ཆེར་གྱི་ནང་ན། པྲ་མ་མ་ཧ་རེ་ཞེས་པ་ཞིག་འདུག་པ་དེའི་ཡི་གེ་ལོག་པ་ཡིན་ནམ་དཔྱད། ལས་སྦྱོར་ལྟ་བུ་དམིགས་བསལ་གྱི་སྐབས་མ་གཏོགས་བསྙེན་པ་ཙམ་ལ་སྲོག་སྔགས་འདི་སྦྱོར་མི་དགོས། འདིའི་དམ་ཚིག་ཏུ་བུད་མེད་ཐམས་ཅད་ལ་ལྷ་མོའི་སྤྲུལ་བ་དང་འཁོར་དང་བདག་གི་མ་དང་སྲིང་མོའི་འདུ་ཤེས་བྱས་ནས་སྨོད་པ་དང་འཐབ་རྩོད་སོགས་གཏན་ནས་བྱར་མི་རུང་ངོ༌། །བྱ་ནག་གཅན་གཟན་ཆར་རླུང་བུ་ཡུག་འཚུབ་མ་ཆེན་པོ་ལ་སྨོད་པ་སྤོང༌། བུད་མེད་ནལ་བུ་བྱུང་བ་ལ་དགའ་བར་བྱེད། བུ་ལ་མགྲོན་བུ་སོགས་ཟན་སྟེར་རོ། །འཕྲེང་བ་ལ་གཞན་རེག་ཏུ་མི་འཇུག །དམ་ཚིག་ཉམས་པ་དང་བྱེས་སུ་འགྲོགས་མི་ཉན། རྟག་ཏུ་དམ་སེལ་ལ་འཛེམ། ལོ་གསར་ཚེས་གཅིག་གི་ནང་དུས་དང་ཟླ་རེའི་བཅོ་ལྔའི་ནང་དུས་སུ་དུས་ཀྱི་གཏོར་མ་མ་ཆག་པ་བྱ། ཉི་མ་འཆར་ཀ་ནུབ་ཀ་རུ་ཐུན་གཏོར་འབུལ། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་དང༌། རང་གི་བྱ་བ་འདུན་མ་ཀུན་གྱི་བློ་གཏད་བྱེད། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་སྲོག་བཞིན་དུ་བསྲུང་བ་རྣམས་གལ་ཆེ། མཉེས་མ་མཉེས་ཀྱི་རྟགས་དང་དྲོད་ཚད་སོགས་མེ་ལྕེ་འབར་བའི་ལེའུ་བཅུ་


GTD008_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པར་མང་དུ་གསུངས་ཀྱང་མདོར་བསྡུ་ན། ཤ་འཕྲིག་ཅིང་སེངས་གེས་ཀྱིས་འགྲོ་བ། རླུང་དམར་གློ་བུར་དུ་འཚུབ་པ། ཁང་པ་འཚེག་པ། སྒོ་བརྡུང་བ། ཐིབ་གནོན་བྱེད་པ། འོད་འཁྱུག་པ། དྲི་ཆེན་པོ་གློ་བུར་དུ་འཐུལ་བ་སོགས་ནི་རྟགས་ཀྱི་རྣམ་པ་ཞིག་ཡིན་ལ། འོན་ཀྱང་དེ་ལ་བརྟེན་ནས་སྐྲག་སྔངས་དང༌། ཉམས་མི་དགའ་ཞིང༌། སྒྲུབ་པ་ལས་གཡེལ་ན་འཚུབ་ལྟས་དང༌། སྒྲུབ་པ་ལ་ཇེ་སྤྲོར་འགྲོ་ན་གྲུབ་པའི་མཚན་མ་ཡིན། གཞན་ཡང་རྨི་ལམ་དུ་མ་སྲིང་ཆུང་མ་བྲན་མོ། དྲེའུ་དང་བྱ་ནག་ལུག་ནག་སོགས་རྨིས་པ་དང༌། བུད་མེད་དཀར་མོའམ་སྔོན་མོ་རྒྱན་ཅན་གྱིས་བཟའ་བཏུང་འདྲེན་པ་དང༌། འདུད་པ་དང༌། གོས་དང༌། རྒྱན་སྟེར་བ་སོགས་རྨིས་ན་བཟང་ལ། བུད་མེད་གཟུགས་མི་སྡུག་པ་དང༌། འགྱིང་བ་དང༌། འཕྱ་བ་དང༌། རྫས་སྦ་བ་སོགས་ནི་དབང་དུ་མ་འདུས་པའི་རྟགས་ཡིན། ལྷག་པར་དམ་ཚིག་ཉམས་ན་རྨི་ལམ་དུ་མཚོན་ཆའི་ཆར་འབབ་པ་དང༌། བུད་མེད་འཐབ་པ་དང༌། བྱ་ནག་འཛིངས་པ་དང༌། ཁྲག་གི་ན་བུན་འཁྲུགས་པ་དང༌། ལུས་ལ་ཕྱར་བ་བཀབ་པ་དང༌། བདག་ཆུས་ཁྱེར་བ་སོགས་རྨིའོ། །རྨི་ལམ་ངན་ན་བཀའ་ཆད་འོང་བས་བཤགས་པ་དྲག་ཏུ་བྱ། བུད་མེད་མཚན་མ་སྟོན་པ། སྨྱོ་ལབ་བྱེད་པ་སོགས་ནི་དམ་སྲིའི་ངོ་ཡིན་པས་དམ་སྲི་བཞི་གནོན་པའི་མན་ངག་བཞིན་བྱ། བུད་མེད་ཐལ་མོ་བརྡབ་པ་རྨིས་ན་དམ་རྫས་མ་གཙང་བ་ཡིན་པས་མན་ངག་བཞིན་དུ་བཤགས་སོ། །བུད་མེད་ལྕེ་རྩེ་སྟོན་པ་བྱུང་ན་སྙིང་པོ་ཆད་པ་ཡིན་པས་སྔགས་དག་པར་འདོན་ནོ། །བུད་མེད་སོ་སྒྲ་སྒྲོག་ན་གཞན་དང་འཐབ་མོ་འོང༌། བུད་མེད་རྒོད་པ་


GTD008_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན་དགྲ་བགེགས་སྒྲོལ་བའི་རྟགས། སྦྱོར་བ་མཐོང་ན་དངོས་གྲུབ་སྟེར་བའི་རྟགས། རྒྱང་གླུ་ལེན་ན་འགྲུབ་ཐག་རིང༌། ངོ་ལ་མཆི་རིས་ཡོད་ན་རིམས་ནད་འོངས། གར་སྟབས་བྱེད་ཅིང་བྱུང་ན་ཅི་བསམ་འགྲུབ། གླིང་བུ་འབུད་པ་མཐོང་ན་གཏོར་མ་འདོད་པ་ཡིན། ཕྲེང་བ་འདྲེན་པ་མཐོང་ན་སྦྱིན་སྲེག་འདོད་པ་ཡིན། སྐྱེས་པ་དང་བུད་མེད་རྒྱན་གོས་ཅན་ལས་ལ་འགྲོ་བའམ། དམག་ཆས་ཅན་རྨི་ན་ལས་སྦྱོར་བྱེད་རན་པ་སོགས་གཞུང་ནས་བཤད་པ་དང༌། བློས་དཔྱད་དེ་ཤེས་པར་བྱས་ལ་སྐབས་སུ་གང་བབ་ཀྱི་ཐབས་བྱ། གལ་ཏེ་འབད་ཀྱང་མ་གྲུབ་ན་མ་མོའི་སྙིང་ཁྲག་རྔུབ་པའི་སྤོག་ཆོག་སོགས་ཡོད་ཀྱང་ཧ་ཅང་འཆུན་དཀའ་ལ། མགོན་པོའི་མན་ངག་འདིར་རྒྱས་བཀབ་ཆོག་པར་གསུང་བས། རིགས་བདག་གཤིན་རྗེའི་གཤེད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་མཐུ་སྟོབས་མ་ལུས་པ་བསྡུས་ཏེ་ཐུགས་ཀའི་ཧཱུཾ་ལ་ཐིམ། དེ་ལས་འོད་ཟེར་འཕྲོས་ལྷ་མོའི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་མཐུ་སྟོབས་ཐོགས་པ་མེད་པར་གྱུར་པར་བསམ། དེས་ཀྱང་མ་གྲུབ་ན་འཇིགས་བྱེད་ཁྲོས་འཁྲུགས་རྔམ་པའི་ཚུལ་གྱིས་སྤྱི་བོར་གར་མཛད་པས་ལྷ་མོ་བཟོད་གླགས་མེད་པར་གྱུར་ཏེ་ལས་གང་བཅོལ་སྒྲུབ་པར་བསམས་ལ་སྲོག་སྔགས་བཏགས་ནས་བཟླ། ནད་རིམས་ཞི་བ་སོགས་གཙོ་བོར་བྱེད་ན་བཟླས་པའི་ཚེ་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་དང༌། ལྷ་མོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡུལ་འཁོར་དེའི་ནད་རིམས་ཐམས་ཅད་དུ་བ་དང་ཁུག་སྣ་དང་སྤྲིན་ལྟ་བུའི་རྣམ་པར་བསྡུས་ཏེ་གཏོར་མ་ལ་ཐིམ་པར་བསམས་ཏེ། གཏོར་འབུལ་གྱི་དུས་དེ་ཟག་མེད་ཀྱི་བདུད་རྩིར་གྱུར་པ་ལྷ་མོའི་ཞལ་དུ་དྲངས་ནས་དམར་


GTD008_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སིབ་ཀྱིས་གསོལ་བས་རང་དང་ཡུལ་འཁོར་གྱི་སྐྱེ་བོ་ཐམས་ཅད་ནད་དང་བྲལ་བར་བསམ། གདོན་ཞི་བའི་ཕྱིར་དུ་ཡིན་ན་རང་ལ་གནོད་པར་བྱེད་པའི་དགྲ་བོ་དེ་དག་གི་བསམ་སྦྱོར་ངན་པ་ཐམས་ཅད་བསྡུས་ཏེ་གཏོར་མ་ལ་ཐིམ་པར་བསམ་པ་མ་གཏོགས་གོང་དང་འདྲ། ཚེ་བསོད་རྒྱས་པ་གཙོ་བོར་བྱེད་ན། གཏོར་མའི་རྒྱུ་ལ་རིན་པོ་ཆེ་བརྡར་བའི་ཕྱེ་མ་མང་དུ་བཏང་ཞིང་ཤིན་ཏུ་བཟང་བར་བཤམས་པ་དང༌། སྤྱན་གཟིགས་མཆོད་པ་སོགས་ཀྱང་ཅི་འབྱོར་རྒྱས་པར་བཤམ། བཟླས་པའི་ཚེ་དམིགས་པ་ནི་རང་དང་ལྷ་མོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་གི་ཁྱིམ་དང་བསྒྲུབ་བྱའི་ཁྱིམ་གསེར་གྱིས་བྱུགས་པ་ལྟར་བྱས། ཚེ་དང་བསོད་ནམས་རྒྱས་པ་དང༌། བང་མཛོད་ཐམས་ཅད་ནོར་གྱིས་ཁེངས་པ་སོགས་སུ་བསམ་ཞིང༌། གཏོར་མ་འབུལ་བའི་ཚེ་གཏོར་མ་ལ་འཇིག་རྟེན་ཁམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ལ་དབུལ། དབང་སྡུད་ལ། རང་དང་ལྷ་མོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་པས་དབང་དུ་བསྡུ་བྱ་རྣམས་ལ་ཕོག །དེ་རྣམས་ཀྱི་སེམས་རང་ལ་དང་བ་དང་གདུང་བའི་དབང་དུ་སོང་བས་མགོ་བོའི་ཅོད་པན་རྐང་པ་ལ་རེག་པར་བསམས་ལ་སྔགས་བཟླ་ཞིང༌། གཏོར་མ་ལའང་དབང་དུ་བསྡུ་བྱ་དེ་དག་གི་ཟས་ནོར་སོགས་བསྲེ་བ་བྱུང་ན་མྱུར། དྲག་པོ་ལ་ནང་གསེས་ཀྱི་དབྱེ་བ་མང་ཞིང༌། སྤྱིར་ཞི་བ་གསུམ་ལ་གཏོར་སྒྲུབ་དང༌། དྲག་པོ་ལ་གཏོར་ཆེན་དང་མདོས་སོགས་གཙོ་བོར་གསུངས་པས། གཏོར་སྒྲུབ་ཀྱི་དམིགས་སྐོར་ཕལ་ཆེར་བསྙེན་པའི་སྐབས་སུའང་དགོས་སོ། །དེའང་བསྙེན་སྒྲུབ་ལས་གསུམ་ཞེས་པའི་གོ་དོན་ནི་འཇིག་རྟེན་ན་ཕ་རོལ་པོ་དང་


GTD008_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་འགྱེད་པར་ནུས་པའི་དཔུང་གི་ཚོགས་རྣམས་ལ་ཐོག་མར་ཟས་གོས་དང་ནོར་སོགས་བྱིན་ནས་མགུ་བར་བྱེད་པ་ལྟར། དམ་ཚིག་དང་སྡོམ་པ་ལེགས་པར་བསྲུངས་ཤིང་ལྷའི་རྣལ་འབྱོར་དང་བཟླས་བརྗོད་མཆོད་གཏོར་སོགས་ལ་ཡུན་རིང་དུ་འབད་ནས་ལྷ་མོ་མཉེས་ཤིང་རང་ལ་ཉེ་བར་བྱེད་པའི་སྦྱོར་བ་ལ་འབད་པར་བྱེད་པ་ནི་བསྙེན་པའོ། །དེ་ནས་ཕ་རོལ་པོ་དང་གཡུལ་འགྱེད་པའི་ཕྱིར་དུ་དཔུང་གི་ཚོགས་དེ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་གོ་བསྐོན་པ་དང་མཚོན་ཆ་ཆས་སུ་འཇུག་པ་སོགས་བྱེད་པ་དང་འདྲ་བར། བསྙེན་པ་ཚད་དུ་ཐེངས་ནས་ལས་ལ་སྦྱོར་བའི་ཉེ་རྒྱུ་ལིངྐ་དང༌། རྫས་དང་སྨན་དང་འབྲུབ་ཁུང་དང༌། ཐུན་ལ་སོགས་པ་ཆས་སུ་གཞུག་ཅིང༌། ལས་ལ་སྦྱོར་བའི་ཉེ་རྒྱུ་ལྷག་མ་རྣམས་དང༌། ལས་དེ་ལ་ཐུགས་རིངས་པར་བསྐུལ་བ་དང་བཟླས་པའི་རྣམ་པ་གཞན་བྱེད་པ་ནི་སྒྲུབ་པའོ། །དེ་ནས་དམག་གི་ཚོགས་དེ་དག་གཡུལ་འགྱེད་པ་དང་འདྲ་བར་ལས་དེ་དང་དེ་ལ་དངོས་སུ་ཐུན་སྔགས་དྲུག་སོགས་ཀྱི་བཟླས་པ་དང༌། བསྒྲལ་ཆོག །ཟོར་ལས་སོགས་བྱེད་པ་ལས་སྦྱོར་ཡིན་ཞིང༌། རྩ་བ་བསྙེན་པའི་གཞི་ཐེངས་པ་གལ་ཆེ་བས་འདིར་དེའི་རིམ་པ་ཅུང་ཟད་ཕྱེ་བ་ཡིན་གྱི། ཕྱི་མ་གཉིས་དང་གཞན་ཡང་ལས་ཚོགས་མང་དུ་ཡོད་པ་རྣམས་ནི་སོ་སོའི་ཡི་གེ་ལས་ཤེས་པར་བྱ། སྒྲུབ་གཞི་རས་བྲིས་ཡིན་ན་གཤེགས་གསོལ་བྱས་ཚེ་ཨར་ཆོག་ལྟ་བུར་འགྲོ་ཉེན་ཡོད་པས། སྤྱན་དྲངས་པའི་ལྷ་ཚོགས་རྣམས་བྲིས་སྐུ་དང་དབྱེར་མི་ཕྱེད་པར་གྱུར་བྱས་ལ། སུ་པྲ་ཏིཥྛས་བརྟན་པར་བྱ། གཏོར་མ་ལ་བརྟེན་ན་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་ཙཀླིའམ། རྟེན་རྫས་རྒྱབ་ཀྱི་བྲིས་ཐང་སོགས་ལ་དམིགས་ཏེ། རྟེན་དང་དབྱེར་མི་ཕྱེད་པར་གྱུར་བྱ་བའམ།


GTD008_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཡེ་གཉི་ག་སྔར་ལྟར་བསྟིམ་ཡང་རུང༌། ལྷག་པར་བསྙེན་པའི་དུས་དཔལ་ལྡན་ལྷ་མོ་རང་ལ་ཐིམ་ནས་སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་དབྱེར་མེད་དུ་གྱུར་པར་བསམས་ལ། ཨོཾ་ཨཱཿ དཱ་མ་ཀོ་ཏིཥྛ་བཛྲ་ཧཱུཾ། ཞེས་བརྟན་པར་བྱས་ན་འགྲུབ་ཐག་ཉེ་བའི་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཡོད་དོ། །སྲུང་མའི་གཙོ་མོ་མ་གཅིག་རེ་མ་ཏཱིའི། །བསྙེན་པའི་ཉམས་ལེན་སྙིང་པོ་ཉུང་གསལ་འདི། །བསྡེབས་པས་བདག་སོགས་གདོན་བགེགས་བདུད་སྡེ་ལས། །རྒྱལ་ཞིང་བློ་བཟང་རྒྱལ་བསྟན་རྒྱས་གྱུར་ཅིག །ཅེས་དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྙེན་སྒྲུབ་ལ་འཇུག་པའི་མན་ངག་ཁྲག་འཐུང་དགའ་སྟོན་ཞེས་བྱ་བ་འདི་ནི་བསྟན་པའི་གསལ་བྱེད་མཁར་སྔོན་ཆོས་སྐྱབས་ཏི་ཡན་ཆིའི་སྤྲུལ་བའི་སྐུ་དཀོན་མཆོག་བསྟན་འཛིན་རྒྱ་མཚོ་དང༌། ཨོར་དུ་སུ་ཧང་གིན་བཻ་ལིའི་ཤོག་གི་དད་བརྩོན་ལྷག་བསམ་དང་ལྡན་པ་དགེ་སློང་དཀོན་མཆོག་དཔལ་བཟང་བཅས་ཀྱིས་བསྐུལ་བའི་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ། །


previousདཔལ་ལྡན་དམག་ཟོར་རྒྱ་མོའི་བསྙེན་སྒྲུབ།next