Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
བསྟན་སྲུང་ཆེན་པོ་དྲེགས་པ་ལྕམ་སྲིང་བསྙེན་ཅིང་སྒྲུབ་པའི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   


 
previousབསྟན་སྲུང་ཆེན་པོ་དྲེགས་པ་ལྕམ་སྲིང་བསྙེན་ཅིང་སྒྲུབ་པའི་རིམ་པ།next

བསྟན་སྲུང་ཆེན་པོ་དྲེགས་པ་ལྕམ་སྲིང་བསྙེན་ཅིང་སྒྲུབ་པའི་རིམ་པ།


GTD008_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བསྟན་སྲུང་ཆེན་པོ་དྲེགས་པ་ལྕམ་སྲིང་བསྙེན་ཅིང་སྒྲུབ་པའི་རིམ་པ་ལས་བཞིའི་འཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །


GTD008_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་རྒྱལ་ཀུན་ཐུགས་རྗེ་རང་བཞིན་དངོས། །གཤིན་རྗེའི་གཤེད་པོའི་གསུང་གི་སྒྱུ་འཕྲུལ་གར། །སྲོག་བདག་དམར་པོའི་སྐུ་ཡི་རྣམ་རོལ་ལ། །འདུད་དོ་འཕྲིན་ལས་རྣམ་བཞིའི་སྡོངས་གྲོགས་མཛོད། །གཟི་ལྡན་དབང་ཕྱུག་བཀའ་ཉན་དམར་ནག་ཅེས། །མཐུ་སྟོབས་གྲགས་སྙན་དབྱར་རྔས་ཕྱོགས་ཁྱབ་པ། །དེ་ཡི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ། །དམ་པའི་གསུང་བཞིན་མདོ་ཙམ་སྤེལ་བར་བྱ། །དེའང་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པས་བླང་དོར་ཚུལ་བཞིན་དུ་སྒྲུབ་ཅིང༌། དད་པ་དང་སྙིང་རྗེས་རྒྱུད་བརླན་པ། ཆོས་སྐྱོང་ཆེན་པོ་འདི་ཉིད་ཀྱི་རྗེས་སུ་གནང་བ་ཡན་ལག་དང་བཅས་པ་ལེགས་པར་ཐོབ་པའི་གང་ཟག་གིས་གང་དུ་སྒྲུབ་པའི་གནས་ནི། དམར་པོ་ཁྲག་གི་མདའ་འཕེན་གྱི་རྒྱུད་ལས། རི་གསུམ་འདུས་དང་ཆུ་གསུམ་འདུས། །དུར་ཁྲོད་དབུས་སུ་བདག་ཉིད་སྒྲུབ། །ཅེས་གསུངས་ལ། སོ་སོར་བྱས་ན་ཡབ་ཀྱི་སྒྲུབ་གནས་བྲག་དམར་པོ་གཤིན་རྗེ་ཁྲོས་པའམ། སེང་གེ་


GTD008_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་དུ་འཕྱོ་བ་འདྲ་བའི་འགྲམ་དང་ཆུ་བྲག་འཐབ་པ་འུག་པ་དང་སྲིན་བྱས་སྐད་བསྒྲག་ཅིང་བཙན་ཡོད་ངེས་པའི་གནས་སུ་སྒྲུབ། ཡུམ་གྱི་གནས་རི་གསུམ་འདུས་པའི་འགྲམ་མ་མོ་གནས་པའི་དུར་ཁྲོད་དུ་སྒྲུབ། དེ་དག་ནི་ཤིན་ཏུ་སྒྲུབ་པ་མྱུར་བའི་གནས་ཡིན་ལ། དེ་དག་ཡེ་མ་གྲུབ་ན་དུར་ཁྲོད་དམ་བྲག་ཕུག་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་རང་གི་སྒྲུབ་ཁང་ལ་ཁྱི་དམར་གྱི་ཁྲག་གིས་བསྒོས་པའི་ཆུས་ཆག་ཆག་གདབ། ས་དམར་གྱིས་བྱུགས་ལ་སྲོག་བདག་དམར་པོའི་བསེ་མཁར་དུ་མོས་པ་བྱ། དུས་ནི་ཚེས་ཉེར་དགུ་ལ་སོགས་གཟའ་ཕུར་བུའམ་མིག་དམར་དང་འཕྲོད་པའི་ཚེ་སྒྲུབ་ཁང་དུ་ཡི་དམ་དང་གནོད་སྦྱིན་འཁོར་བཅས་ཀྱི་བྲིས་འབུར་གྱི་སྐུ་སོགས་རྟེན་ལེགས་པར་དགྲམ། ཕྱི་རྟེན་དུ་རྟ་དམར་པོ། གཡག་ཁམ་པ། ར་སྐྱེས་དམར་པོ། ཁྱི་དམར་པོ། ལུག་ནག་པོ་ལྕགས་ཁ་རྣམས་ཀྱི་ཕྲུམ་ཕྲུམ་དང༌། སོག་འབུམ་ལ་ལྕམ་དྲལ་གྱི་སྲོག་སྙིང་རྒྱ་ཤོག་ལ་གསེར་རམ་གྲི་ཁྲག་གིས་བྲིས་པའི་མཐར། རྟེན་འདི་ལ་བཞུགས་


GTD008_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྒྲུབ་པ་པོ་བདག་གི་སྲུང་མ་མཛོད། མི་ནོར་གནས་དང་བཅས་པའི་གཉེར་མཛོད། འཁྱེར་བ་པོ་ལ་ཆོ་འཕྲུལ་སྣ་ཚོགས་ཐོངས་ལ་མྱུར་དུ་ཁུག་ཅིག །ཅེས་པའི་སྤེལ་ཚིག་དང་བཅས་པ་དར་དམར་པོའི་སྐུད་པས་དཀྲིས། འབྲུ་སྣ་སྨན་སྣ། རིན་ཆེན་དར་ཟབ་དང་བཅས་པའི་ཐུམ་བུ་དར་དམར་པོས་དྲིལ་བ་མི་མངོན་པར་བཏགས་ཏེ་ཆོ་ག་བཞིན་དུ་བཙུག་པ་དང༌། ནང་གི་རྟེན་དུ་སྨྱུག་རྒོད་ཚིགས་གསུམ་པའི་སྦུབས་སྨན་དང་རིན་པོ་ཆེས་བཀང་བ་དུར་བྱའམ་འུག་པའི་སྒྲོས་བརྒྱན། གྲི་ལྕགས་ཀྱི་མདེའུ་གྲི་རྒྱུས་ཀྱིས་བསྡམས་པར་གྲི་ཁྲག་གིས་ལྟོང་ལ་ཡི་གེ་པྲ་བྲིས། སྐེད་པ་ལ་ཛཿ མདེའུ་ལ་རྦད་བྲིས་པའི་མགུལ་དུ་དར་ཟབ་དམར་པོ་ཁ་ལོངས་ལ་ཡབ་ཀྱི་སྲོག་སྙིང་གསེར་གྱིས་བྲིས་པ་དང༌། དར་ནག་ལ་ཡུམ་གྱི་སྲོག་སྙིང་གསེར་གྱིས་བྲིས་པ་བཏགས། ཡུམ་གྱི་རྟེན་དུ་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་དར་ནག་གིས་སྤྲས་པ། ལས་མཁན་གྱི་རྟེན་ཟངས་དམར་གྱི་ཕུར་བུ་སོར་བརྒྱད་པ་གྲི་རྒྱུས་མགུལ་དུ་བཏགས་པའང་བཤམ། གསང་བའི་རྟེན་དུ་སྨྱུག་རྒོད་ཚིགས་དགུ་པའི་མགོ་མཇུག་ཏུ་སེང་ལྡེང་གི་རྡོ་རྗེ་རྩེ་ལྔ་བ་ཕྱེད་པས་བཀག་པའི་ནང་ཡི་དམ་གྱི་སྲོག་སྔགས་ཀྱི་མཇུག་ཏུ་གནོད་སྦྱིན་ལྕམ་དྲལ་གྱི་སྲོག་སྔགས་འབྲུ་བཟློག་སྟེ་གསེར་གྱིས་བྲིས་པའི་ཤོག་དྲིལ་གྱིས་བཀང་བ་དང༌། ར་སྐྱེས་དམར་པོའི་རླིད་བུའི་ནང་དུ་གྲི་ཁྲག་དང་རྒྱ་སྣག་གིས་ལྕམ་དྲལ་གྱི་སྲོག་སྙིང་སྤེལ་ཚིག་དང་བཅས་པ་ཚར་མང་པོ་བྲིས་པ་གཞུག །སྐུའི་རྟེན་དུ་དུར་ཁྲོད་ཀྱི་རས་ལ་གྲི་ཁྲག་གིས་བྲིས་པའི་སྐུ་ཙཀ་ལི་དང༌། གསུང་གི་རྟེན་དུ་འདིའི་རྒྱུད་དང་སྒྲུབ་ཐབས་ཀྱི་པོ་ཏི། ཐུགས་ཀྱི་རྟེན་དུ་གསང་བ་བླ་རྡོ། ཤན་པའི་ལག་ནས་བྱུང་བའི་ར་དམར་པོའི་ཙིཏྟ་དང༌། ལུག་ནག་པོའི་ཙིཏྟའི་ནང་དུ་ཡབ་དང་ཡུམ་


GTD008_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྙིང་པོ་སྤེལ་ཚིག་དང་བཅས་པ་གསེར་རམ་གྲི་ཁྲག་གིས་བྲིས་པའི་ཤོག་དྲིལ་དང་སྨན་དང་དྲི་དང་རིན་པོ་ཆེ་དང་དར་ཟབ་ཀྱིས་བཀང་བ་རྣམས་བཤམས་པའི་མདུན་དུ་སྟེགས་ཀྱི་ཁར་ཟངས་གཞོང་སོགས་རིན་པོ་ཆེའི་སྣོད་བཟང་པོའི་ནང་དུ་ཁྲག་ཆང་གིས་སྦྲུས་པའི་ཟན་ལ་ཡབ་ཀྱི་གཏོར་མ་ཟུར་གསུམ་ཁྲུ་གང་ལས་མི་ཆེ་ཞིང་མཐོ་གང་ལས་མི་ཆུང་བ་དང༌། དེའི་གཡས་གཡོན་དུ་དེ་ལས་ཅུང་ཟད་ཆུང་བའི་ལྷ་མོ་དང་ལས་མཁན་གྱི་གཏོར་མ་ཟུར་གསུམ་རེ་རེ། དེ་གསུམ་གྱི་མཐར་དེ་ལས་ཆུང་བའི་གྲི་ཐོགས་བརྒྱད་དང་རོལ་བཤན་ཉེར་གཅིག་གི་གཏོར་མ་བཤོས་བུ་གྲུ་གསུམ་རྩེ་ཟུར་ཤིན་ཏུ་རྣོ་བ་བརྒྱད་དང༌། དེའི་ཕྱི་རོལ་ཏུ་དེ་འདྲ་ཉེར་གཅིག་གིས་བསྐོར་བའི་མཐར་བཅད་ཁ་ཕྱིར་བསྟན་པའི་མཐེབ་ཀྱུས་བསྐོར། བསྡུ་ན། དབུས་ཀྱི་དེ་གསུམ་གྱི་མཐར་མཐེབ་ཀྱུ་ཆུང་བ་ཉེར་གཅིག་གིས་བསྐོར་ལ། དེའི་སྟེང་གི་ཕྱོགས་མཚམས་བརྒྱད་དུ་མཐེབ་ཀྱུ་ཆེ་བ་རེ་རེ་བཞག་པས་ཀྱང་རུང་ངོ༌། །དེ་ཐམས་ཅད་ཀྱང་ཤ་ཁྲག་དང་སྙིང་སྣ་ཚོགས། ཁྱད་པར་ར་སྐྱེས་ཀྱི་ཤ་ཁྲག་གིས་བརྒྱན་པ་ལ། ལ་ཕུག །སྒོག་བཙོང༌། འབྲས་ཆན། ཁུར་བ་སོགས་བཟའ་བཅའ་སྣ་ཚོགས་པས་མཐའ་བསྐོར། རྟེན་གྱི་མདའ་ཡོད་ན་ཙཀ་ལི་དང་བཅས་པ་དབུས་ཀྱི་གཏོར་མ་ལ་བཙུགས། དེ་དག་གི་མདུན་དུ་ཁྲག་ཆང་གི་གསེར་སྐྱེམས། དབང་པོའི་མེ་ཏོག །ཤ་ཆེན་དང་ར་ཚིལ་གུ་གུལ་སོགས་ཀྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་ཆེན་གྱི་དྲི་ཆབ། བཙན་བཤོས་དཀར་དམར། ཐོད་རྔ་རྐང་གླིང་སོགས་རོལ་མོའི་བྱེ་བྲག་དུ་མ། གཞན་ཡང་བསྐང་རྫས་སོགས་དངོས་སམ་བག་ཟན་


GTD008_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལས་བྱས་པའམ། རི་མོར་བྲིས་པ་རྣམས་ཀྱང་ལེགས་པར་བཤམ། སྒྲུབ་པ་པོའི་མདུན་དུ་ནང་མཆོད་རྡོར་དྲིལ་ཌཱ་མ་རུ། གཡབ་དར་སོགས་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱ། བདེ་བའི་སྟན་ལ་འཁོད་དེ་སྐྱབས་སེམས་སྔོན་དུ་བཏང༌། རྡོ་རྗེ་འཇིགས་བྱེད་སོགས་ཡི་དམ་གྱི་བདག་བསྐྱེད་རྫོགས་པར་བསྒོམ། མཆོད་པ་དཀྱུས་ལྟར་བྱིན་གྱིས་བརླབས་ལ་ཆོས་སྐྱོང་འཁོར་བཅས་བསྐྱེད་པ་ནི། སྒྲུབ་གཞི་བྲིས་འབུར་གྱི་སྐུ་སོགས་བྱེད་ན་དེ་ཉིད་ལ་དམིགས་ཤིང༌། རྟེན་གཏོར་བྱེད་ཚེ་དེ་ལ་དམིགས་ནས་ཧྲཱིཿ ཥྚྲཱིཿ ལ་སོགས་པའི་སྔགས་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་རྟ་ཁྲག་དང་མི་ཁྲག་གི་རྒྱ་མཚོ་ཆེན་པོ་རྦ་ཀློང་གྲུ་གསུམ་བསྣོལ་མར་འཁྲུག་པའི་དབུས་སུ་ཟངས་ཀྱི་རི་གྲུ་བཞི་པའི་སྟེང་དུ་པདྨ་ཉི་མ་རྟ་རོ་མི་རོ་བརྩེགས་པའི་གདན་ལ་པྲཾ་དང་ཟངས་གྲི་ལས་སྐྱེས་པའི་གནོད་སྦྱིན་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་འབར་བ་དང་བཅས་པའི་ཟངས་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་བས་དམ་ཉམས་ཀྱི་སྲོག་རྩ་གཅོད་ཅིང༌། གཡོན་མདའ་གཞུ་དང་དགྲ་བགེགས་ཀྱི་གློ་སྙིང་ཐུགས་ཀར་འཛིན་པའི་མཆན་ཁུང་ན་བསེའི་རུ་མཚོན་དམར་པོ་བསྣམས་པ། ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་ནས་ལྗགས་རྣམ་པར་བསྐྱོད་པ། སྤྱན་གསུམ་དང་ལྡན་ཞིང་ཁྲོ་གཉེར་ཤིན་ཏུ་བསྡུས་པ། སྨིན་མ་དང་སྨ་ར་དུས་མཐའི་མེ་ལྟར་རབ་ཏུ་འབར་ཞིང་དབུ་སྐྲ་ཁམ་སེར་ལྟག་པར་བཅིངས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་ཟངས་ཀྱི་བེག་ཙེ་དང་དར་གྱི་རལ་གུ་དམར་བོས་བརྒྱན་ཅིང༌། ཞབས་ལ་སག་ལྷམ་དམར་པོ་


GTD008_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ། སྒེག་པ་དཔའ་བ་མི་སྡུག་པའི་གཟུགས་ཅན། གཡས་བསྐུམས་ཤིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེའི་གཡོན་དུ་མཾ་ལས་རིག་པའི་ལྷ་མོ་གདོང་དམར་མ་སྐུ་མདོག་སྔོ་ནག་གདོང་པ་བསེ། སོ་དུང༌། སྨིན་མ་གཡུ། མེའི་རལ་བ་ལ་མཆོང་དང་མུ་མེན་གྱིས་བརྒྱན་ཅིང༌། གསེར་གྱི་རྣ་རྒྱན་འཕྱང་བ། གཅེར་མོ་སྤྱན་དང་ཞལ་བགྲད་ཅིང༌། གཡས་ཟངས་ཀྱི་རལ་གྲི་དགྲ་ལ་འཕྱར་ཞིང་གཡོན་ལྕགས་ཀྱི་ཕུར་བུ་བགེགས་ལ་འདེབས་པ། དྲེད་མོ་མི་ཟན་ལ་ཞོན་པ། གཙོ་བོའི་གཡས་སུ་བྲཾ་ལས་ལས་མཁན་སྲོག་བདག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་མདུང་དར་འཕྱར་ཞིང་གཡོན་བཙན་གྱི་ཞགས་པ་དགྲ་ལ་འདེབས་པ། བསེ་ཁྲབ་དང་བསེ་རྨོག་གྱོན་ཅིང་ལྕེ་སྤྱང་སྨྱོན་པ་ལ་ཞོན་པ། མཚན་མོ་རྒྱུ་ཞིང་དགྲ་བགེགས་ལ་འོ་དོད་འབོད་པ། གཙོ་འཁོར་གསུམ་གྱི་ཤར་དུ་མི་དམར་ཁྲམ། ལྷོར་རི་ཙི་མི་དམར། ནུབ་ཏུ་ཀྲོ་དྷི་མི་དམར། བྱང་དུ་སྲོག་བདག་ཀོ་ཤིང༌། ཤར་ལྷོར་ཨཾ་ཀྲི་མི་དམར། ལྷོ་ནུབ་ཏུ་རོ་ཀྲི་མི་དམར། ནུབ་བྱང་དུ་ཧཾ་ཤར་མི་དམར། བྱང་ཤར་དུ་སྲོག་བདག་ཐལ་བ་སྟེ། གྲི་ཐོགས་བརྒྱད་དང་བཤན་པ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ། གཡས་ཟངས་ཀྱི་རལ་གྲི་འཕྱར་ཞིང༌། གཡོན་ལ་ལ་རྒྱུ་མའི་ལག་རྡོག་བྱེད་པ། ལ་ལ་གློ་སྙིང་མཆིན་པ་འདྲད་པ། ལ་ལ་སྙིང་ཁྲག་ཀླད་པ་ལྡག་པ། ལ་ལ་ཤ་ཁྲག་སྦར་གྱིས་འདེབས་པ། ལ་ལ་རུས་པ་རྐང་མར་འཆའ་བ། ལ་ལ་པགས་པ་དམར་བཤུས་བྱེད་པ། ལ་ལ་ཤ་གདན་དམར་པོ་འདིངས་


GTD008_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཐམས་ཅད་ཀྱང་དགྲ་བོའི་སྲོག་ལེན་པ། མི་ལྤགས་ཀྱི་གཡང་གཞི་དང་བ་གླང་གི་ཀོ་བ་རློན་པ་གྱོན་པ། གཞན་ཡང་བཙན་དམར་སྟོང༌། བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང༌། མ་མོ་འབུམ་སྡེ། ཐེའུ་རང་སྟོང་ལ་སོགས་པ་དམ་ཅན་རྒྱ་མཚོའི་དམག་ཚོགས་དཔག་ཏུ་མེད་པས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བྱང་ཤར་མ་རུ་ཙེའི་དུར་ཁྲོད་བྲག་དམར་པོ་མཆོང་ལྡིང་གི་ཕོ་བྲང་ནས་གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ཀྱཻ། ཡུལ་གཅིག་མྱ་ངམ་འདས་པ་བདུན་གྱི་ཕ་རོལ་ན། །མདའ་ན་ཁྲག་མཚོ་ཕུ་ན་ཟངས་བྲག་བརྩེགས། །མི་རོ་རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་དུ་མ་མཚོ་རུ་འཁྱིལ། །ཁོར་ཡུག་ཟངས་རིའི་ཕྲེང་བས་ཀུན་ནས་བསྐོར། །བསེ་མཁར་སྨུག་པོ་མཆོང་གི་བ་གམ་ཅན། །ཐོད་པ་བརྩེགས་པའི་གཞལ་ཡས་ཆེན་པོ་ནས། །ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གཤེགས་སུ་གསོལ། །འཁོར་ཚོགས་བཤན་པའི་ཚོགས་ཀྱང་གཤེགས་སུ་གསོལ། །ཞིང་བཅུའི་དམ་ཉམས་དགྲ་བོ་འདུལ་བ་དང༌། །རྣལ་འབྱོར་བདག་གིས་ལས་བཅོལ་སྒྲུབ་པའི་ཕྱིར། །ད་ལྟ་ཉིད་དུ་གནས་འདིར་གཤེགས་སུ་གསོལ། །ད་ལྟ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང༌། །རིངས་པའི་ཚུལ་གྱིས་མཆོད་གཏོར་འདི་བཞེས་ལ། །ནག་པོའི་ཕྱོགས་དང་གང་ལ་དམིགས་པ་ཡི། །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །ཅེས་གཉན་ལོས་མཛད་པའི་སྤྱན་འདྲེན་གྱི་ཚིགས་བཅད་དང༌། རྒྱས་པར་བྱེད་ན་ཨ་མོ་གྷས་མཛད་པའི་ཚིགས་


GTD008_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། ཀྱཻ། ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་བྱང་ཤར་མཚམས་ཤེད་ནས། །སྲོག་བདག་དམར་པོ་སྤྱན་འདྲེན་ནོ། །སྒྲོལ་གྱིང་ཆེན་པོ་སྤྱན་འདྲེན་གཤེགས་སུ་གསོལ། །མེ་རླུང་འཚུབ་པའི་ཕོ་བྲང་དབུས། །རཀྟ་ཁྲག་གི་རྒྱ་མཚོ་ནས། །སྲིད་པའི་བུ་མོ་སྤྱན་འདྲེན་ནོ། །གར་གྱི་དབང་ཕྱུག་གཤེགས་སུ་གསོལ། །སྲིན་པོ་ཁྲོས་པའི་ཕོ་བྲང་ནས། །དྲག་པོ་སྒྲོལ་བའི་དཀྱིལ་འཁོར་དུ། །ལས་མཁན་དམར་པོ་སྤྱན་འདྲེན་ནོ། །རྒྱུག་བྱེད་ཕོ་ཉ་གཤེགས་སུ་གསོལ། །རབ་གཏུམ་རྔམ་པའི་ཕོ་བྲང་ནས། །ཁྲག་མཚོ་འཁྱིལ་པའི་ཁོར་ཡུག་ནས། །གྲི་ཐོགས་བརྒྱད་པོ་སྤྱན་འདྲེན་ནོ། །བཤན་པ་ཉེར་གཅིག་གཤེགས་སུ་གསོལ། །བྲག་དམར་མཆོང་ལྡིང་ཕོ་བྲང་ནས། །བདུད་བཙན་གནོད་སྦྱིན་སྲིན་པོ་དང༌། །མ་མོ་ཐེའུ་རང་སྤྱན་འདྲེན་ནོ། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །མ་ཐོགས་མྱུར་བར་ལས་ལ་བྱོན། །རིངས་པའི་ཚུལ་གྱིས་མཆོད་གཏོར་བཞེས། །བདག་གིས་བཅོལ་བའི་འཕྲིན་ལས་རྣམས། །མ་གཡེལ་མྱུར་དུ་གྲུབ་པར་མཛོད། །རཀྨོ་པྲ་ཎ་ཨཱདྨ་ས་པ་རི་ཝཱ་ར་ཨ་ཀརྵཱ་ཡ་ཛཿ ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་སྤྱན་དྲངས་ལ་གདན་ཕུལ། ཨོཾ་རཀྨོ་པྲ་ཎ་ཨཱདྨ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། ཞེས་དམ་ཚིག་བསྒྲགས། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༌། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་བསྟན་ནས། །མཐུ་སྟོབས་ཕུན་ཚོགས་བསྟན་པ་སྲུང་མཛད་པའི། །སྒྲོལ་གྱིང་བཤན་པ་དམར་པོ་ལ་ཕྱག་འཚལ། །བཀའ་ཡི་འཁོར་གནས་ཡེ་ཤེས་སྲུང་མའི་ཚོགས། །རྣལ་འབྱོར་འདོད་པའི་བདེ་སྟེར་གསང་བའི་ཡུམ། །ལས་


GTD008_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བཤན་པ་གཏུམ་པོ་སྡེ་ལྔ་དང༌། །མ་མོ་ཐེའུ་རང་ཚོགས་ལ་གུས་པས་འདུད། །ཅེས་ཕྱག་བྱ། གནོད་སྦྱིན་འཁོར་བཅས་ཀྱི་སྤྱི་བོར་དམ་ཚིག་གི་རྡོ་རྗེ་བཀོད་པར་བསམས་ལ། རཀྨོ་པྲ་ཎ་ཨཱདྨ་ས་པ་རི་ཝཱ་ར་ས་མ་ཡ་སྨ་ར། ས་མ་ཡ་མ་ཏི་པྲ་མ་ཐ། ས་མ་ཡ་རཀྵནྟུ། ཞེས་དམ་ལ་བཞག །ཨོཾ་རཀྨོ་པྲ་ཎ་ཨཱདྨ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་སྦྱར་ལ་མཆོད་པ་དབུལ། ནང་མཆོད་འབུལ་བ་ནི་རྒྱས་པར་སྤྲོ་ན། ཨོཾ་མཆོད་དོ་སྐུ་བཞིའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྒྱལ་བ་རྡོ་རྗེ་འཆང་གི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ལྷ་ཆེན་མཧཱ་དེ་བའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཨ་ཙརྻ་ཉི་འོད་གྲགས་པའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། སྲས་ཟླ་བ་ནག་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། པཎ་ཆེན་ག་ཡ་དྷ་རའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། བླ་མ་གཉན་ལོ་ཙཱ་བའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། གནམ་ཁའུ་པ་དར་མ་སེང་གེའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ས་ཆེན་ཀུན་དགའ་སྙིང་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཤུད་བུ་བཀྲ་ཤིས་འོད་ཟེར་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། འདར་འཕྱར་རུ་བ་རིན་ཆེན་བཟང་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། བོ་དོང་བ་བརྩོན་འགྲུས་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཇོ་སྲས་བླ་མ་རིན་ཆེན་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། སློབ་དཔོན་ཤེས་རབ་མཚོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། བླ་མ་བསོད་ནམས་དབང་ཕྱུག་གི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ལྕང་སྤེ་བ་སེང་གེ་འབུམ་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཀུན་མཁྱེན་དཔལ་ལྡན་སེང་གེའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཆོས་རྗེ་རིན་ཆེན་བཀྲ་ཤིས་ཀྱི་ཞལ་དུ་


GTD008_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿ ཧཱུཾ། སྟོབས་ལྡན་ཡོན་ཏན་མགོན་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། བླ་མ་གཞོན་ནུ་དཔལ་བའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཆོས་རྗེ་ཤེས་རབ་རིན་ཆེན་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཏཱ་ར་པ་བསོད་ནམས་ཆོས་འཕེལ་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྗེ་དབང་ཕྱུག་རབ་བརྟན་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། མགོན་པོ་བསོད་ནམས་མཆོག་ལྡན་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཟུར་ཆོས་དབྱིངས་རང་གྲོལ་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། འཁྲུལ་ཞིག་མང་ཐོས་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྗེ་འཇམ་དབྱངས་བདེ་བའི་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྡོ་རྗེ་འཆང་གནུབ་སྟོན་བཞད་པ་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཞེས་དང་། གཞན་ཡང། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། མཉམ་ཆེན་དྷརྨ་སྐྱབས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྗེ་ཆོས་རྒྱལ་དཔལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྗེ་དཔལ་ལྡན་སེང་གེའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། བླ་མ་བསམ་འགྲུབ་བཟང་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྗེ་རིན་ཆེན་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྗེ་རྣམ་རྒྱལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྗེ་དོན་ཡོད་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྗེ་ཀུན་དགའ་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྗེ་ཡོན་ཏན་མཆོག་གི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྒྱལ་བ་བསོད་ནམས་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྒྱལ་བ་བློ་བཟང་དོན་གྲུབ་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྡོ་རྗེ་འཛིན་པ་དཀོན་མཆོག་


GTD008_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། མཐུ་སྟོབས་དབང་ཕྱུག་སྟོབས་ལྡན་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། འཁོར་ལོའི་མགོན་པོ་རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། དེ་ལྟར་བརྒྱུད་པ་གཉི་གའམ་གང་མོས་སྦྱར་བའི་མཐར། གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དམ་པ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཨོཾ་རཀྨོ་པྲ་ཎ་ཨཱདྨ་ས་པ་རི་ཝཱ་ར་ཨོཾ་ཨཱཿ ཧཱུཾ། ཞེས་དབུལ། ཡང་བྲེལ་དུས་ཕྱི་མཆོད་ཀྱི་མཇུག་ཏུ་རཀྨོ་པྲ་ཎ་ལ་འབྲུ་གསུམ་སྦྱར་ནས་ནང་མཆོད་ཕུལ་ཀྱང་རུང༌། དེ་ནས་བཤགས་པ་བྱ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམས་ལ་ཡིག་བརྒྱ་ཉེར་གཅིག་སོགས་བཟླས་ཏེ། བྱིན་རླབས་རྩ་བ་དངོས་བརྒྱུད་བླ་མ་དང༌། །དངོས་གྲུབ་འབྱུང་གནས་ཡི་དམ་དཀྱིལ་འཁོར་ལྷ། །བར་ཆད་ཀུན་སེལ་ཆོས་སྐྱོང་སྲུང་མའི་ཚོགས། །བརྩེ་བའི་ཐུགས་ཀྱིས་བདག་ལ་དགོངས་སུ་གསོལ། །བདག་ཅག་གསང་སྔགས་ཐེག་པའི་ཐེམ་སྐས་ལས། །ཟུང་འཇུག་ནོར་བུའི་ཕོ་བྲང་འཇུག་པའི་གེགས། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་ཀུན། །བླ་མ་ཡི་དམ་སྲུང་མར་མཐོལ་ལོ་བཤགས། །མ་ཉམས་ཕྱི་ནང་གསང་རྟེན་དམ་རྫས་བཅས། །བསྙེན་སྒྲུབ་རྒྱུན་གཏོར་དུས་ཀྱི་གཏོར་མ་སོགས། །ཚུལ་བཞིན་མ་བགྱིས་ལེ་ལོའི་དབང་གྱུར་ཏེ། །སྲུང་མའི་ཐུགས་དང་འགལ་རྣམས་


GTD008_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མཐོལ་ལོ་བཤགས། །སེམས་ཉིད་རང་བཞིན་མཁའ་ལྟར་རྣམ་དག་ཀྱང༌། །གློ་བུར་ཉོན་མོངས་སྤྲིན་གྱིས་གཡོགས་པའི་མཐུས། །ནོངས་པར་གང་གྱུར་བཤགས་དང་བཤགས་ཡུལ་དང༌། །བཤགས་བྱ་དམིགས་མེད་ངང་དུ་དག་གྱུར་ཅིག །ཅེས་གདུང་ཤུགས་དྲག་པོས་བྱའོ། །དེ་ནས་ཐུགས་དམ་བསྐང་བ་ལ་བསྐང་རྫས་རྣམས་བསང་སྦྱངས། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་གནོད་སྦྱིན་ལྕམ་སྲིང་འཁོར་དང་བཅས་པ་མཉེས་པར་བྱེད་པའི་དམ་རྫས་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག །གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཅེས་བརྗོད་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། རྒྱས་པར་བྱེད་ན་སྔགས་དྲུག་ཕྱག་རྒྱ་དྲུག་ཏིང་ངེ་འཛིན་དྲུག་དང་བཅས་པས་ཀྱང་བྱིན་གྱིས་བརླབ། ཀྱཻ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཆོག །ཟག་མེད་བདེ་ཆེན་བསྐྱེད་པའི་མཆོད་རྫས་སུ། །དབང་པོའི་གཞུ་རིས་ཇི་བཞིན་ཆེས་བཀྲ་བས། །བསྟན་སྲུང་འཁོར་བཅས་དགྱེས་པ་སྐྱེད་གྱུར་ཅིག །དགྲ་བགེགས་སྙིང་གི་ཁྲག་རྒྱུན་མཚོ་ལྟར་འཁྱིལ། །དབང་པོའི་མེ་ཏོག་གནམ་སའི་ཁྱོན་ཀུན་གང༌། །མཾ་སའི་དུད་སྤྲིན་ཞུན་ཆེན་སྣང་གསལ་འབར། །ག་བུར་དྲིས་སྦགས་ཁྲག་ཞག་མཁྲིས་པའི་དྲི། །ཤ་རུས་ཕུང་པོར་སྤུངས་པའི་ཞལ་ཟས་དང༌། །སྙན་བརྗིད་འབུད་དཀྲོལ་རོལ་མོའི་བྱེ་བྲག་གིས། །བསྟན་སྲུང་འཁོར་དང་བཅས་པའི་ཐུགས་དམ་བསྐངས། །ཉམས་ཆག་སེལ་ཞིང་དངོས་


GTD008_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མ་ལུས་སྩོལ། །རྟ་དམར་ཞུར་ཅན་དམར་སེར་རྔ་རྔོག་གཡོ། །རྡོ་རྗེའི་རྭ་ལྡན་གཡག་རྒོད་འབྲུག་ལྟར་ངར། །རབ་དཀར་ཨོག་ཞོལ་འཕྱང་བའི་བསྲེ་ཡི་ར། །མཁའ་ལྡིང་བསེ་ཡི་བྱ་ཁྲ་དུར་བྱ་དང་། །སྲིན་བྱ་འུག་པ་ལ་སོགས་འཕུར་ལྡིང་རོལ། །འཇིགས་རུང་ཤྭ་ན་སྟག་གཟིག་དོམ་དྲེད་སོགས། །ཁྲག་གིས་མྱོས་པའི་གཅན་གཟན་གྲངས་མེད་པ། །རྣལ་འབྱོར་འཕྲིན་ལས་ཐོགས་མེད་སྒྲུབ་ཕྱིར་འབུལ། །བེར་དམར་ཚངས་ཅན་རིན་ཆེན་རྒྱན་ལྡན་དང༌། །བསེ་ཁྲབ་དམར་པོ་ཟངས་ཀྱི་སྟོད་འབྲེལ་ཅན། །རབ་དམར་ལྕོག་དར་འབར་བའི་བསེ་ཡི་རྨོག །བསེ་ལྷམ་བདུད་སྡེ་འཇོམས་པའི་ཟངས་གྲི་དང༌། །དགྲ་བགེགས་གློ་སྙིང་ཁྲག་གི་ཞམ་ཆུ་འབབ། །བསེ་ཡི་རུ་མཚོན་བ་དན་དམར་པོས་མཛེས། །ཧོང་ཁུང་ལིདྒ་རྩངས་དམར་སྲད་བུས་བསྐོར། །བསྟན་དགྲ་འཇོམས་པའི་ཆ་རྐྱེན་རྣམས་ཀྱང་འབུལ། །རྒྱུ་རློན་མགོ་འཕྲེང་དྲ་བ་ཙིཏྟའི་ཏོག །མི་རོའི་རྒྱལ་མཚན་གཡང་གཞིའི་བླ་བྲེས་ཅན། །མཆོང་དམར་ཁ་བད་མཛེས་པའི་བསེ་མཁར་དང༌། །འཁོར་ས་བར་དང་བཅས་པ་གསང་བའི་མདོས། །འདྲེ་བྱའི་སྒྲོས་བརྒྱན་གྲི་ལྕགས་མདེའུ་ཅན། །དར་དམར་མགུལ་པར་འཆང་བའི་མདའ་བོ་ཆེ། །བྲིས་སྐུ་གསང་རྒྱུད་ཕྱག་མཚན་ས་བོན་བཅས། །གནོད་སྦྱིན་ཆེན་པོ་དགྱེས་པའི་རྟེན་དུ་འབུལ། །དར་ནག་འཆང་བའི་སེང་གི་ཀཱི་ལ་ཡ། །གྲི་རྒྱུས་མགུལ་དུ་བཅིངས་པའི་ཟངས་ཕུར་འབར། །ཀ་ཎི་ཀས་བྲིས་སྲོག་སྔགས་ཀྱིས་གང་བའི། །སྨྱུག་རྒོད་ཚིགས་དགུ་མཐའ་གཉིས་རྡོ་རྗེས་མཚན། །ར་དམར་ལྤགས་ཤུན་རྒྱལ་མཚན་གསང་བའི་སྙིང༌། །ལུག་ནག་ཙིཏྟ་སྲོག་སྔགས་ཀྱིས་གཏམས་པ། །གསང་བའི་བླ་རྡོ་སྲོག་འཁོར་ཁ་སྦྱོར་སོགས། །དབང་གི་


GTD008_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དགྱེས་པའི་རྟེན་དུ་འབུལ། །སྒྲུབ་པའི་མཆོད་པ་ནི། སྐུ་བཞིའི་ས་བོན་སྨིན་བྱེད་དབང་བཞིའི་ཆུས། །ལེགས་གཏམས་རང་རྒྱུད་དག་པའི་རིན་ཆེན་སྣོད། །དངོས་གྲུབ་སྦྲང་རྩིའི་རོ་མངར་འབྱུང་བའི་གཞི། །གཅེས་པར་བསྲུངས་བསྐྱངས་དམ་ཚིག་ཆུ་སྐྱེས་བཞད། །སོ་སོར་ཐར་དང་རྒྱལ་སྲས་རིག་འཛིན་གྱི། །བཅས་མཚམས་རྣམ་པར་དག་པའི་དྲི་བསུང་ལྡང༌། །ཡེངས་མེད་སྲོག་བདག་འཁོར་བཅས་རྩེ་གཅིག་ཏུ། །བསྒོམས་པའི་ཏིང་འཛིན་གསལ་སྣང་སྒྲོན་མེ་སྤར། །དེ་ལྟར་བསྙེན་སྒྲུབ་ལ་གཞོལ་བརྩོན་པའི་རྒྱུན། །དལ་མེད་འབབ་པའི་དྲི་ཆབ་རྦ་རླབས་གཡོ། །བདེ་བས་སྟོང་པ་ངེས་པའི་ཟག་མེད་རོ། །ཐུགས་དམ་བསྐུལ་བའི་སྙན་འགྱུར་ང་རོའི་སྒྲ། །དེ་ལྟར་མཆོད་ཡུལ་མཆོད་རྫས་རང་ཉིད་སོགས༌། །བཏགས་ཙམ་བདེན་པར་འཛིན་པའི་དགྲ་བགེགས་རྣམས། །གནས་ལུགས་ཕུ་ཐག་ཆོད་པའི་དཔའ་བོ་ཡིས། །མཉམ་གཞག་གཡུལ་ངོར་བཅོམ་པའི་ཡང་དག་སྙིང༌། །སྣང་སྟོང་བསྟན་སྲུང་ཆེན་པོར་འབུལ་ལགས་ན། །བདག་ལ་མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །ཡང་ན་བསྐང་བཤགས་བསྡུས་པ། ཀྱཻ། དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་རྩལ་ཅན། །ཞེས་སོགས་དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོས་མཛད་པ་དེ་བྱས་ཀྱང་འཐུས། དེ་ནས། ཀྱཻ། ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །དྲེགས་པ་ལྕམ་སྲིང་འཁོར་བཅས་ཀྱིས། །ཞེས་སོགས་སྤྱི་ལྟར་བྱེད་པའམ། ཀྱཻ། ཁྱེད་ལ་འཕྲིན་ལས་ཞུ་ཞིང་གསོལ་བ་ནི། །རྣལ་འབྱོར་ལུས་ངག་ཡིད་ལ་བར་གཅོད་པའི། །ལྷ་ཀླུ་གནོད་སྦྱིན་གྲུལ་བུམ་ལ་སོགས་པ། །གདོན་ཆེན་སྟོང་ཕྲག་བརྒྱད་ཅུ་བཟློག་ཏུ་


GTD008_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །རླུང་མཁྲིས་བད་ཀན་འདུས་པ་ལ་སོགས་པའི། །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཏུ་གསོལ། །འཇིགས་ཤིང་སྐྲག་དང་དངངས་པ་ལ་སོགས་པའི། །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག་ཏུ་གསོལ། །ཆུ་ཚོད་དྲུག་ཅུ་རྩ་བཞི་བར་གཅོད་པའི། །གློ་བུར་དྲུག་ཅུ་རྩ་བཞི་བཟློག་ཏུ་གསོལ། །སྔོན་ལས་འཕྲལ་རྐྱེན་གཉིས་ཀྱིས་བསྡུས་པ་ཡི། །རྐྱེན་ངན་ཉི་ཁྲི་ཆིག་སྟོང་བཟློག་ཏུ་གསོལ། །རྣལ་འབྱོར་ཚེ་ཚད་ཕུགས་སུ་མ་འཁྱོལ་བར། །དུས་མིན་འཆི་བ་རྣམ་བརྒྱད་བཟློག་ཏུ་གསོལ། །རྨོངས་བྱེད་རེངས་བྱེད་རྨུགས་བྱེད་བརྒྱལ་ལ་སོགས། །གཤིས་ངན་གུམ་པ་བཅོ་བརྒྱད་བཟློག་ཏུ་གསོལ། །ཚངས་དང་དབང་ཕྱུག་ལ་སོགས་ཕྱི་རོལ་པའི། །སྲིད་པའི་ཁྲམ་རྣམས་ཐམས་ཅད་བཟློག་ཏུ་གསོལ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི། །ལྷ་འདྲེའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ། །མ་མོའི་ཁྲག་ཟོར་གཤིན་རྗེའི་འཕྲུལ་འཁོར་སོགས། །བདུད་ཀྱི་ཁྲམ་ཁ་བཏབ་པ་བསྒྱུར་དུ་གསོལ། །ཕུར་བུའི་གདབ་ལས་གནོད་སྦྱིན་གཟེར་ནད་དང༌། །རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག་ཏུ་གསོལ། །བཙན་གྱི་གྱ་གྱུ་མོན་པའི་གཅེར་རྒྱུག་དང༌། །འབལ་མོའི་དྲུག་འདབ་ས་བསྒྱུར་བཟློག་ཏུ་གསོལ། །འབྱུང་བོའི་ཐོད་ཟོར་ཞང་ཞུང་བཙོ་དམར་དང༌། །སྐྱེས་པའི་མདའ་ཟོར་འཕེན་པ་བཟློག་ཏུ་གསོལ། །དངོས་དང་ཉམས་དང་རྨི་ལམ་མཚན་མ་ངན། །རོ་ལངས་འབྱུང་བོའི་གནོད་པ་བཟློག་ཏུ་གསོལ། །ལོ་ཟླ་ཞག་དང་ཟ་མའི་སྐེག་ལ་སོགས། །སྐྱེས་པའི་སྐར་མའི་གནོད་པ་བཟློག་ཏུ་གསོལ། །ཕྱོགས་ངན་བདུད་གཅོད་བཞི་གཤེད་སྤར་ཕུང་དང༌། །མོ་ལྟས་རྩིས་ཟུར་ངན་པ་བཟློག་ཏུ་གསོལ། །སྤྱང་ཀི་ངུ་ཞིང་ཝ་


GTD008_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ་སྲིན་བྱ་རྒོད། །གཞན་གྱིས་ཆོ་འཕྲུལ་གཏོང་བ་བཟློག་ཏུ་གསོལ། །བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མ་ལུས་པ། །དམ་ཅན་ཁྱེད་ཀྱིས་མྱུར་དུ་སྒྲུབ་པར་མཛོད། །ཅེས་ལྕང་སྤེ་བ་སེང་གེ་འབུམ་གྱིས་མཛད་པའི་བཟློག་པ་བྱ་ཞིང་རྟེན་འབུལ་སོགས་ཀྱང་རྒྱས་པར་བྱེད་འདོད་ན་དེའི་གསུང་ལས་འབྱུང་བ་ལྟར་བྱས་ན་རུང༌། དེ་ནས་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཆོས་སྐྱོང་ལྕམ་སྲིང་གི་ཐུགས་ཀར་ཉི་མའི་སྟེང་དུ་རང་རང་གི་སྔགས་ཕྲེང་གིས་བསྐོར་བ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། རང་དབང་མེད་པར་བཀའ་ཉན་ཅིང་ཅི་འདོད་པའི་ལས་བསྒྲུབས་པར་བསམས་ལ། ཨོཾ་པྲ་ཎ་ཨཱཏྨ་ཀྵི་རུ་པུ་རུ་ཥ་ལོ་ཧི་ཏ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ཡབ་ཀྱི་སྔགས་དང་། ཨོཾ་རཀྨོ་ཡ་མ་ཙིཏྟ་ཛྭ་ལ་རཾ་པྲ་ཏི་དེ་ཝཱི་ཧཱུཾ། སྲོག་ལ་ཡ་མ་ཛཿ སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཕཊ། ཅེས་ཡུམ་གྱི་སྔགས་སྦྲེལ་ནས་ཐུན་བཞིར་བཅད་དེ་མི་ཚིག་གིས་བར་མ་ཆོད་པར་བཟླའོ། །དེའང་རྒྱུད་ལས། སུམ་འབུམ་གྲངས་ཀྱིས་འགྲུབ་པར་འགྱུར། །ཞེས་གསུངས། བླ་མ་དམ་པ་རྣམས་བཞི་འགྱུར་དུ་བྱས་པ་འབུམ་ཕྲག་བཅུ་གཉིས་ཀྱིས་བསྙེན་པར་བཞེད་ཅིང༌། འདི་ལ་མཚན་མ་གཙོ་ཆེ་བས་མདུན་གྱི་སྙིང་ལ་སོགས་པའི་རྟེན་རྫས་རྣམས་འགུལ་ཞིང་འཕར་བ་དང༌། ཚེག་སྒྲ་ལ་སོགས་པའི་སྒྲ་འབྱིན་པ་དང༌། མེ་འབར་བ་ལ་སོགས་པ་དང༌། གཞན་ཡང་དངོས་ཉམས་རྨི་ལམ་ལ་སོགས་པར་ལྕམ་དྲལ་འཁོར་བཅས་ཞལ་མཐོང་བ་དང༌། མི་དམར་པོ་ཤའི་རལ་པ་ཅན་དང༌། བུད་མེད་ནག་མོ་ཁྲག་གི་རལ་པ་ཅན་དང། མི་ཆེན་དང་སྔགས་པ་ཆས་བཟང་རྒྱན་གྱིས་བརྒྱན་པ། ཆུ་བོ་ཆེན་པོ་རྦ་རླབས་འཁྲུགས་པ། ལུང་པ་མེས་ཁེངས་པ། གོ་གྱོན་ཞིང་ཆས་སུ་ཞུགས་པའི་རྟ་པ་མང་པོ་བརྒྱུག་པ། དམག་དཔུང་ཆེན་པོ། བུད་


GTD008_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཞོན་ནུ་མང་པོ་དགའ་ཞིང་རྩེ་བ། ཁྱི་དམར་པོ་ཆེན་པོ་དང༌། སྤྱང་ཀི་དང་མི་དྲེད་ལ་སོགས་པ། རྟ་དམར་ཞུར་དང་གཡག་སྔོན་པོ་ཤིན་ཏུ་ཆེ་བ། སྲིན་བྱ་འུག་པ་ལ་སོགས་པ་རྣམས་ཆོ་འཕྲུལ་སྣ་ཚོགས་པ་ལན་གཅིག་ཙམ་མ་ཡིན་པར་ཡང་ཡང་འབྱུང་བ་ནི་ཉེ་བའི་རྟགས་ཡིན་ལ། དངོས་སུ་སྙིང་མི་དགའ་བ་དང༌། འཇིགས་ཤིང་བ་སྤུ་ལྡང་བ་དང༌། ཉམས་དང་རྨི་ལམ་དུ་མཛེ་ཕོ་མང་པོ་བྱུང་བ་ནི་ཟློག་པའི་རྟགས་ཡིན་པས་ཡི་དམ་གྱི་ང་རྒྱལ་བསྐྱེད་ཅིང་ལྟ་བ་ལ་བློ་འཇོག །བསྐང་བཤགས་ལ་འབད་པ་ལྷུར་བྱ། རང་ཉིད་ལྟོ་ཆེར་སོང་ཞིང་ཤ་འདོད་པ་དང༌། རྨི་ལམ་དུ་རང་ལ་གཞན་གྱིས་སྟོན་མོ་བྱེད་པ་དང༌། ཤ་ཆང་འདྲེན་པ་རྨིས་ན་གཏོར་མ་འདོད་པའི་རྟགས་ཡིན་པས་མཆོད་གཏོར་ཤིན་ཏུ་གཟབས། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ཆོས་སྐྱོང་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་པས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། ཨོཾ་རཀྨོ་པྲ་ཎ་ཨཱདྨ་ས་པ་རི་ཝཱ་ར་སརྦ་བིགྷྣན་ཤ་ཏྲུཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་དབུལ། ཕྱི་ནང་གི་མཆོད་པས་མཆོད་ནས། ཀྱཻ། རྒྱ་གར་ཡུལ་གྱི་དགྲ་ལྷ། མ་རུ་ཙེ་ཡི་གནས་སྲུང༌། ལི་ཡུལ་ཆོས་ཀྱི་སྲུང་མ། མཧཱ་དེ་ཝའི་བཀའ་ཉན། གཤིན་རྗེའི་གཤེད་ཀྱི་བཀའ་སྡོད། ཡབ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན་དང༌། ཡུམ་སྲིན་མོ་ཁྲག་གི་རལ་པ་ཅན་གྱི་སྲས་གནོད་སྦྱིན་ཆེན་པོ་ཟངས་ཀྱི་བེག་ཙེ་ཅན། སྲིང་མོ་སྲིད་པའི་ལྷ་མོ་གདོང་དམར་མ། འཁོར་སྲོག་གཅོད་བཤན་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་


GTD008_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབུ་འཕངས་སྟོད། བླ་མའི་སྐུ་ཚེ་སྲིངས། རྣལ་འབྱོར་པ་བདག་གིས་སངས་རྒྱས་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་ཐམས་ཅད་སོལ། མཐུན་རྐྱེན་ཐམས་ཅད་སྒྲུབས། གནོད་བྱེད་དགྲ་བགྲེགས་ཐམས་ཅད་དྲག་པོའི་ཆད་པས་སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག །ཨ་མུ་ཀ་ཤ་ཏྲུཾ་མཱ་ར་ཡ་ཕཊ། ཅེས་བརྗོད་ལ་ཐལ་མོ་ལན་གསུམ་བརྡབ་བོ། །གཏོར་རྫོངས་འདི་ཚར་ཆེན་གྱི་གསུང་ཡིན་ལ། གདོན་བགེགས་ཞི་བ་སོགས་གཙོ་བོར་བྱེད་པའི་ཚེ། ཀྱཻ། མ་མོ་ཐམས་ཅད་ཀྱི་བཀའི་དཔོན་པོ། བྲག་བཙན་ཐམས་ཅད་ཀྱི་བཀའི་དཔོན་པོ། ལྷ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ། གནོད་སྦྱིན་ཐམས་ཅད་ཀྱི་ཡང་རྩེ། རིག་པའི་ལྷ་མོ་གདོང་དམར་མོ། གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན། འཁོར་མ་མོ་དང་ཐེའུ་རང་འབངས་སུ་འཁོལ་བ། སྲུང་མ་ཁྱེད་རྣམས་དང་པོ་གཤིན་རྗེའི་གཤེད་ཀྱི་བཀའ་ལས་མ་འདའ། བར་དུ་མཧཱ་དེ་ཝའི་བཀའ་ལས་མ་འདའ། ད་ལྟ་རྣལ་འབྱོར་པ་བདག་གི་བཀའ་ཉོན་ལ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་གྱི། འདོད་ཡོན་ལྔ་ཆར་བཞིན་དུ་འབབ་པར་གྱུར་ཅིག །རྣལ་འབྱོར་པ་འཁོར་བཅས་ལ་སྟེང་ལྷའི་གདོན་ཞི་བར་གྱུར་ཅིག །འོག་ཀླུའི་གདོན་ཞི་བར་གྱུར་ཅིག །བར་བཙན་གྱི་གདོན་ཞི་བར་གྱུར་ཅིག །སྡང་བའི་དགྲ་ཞི་བར་གྱུར་ཅིག །གནོད་པའི་བགེགས་ཞི་བར་གྱུར་ཅིག །ཨོཾ་རཀྨོའི་སྔགས་བཟླས་ལ་ཐལ་མོ་བརྡབ། དྲག་ཏུ་བསྐུལ་བའི་ཚེ། ཀྱཻ། དམར་ཆེན་གཏོར་མ་རོ་བརྒྱ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། གཤིན་རྗེའི་གཤེད་ཀྱི་བཀའ་སྡོད། མཧཱ་དེ་ཝའི་བཀའ་ཉན། རྒྱ་གར་ཡུལ་གྱི་དགྲ་ལྷ། མ་རུ་ཙེའི་


GTD008_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྲུང༌། ལི་ཡུལ་ཆོས་ཀྱི་སྲུང་མ། འདོད་ཁམས་མ་མོའི་མངའ་བདག །བཙན་དམར་སྟོང་གི་དམག་དཔོན། གཤིན་རྗེ་རྣམས་ཀྱི་གཙོ་བོ། གནོད་སྦྱིན་རྣམས་ཀྱི་ཡང་རྗེ། བདུད་དང་སྲིན་པོའི་ཁ་གནོན། དགྲ་དང་བགེགས་ཀྱི་བཤན་པ། དམ་ཚིག་ཉམས་པའི་རྗེས་གཅོད། མནའ་ཟན་ཡོངས་ཀྱི་དབུགས་ལེན། རྣལ་འབྱོར་བདག་གི་ཕོ་ཉ། རིག་འཛིན་ཀུན་གྱི་སྲོག་ཤིང༌། སངས་རྒྱས་བསྟན་པའི་བྱ་ར་པ། ལེགས་ཉེས་གཉིས་ཀྱི་སྟངས་འཛིན། བདེན་རྫུན་གཉིས་ཀྱི་ཤན་འབྱེད། དགེ་སྡིག་གཉིས་ཀྱི་ཟམ་ཁ་པ། ཡབ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན། ཡུམ་སྲིན་མོ་ཁྲག་གི་རལ་པ་ཅན་གཉིས་ཀྱི་སྲས་གནོད་སྦྱིན་ཆེན་པོ་ཟངས་ཀྱི་བེག་ཙེ་ཅན། སྲིན་མོ་སྲིད་པའི་ལྷ་མོ་གདོང་དམར་མ། ལས་མཁན་བཤན་པ་སྲོག་བདག་དམར་པོ། སྒྲོལ་བྱེད་ཀྱི་གྱིང་བརྒྱད། རོལ་བཤན་ཉི་ཤུ་རྩ་གཅིག །བཙན་དམར་སྟོང། བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང༌། མ་མོ་འབུམ། ཐེའུ་རང་སྟོང༌། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་འབུལ་བ་ཡིན་པས། བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕངས་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། གཙུག་ལག་ཁང་གི་སྲུང་མ་མཛོད། རྣལ་འབྱོར་པ་བདག་གི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ། དུས་ད་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་སྒྲུབ་པའི་བར་ཆད་ལུས་དང་སེམས་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་རྒྱས་པ་དང༌། མི་ནོར་ཟས་གསུམ་དབང་དུ་བསྡུ་ཞིང༌། ཐོས་བསམ་སྒོམ་པའི་འཕྲིན་


GTD008_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐམས་ཅད་འབད་མེད་ལྷུན་འགྲུབ་ཏུ་འབྱུང་བར་མཛད་དུ་གསོལ། ཁྱད་པར་དུའང་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ལ་བསྡོ་བ། དཀོན་མཆོག་གསུམ་ལ་སྐུར་བ་འདེབས་པ། སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བ། བདག་ཅག་དཔོན་སློབ་རྣམས་ལ་སྡང་ཞིང་སྡིག་པའི་སེམས་དང་ལྡན་པ། བསམ་པ་དང་སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་ཕོ་རྒྱུད་རྩད་ནས་ཆོད། མོ་རྒྱུད་དྲུངས་ནས་ཕྱུང༌། ཆུང་རྒྱུད་མངལ་ནས་སྐོམས། གནམ་གྱི་འཇུ་ཐག་ཆོད། སའི་རྟེན་ཕུར་ཐོན། སྐྱོབ་པའི་ལྷ་དང་ཕྲོལ། མཛའ་བའི་བཤེས་དང་ཕྱེ། མཁོ་བའི་ཡོ་བྱད་གཏོར། ལྟག་ནས་བདུད་ཆོད། མདུན་ནས་མདངས་ཕྲོགས། ཁོང་ནས་སྙིང་ཕྱུངས། རྣམ་ཤེས་རྟེན་དང་ཕྲོལ། དྲག་པོའི་ལས་ཀྱིས་ཚར་ཆོད་ལ། ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ལས་མཛོད་ཅིག །ཨ་མུ་ཀ་ཤ་ཏྲུཾ་མཱ་ར་ཡ་ཕཊ། ཅེས་སེང་གེ་འབུམ་གྱི་གསུང་ལས་འབྱུང་བའི་དམོད་བཅོལ་འདི་ཉིད་བྱ། དེ་ནས་བསྟོད་ཅིང་འཕྲིན་ལས་འཆོལ་བ་ནི། ཀྱཻ། རྒྱལ་ཀུན་མཁྱེན་དང་བརྩེ་བའི་ཀུན་གསལ་ནས། །སྲོག་བདག་དབང་པོའི་སྤྲིན་སྒྲ་ཆེར་རྒོད་ཅིང༌། །དྲག་པོའི་འཕྲིན་ལས་རྡོ་རྗེའི་ཐོག་མདའི་གཟིས། །དམ་ཉམས་བྲག་རི་ཕྱེ་མར་བསྙིལ་ལ་བསྟོད། །ཚ་ཟེར་བྱེ་བའི་ཞུན་མས་ཉེར་བྱུགས་པའི། །པདྨ་རཱ་གའི་ལྷུན་པོ་ལྡེམ་པ་བཞིན། །བདུད་དགྲ་འབྱུང་པོའི་སྤྱི་བོར་ཁྱོད་སྐུ་ནི། །ལིང་ལིང་གར་གྱིས་རོལ་བ་ཁྱོད་ལ་བསྟོད། །འབར་བའི་ཟངས་གྲི་མཁའ་དབྱིངས་གདེངས་པའི་མོད། །པདྨའི་གཉེན་ཀྱང་དྲེགས་པ་ཡོངས་དོར་ཏེ། །སྦྲང་རྩིའི་རྒྱལ་མཚན་


GTD008_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བཅས་ཁྱེད་ཉིད་ཀྱི། །ཞབས་པད་བསྙེན་པའི་བསྟེན་པ་ཁྱོད་ལ་བསྟོད། །དགྲ་དཔུང་བརླག་པའི་དཔའ་རྟགས་རུ་མཚོན་ནི། །ཁྱབ་འཇུག་གནས་ཀྱི་ཕ་མཐའ་བསྙེགས་པ་བཞིན། །ཁྲག་རྒྱུན་ཆལ་ཆིལ་འབབ་པའི་གློ་སྙིང་དང༌། །ཉག་ཕྲན་བྷ་ནུར་བཅས་པ་འཛིན་ལ་བསྟོད། །ཁྱོད་ཞལ་ཀུན་ཁྱབ་ཡངས་པའི་ལྟེ་བ་ནས། །ཡོན་པོར་ལྟ་བའི་སྤྱན་རྩའི་གློག་ཕྲེང་འཁྱུག །དྲག་ཤུལ་ཧ་ཧར་རྒོད་པའི་སྒྲ་བརྒྱ་པས། །དགྲ་བགེགས་གློ་སྙིང་ལྐོག་མར་འབྱིན་ལ་བསྟོད། །དུས་ཀྱི་བྱིན་ཟའི་ཕུང་པོ་སྤུངས་པའི་དབུས། །བཻ་ཌཱུར་ལྷུན་པོ་འགྱིང་བའི་གར་སྟབས་རྩེར། །ཚ་ཟེར་དབང་པོའི་དཀྱིལ་འཁོར་བཀོད་པ་བཞིན། །བརྗིད་མཛེས་ཉམས་ཀྱིས་རོལ་བའི་སྲིང་ལ་བསྟོད། །བཀའ་སྡོད་སྲོག་གི་བདག་པོ་དུས་མཐའི་ཉི། །མཐུ་སྟོབས་འོད་གཟིའི་རེག་བྱ་ཚ་ངར་གྱིས། །ནག་པོའི་རྩ་ལག་ལྷུན་པོ་རྒྱ་མཚོར་བཅས། །ལྷག་མར་བྱེད་པའི་ལས་མཁན་ཁྱོད་ལ་བསྟོད། །ཁྲག་རློན་དྭངས་མས་བྱུགས་པའི་དབྱིག་འཛིན་སྟེང༌། །པད་རག་ས་འཛིན་བགྲང་ཡས་རྒྱུ་བ་བཞིན། །བདུད་སྡེའི་སྲོག་ལ་རྔམས་ཤིང་རབ་འཕྱོ་བའི། །གྲི་ཐོགས་བཤན་པའི་ཚོགས་ལ་བསྟོད་པར་བགྱི། །བསྟོད་བསྐུལ་གཞན་བྱེད་སྤྲོ་ན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་བསྟོད་པ་དང༌། ཡང་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་བསྟོད་པ་འདིའང་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བར་གྲགས་པས། ཧཱུཾ། གནས་མཆོག་རྒྱ་གར་ཡུལ་གྱི་དམ་སྲི་མཛད། །སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །འགྱིང་བའི་གར་དང་དཔའ་བོའི་གོམ་སྟབས་ཅན། །ཧ་ཤང་ཡུལ་གྱི་དགྲ་ལྷ་མཛད་ལ་བསྟོད། །ཁྱོད་ནི་མ་རུ་ཙེ་ཡི་གནས་སྲུང་མཛད། །ཞལ་


GTD008_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་མཆེ་གཙིགས་སྡང་མིག་ཕྱོགས་བཅུར་གཟིགས། །དབུ་སྐྲ་ལྟག་བཅིངས་ཟངས་ཀྱི་རལ་པ་ཅན། །ལི་ཡུལ་ཆོས་ཀྱི་སྲུང་མ་མཛད་ལ་བསྟོད། །དཔའ་བོ་བོད་ཡུལ་མ་མོའི་དམག་དཔོན་པོ། །ཕྱག་གཡས་ཟངས་གྲིས་དགྲ་བགེགས་སྲོག་དབུགས་གཅོད། །གཡོན་པ་དགྲ་སྙིང་མདའ་གཞུ་བསེ་མདུང་ཅན། །གཤིན་རྗེ་རྣམས་ཀྱི་སྟོང་དཔོན་ཁྱོད་ལ་བསྟོད། །ཡིད་འཕྲོག་མ་མོ་རྣམས་ཀྱི་དགྱེས་སྡེ་བོ། །རྔམ་པའི་ང་རོས་སྲིད་གསུམ་དབང་སྡུད་ཅིང༌། །དྲེགས་པའི་ང་རོས་རི་རབ་ཐལ་བར་བྱེད། །བྲག་བཙན་རྣམས་ཀྱི་ཁ་དཔོན་ཁྱོད་ལ་བསྟོད། །རབ་འཇིགས་གནོད་སྦྱིན་རྣམས་ཀྱི་རྗེ་བོ་སྟེ། །དད་བརྩོན་དམ་ཚིག་ལྡན་པའི་སྒྲུབ་པ་པོའི། །གྲོགས་མཛད་ཞིང་བཅུ་མ་ལུས་ཤ་ལ་རོལ། །ལྷ་སྲིན་སྡེ་བརྒྱད་གཙོ་བོ་ཁྱོད་ལ་བསྟོད། །བྷྱོཿ མ་གཅིག་སྲིད་པའི་ལྷ་མོ་གདོང་དམར་མོ། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་རལ་གྲི་གཡོན་པ་ཕུར་བུ་ཐོགས། །པདྨ་གར་གྱི་དབང་ཕྱུག་མ་ལ་བསྟོད། །དཔལ་ལྡན་གཤིན་རྗེ་གཤེད་ཀྱི་བཀའ་ཉན་མ། །གདོང་བསེ་སོ་དུང་སྨིན་གཡུ་མེ་རལ་ཅན། །དབུ་སྐྲ་མཆོང་དང་མུ་མེན་རྒྱན་གྱིས་སྤྲས། །ཨེ་ཀ་ཛ་ཊཱིའི་གསུང་སྡོད་མ་ལ་བསྟོད། །ནག་ཕྱོགས་ལྷ་མིན་རྣམས་ཀྱི་གཡུལ་ཟློག་མ། །འཇིགས་པའི་དྲེད་མོ་མི་ཟན་རབ་ཞོན་ནས། །བསྟན་པ་སྲུང་ཕྱིར་ཕྱོགས་རྣམས་ཀུན་ཏུ་རྒྱུ། །བསེ་ཡི་སྐྱེས་བུའི་སྣ་འདྲེན་མ་ལ་བསྟོད། །རབ་འཇིགས་མ་མོ་འབུམ་གྱི་དབང་མོ་ཆེ། །དཀར་ནག་དམར་སེར་ལྗང་བའི་ཚོགས་ཀྱི་བདག །རིན་ཆེན་ཐོད་སྐམ་དུར་ཁྲོད་ཆས་ཀྱིས་བརྒྱན། །རྒྱན་ཆགས་


GTD008_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་མཐུ་མོ་ཆེ་ལ་བསྟོད། །རབ་འཇིགས་གསང་བའི་མ་མོ་ཡལ་ཁམ་ཅན། །གདུག་པ་འདུལ་ཕྱིར་ཆོ་འཕྲུལ་སྣ་ཚོགས་སྟོན། །རྣམ་འཕྲུལ་མཛད་པ་བསམ་གྱིས་མི་ཁྱབ་པའི། །ཆོ་འཕྲུལ་ཡོངས་ཀྱི་སྣ་འདྲེན་མ་ལ་བསྟོད། །ཀྱཻ། ལས་མཁན་ཆེན་པོ་སྲོག་བདག་མ་རུངས་པ། །མྱུར་མགྱོགས་ལྕེ་སྤྱང་ཞོན་ནས་ཕྱོགས་བཅུར་རྒྱུག །ཞགས་པ་དམར་ཐོགས་དགྲ་བགེགས་འཆིང་ཞིང་འདྲེན། །སྒྲོལ་བྱེད་བཤན་པ་དམར་པོ་ཁྱོད་ལ་བསྟོད། །འཁོར་གྱི་བཤན་པ་སྲོག་བདག་རྔམ་པ་བརྒྱད། །གཡས་པ་ཟངས་གྲིས་དགྲ་བགེགས་མགོ་ལུས་གཞོག །གཡོན་པ་སྤར་བས་ཤ་ཁྲག་ཟ་ཞིང་བལྡག །གྱིང་ཆེན་དྲེགས་པའི་རྒྱལ་པོ་ཁྱོད་ལ་བསྟོད། །སྲོག་གཅོད་བཤན་པ་ཉི་ཤུ་རྩ་གཅིག་ནི། །དྲེགས་པའི་ང་རོས་སྟོང་གསུམ་མ་ལུས་འགེངས། །མགྱོགས་པའི་ཤུགས་ཀྱིས་སྟོང་གསུམ་ཁྱབ་པར་རྒྱུག །མི་བཟད་དགྲ་བོའི་སྲོག་གཅོད་ཁྱོད་ལ་བསྟོད། །སྲོག་བདག་བཀའ་ཉན་ལས་བྱེད་བཤན་པ་འབུམ། །གདོང་དམར་བཀའ་ཉན་ལས་བྱེད་མ་མོ་འབུམ། །གཞན་ཡང་ཕོ་ཉ་བྲན་གཡོག་སྔགས་པར་བཅས། །རྣལ་འབྱོར་སྲུང་མ་འཁོར་དང་བཅས་ལ་བསྟོད། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་འདོད་དོན་བསམ་བཞིན་འགྲུབ་པ་དང༌། །སྡང་དགྲ་གནོད་བགེགས་ཐལ་བའི་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད། །ཅེས་པས་བསྟོད། །འཕྲིན་ལས་འཆོལ་བ་ནི། ཧཱུཾ། འཇམ་དཔལ་ཁྲོས་པ་གཤིན་རྗེའི་གཤེད་ལ་སོགས། །རིམ་བྱོན་རྩ་བརྒྱུད་བླ་མའི་སྤྱན་སྔ་རུ། །རྡོ་རྗེའི་གཡར་དམ་ཞལ་གྱིས་འཆེས་པ་བཞིན། །དེང་འདིར་འཕྲིན་ལས་སྒྲུབ་པའི་དུས་ལ་བབས། །རྣལ་


GTD008_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་སྙིང་གི་པདྨོ་བཞད་པའི་དབུས། །བླ་མ་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ། །འབྲལ་མེད་བསྟེན་ཏེ་རྩེ་གཅིག་གསོལ་འདེབས་ན། །ཡིད་ལ་རེ་འབྲས་སྨིན་པར་མི་མཛད་དམ། །མཐུ་སྟོབས་འོད་སྟོང་ལྡན་ཁྱོད་གཙུག་བསྟེན་བཞིན། །བར་གཅོད་སྨག་རུམ་མཐུག་པོས་སྒྲིབ་སྲིད་ན། །ནག་ཕྱོགས་བདུད་སྡེའི་མུན་པ་མཐར་བྱེད་པའི། །སྟོབས་ལྡན་ཉིན་མོའི་དབང་ཕྱུག་སུ་ལ་རེ། །ཐ་མལ་མི་མིན་ཅུང་ཟད་བསྟེན་པས་ཀྱང༌། །བར་ཆད་མི་མཐུན་སེལ་བར་ནུས་མཐོང་ན། །ཡེ་ཤེས་སྤྱན་ལྡན་ཁྱོད་ལ་བསྟེན་པ་བདག །ནག་ཕྱོགས་བདུད་ཀྱིས་གཙེས་པ་འཐད་དམ་དགོངས། །དེ་ཕྱིར་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ལ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །ཆོས་མཐུན་འདོད་དོན་འགྲུབ་པའི་མི་མཐུན་ཕྱོགས། །ཐམས་ཅད་ཉེ་བར་ཞི་བའི་འཕྲིན་ལས་མཛོད། །བསླབ་གསུམ་རིམ་གཉིས་ཚེ་བསོད་དཔལ་འབྱོར་སོགས། །ལེགས་ཚོགས་དབྱར་མཚོ་བཞིན་དུ་རྒྱས་པ་དང༌། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀུན། །མ་ཚང་མེད་པར་དབང་དུ་འདུ་བར་མཛོད། །བསྟན་དང་འགྲོ་ལ་འཚེ་བ་སྤྱི་ཡི་དགྲ། །རྣལ་འབྱོར་བདག་ལ་སྡང་བ་སྒོས་ཀྱི་དགྲ། །ངེས་ངོར་གསོད་དང་གསད་བྱའི་སྤྲོས་བྲལ་ཡང༌། །བརྩེ་བས་ཆོས་ཀྱི་དབྱིངས་སུ་མྱུར་དུ་སྒྲོལ། །བརྩེ་བའི་མ་དང་བྱམས་པས་སྐྱོང་བའི་དཔོན། །ཅི་འདོད་སྒྲུབ་པའི་གཉེན་དང་བློ་གཏད་གྲོགས། །ཟུག་རྔུ་སྐྱོབ་པའི་སྨན་སྔགས་མ་ལུས་པ། །ཁྱོད་ཉིད་ཁོ་ནར་རེ་འོ་མ་གཡེལ་ཞིག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཕྱོགས་བཅུར་དར། །བསྟན་འཛིན་རྣམས་ཀྱི་སྐུ་ཚེ་མཛད་


GTD008_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་རྒྱས། །དགེ་འདུན་སྡེ་རྣམས་ཐུགས་མཐུན་བཤད་སྒྲུབ་འཕེལ། །འགྲོ་ཀུན་བདེ་སྐྱིད་དཔལ་ལ་རོལ་བར་མཛོད། །ཅེས་དང༌། དྲག་ཏུ་བསྐུལ་ཚེ་ལྕམ་སྲིང་གསུམ། གྲི་ཐོགས་བརྒྱད། བཤན་པ་ཉེར་གཅིག །དཔལ་མགོན་བདུན་ཅུ་དང་བཅས་པ་སོ་སོའི་བསྐུལ་གཉན་ལོས་མཛད་པ་འདོན་ཞིང༌། རྒྱུན་པར་ཚིག་ཉུང་ལ་བྱིན་རླབས་མྱུར་བ་རྒྱུད་ཚིག་སོར་བཞག་གི་བསྐུལ་འདི་ཉིད་བྱ་སྟེ། ཀྱཻ། གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན། །སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག །མཧཱ་དེ་ཝའི་བཀའ་ཉོན་ལ། །གཤིན་རྗེའི་གཤེད་པོའི་ལས་མཛོད་ཅིག །གདོང་དམར་མོ་ཡི་སྣ་དྲོངས་ལ། །ཉམས་པའི་སྲོག་རྩ་མྱུར་དུ་ཆོད། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག ། བྷྱོཿ རིག་པའི་ལྷ་མོ་གདོང་དམར་མ། །གཤིན་རྗེའི་གཤེད་པོའི་བཀའ་ཉན་མ། །ཨེ་ཀ་ཛ་ཊིའི་གསུང་སྡོད་མ། །ལྷ་མིན་འབུམ་གྱི་གཡུལ་བཟློག་མ། །བསེ་ཡི་སྐྱེས་བུའི་སྣ་འདྲེན་མ། །མ་མོ་འབུམ་གྱི་དབང་མོ་ཆེ། །རྒྱན་ཆ་མ་མོ་མཐུ་མོ་ཆེ། །གསང་བའི་མ་མོ་ཡལ་ཁམ་ཅན། །ཆོ་འཕྲུལ་ཡོངས་ཀྱི་སྣ་འདྲེན་མ། །སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོངས། །ང་ཡི་ནོར་གྱི་རྟིང་ལ་རྒྱུག །སྲོག་བདག་དམར་པོས་རྟིང་ལ་རྒྱུག །ང་དང་འགྲས་པའི་དགྲ་བོ་ལ། །ཆོ་འཕྲུལ་སྣ་དགུ་ཐོངས་ལ་ཤོག །ཤ་ཁྲག་གཏོར་མ་འདི་བཞེས་ལ། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །དེ་ནས་སྤྱི་བསྟབ་ནི། ཀྱཻ། བྱང་ཤར་མ་རུ་ཙེ་ཡི་དུར་ཁྲོད་ནས། །མཆོད་དམར་བྲག་ལ་བརྟེན་པའི་གནས་བཅས་པ། །སྒྲོལ་གྱིང་ཆེན་པོ་སྲོག་བདག་དམར་པོ་དང༌། །སྲོག་བདུད་ཆེན་མོ་བསེ་ཡི་ལན་ཕྲན་ཅན། །ལྕམ་སྲིང་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །


GTD008_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཁན་སྲོག་བདག་དམར་པོ་འཁོར་དང་བཅས། །སྒྲོལ་བྱེད་བཤན་པ་གྲི་ཐོགས་བརྒྱད་པོ་དང༌། །རོལ་བཤན་ཉི་ཤུ་རྩ་གཅིག་འཁོར་དང་བཅས། །བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང་དང༌། །བཙན་དམར་སྟོང་གི་དམག་ཚོགས་འཁོར་དང་བཅས། །མ་མོ་འབུམ་དང་ཐེའུ་རང་སྟོང་ལ་སོགས། །སྟོན་པའི་བཀའ་ཉན་བསྟན་སྲུང་རྒྱ་མཚོའི་ཚོགས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །དགྲ་ཤ་ཁྲག་གི་མཆོད་པ་འདི་བཞེས་ཤིག །གཙང་མ་ཕུད་ཀྱི་གསེར་སྐྱེམས་འདི་བཞེས་ཤིག །ར་དམར་ཁྲག་ཆང་མཆོད་པ་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོ་གཏོང༌། །ད་བཅོལ་ལེགས་པའི་གསོལ་འདེབས་རྟེན་དུ་འབུལ། །རྒྱལ་བའི་བསྟན་དང་བསྟན་འཛིན་གཅེས་པར་སྐྱོངས། །རྣལ་འབྱོར་བདག་གི་གནས་ལུས་ལོངས་སྤྱོད་དང༌། །འཁོར་དང་ཡོ་བྱད་བཞོན་པ་ལ་སོགས་པ། །བཅོལ་ལོ་བལྟོས་སོ་སྲུང་མ་མཐུ་རྩལ་ཅན། །ཉིན་གསུམ་བྱ་ར་རྒྱང་ནས་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་དྲུང་ནས་མ་གཡེལ་ཞིག །རྟག་ཏུ་སྒྲུབ་པའི་སྡོངས་གྲོགས་མ་གཡེལ་ཞིག །བླ་མས་བཅོལ་བའི་འཕྲིན་ལས་མ་གཡེལ་ཞིག །སྡང་བའི་དགྲ་ལ་མངོན་པའི་རྟགས་སྟོན་ལ། །རྣལ་འབྱོར་བདག་གི་མགོན་སྐྱབས་དཔུང་གཉེན་མཛོད། །བླ་མའི་སྐུ་དགྲ་བསྟན་པའི་སྤྱི་དགྲ་དང༌། །རྣལ་འབྱོར་སྒོས་དགྲ་སེམས་ཅན་ཡོངས་ལ་འཚེ། །མ་ཉེས་ལོག་པར་ལྟ་བའི་དགྲ་དང་བགེགས། །དཔལ་མགོན་ཁྱོད་ཀྱིས་སྒྲོལ་ལ་བསྟན་པ་སྲུངས། །ཞེས་བརྗོད་ཅིང་མཚན་མོ་ཡིན་ན་དཔལ་


GTD008_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འབར་དང་བཅས་གཏོར་མ་བྱང་ཤར་མཚམས་སུ་གཏོར་སྟེགས་ཀྱི་ཁར་བཏང་ངོ༌། །ཡང་ན་བསྟོད་པའི་མཇུག་ཏུ་ཆོས་སྐྱོང་དྲག་ཏུ་བསྐུལ་ཏེ། གཏོར་མ་གནམ་ལྕགས་ཀྱི་ཐོག་མེ་འབར་བར་བསམས་ལ་དགྲ་ཕྱོགས་སུ་འཕང་ཡང་རུང་ངོ༌། །དེའང་བསྙེན་མཚམས་བྱས་ཏེ་ཐུན་བཞི་སོགས་སུ་སྒྲུབ་པའི་སྐབས་གཏོར་མ་སོགས་ལྷར་གསལ་བ་མ་བསྡུས་པས། ཐུན་རྗེས་མའི་ཚེ་ས་བོན་ལས་མི་བསྐྱེད་པར་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བྱ། བསྙེན་པ་གནད་དུ་འགྲོ་བ་ལ་གེགས་སེལ་བོགས་འབྱིན་གྱི་གནད་ཤེས་དགོས་ཤིང། དེའང་ཕོ་གཡེལ་ན་མོས་གཅུན་པ་དང༌། མོ་གཡེལ་ན་ཕོས་གཅུན་པར་རྒྱུད་ལས་གསུངས་པས། དེའི་སྔགས་ཀྱིས་སྣ་དྲངས་ཏེ་བཟླ་ཞིང་དམིགས་པའང་དེས་བསྐུལ་བར་མོས་ན་ལེགས། ཡང༌། ཨོཾ་ཨཱཿ ཧཱུཾ། ཨོཾ་ཨཱ་ཏོ་ཏེ་ཀ་ཨུ་ཨུ་ཨུ། ཨོཾ་རཀྨོ་ཡ་མ་ཙིཏྟ་ཛྭ་ལ་རཾ་པྲ་ཏི་དེ་ཝཱི་ཧཱུཾ། ཞེས་སོགས་མགོ་བསྒྱུར་བ་དང༌། ཨོཾ་ཧ་པྲ་མ་ཨར་ཞེས་སོགས་དཀྲུག་པ་དང་མས་བཟློག་གི་བཟླ་ཚུལ་དམིགས་པ་དང་བཅས་པའི་སྤོག་ཆོག་ཡོད་ཀྱང་འཚུབ་ཆེ་བས། དེ་ལས་འཇམ་ཞིང་འཆུན་ཆེ་བའི་ཟབ་གནད་ཀྱི་དམིགས་པ་སྐྱོང་ཚུལ་ནི། མདུན་གྱི་འཁོར་རྣམས་མིང་སྲིང་གསུམ་ལ་འདུས། རང་གི་སྣ་བུག་གཡས་ནས་སྤྲོས་པས་འོད་ཟེར་དམར་པོ་རླུང་དང་བསྡོངས་ཏེ་སོང་བས་ལྕམ་སྲིང་གསུམ་པོ་འོད་ཀྱི་སྣ་ལ་དྲངས། སྣ་བུག་གཡོན་ནས་འཇུག་པའི་རླུང་དང་ལྷན་ཅིག་ཞུགས། རྩ་ཨ་ཝ་དྷཱུ་ཏཱིའི་ནང་བརྒྱུད། ལྟེ་འོག་གི་ཆོས་འབྱུང་དམར་པོ་གྲུ་གསུམ་པའི་ནང་དུ་ཁྲག་གི་རྒྱ་མཚོའི་ཀློང་ན་བཞུགས་པར་བསམ། གཤིན་རྗེའི་གཤེད་ཀྱི་སྒོ་ནས་གཟི་བྱིན་བསྐྱེད་ཅིང་དབང་དུ་བྱ་བའི་དམིགས་པ་སྐྱོང་ཚུལ་གཞན་ལས་འབྱུང་བས་རྒྱས་བཀབ་ཀྱང་མི་འབྲེལ་བ་མིན་ཡང༌། འདིར་བེའུ་བུམ་ལས་འབྱུང་བ་བཞིན་བྱེད་ན། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་བླ་མ་རྟ་མགྲིན་དབང་གི་རྒྱལ་པོ་སྐུ་མདོག་དམར་པོ་ཞལ་


GTD008_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་ཙན་དན་གྱི་བེ་ཅོན་དང་ཐོད་ཁྲག་འཛིན་པ། རྟ་མགོ་ལྗང་སྔོན་སྤྱི་བོར་ཐོན་ཅིང༌། ཁྲོ་བོའི་ཆས་རྣམས་རྫོགས་པ་བརྐྱང་བསྐུམ་དུ་བཞུགས་པར་བསམ། དེའི་ཐུགས་ཀར་ཧཱུཾ་ཡིག་དམར་པོ་ཉི་མ་ལ་གནས་པར་བསྒོམ། ལྕམ་སྲིང་གི་ཐུགས་ཀར་རང་རང་གི་ས་བོན་ཉི་མའི་སྟེང་ན་ཡོད་པ། དེ་རྣམས་ལས་འོད་ཟེར་འཕྲོས་པས་བྱང་ཤར་གྱི་གནས་ནས་ལས་ཀྱི་སྲོག་བདག་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། སླར་ཡང་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་རྣམས་ཀྱི་མཐུ་སྟོབས། དྲེགས་བྱེད་སྡེ་བརྒྱད་སྟོབས་ལྡན། རང་བཞིན་གྱིས་གྲུབ་པའི་སྣོད་བཅུད་ཀྱི་ནུས་མཐུ་ཐམས་ཅད་དྲག་པོ་མངོན་སྤྱོད་ཀྱི་བདག་ཉིད་དུ་སྤྱན་དྲངས་ནས་ལྕམ་དྲལ་གསུམ་ལ་ཐིམ་པས་དྲག་ཅིང་རྔམ་པ་གཏུམ་ཞིང་ཁྲོས་པར་བསམ། དེ་ནས་བླ་མ་རྟ་མགྲིན་གྱི་ཐུགས་ཀ་ནས་འོད་དམར་པོ་འཕྲོས། ལྕམ་དྲལ་གསུམ་ལ་ཕོག །དམར་ལམ་ལམ་བདག་ལ་ཆགས་པའི་དབང་གིས་ཇི་ལྟར་འདོད་པ་སྒྲུབ་ཅིང་དབང་དུ་འདུས་པར་བསམ། སོ་སོའི་ཐུགས་ཀའི་ས་བོན་གྱི་དབྱིངས་ནས་སྲོག་གི་སྙིང་པོ་བྱི་རུའི་མདོག་ལྟ་བུ་དམར་ཞིང་འཚེར་བ་བ་ཐག་ལྟ་བུ་ལ་སྦུབས་སོ་ཡོད་པ་ནར་གྱིས་བྱུང་ཞིང་རྟ་མགྲིན་གྱི་ཐུགས་ཀའི་ཧཱུཾ་གི་ཞབས་ཀྱུ་ལ་ཐིམ་པས་སྲོག་སྙིང་དབང་དུ་འདུས་པས་སྐད་ཅིག་ཀྱང་འདའ་མི་ནུས་པར་བསམས་ནས་སྔགས་གཉིས་དྲག་ཏུ་བཟླས་པ་ནི་མི་འཁུ་ཞིང་ལས་སྒྲུབ་ཉེ་བའི་བསྙེན་སྒྲུབ་ཀྱི་གདམས་པའོ། །སྐབས་འགའ་ཞིག་ཏུ་དགྲ་བགེགས་གདུག་པ་ཅན་བསྒྲལ་བའི་ཕྱིར་ལས་ལ་སྦྱོར་བ་ན། རྟ་མགྲིན་གྱི་ཐུགས་ཀ་ནས་ཙན་དན་གྱི་དབྱུག་པ་དམར་ནག་མེ་འོད་འཕྲོ་བ་གསུམ་སྤྲོས་ཏེ་སྲོག་སྙིང་སྦུབས་ཅན་གསུམ་གྱི་ནང་ནས་མར་སོང༌། སོ་སོའི་ཐུགས་ཀའི་ས་བོན་གྱི་དབུས་སུ་གནས་པ་ལས་བཟོད་པར་དཀའ་


GTD008_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མེ་སྟག་འཕྲོས་པས། ལྕམ་སྲིང་གི་སྐུའི་ཆ་རྣམས་མེས་གང་བས་འདར་ཞིང་གདུངས་ལ་ཁྲོས་ཤིང་འཁྲུགས་པས་མ་བཟོད་དེ། དེ་གསུམ་ལས་ལས་ཀྱི་བཤན་པ་སྟོང་གསུམ་གང་བ་དཔག་མེད་སྤྲོས། དགྲ་བགེགས་དམིགས་བྱ་རྣམས་བསད་གཟིར་སོགས་ཐོགས་མེད་དུ་བྱས་པར་བསམས་ནས་བསད་སྔགས་ཉེར་གཅིག་ཙམ་མམ་ཅི་རིགས་བཟླས་པས་རྟགས་འབྱུང་ངེས། ཐུན་མཚམས་སུ་ལྕམ་དྲལ་འོད་དུ་ཞུ་ནས་རང་རང་གི་ཐུགས་ཀའི་ས་བོན་ལ་ཐིམ། དེའང་སྙིང་གའི་རྟ་མགྲིན་གྱི་ཐུགས་ཀའི་ཧཱུཾ་གི་ཞབས་ཀྱུ་ལ་ཐིམ་པས། རྟ་མགྲིན་ཧཱུཾ་ཡིག་དང་བཅས་པ་དེ་བླ་མ་ཡི་དམ་བསྟན་སྲུང་ལྕམ་སྲིང་འདུས་པའི་ངོ་བོར་བསམ་ཞིང་ལྟ་བ་ཟུང་འཇུག་མཐའ་བྲལ་ལ་ཅི་གནས་སུ་འཇོག་ཅིང་རླུང་བུམ་པ་ཅན་ཁ་སྦྱོར་དུ་གཟུང་བར་བྱ་བ་ནི་བསྙེན་པའི་མན་ངག་གི་སྙིང་པོ་ཡིན་ནོ། །ཕྱི་རྟེན་ཟུང་འཛུག་ན་སྒྲུབ་ཁང་གི་ཕྱི་རོལ་གྱི་ཉེ་སར་གཡག་ལུག་ར་རྟ་ཁྱི་བྱ་མི་དམར་པོ་རྣམས་དབང་པོ་ཚང་ཞིང་མཛེས་པ་ཡིད་དུ་འོང་བ་ལ་དར་དམར་ནག་གི་ཅོད་པན། རྔ་མ་དམར་པོ་དྲིལ་བུ་གཡེལ་ཁ་རྣམས་ཀྱིས་བརྒྱན་ཅིང་བསང་དུད་བྱས་སྒྲུབ་པའི་བུམ་ཆུས་ལེགས་པར་བཀྲུས། ཟུང་དང་བྲིས་སྐུའི་པར་དར་ཚོན་སོགས་ཀྱིས་སྦྲེལ། རུ་མཚོན་རྣམས་འཕྱར། གུ་གུལ་གྱི་དུད་པ་དང་ར་གསུར་རྒྱུན་མི་འཆད་པར་གཏོང༌། བསང་སྦྱངས༌། སྟོང་པའི་ངང་ལས་བྷྲུཾ་ཞུ་བ་ལས་བྱུང་བའི་གཡག་དམར་ཞོལ་ཆེན་སྤྲིན་ལྟར་གཏིབས་པ། ལུག་དམར་ཨིནྡྲ་ནཱི་ལའི་རྭ་ཅན། མ་མོ་ནག་མོ་ཁ་སྐྱ་སྤྱི་དཀར། ར་སྐྱེས་དམར་པོ་མཐིང་གི་རྭ་ཅན། རྟ་མཆོག་དམར་པོ་རླུང་ལྟར་འཕྱོ་བ། ཁྱི་དམར་དུང་སོ་སྟག་ལྟར་རྔམ་པ། བཙན་བྱ་དམར་པོ་ཁྱུང་ལྟར་ལྡིང་བ། མི་དམར་སྟོབས་ཆེན་གློག་ལྟར་འཁྱུག་པ་རྣམས་ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཟབ་པ་དབྱིངས་


GTD008_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རོ་གཅིག་པ། བྱེད་ལས་གནོད་སྦྱིན་ལྕམ་དྲལ་མཉེས་པར་བྱེད་པ། དུས་འཁོར་བ་མ་སྟོངས་ཀྱི་བར་དུ་བྱུང་བར་བསམས་ལ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། དེ་ནས་རྔ་རོལ་དབྱངས་དང་བཅས་ཏེ། ཧཱུཾ། གཡག་དམར་ཞོལ་ཆེན་སྤྲིན་ལྟར་གཏིབས་པ་ནི། །མཛེས་པའི་སྤུ་སྡུག་ར་དང་རྔ་ཡབ་ཅན། །དམར་ནག་དར་གྱི་ཅོད་པན་མང་པོས་བརྒྱན། །གནོད་སྦྱིན་ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །རབ་བརྗིད་མཛེས་པའི་བཙན་ལུག་དམར་པོ་ནི། །གསེར་མིག་དུང་སོ་ཨིནྡྲ་ནཱི་ལའི་རྭ། །དམར་ནག་དར་གྱི་ཅོད་པན་མང་པོས་བརྒྱན། །གནོད་སྦྱིན་ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །མཐུན་པའི་དམ་རྫས་མ་མོ་ནག་མོ་ནི། །མཛེས་པའི་སྤུ་སྡུག་ཁ་སྐྱ་སྤྱི་དཀར་ལ། །དམར་ནག་དར་གྱི་ཅོད་པན་མང་པོས་བརྒྱན། །གནོད་སྦྱིན་ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །ར་སྐྱེས་དམར་པོ་མཐིང་གི་རྭ་ཅོ་ཅན། །རྨིག་པ་ལྕགས་ལ་སྤུ་རྩར་མེ་སྟག་འཕྲོ། །དམར་ནག་དར་གྱི་ཅོད་པན་མང་པོས་བརྒྱན། །གནོད་སྦྱིན་ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །རྟ་མཆོག་དམར་པོ་རླུང་གི་ཤུགས་ཅན་ལ། །མཛེས་པའི་སྤུ་སྡུག་རྔ་རྔོག་བརྗིད་དང་ལྡན། །དམར་ནག་དར་གྱི་ཅོད་པན་མང་པོས་བརྒྱན། །གནོད་སྦྱིན་ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །སྟག་ལྟར་རྔམ་པའི་ཁྱི་དམར་དུང་སོ་ནི། །བརྗིད་ལྡན་དྲེགས་པའི་ང་རོ་ཕྱོགས་བཅུར་སྒྲོག །དམར་ནག་དར་གྱི་ཅོད་པན་མང་པོས་བརྒྱན། །གནོད་སྦྱིན་ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །བཙན་བྱ་དམར་པོ་བསེ་ཁྲ་དུང་ཁྲ་སོགས། །མཁའ་ལྡིང་འདབ་བཟང་བྱ་ཡི་ཚོགས་


GTD008_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། །དམར་ནག་དར་གྱི་ཅོད་པན་མང་པོས་བརྒྱན། །གནོད་སྦྱིན་ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །མི་དམར་སྟོབས་ཆེན་སྲིན་པོའི་ཆ་ལུགས་ཅན། །ལས་ཀུན་བྱེད་པའི་སྟོབས་ལྡན་དཔའ་བོ་ནི། །དམར་ནག་དར་གྱི་ཅོད་པན་མང་པོས་བརྒྱན། །གནོད་སྦྱིན་ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །རང་ཕྱོགས་སྐྱོང་བའི་གོ་ཁྲབ་སྣ་ཚོགས་དང༌། །དགྲ་བོ་འཇོམས་པའི་སྟོབས་ལྡན་མཚོན་ཆའི་ཚོགས། །བདུད་ལས་རྣམ་རྒྱལ་དར་གྱི་རུ་མཚོན་རྣམས། །གནོད་སྦྱིན་ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །མྱོས་བྱེད་སྟོང་གི་བཅུད་བསྡུས་ཛ་གད་ཆང༌། །དགྲ་བགེགས་བསྒྲལ་བའི་སྙིང་ཁྲག་དྲོན་མོ་དང༌། །གསུར་ཆེན་དུད་པ་སྣ་ཚོགས་རོལ་མོའི་སྒྲ། །གནོད་སྦྱིན་ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །མཐུན་པའི་དམ་རྫས་ཚང་བ་འདི་དག་གིས། །མི་མཐུན་གནོད་པའི་ཕྱོགས་རྣམས་ཞི་བར་མཛོད། །ཁྱད་པར་ཡོན་མཆོད་འཁོར་དང་བཅས་རྣམས་ཀྱི། །ཚེ་དང་བསོད་ནམས་དཔལ་འབྱོར་རབ་རྒྱས་ཤིང༌། །ཐོས་བསམ་སྒྲུབ་པའི་བྱ་བ་མཐར་ཕྱིན་ནས། །སྙན་གྲགས་ཕྱོགས་དུས་ཀུན་ཏུ་རྒྱས་པར་མཛོད། །དེ་ནས་མེ་ཏོག་འཐོར་ཞིང༌། བཀྲ་ཤིས་གང་ཞིག་སོགས་ཀྱིས་ཤིས་བརྗོད་བྱ། གཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ལ། ཨེ་མ་བདེ་སྟོང་རང་བཞིན་ལས། །དམར་ཆེན་ཁྲག་གི་མཆོད་ཡོན་འདི། །ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མཆོག་སྩོལ་ཅིག །ཨོཾ་རཀྨོ་པྲ་ཎ་ཨཱདྨ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། རྐང་པ་གཉིས་པར། དམར་ཆེན་རཀྟའི་ཞབས་བསིལ་འདི། །དབང་པོ་རྣམ་ལྔའི་མེ་ཏོག་འདི། །དྲག་པོའི་རྫས་ཀྱི་དུད་སྤྲིན་འདི། །ཞུན་ཆེན་སྒྲོན་མེ་འབར་བ་འདི། །


GTD008_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་དང་མཁྲིས་པའི་དྲི་ཆབ་འདི། །དགྲ་བགེགས་ཤ་རུས་གཏོར་མ་འདི། །སྙན་ཅིང་བརྗིད་ཆགས་རོལ་མོ་འདི། །ཞེས་པ་སྒྱུར་ཅིང་པཱདྱཾ་ནས། ཤཔྟའི་བར་བཏགས་པ་དང༌། སྤྱན་ལམ་མཛེས་པའི་གཟུགས་མཆོག་འདི། །རྣ་བར་སྙན་པའི་སྒྲ་མཆོག་འདི། །ཤངས་ལ་ཞིམ་པའི་དྲི་མཆོག་འདི། །ལྗགས་ལ་མངར་བའི་རོ་མཆོག་འདི། །སྐུ་ལ་འཇམ་པའི་རེག་བྱ་འདི། །ཞེས་པའི་མཐར། རཱུ་པ་སོགས་སྦྱར། ནང་མཆོད་དབུལ་ཞིང་བསྟོད་པ་རྒྱས་བསྡུས་ཅི་རིགས་ཀྱིས་བསྟོད། ཡིག་བརྒྱས་ལྷག་ཆད་བསྐང༌། གང་ཡང་བདག་བློ་ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ། སྒྲུབ་གཞི་རས་བྲིས་ཡིན་ན། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་བྲིས་སྐུ་དང་དབྱེར་མི་ཕྱེད་པར་གྱུར་པར་བསམ། སྒྲུབ་གཞི་གཏོར་མ་ཡིན་ཀྱང་དེའི་ཙཀ་ལི་སོགས་ལ་བསྟིམ་ན་རུང་ལ། ཡང་ན་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། དེ་ནས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་སོགས་སྤྱི་ལྟར་བྱའོ། །༈ ཚོགས་འཁོར་བྱ་བར་འདོད་པས་ཚོགས་རྫས་གཏོར་མ་རྣམས་ལེགས་པར་བཤམ། ལྷའི་ང་རྒྱལ་ལ་གནས་ཏེ་ནང་མཆོད་ལྟར་བྱིན་གྱིས་བརླབ། ཨོཾ། སྣོད་རྣམས་སྣང་མཛད་སྐུ་ཡི་རྡོ་རྗེའི་བདག །ཨཱཿ མཆོད་གཏོར་དཔག་མེད་གསུང་གི་རྡོ་རྗེའི་བདག །ཧཱུཾ། རྣལ་འབྱོར་མི་བསྐྱོད་ཐུགས་ཀྱི་རྡོ་རྗེའི་བདག །ཨེ་མ་ཧོ་རྡོ་རྗེ་གསུམ་གྱི་རོལ་པར་གྱུར། །ཕྱོགས་དུས་ཀུན་ཁྱབ་མཐའ་དབུས་བྲལ་བ་ལ། །འགྲོ་དང་འོང་བའི་སྐྱེད་དབྲི་མ་མཆིས་ཀྱང༌། །ཀུན་རྫོབ་མོས་ངོར་ཚོགས་ཀྱི་མགྲོན་དུ་གཤེགས། །རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །ཨོཾ། ཚོགས་ཀྱི་འཁོར་ལོ་མཁའ་ལྟར་རྒྱ་ཆེ་བ། །


GTD008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ ཟག་མེད་བདུད་རྩིའི་རྒྱ་མཚོས་བླ་མ་མཆོད། །ཧཱུཾ། ལྷན་སྐྱེས་བདེ་སྟོང་དབྱེར་མེད་ངང་དུ་རོལ། །ཧོཿ མཆོག་ཏུ་དགྱེས་པས་བྱིན་རླབས་ཆར་ཆེན་ཕོབས། །ཨོཾ། ཚོགས་ཀྱི་འཁོར་ལོ་མཁའ་ལྟར་རྒྱ་ཆེ་བ། །ཨཱཿ ཟག་མེད་བདུད་རྩིའི་རྒྱ་མཚོས་ཡི་དམ་མཆོད། །ཧཱུཾ། ལྷན་སྐྱེས་བདེ་སྟོང་དབྱེར་མེད་ངང་དུ་རོལ། །ཧོཿ མཆོག་ཏུ་དགྱེས་པས་དངོས་གྲུབ་ཆར་ཆེན་ཕོབས། །ཨོཾ། ཚོགས་ཀྱི་འཁོར་ལོ་མཁའ་ལྟར་རྒྱ་ཆེ་བ། །ཨཱཿ ཟག་མེད་བདུད་རྩིའི་རྒྱ་མཚོས་ལྕམ་སྲིང་མཆོད། །ཧཱུཾ། ལྷན་སྐྱེས་བདེ་སྟོང་དབྱེར་མེད་ངང་དུ་རོལ། །ཧོཿ མཆོག་ཏུ་དགྱེས་པས་འཕྲིན་ལས་རྣམ་བཞི་སྒྲུབས། །ཨོཾ་ཚོགས་ཀྱི་འཁོར་ལོ་མཁའ་ལྟར་རྒྱ་ཆེ་བ། །ཨཱཿ ཟག་མེད་བདུད་རྩིའི་རྒྱ་མཚོས་འཁོར་ཚོགས་མཆོད། །ཧཱུཾ། ལྷན་སྐྱེས་བདེ་སྟོང་དབྱེར་མེད་ངང་དུ་རོལ། །ཧོཿ མཆོག་ཏུ་དགྱེས་པས་རང་རང་ལས་མཛོད་ཅིག །དེ་ནས་ལས་ཀྱི་རྡོ་རྗེས། ཧཱུཾ། རྣམ་པར་མི་རྟོག་དཔའ་བོའི་ཚོགས། །བདེ་ཆེན་ངང་དུ་རོལ་པར་མཛོད། །ཅེས་བརྗོད་ནས་ཚོགས་བཀྲམ་ཞིང་ཚུལ་དང་མཐུན་པར་སྤྱད། ཚོགས་ལྷག་བསྡུས་ཏེ་སློབ་དཔོན་གྱིས་ཁ་བཀྲུས་བཏབ་ལ། ཨོཾ་ཨཱཿ ཧཱུཾ་གིས་བྱིན་གྱིས་བརླབ། གནོད་སྦྱིན་དྲེགས་པ་ལྕམ་དྲལ་བཀའ་འཁོར་གྱི། །ཕྱི་བཞིན་འབྲང་ཞིང་ལྷག་ལ་རོལ་པའི་ཚོགས། །རྔམ་པའི་ཚུལ་གྱིས་སྟོབ་ཅིང་ཕྱོགས་ཀུན་ནས། །སངས་རྒྱས་བསྟན་པ་སྲུང་བའི་བྱ་ར་མཛོད། །ཅེས་བརྗོད་ཅིང་ཁང་སྟོང་ངམ་ཕྱོགས་གཙང་མར་གཏོར། ཚོགས་ཀྱི་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ། ༈ གསེར་སྐྱེམས་འབུལ་བར་འདོད་པས། ཧཱུཾ། དྲིན་ཅན་རྩ་བརྒྱུད་བླ་མ་དང༌། །རྒྱུད་སྡེ་བཞི་ཡི་ཡི་དམ་ལྷ། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་གི་


GTD008_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དང་སྐྱབས་མཛོད་ཅིག །གནོད་སྦྱིན་སྲོག་བདག་དམར་པོ་དང༌། །སྲིད་པའི་ལྷ་མོ་ལས་མཁན་བཅས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རྟག་ཏུ་སྲུང་སྐྱོབ་གཡེལ་མེད་མཛོད། །གྲི་ཐོགས་བཤན་པའི་ཚོགས་རྣམས་དང། །བཙན་བདུད་མ་མོ་ཐེའུ་རང་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བསྟན་པའི་དགྲ་བོ་རྩད་ནས་ཕྱུངས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཁམས་གསུམ་དབང་དུ་འདུ་བ་དང། །ཚེ་དཔལ་འཁོར་དང་ལོངས་སྤྱོད་རྣམས། །བསམ་བཞིན་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་བྱའོ། །དེའང་བཀའ་ཉན་སྲོག་བདག་དམར་པོ་འདི་ཉིད་ཀྱི་ཆོས་སྐོར་ཨཱ་ཙརྻ་ཉི་འོད་གྲགས་པས་རྒྱ་གར་བམ་སོ་དམར་པོ་བྱ་བར་གཏེར་ནས་ཕྱུང་སྟེ་བསྒྲུབས་པས་དགྲ་ལ་མིག་གིས་བལྟས་པ་ཙམ་གྱིས་འཆི་བ་བྱུང༌། དེའི་སྲས་ཟླ་བ་ནག་པོ་ཁྲོས་པའི་མོད་ལ་དགྲ་འཆི་ཞིང༌། དེའི་སྲས་ག་ཡ་དྷ་རའམ་ཨ་ཙརྻྻ་དམར་པོ་སྒྲུབ་པ་ཞག་གསུམ་གྱིས་དགྲ་འཆི་བ་བྱུང༌། དེ་དག་ནས་བླ་མ་གཉན་དང་མར་པ་སོགས་ལ་རིམ་པར་བརྒྱུད་དེ་འོངས་པའི་གདམས་པ་འདི་ཉིད་སྒྲུབ་ཚུལ་ལའང་གནོད་སྦྱིན་རྐྱང་སྒྲུབ་ཏུ་བསྒྲུབ་པ། གདོང་དམར་མ་རྐྱང་སྒྲུབ་ཏུ་བསྒྲུབ་པ། གཙོ་འཁོར་གཉིས་སུ་བསྒྲུབ་པ། ལྕམ་དྲལ་གསུམ་དུ་བསྒྲུབ་པ། བཤན་པ་དགུ་སྐོར་གྱི་སྒྲུབ་པ། རོལ་བཤན་ཉི་ཤུ་རྩ་གཅིག་གིས་བསྐོར་བ། ཐམས་ཅད་སྦྲགས་ཏེ་སྒྲུབ་པ། དེ་ལའང་མྱུར་ཞིང་རྣོ་བའི་ཕྱིར་དགྲ་བོ་ཕོ་སྒྲོལ་བའི་ཆེད་དུ་ཕོ་རྒྱུད་གཙོ་བོར་སྒྲུབ་པ། དགྲ་བོ་མོ་སྒྲོལ་བའི་ཕྱིར་མོ་རྒྱུད་གཙོ་བོར་སྒྲུབ་པ། ཕོ་སྒྲུབ་ལའང་བཙན་རྒོད་ལྟར་སྒྲུབ་པ་རྟ་ལ་ཞོན་པ། སྲོག་བདག་ལྟར་སྒྲུབ་པ་ར་སྐྱེས་ལ་ཞོན་པ། བཀའ་སྡོད་ལྟར་སྒྲུབ་པ་རྐང་ཐང་ཅན་ལ་སོགས་པ་མང་བར་ཡོད་ཅིང༌། དེ་ལ་བརྟེན་པའི་ལས་སྦྱོར་ཡང༌། རྒྱུད་ལས། རླིད་བུ་བརྡབ་ན་ཆོ་འཕྲུལ་


GTD008_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང༌། །སྨྱུག་མ་བརྡབ་ན་རིམས་ནད་ཡོང༌། །སྤུ་རྣམས་བསོག་ན་ལྟས་ངན་ཡོང༌། །ཐུན་ལ་བསྔགས་ལ་ཟོར་ལ་འཕང༌། །ཡང་ན་རྐྱང་པ་ཡང་ན་སྦྲགས། །ཞེས་སོགས་ཀྱི་དོན་བཞིན་དྲག་པོ་བཙན་གྱི་རྐྱལ་འབུད་ལ་སོགས་པ་མང་དུ་ཡོད་པ་རྣམས་འདིའི་ཆོས་སྐོར་གྱི་བེའུ་བུམ་ལས་ཤེས་དགོས་པས། འདིར་གཙོ་བོ་བསྙེན་པའི་རིམ་པ་ཙམ་ཞིག་བཤད་པ་ཡིན་ནོ། །མཐུ་སྟོབས་གནམ་ལྕགས་འབར་བའི་ཐོག་མདའ་ཡིས། །མི་བསྲུན་དགྲ་སྡེ་ཕྱེ་མར་རློག་བྱེད་པ། །དྲེགས་པའི་བསྟན་སྲུང་བསྙེན་ཅིང་སྒྲུབ་པའི་ཚུལ། །ཅུང་ཟད་ཕྱེ་སྟེ་བཀོད་པའི་དགེ་ཚོགས་མཐུས། །བློ་བཟང་རྒྱལ་བའི་བསྟན་པ་བསྟན་འཛིན་དང༌། །སྲི་ཞུ་ལྷུར་ལེན་བསྟན་པའི་སྦྱིན་བདག་རྣམས། །ཕྱི་ནང་ཉེར་འཚེའི་གཡུལ་ལས་རྣམ་རྒྱལ་ཏེ། །ཕུལ་བྱུང་དགེ་མཚན་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་རྒྱལ་བའི་བསྟན་སྲུང་ཆེན་པོ་དྲེགས་པ་ལྕམ་དྲལ་བསྙེན་ཅིང་སྒྲུབ་པའི་རིམ་པ་ལས་བཞིའི་འཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་འདི་ནི། ས་སྐྱོང་དམ་པ་ཨོ་འདུ་སུ་ཨོ་ཐོག་ཇོ་ནོད་ཏཱ་བཻ་ལི་བསོད་ནམས་རབ་རྒྱས་དགེ་འདུན་གྱི་སྲས་ཆེ་བ་ཀུན་བཟང་རབ་བརྟན་རྒྱ་མཚོས་དབང་ཆས་ཆ་ཚང༌། དངུལ་སྲང་ལྔའི་མཎྜལ། ལྷ་རྫས་མཛོད་བཏགས་བཅས་ནན་གྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousབསྟན་སྲུང་ཆེན་པོ་དྲེགས་པ་ལྕམ་སྲིང་བསྙེན་ཅིང་སྒྲུབ་པའི་རིམ་པ།next