Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
  
  
  
  
  
  
  
 
  
  
 
ལྷ་གཉན་གཡུ་རྩེའི་གསོལ་མཆོད་སོགས།
  
  
  
  
  
  
  
  
  
  
 expand section
  
  
  
  
  
  


6 occurrences of འ་འུར་
[Clear Hits]

 
previousལྷ་གཉན་གཡུ་རྩེའི་གསོལ་མཆོད་སོགས།next

ལྷ་གཉན་གཡུ་རྩེའི་གསོལ་མཆོད་སོགས།


GTD008_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གཉན་ཆེན་པོ་སྔོ་ལ་གཡུ་རྩེའི་གསོལ་མཆོད་རྒྱས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ་དང་ལྷ་ཆེན་གཉན་རྗེ་གུང་སྔོན་གྱི་བསང་མཆོད་བཅས་བཞུགས་སོ། །


GTD008_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་ཌཱུར་སྤྲིན་སྔོན་འཁྲིགས་པ་མ་ཧེའི་ཞལ། །རབ་འབར་སྤྱན་གསུམ་གཡོ་བའི་གློག་དམར་འོད། །དགྲ་འཇོམས་ལྟ་སྟངས་ཐོག་གི་ཟེར་མ་ཅན། །ཁྲོ་བོ་གཤིན་རྗེའི་གཤེད་པོས་དགེ་ལེགས་སྩོལ། །རི་ཀླུང་ནགས་ཚལ་ཆུ་དང་ཐང་སོགས་ལ། །རྟེན་བཅས་དཀར་ཕྱོགས་འཇིག་རྟེན་སྐྱོང་བའི་སྡེ། །མཆོད་བསྟོད་བསྟེན་ཅིང་འཕྲིན་ལས་བཅོལ་བ་ཡང༌། །སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག་ཏུ་གསུངས། །བློ་གྲོས་མ་ལ་ཡར་སྐྱེས་དགའ་ཚལ་དུ། །ལེགས་བཤད་ཙནྡན་ནགས་ཀླུང་འཁྲིག་པའི་གསེབ། །སྣ་ཚོགས་མེ་ཏོག་ཕྲེང་བ་བཞད་པ་ཡང༌། །དོན་གཉེར་རྐང་དྲུག་གཞོན་ནུའི་དགའ་སྟོན་ཡིན། །དེའང་མདོ་སྨད་ས་ཡི་ཐིག་ལེར་རྒྱུ་བའི་སྣང་སྲིད་དྲེགས་པའི་ཁྲོད་ན་མཐུ་རྩལ་ནུས་པའི་དཔུང་གིས་མངོན་པར་མཐོ་བ། འབྲོག་གནས་ཀྱི་སྡེ་དཔོན་ཆེན་པོ་གཉན་རྗེ་སྔོ་ལ་གཡུ་རྩེའི་སྒྲུབ་འཕྲིན་རྒྱས་པ་ཉམས་སུ་བསྟར་བར་འདོད་པའི་གང་ཟག་གིས། དང་པོར་མཆོད་རྫས་སྤྱན་གཟིགས་དཀར་གསུམ་མངར་གསུམ་སྦྱར་བའི་མཆོད་གཏོར་དང་བསང་རྫས་རྒྱ་ཆེ་ཞིང་དངོས་གཙང་བ། ཚེ་ཐར་བྱེད་རྒྱུའི་རྟ་གཡག་ར་ལུག་སོགས་ལ་མཛེས་པའི་དར་གྱི་ཆུན་འཕྱང་བཏགས་པ་རྣམས་སྟ་གོན་བྱས་ཏེ། སྐྱབས་སེམས་སྔོན་དུ་བཏང་ལ་འཇིགས་བྱེད་སོགས་ཀྱི་བདག་བསྐྱེད་རྒྱས་བསྡུས་གང་རུང་བྱས། རོལ་ཆ་བཀྲམ་ཞིང་བསང་དུད་ཆེར་བཏང་སྟེ། བསང་རྫས་རྣམས། ཨ་མྲྀ་ཏས་བསང༌། ཨོཾ་སྭ་བྷཱ་ཝ་ནས་ཧཾ། ཕྱི་ནང་གསང་བའི་མཆོད་


GTD008_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ས་དང་བར་སྣང་གི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབ། དེ་ནས་བླ་མ་རྡོ་རྗེ་གདན་པས། ཨོཾ་གྱིས་སྣོད་ཀྱི་ཉེས་སྐྱོན་སྦྱངས་ཨཱཿ ཡིས་ཟས་ཀྱི་ཉེས་སྐྱོན་སྦྱངས། ཧཱུཾ་གིས་ཆུ་ཡི་ཉེས་སྐྱོན་སྦྱངས། ཡང་ན། ཨོཾ་གྱིས་སྣོད་རིན་པོ་ཆེར་བསྒྱུར། ཨཱཿ ས་ཟས་རོ་བརྒྱ་བར་བསྒྱུར། ཧཱུཾ་གིས་ཆུ་བདུད་རྩིར་བསྒྱུར། ཡང༌། ཨོཾ་གྱིས་སྣོད་རྒྱ་ཆེན་པོར་སྤེལ། ཨཱཿ ས་རྒྱུ་རི་རབ་ཙམ་དུ་སྤེལ། ཧཱུཾ་གིས་ཆུ་བདུད་རྩིའི་རྒྱ་མཚོར་བསྒྱུར་ཏེ་བྱིན་རླབས་དགུ་ཕྲུགས་སུ་བཞེད་ཅིང༌། སློབ་དཔོན་ཀླུ་སྒྲུབ་ཀྱང་འབྲུ་གསུམ་གཏོར་མའི་བྱིན་བརླབ་ཏུ་བཞེད་དོ། །གཞན་ཡང༌། ཨོཾ་གྱིས་འབྱུང་བོ་དབང་དུ་སྡུད། །ཨ་ཡིས་རྫས་རྣམས་དག་སོགས་བྱ། །ཧཱུཾ་གིས་མགྲོན་ལ་ཁྱབ་པར་སྦྱིན། །འབྲུ་གསུམ་གཏོར་མའི་དེ་ཉིད་བཤད། །ཅེས་དང༌། ཡི་གེ་འབྲུ་གསུམ་སྐུ་གསུང་ཐུགས་ཀྱི་ས་བོན་ཡིན་པས་རིམ་པ་ལྟར། ཁ་དོག་དང་སྒྲ་དྲི་གཉིས་དང༌། རོ་རེག་གཉིས་ཀྱི་ཉེས་པ་སྦྱོང་ཚུལ་སོགས་བཤད་པ་སྣ་ཚོགས་འབྱུང་ཡང༌། དོན་ལ་འགལ་བ་མེད་དོ། །དེ་ནས། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ་པ་ལ། སྦྱང་བའི་སྔགས་ནི། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿ ཏེ་བཛྲ་སིདྡྷི་ཧཱུཾ། ཕྱག་རྒྱ་ནི་ལག་པ་


GTD008_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པའི་མཐེ་བོས་མཐེའུ་ཆུང་མནན་ལྷག་མ་གསུམ་སོ་སོར་སྒྲེང་བའོ། །མང་པོར་སྤེལ་བའི་སྔགས་ནི། ན་མཿ སརྦྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཕྱག་རྒྱ་ནི་ཐལ་མོ་གཉིས་བཀན་ལ་སྙིམ་པའི་ཚུལ་དུ་དཔྲལ་བར་བཅིང་ངོ༌། །བདུད་རྩིར་བསྒྱུར་བའི་སྔགས་ནི། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཕྱག་རྒྱ་ནི། ལག་པའི་སོར་མོ་ཕན་ཚུན་བསྣོལ་ལ་གུང་མོ་གཉིས་རྩེ་སྤྲད་ནས་བཅག་སྟེ་དཔྲལ་བར་བཅིང་ངོ༌། །འདོད་པ་སྒྲུབ་པའི་སྔགས་ནི། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུད་པན་ན་ཏྭད། ཕྱག་རྒྱ་ནི། གཡས་ཁྲོ་བོའི་ཁུ་ཚུར་བཅིང་སྟེ་བསྒྲེངས་ལ་མཆོད་རྫས་རྣམས་ལ་སེ་གོལ་གདབ་ཅིང་དགྲོལ་བར་བྱའོ། །ཐམས་ཅད་ཀྱིས་ཐོབ་པའི་སྔགས་ནི། ནམཿ སརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཕྱག་རྒྱ་ནི་གཡོན་ཁུ་ཚུར་སྙིང་གར་བཞག །གཡས་མཆོག་སྦྱིན་བྱའོ། །མཉམ་པོར་ཐོབ་པར་བྱེད་པའི་སྔགས་ནི། ཨོཾ་རུ་རུ་སྤུ་རུ་ཛྭཱ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཕྱག་རྒྱ་ནི་གཡས་མི་འཇིགས་པ་བྱའོ། །བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་ཀྱི་བདེན་སྟོབས་བརྗོད། དེ་ནས་དངོས་གཞི་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦྦ་དྷརྨྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་མདུན་དུ་རི་བོ་མནྡ་ར་དང་གསེར་གྱི་བྱ་སྐྱིབས་ལ་སོགས་པའི་སྙེམས་པ་འཕྲོག་པར་བྱེད་པའི་རབ་འཇིགས་བྲག་གི་རི་བོ་རྩེ་མོ་མཐོ་ཞིང་གཟེང་བས་ཀུན་གསལ་དབྱིངས་སུ་སྙོགས་ཤིང་རྩ་བ་བརྟན་ཅིང་བརྗིད་པས་ནོར་འཛིན་རྣམ་པར་གནོན་པ། སྟེང་ན་ཆུ་འཛིན་སྟུག་པོའི་བླ་བྲེ་བྲེས་ཤིང་གློག་ཕྲན་འགྱུ་བའི་གསེར་གྱི་དོ་ཤལ་འཕྱང་བ། སྙན་ཅིང་བརྗིད་པའི་དབྱར་རྔ་ཕྱོགས་བརྒྱར་རྒོད་ཅིང༌། སྦྲང་ཆར་དལ་གྱིས་འབེབས་པའི་རྩ་བར་


GTD008_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཀླུང་སྟུག་པོའི་གྲོང་ན་རྒྱ་སྟག་རི་ཁྲ་སོགས་གཅན་གཟན་གདུག་པ་དུ་མས་ངར་སྐད་སྒྲོགས་པ། ཕྱི་རོལ་ས་འཛིན་དབང་པོའི་རྣམ་པ་ཅན་གྱི་ནང་དུ་རིན་ཆེན་བྱེ་བའི་ཁམས་ལས་གྲུབ་པའི་ཕོ་བྲང་ཆེན་པོ་ཁོར་ཡུག་ལྕགས་རིའི་རྭ་བས་བསྐོར་ཞིང་བང་རིམ་དུ་མས་མཛེས་པའི་རྩེ་མོར་གསེར་གཡུའི་རྒྱ་ཕིབས་ཚར་དུ་དངར་བ། དེའི་དབུས་སུ་འཇིགས་པའི་བསྐལ་པ་སྟོན་པའི་རླུང་དམར་འཚུབ་པའི་ཤུགས་ལ་བདོ་བའི་རྟ་མཆོག་ཁམ་པ་ཉི་མའི་འོད་ལ་འཁུ་བའི་གསེར་གྱི་སྒ་སྲབ་སྤྲས་པའི་སྟེང་དུ་སྲིད་པའི་ལྷ་གཉན་ཆེན་པོ་སྔོ་ལ་གཡུ་རྩེ་སྐུ་མདོག་དམར་སྨུག་མེ་འོད་འཕྲོ་བ། ཕྱག་གཡས་སྲིད་གསུམ་དཔལ་འབྱོར་འགུག་པའི་ལྕགས་ཀྱུ་དང༌། གཡོན་ན་འདོད་དགུའི་དངོས་གྲུབ་སྟེར་བའི་ནོར་བུ་བསྣམས་པ། སྐུ་ལ་སྟག་ཐུལ་དང་གཡུ་ཁྲབ་དབུ་ལ་བསེའི་རྨོག་ཞུ་གསོལ་ཞིང་མཆན་ཁུང་གཡོན་ན་དར་མདུང་བསྒྲེང་བ། རྐེད་པར་རྣོ་ངར་ལྡན་པའི་གནམ་ལྕགས་ཀྱི་མདའ་དང། སྲ་ཞིང་མཁྲེགས་པའི་གནམ་རུ་ཅན་གྱི་སྟག་རལ་གཟིག་ཤུབས་བཅིང་བ། དེའི་གཡས་སུ་ཡུམ་གཉན་མ་མ་ལེ་གུ་དཀར་གསལ་མཛེས་པའི་ཉམས་དང་ལྡན་ཞིང་མདའ་དར་དང་ནོར་གཞོང་བཟུང་ནས་ཤ་བ་ཡུ་མོ་ལ་ཆིབས་པ། གཡོན་ན་གཉན་སྲས་ཐོར་རི་རྒྱལ་བ་སྐུ་མདོག་དཀར་དམར་དར་མདུང་དང་ཞགས་པ་བཟུང་ནས་གཡུ་འབྲུག་སྔོན་མོ་ལ་ཆིབས་པ། གཞན་ཡང་དྲེགས་རྩལ་མྱུར་མགྱོགས་ཅན་གྱི་སྟག་ཤར་དཔའ་བོའི་སྲས་དང༌། མཚར་སྡུག་ལང་ཚོ་ཅན་གྱི་ལྷ་སྨན་སྲས་མོ་དུ་མས་བསྐོར་བ། དེའི་ཕྱི་རོལ་ཏུ་བཀྲ་ཤིས་ལྷ་བྲག་དཀར་པོ། གྲོགས་བྱེད་མགོ་དཀར་


GTD008_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་སྔོན་སྡོང་གྲོགས་ཟལ་དཀར་གཉན་པོ། མཐུ་དཔུང་སྤོས་རི་ཟླུམ་པོ། དར་འཛིན་སྐྱེས་རི་མཐོན་པོ། དམག་བསྐུལ་གཉན་རྗེ་གོང་སྔོན། གཉན་དམག་སྐྱ་བརྒྱ་ལོང་པ་གཏུམ་དྲག་རྔམ་ཞིང་བརྗིད་པའི་འཁོར་ཚོགས་འབུམ་གྱིས་བསྐོར་བར་གྱུར། རང་ཉིད་གཤིན་རྗེའི་གཤེད་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། གར་བཞུགས་སྤྲུལ་བའི་ཕོ་བྲང་ཆེན་པོ་ནས་ལྷ་གཉན་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་བཛྲ་ཨཾ་ཀུ་ཤ་ཛཿ གཉིས་སུ་མེད་པར་གྱུར། ཀྱཻ། རྒྱ་མཚོས་སྐེད་བཅིངས་ནོར་འཛིན་ཐིག་ལེ་མཆོག །གངས་རིས་ཡོངས་བསྐོར་པུར་རྒྱལ་བོད་ཀྱི་བྱང༌། །བཀྲ་ཤིས་དགེ་མཚན་གཡས་སུ་འཁྱིལ་བའི་ཕྱོགས། །དགེ་བཅུའི་ལང་ཚོ་དར་བའི་ཡུལ་གྱི་ལྗོངས། །ལྷུན་སྟུག་བྲག་གི་རི་བོའི་མགུལ་པ་ནས། །རབ་དཀར་ཆུ་འཛིན་གློག་གི་རོལ་གར་ཅན། །གླལ་བའི་ང་རོ་གསང་མཐོར་སྒྲོག་པའི་ཀློང༌། །རྟ་མཆོག་ཁམ་པ་གཡུ་འབྲུག་རྒྱ་སྟག་དང༌། །ཤ་བ་ཡུ་མོ་འབྲོང་གཡག་ཅེ་སྤྱང་སོགས། །སྣ་ཚོགས་བཞོན་པའི་སྟེང་ན་རབ་འགྱིང་ཞིང༌། །འཇིགས་པའི་ཆོ་འཕྲུལ་དཔག་མེད་སྟོན་པ་ཡི། །ལྷ་གཉན་ཆེན་པོ་ཡུམ་སྲས་མིང་སྲིང་དང༌། །བཀའ་ཡི་ལས་བྱེད་ཕྱི་ནང་བློན་པོའི་ཚོགས། །དགྲ་སྡེ་གཞོམ་པའི་དམག་གི་དཔུང་དང་བཅས། །མ་ཐོགས་རིང་བའི་ཚུལ་གྱིས་འདིར་བྱོན་ཏེ། །རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །ཧྲཱིཿ སྣང་སྲིད་དྲེགས་ལྡན་ཡོངས་ཀྱི་རང་རྩལ་ལ། །བདེ་སྟོང་ཏིང་འཛིན་རེ་ཁཱས་རྒྱས་བཏབ་པ། །རིག་འཛིན་གྲུབ་དབང་པདྨ་ཀཱ་ར་དང༌། །དབྱེར་མེད་བློ་བཟང་རྒྱལ་བའི་དབང་པོའི་བཀའ། །གཞོམ་མེད་རྡོ་རྗེའི་


GTD008_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་སུ་བསྒྲགས་པ་ཡི། །དམ་ཚིག་གཉན་པོ་ཁས་བླངས་དྲན་མཛོད་ལ། །བསྟན་དང་འགྲོ་བའི་ཕན་བདེ་སྤེལ་བའི་ཕྱིར། །གཡེལ་མེད་བྱ་ར་མཛོད་ཅིག་ས་མ་ཡ། །ཞེས་སྤྱན་དྲངས་ཏེ་དམ་ལ་བཞག །དེ་ནས་མཆོད་པ་འབུལ་བ་ནི། ལྷ་ཆེན་ཐུགས་ལ་དགྱེས་པ་སྐྱེད་བྱེད་པ། །ས་དང་བར་སྣང་ནམ་མཁའི་ཁྱོན་གང་བའི། །ཡིད་འོང་མཆོད་ཡོན་ཚར་དུ་དངར་བ་འདི། །གུས་པས་འབུལ་ལོ་དགྱེས་བཞིན་བཞེས་སུ་གསོལ། །ཨོཾ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་མེ་ཏོག་བདུག་སྤོས་སྒྲོན་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས་དང༌། ཨརྒྷཾ་གྱི་གནས་སུ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གན་དྷེ་ནཻ་ཝི་ཏྱ་ཤཔྟ་རྣམས་བཅུག་ལ་འབུལ། དེ་ནས་ཡིག་བརྒྱ་ཉེར་གཅིག་བཟླས་ལ། བཤགས་པ་བྱ་བ་ནི། ཧཱུཾ། བླ་མ་མཆོག་གསུམ་དཀྱིལ་འཁོར་འཁོར་ལོའི་ཚོགས། །བསྟན་སྲུང་རྒྱ་མཚོར་བཅས་པ་ཐམས་ཅད་དང༌། །ལྷ་གཉན་ཆེན་པོ་གསང་ཡུམ་ལྕམ་སྲས་ཚོགས། །ལས་བྱེད་ཕོ་ཉ་དང་བཅས་དགོངས་སུ་གསོལ། །ཉེས་ཀུན་རྩ་བ་རང་སེམས་གདོན་གྱི་འཕྲུལ། །མ་རྟོགས་བདག་ཏུ་འཛིན་པའི་ཁ་འཛིན་གྱིས། །སྒོ་གསུམ་འཁྲུལ་པའི་སྤྱོད་པ་གང་བགྱིས་པ། །མཐའ་དག་མཆོག་གསུམ་ཐུགས་རྗེས་བྱང་བར་མཛོད། །ཁྱད་པར་དྲེགས་པའི་ལྷ་གཉན་མཐུ་བོ་ཆེ། །སྣང་སྲིད་སྡེ་བརྒྱད་ཚོགས་ཀྱི་རྗེ་དཔོན་དུ། །མ་རྟོགས་དབང་གིས་བརྙས་སྨོད་སྒྲོ་སྐུར་སོགས། །བྱིས་བློས་ནོངས་པ་གང་བགྱིས་མཐོལ་ལོ་བཤགས། །དུས་ཀྱི་མཆོད་གཏོར་བསང་སོགས་ཆག་པ་དང༌། །མཆོད་རྫས་དམན་ཞིང་མི་གཙང་རྫས་ཀྱིས་


GTD008_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྦགས། །ཁས་བླངས་ལུས་ཤིང་གཏང་རག་མ་བཏང་སོགས། །ཁྱེད་ཀྱི་ཐུགས་དང་འགལ་རྣམས་མཐོལ་ལོ་བཤགས། །མདོར་ན་ལོག་པར་ཞུགས་པའི་ཉེས་སྤྱོད་ཀླུང༌། །གདུང་བ་དྲག་པོས་རྣམ་དག་དབྱིངས་ཀྱི་མཐར། །བཟློག་སྟེ་སྡོམ་སེམས་ཆུ་ལོན་བརྟན་བགྱིད་ན། །དམིགས་མེད་བཟོད་པ་ཆེན་པོས་དགོངས་གྱུར་ཅིག །དེ་ནས་རོལ་མོ་དབྱངས་དང་བཅས་ཏེ་ཐུགས་དམ་བསྐང་བ་ནི། ཧཱུཾ། རབ་ཡངས་མཁའ་ལས་འཇའ་ཚོན་དྲ་བ་དང༌། །ཆུ་གཏེར་ཆེ་ལས་རླབས་ཀྱི་ཕྲེང་བ་བཞིན། །སྔགས་དང་ཏིང་འཛིན་མོས་པ་ལས་བྱུང་བའི། །མཆོད་པའི་སྤྲིན་གྱིས་ས་གསུམ་ཁྱབ་གྱུར་ཅིག །དྭངས་བསིལ་མཆོད་ཡོན་འཁྱིལ་བ་རོལ་བའི་མཚོ། །སྣ་ཚོགས་མདངས་ལྡན་བཞད་པའི་མེ་ཏོག་ཕྲེང༌། །བཻ་ཌཱུར་ལྷུན་པོའི་རྗེའི་འགྲོ་བདུག་པའི་སྤྲིན། །ཉི་མ་སྟོང་ཕྲག་འབར་བའི་སྒྲོན་མེ་གསལ། །སྤོས་ཆུའི་མཚོ་ཆེན་དྲི་བཟང་ན་བུན་ལྡང༌། །ལྷ་ཡི་ཞལ་ཟས་མངར་བའི་རོ་བརྒྱ་ལྡན། །སྙན་བརྗིད་རོལ་མོ་ས་ཆེན་ལྡིར་བ་འདིས། །ལྷ་གཉན་ཆེན་པོ་ཡབ་ཡུམ་ཐུགས་དམ་བསྐངས། །ལྕམ་སྲས་བློན་པོའི་ཚོགས་ཀྱི་༝། །ལས་བྱེད་འཁོར་ཚོགས་རྒྱ་མཚོའི་༝། རྣལ་འབྱོར་འདོད་དོན་འགྲུབ་པའི་སྡོངས་གྲོགས་མཛོད། །བསྐལ་པའི་རླུང་གི་ཤུགས་འཆང་ཅང་ཤེས་རྟ། །ས་གསུམ་འདར་བྱེད་འབྲོང་གཡག་ཁམ་པ་དང༌། །སྤུ་སྡུག་འཇོལ་བའི་ལུག་དང་ར་སྐྱེས་ཚོགས། །འཕུར་ལྡིང་གར་གྱིས་རྩེན་པའི་འདབ་ཆགས་དང༌། །སྒོ་ཁྱི་གཅན་གཟན་གདུག་པའི་ང་རོ་ཅན། །མི་བསྲུན་གཡུལ་ལས་རྒྱལ་བ་རྡོ་རྗེའི་གོ །དགྲ་འཇོམས་མཚོན་ཆའི་ཚོགས་དང་བཅས་པ་འདིས། །ལྷ་གཉན་ཆེན་པོ་ཡབ་ཡུམ་ཐུགས་


GTD008_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང༌། །ཞེས་པ་ནས། འགྲུབ་པའི་སྡོངས་གྲོགས་མཛོད། །སྲིད་གསུམ་དབང་དུ་སྡུད་པའི་ལྕགས་ཀྱུ་དང༌། །དགོས་འདོད་ཆར་ལྟར་འབེབས་པའི་ཡིད་བཞིན་ནོར། །མ་རྒད་རྫ་རི་བསྙིལ་འདྲ་གཡུ་ཡི་ཁྲབ། །བསེ་ཡི་རྨོག་ཞུ་སྟག་ཐུལ་སག་ལྷམ་དང༌། །དར་འཕན་མདུང་རིང་རྩེ་མོ་དགུང་ལ་བསྙེགས། །སྟག་དོང་གཟིག་ཤུབས་ལ་སོགས་ཉེར་སྤྱད་ཀྱི། །མཁོ་དགུའི་དངོས་པོ་མ་ཚང་མེད་པ་འདིས། །ལྷ་གཉན་༝ ཞེས་སོགས་དང༌། ཙནྡན་དཀར་དམར་ལྷ་ཤུག་ཨ་ཀ་རུ། །བཟང་པོའི་སྨན་སྣ་སྦྱར་བའི་བསང་གི་རྫས། །རི་ལྟར་སྤུངས་པའི་སྤོ་ལ་བསྐལ་པའི་མེས། །འཁྱུད་པའི་དུད་སྤྲིན་ལྷ་ཡི་ལམ་འགེངས་ཤིང༌། །བཟའ་བཅའ་བཏུང་བས་ནོར་འཛིན་ཡོངས་སུ་ཁྱབ། །མཛེས་པའི་སྤྱན་གཟིགས་ལྷ་མིའི་དཔལ་འབྱོར་ཀུན། །གཅིག་བསྡུས་དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་འདིས། །ལྷ་གཉན༌༝ ཞེས་པ་ནས། སྡོངས་གྲོགས་མཛོད། །དེ་ནས་ཟློག་པ་བྱ་བ་ནི། ཧཱུཾ་ཛཿ གཉན་རྗེ་སྔོ་ལ་གཡུ་རྩེ་ལྷ་ཡི་སྲས། །འཁོར་དང་བཅས་པས་མཆོད་གཏོར་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་རྒྱུ་སྦྱོར་འཁོར་བཅས་ལ། །གདོན་བགེགས་འབྱུང་པོས་བར་ཆད་རྩོམ་པ་བཟློག །བན་བོན་སྔགས་པས་མནན་གཏད་རྦོད་གཏོང་དང༌། །དྲག་པོའི་ཟོར་འཕེན་ལྷ་འདྲེའི་ཁྲམ་ཁ་བཟློག །རྨི་ལྟས་མཚན་ངན་ལོ་ཟླ་ཞག་དུས་སྐེག །ཆོ་འཕྲུལ་དུས་མིན་འཆི་བ་རྣམ་བརྒྱད་བཟློག །མི་ནད་ཕྱུགས་ནད་གོད་ཁ་དགྲ་ཇག་དང༌། །ཁ་སྨྲས་གླེང་གཞི་འཐབ་རྩོད་འཁྲུག་སོགས་བཟློག །མདོར་ན་འདི་ཕྱིའི་ཕན་བདེ་


GTD008_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་བྱེད་པའི། །མི་མཐུན་འགལ་རྐྱེན་བར་ཆད་ཐམས་ཅད་ཟློག །བཟློག་བསྒྱུར་དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོཿ། བྷྱོཿ བཟློག་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུཾ། བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་བཅས་ཀྱི། །ཚེ་བསོད་སྟོབས་འབྱོར་མངའ་ཐང་སྙན་གྲགས་དང༌། །ཐོས་བསམ་སྒོམ་གསུམ་རྣམ་དཀར་བྱ་བའི་ཚོགས། །རྒྱས་པར་མཛོད་ཅིག་ལྷ་ཆེན་འཁོར་བཅས་རྣམས། །དེ་ནས་གཏོར་མ་འབུལ་བ་ནི། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བརླབ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཿ ཎཾ་ཨཱ་དྱ་ནུཏྤནྣ་ཏྭཏྟ་ཨོཾ་ཨཱཿ ཧཱུཾ་ཕཊ་སྭཱཧཱ། བདུན་ནམ་ཉེར་གཅིག་གིས་དབུལ་ལ་གོང་བཞིན་མཆོད། ཨ་དོན་སྐྱེ་མེད་ནམ་མཁའི་ཀློང་ཡངས་ནས། །ཧ་ཧར་བཞད་པ་སྣང་གྲགས་སྤྲིན་གྱི་སྒྲས། །ས་གསུམ་དཀྱིལ་འཁོར་ཤིག་ཤིག་འདར་བྱེད་པ། །ཤ་ཟ་ཁྲག་འཐུང་བྱེ་བའི་སྡེ་དཔོན་ཆེ། །ལ་ལུང་ཕྱོགས་ཀུན་ཉུལ་བའི་རྫུ་འཕྲུལ་གྱིས། །རཱ་མ་ཎ་ཡི་སྙེམས་པ་མཐར་བྱེད་ཅིང༌། །ཡ་མཚན་ཆོ་འཕྲུལ་བདེ་འཐུང་རོལ་པའི་གར། །previous hit འུར ་དྲག་པོའི་ཆུ་འཛིན་ཀློང་ན་རོལ། །ཟ་བྱེད་གཤིན་རྗེ་ཁྲོས་པའི་རྔམ་སྟབས་ཀྱིས། །ཞྭ་སེར་བསྟན་དང་འགྲོ་ལ་འཚེ་བ་ཡི། །ཝ་སྐྱེས་ལྟ་བུའི་བགེགས་ཀྱི་དཔུང་བཅོམ་ནས། །ཛ་ཡའི་བསྟན་པ་སྐྱོང་མཛད་ཁྱོད་ལ་བསྟོད། །ཚ་ཟེར་ཕྲེང་ལྡན་མཐུ་སྟོབས་གདེངས་ཀ་ཡིས། །ཙ་ཏུར་འཕྲིན་ལས་འདབ་བརྒྱའི་ཀེ་ས་ར། །མ་ལུས་ཅིག་ཅར་བཞད་པའི་གྲགས་སྙན་གྱི། །བ་དན་


GTD008_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་རྩེར་གཡོ་བ་ཁྱོད་བསྟེན་ན། །ཕ་ལྟར་བྱམས་ཤིང་མ་བཞིན་བརྩེ་བ་ཡི། །པ་སངས་ལྟར་དཀར་དགྱེས་པའི་འཛུམ་སྟོན་ཅིག །ན་ཚ་འཁྲུག་ལོང་བྱད་ཕུར་འཚེ་བ་ཀུན། །ད་ལྟ་ཉིད་དུ་རྨེག་མེད་དྲུངས་ཕྱུང་སྟེ། །ཐ་གྲུ་ཡངས་པའི་དཔལ་འབྱོར་སྙན་གྲགས་ཚོགས། །ཏ་ལའི་འདབ་ལྟར་རྒྱས་པའི་འཕྲིན་ལས་མཛོད། །ཉ་གང་ཟླ་བ་རྒྱས་པའི་གཟི་བྱིན་ཅན། །ཇ་ཆང་ཕུད་དང་བསང་མཆོད་རྗེས་སུ་འབྲང༌། །ཆ་ལུགས་མ་ངེས་རྣམ་འགྱུར་ཅིར་ཡང་སྟོན། །ཅ་ཅོའི་གདངས་ལྡན་འཁོར་ཚོགས་རྒྱ་མཚོར་བསྟོད། །ང་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས། །ག་ན་གནས་ཀྱང་ལྷ་གཉན་ཆེན་པོ་ཁྱོད། །ཁ་ཙམ་མིན་པར་མཆོད་ཅིང་སྐུལ་བྱེད་ན། །ཀ་རུ་ཎ་ཡིས་སྡོང་གྲོགས་གཡེལ་མེད་མཛོད། །ཅེས་པས་བསྟོད། ལས་ལ་བསྐུལ་བ་ནི། ཀྱཻ། སྣང་སྲིད་དྲེགས་པ་ཡོངས་ཀྱི་རྗེ། །སྔོ་ལ་གཡུ་རྩེ་མཐུ་བོ་ཆེ། །བཀའ་ཡི་ལས་བྱེད་ཕོ་ཉ་བ། །གདུག་པའི་རུ་འདྲེན་དམག་གི་དཔུང༌། །ནམ་མཁའི་དབྱིངས་ན་བྱ་ལྟར་འཕྱོ། །རྒྱ་མཚོའི་གཏིང་ན་ཉ་ལྟར་འགྱུ། །བར་སྣང་ཁམས་ན་རླུང་ལྟར་གཡོ། །སྤྲུལ་བ་ཡང་སྤྲུལ་བསམ་ལས་འདས། །མུན་ནག་ཁམས་ཀྱི་སྤྲིན་རུམ་ན། །གཡུ་འབྲུག་སྔོན་མོ་ལྡི་རི་རི། །གློག་ཞགས་དམར་པོ་ཆ་ལ་ལ། །གནམ་ལྕགས་ཐོག་གི་སེར་བ་འབེབས། །གོ་ཁྲབ་གསེར་འོད་ལམས་སེ་ལམ། །དར་མདུང་རུ་མཚོན་ཟེངས་སེ་ཟེང༌། །ཆོས་ཆོས་དེ་ནི་དགྲ་ལ་ཆོས། །དགྲ་བོའི་ཡུལ་འཁོར་ཐལ་བར་རློག །གསོལ་ལོ་མཆོད་དོ་མཐུ་མ་ཆུང༌། །བརྔན་ནོ་རྦད་དོ་རྩལ་མ་ཞན། །མ་ཉེས་ཁོན་དུ་འཛིན་བྱེད་ཅིང༌། །


GTD008_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ལ་སྡང་བའི་དགྲ་བོ་འདིས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །ཡི་དམ་ཆོས་སྲུང་ཁྱད་དུ་བསད། །རྣལ་འབྱོར་བདག་ལ་བརྙས་ཤིང་སྨད། །ཟས་ནོར་ལོངས་སྤྱོད་ཕྲོག་ཅིང་བརྐུས། །བསམ་པ་ཧ་ལའི་དུག་ལྟར་གནག །སྦྱོར་བ་སྤུ་གྲིའི་སོ་ལྟར་རྩུབ། །སྡིག་ཅན་བསྟན་པའི་དགྲ་བོ་འདིའི། །ཕ་རབས་བུ་རྒྱུད་རྩད་ནས་ཆོད། །ཚ་དང་ཡང་རྒྱུད་དྲུངས་ནས་ཕྱུང༌། །རྗེས་མེད་ཐལ་བ་རླུང་ལ་སྐུར། །ལྷ་ཁྱོད་བསྟེན་ཅིང་མཆོད་པ་ཡི། །བདག་ཅག་དཔོན་སློབ་ཡོན་མཆོད་དང༌། །གཉེན་བཤེས་འཁོར་གཡོག་ལོངས་སྤྱོད་ཀུན། །གཉན་གྱི་རྗེ་བོ་འཁོར་བཅས་ལ། །བཅོལ་ལོ་གཉེར་རོ་བདག་མཛོད་ཅིག །ཉིན་གསུམ་རྒྱང་ནས་བྱ་ར་མཛོད། །མཚན་གསུམ་དྲུང་ནས་མེལ་ཚེ་མཛོད། །མི་ནོར་ཕྱུགས་ཀྱི་ཁ་འཛིན་མཛོད། །བྱ་བའི་ལས་ལ་སྡོང་གྲོགས་མཛོད། །བྱེས་སུ་འགྲོ་ན་སྐྱེལ་མ་མཛོད། །ཆུ་དང་འཕྲང་ལ་སྒྲོལ་འདོན་མཛོད། །ནད་དང་གནོད་པའི་གཡུལ་ངོ་བཟློག །བྱད་ཁ་ཕུར་ཁ་དགྲ་ལ་བསྒྱུར། །མི་ནོར་ཕྱུགས་ཀྱི་གོད་འཕྲོ་ཆོད། །ཡོ་སྲོང་ཆད་མཐུད་བརྗེད་པ་སྐུལ། །ཉེས་ཚོགས་རྒུད་པ་ཀུན་དང་སྣོལ། །ལེགས་ཚོགས་བྱ་བ་ཀུན་དང་སྦྱོར། །མཐུ་དང་གཟི་བྱིན་དཔུང་སྐྱེད་ལ། །གྲགས་སྙན་ལྷ་ཡི་རྔ་ཆེན་བརྡུང༌། །ཚེ་བསོད་གཡང་གི་རྒྱ་མཚོ་བསྐྱིལ། །བསམ་དོན་ལྷུན་གྱིས་གྲུབ་པ་དང༌། །ཡུལ་དུ་ཟས་ནོར་ལོངས་སྤྱོད་འཕེལ། །མཐའ་དམག་ལྷ་འདྲེའི་གནོད་པ་ཞི། །ཕན་བདེའི་རྩ་བ་རྒྱལ་བསྟན་དག །འགྲོ་ཀུན་དགའ་བདེས་འཚོ་བར་མཛོད། །མདོར་ན་རྩ་བརྒྱུད་བླ་མའི་བཀའ། །ཁས་བླངས་རྡོ་རྗེའི་ཐ་ཚིག་བཞིན། །གཡེལ་མེད་འཕྲིན་


GTD008_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསྒྲུབ་པ་ཡི། །དུས་ལ་བབ་པོ་ས་མ་ཡ། །ཞེས་དྲག་བསྐུལ་འདི་དུས་དམིགས་བསལ་ཚེ་གཏོང༌། དེ་ནས་གཏང་རག་གི་མཆོད་པ་སྔགས་ཀྱིས་འབུལ་བ་སྔར་བཞིན་ལ། ཀ་དག་སྤྲོས་བྲལ་དབྱིངས་ལས་མ་གཡོས་ཀྱང༌། །ཁ་དོག་མ་ངེས་རྣམ་འགྱུར་ཅིར་ཡང་སྟོན། །ག་ན་གནས་ཀྱང་ལུས་དང་གྲིབ་མ་བཞིན། །ང་ཅག་བསྲུང་ཞིང་སྐྱོང་མཛད་ཁྱོད་ལ་བསྟོད། །ཅེས་པས་བསྟོད། ཡིག་བརྒྱ་བཟླས་ལ། གང་ཡང་བདག་བློ་ཞེས་སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན། ལྷ་གཉན་ཆེན་པོ་བྲིས་སྐུ་དང་དབྱེར་མེད་དུ་བཞུགས། འཁོར་རྣམས་རང་གནས་སུ་གཤེགས་པར་གྱུར། ཞེས་བརྗོད་ཅིང༌། རྟེན་མེད་ན། ལྷ་གཉན་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། དེ་ནས། ཆེ་བའི་ཆེ་མཆོག་སོགས་དཀོན་མཆོག་གསུམ་གྱི་ཤིས་པ་བརྗོད། ཕྱི་རྟེན་སྒེར་དུ་བཅུག་པ་ཡོད་ཚེ། བསྐང་བའི་རྗེས་སུ་རྟ་གཡག་ར་ལུག་སོགས་ལ་དར་གྱི་ཅོད་པན་བཏགས། གོ་ཁྲབ་སྤྱན་གཟིགས་རྣམས་བཤམ་ལ། འཁྱིལ་བའི་སྔགས་ཀྱིས་བསངས་ཏེ། རྟ་འབུལ་བ་ནི། ཧཱུཾ། མྱུར་མགྱོགས་འགྲོས་ཀྱིས་རྒྱ་མཚོའི་གོས་ཅན་ཁྱོན། །ཡུད་ཙམ་གཅིག་ལ་བགྲོད་བྱེད་སྤྲིན་ཤུགས་འཆང༌། །རྔ་རྔོག་དར་གྱི་ཅོད་པན་རབ་གཡོ་བའི། །མཛེས་ལྡན་ཡིད་འོང་རྟ་མཆོག་ཁམ་པ་འདི། །དྲེགས་པའི་ལྷ་གཉན་ཆེན་པོའི་རྟེན་དུ་འབུལ། །བཀའ་ཉན་འཁོར་ཚོགས་རྒྱ་མཚོའི་རྟེན་དུ་འབུལ། །རྟེན་ལས་མ་འདའ་འབེན་ལས་མ་གཡོ་བ། །བློ་བཟང་རྒྱལ་བསྟན་ཕྱོགས་བརྒྱར་དར་བ་དང༌། །རྣལ་འབྱོར་བདག་ཅག་རྒྱུ་སྦྱོར་འཁོར་བཅས་ཀྱི། །ཚེ་དཔལ་བསོད་ནམས་སྙན་གྲགས་རྒྱས་པར་


GTD008_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །གཡག་ལ། དབང་སྔོན་རྡོ་རྗེའི་རྨིག་རྩེའི་ཟློས་གར་གྱིས། །ནོར་འཛིན་བུ་མོའི་བཞིན་རས་འདར་བྱེད་ཅིང༌། །རོ་འཛིན་གློག་གི་རྩེ་དགའ་རྒོད་པ་ཅན། །འཇིགས་རུང་ངར་སྒྲ་སྒྲོགས་པའི་ཞོལ་གཡག་འདི། །དྲེགས་པའི་ལྷ་གཉན་ཆེན་པོའི་ཞེས་སོགས་ཚིག་ཕྱི་མ་རྣམས་འདྲ། ལུག་ལ། ཡིད་འོང་ཆུ་འཛིན་འཕྲེང་བའི་བླ་གོས་གྱོན། །བཻ་ཌཱུར་ལྗོན་པ་རླུང་གིས་བསྐྱོད་པ་བཞིན། །ཡིད་འོང་རྭ་བཞི་འཁྱིལ་བའི་ལྷ་ཡི་ལུག །སྣ་ཚོགས་དར་གྱི་རྒྱན་མང་སྤྲས་པ་འདི། །དྲེགས་པའི་ཞེས་སོགས་དང༌། ར་ལ། ཨག་ཚོམ་ལྗོན་པའི་ལོ་འདབ་རབ་གཡོ་ཞིང༌། །ཡན་ལག་ཀུན་ཚང་སྤྱི་གཙུག་འདབ་བརྒྱའི་རྩེར། །ཡིད་འོང་རྭ་ཟུང་བུང་བའི་འཕུར་ལྡིང་འཛིན། །འབའ་སྒྲའི་དབྱངས་སྙན་སྒྲོགས་པའི་ལྷ་ར་འདི། །དྲེགས་པའི་སོགས་དང། གོ་ཁྲབ་ལ། མི་བཟད་གནམ་ལྕགས་ཐོག་ཆེན་སྟོང་ཕབ་ཀྱང༌། །འབིགས་མེད་ཕ་རོལ་གཡུལ་ལས་རྒྱལ་བྱེད་པའི། །རྡོ་རྗེའི་ཁྲབ་ཆེན་ཞོལ་བཏགས་རྨོག་དཀར་དང༌། །སྲ་བརྟན་ཕུབ་སོགས་རྣམ་མང་གོ་ཆའི་ཚོགས། །དྲེགས་པའི་སོགས་དང༌། རྣོ་མཚོན་ལ། དགྲ་སྡེའི་སྲོག་དབང་གནམ་ལྕགས་ལྟ་བུ་ཡང༌། །སྐད་ཅིག་ཙམ་གྱིས་རྡུལ་ཕྲན་གནས་འགོད་ཅིང༌། །ཞོ་འཐུང་རུས་པའི་སྙེམས་པ་འཕྲོག་བྱེད་པའི། །མདའ་མདུང་རལ་གྲི་ལ་སོགས་མཚོན་ཆའི་རིགས། །དྲེགས་པའི་༝། བཀའ་༝། རྟེན་༝། བློ་བཟང་༝། རྣལ་འབྱོར་༝། ཚེ་དཔལ་བསོད་ནམས་སྙན་གྲགས་རྒྱས་པར་མཛོད། །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པར་བྱའོ། །སྨྲས་པ། མངོན་འདོད་གྲུ་གཟིངས་སྔོན་དགེའི་བ་དན་ཅན། །དྲེགས་པའི་མཐུ་
དཔུང་དྲི་བཞོན་གྱིས་བསྐུལ་ན། །རྒྱ་ཆེན་ལེགས་བྱས་རྒྱ་མཚོའི་ཕ་རོལ་ཏུ། །ཕྱིན་པར་ངེས་པས་ཚུལ་འདི་བརྟེན་པར་རིགས། །སྡང་སེམས་ཁོ་ནས་རྦད་པར་འདོད་པ་དང༌། །མངོན་འདོད་ཙམ་གྱིས་འགྲུབ་པར་རེ་བ་ཡང༌། །རྒྱུ་འབྲས་ངང་ཚུལ་ཤར་ནུབ་རྒྱ་མཚོའི་མཐའ། །བྱིས་པའི་འདོམ་གྱིས་གཞལ་འདོད་རྨོངས་པའི་རྟགས། །ལེགས་བཤད་ཚོན་བརྒྱའི་རང་མདངས་ལྷན་སྐྱེས་སུ། །བཀྲ་བ་བདག་བློ་དབང་གཞུའི་མཚམས་སྦྱོར་གྱིས། །ལྷ་ཆེན་ཐུགས་ཀྱི་མཁའ་དང་ཡངས་པའི་ལྗོངས། །དགེ་ལེགས་མཛའ་གཅུགས་སྣང་བས་འབྲེལ་གྱུར་ཅིག །ཅེས་ལྷ་གཉན་ཆེན་པོ་སྔོ་ལ་གཡུ་རྩེའི་གསོལ་མཆོད་རྒྱས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ་འདི་ནི་དད་བརྩོན་ལྡན་པ་དགེ་སློང་དཀོན་མཆོག་ལྷུན་གྲུབ་ཀྱིས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བའི་ངོར་༸ཆོས་སྨྲ་བའི་སྤོབས་པ་དགེ་བ་ཅན་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་དུ་བྲིས་པའོ། །


previousལྷ་གཉན་གཡུ་རྩེའི་གསོལ་མཆོད་སོགས།next