Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
  
  
  
  
  
  
  
 
  
  
 
  
  
རྒྱལ་བ་མ་ཕམ་མགོན་པོ་ལ་མདོ་ཆོག་གི་ལུགས་བཞིན་མཆོད་ཚུལ་སོགས་བཀའ་རྩོམ་སྣ་ཚོགས་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ།
  
  
  
  
  
  
  
  
 expand section
  
  
  
  
  
  


6 occurrences of འ་འུར་
[Clear Hits]

 
previousརྒྱལ་བ་མ་ཕམ་མགོན་པོ་ལ་མདོ་ཆོག་གི་ལུགས་བཞིན་མཆོད་ཚུལ་སོགས་བཀའ་རྩོམ་སྣ་ཚོགས་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ།next

རྒྱལ་བ་མ་ཕམ་མགོན་པོ་ལ་མདོ་ཆོག་གི་ལུགས་བཞིན་མཆོད་ཚུལ་སོགས་བཀའ་རྩོམ་སྣ་ཚོགས་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ།


GTD008_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་མ་ཕམ་མགོན་པོ་ལ་མདོ་ཆོག་གི་ལུགས་བཞིན་མཆོད་ཚུལ་སོགས་བཀའ་རྩོམ་སྣ་ཚོགས་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས་སོ། །


GTD008_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་རྒྱལ་བ་ཀུན་གྱི་བྱམས་བརྩེའི་ཐུགས། །མཚན་དཔེའི་དཔལ་འབར་གཟུགས་ཀྱི་སྐུར་བཞེངས་པ། །མ་ཕམ་མགོན་དང་ཡབ་རྗེ་བློ་བཟང་གྲགས། །དབྱེར་མེད་ཐུགས་རྗེས་བྱང་ཆུབ་བར་དུ་སྐྱོངས། །གང་གི་ཐུགས་རྗེ་བྱིན་རླབས་བདུད་རྩིའི་ཆུས། །ཡིད་ཀྱི་བུམ་བཟང་གང་བར་འདོད་པ་རྣམས། །མགོན་དེའི་ཞབས་རྡུལ་བསྙེན་ཅིང་མཆོད་པའི་ཚུལ། །མདོ་ཆོག་སྙིང་པོར་དྲིལ་ཏེ་འགོད་པར་བྱ། །དེའང་རྗེ་བཙུན་བྱམས་མགོན་དང་རྗེ་བླ་མའི་སྐུ་བརྙན་བྲིས་འབུར་ཅི་རིགས། ཤེར་ཕྱིན་གྱི་མདོ་སྡེ་བྱམས་ཆོས་ལྔ་སོགས་ཀྱིས་གཙོས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལེགས་པར་དགྲམ། གཙང་ཞིང་གྱ་ནོམ་པའི་མཆོད་པ་ཕུན་སུམ་ཚོགས་པ་བཤམ། ཐེག་ཆེན་གསོ་སྦྱོང་དང་འབྲེལ་པ་བྱེད་ན་ཐོ་རངས་ལག་རིས་མཐོང་བའི་ཚོད་ཙམ་དུ་བླ་མའམ་རྟེན་གྱི་དྲུང་དུ་ལེན་ཅིང༌། མཐའ་གཅིག་ཏུ་དགོས་པའི་ངེས་པ་མེད། ཀུན་སློང་ལེགས་པར་བཅོས་ཏེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་པ་བྱས་ལ་གནས་དང་ཡོ་བྱད་སོགས་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་


GTD008_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་རྒྱལ་བ་མ་ཕམ་མགོན་པོ་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་གང་དུ་སྤྱན་འདྲེན་པའི་གནས་འདི་ཉིད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བྱམས་མགོན་ཉིད་ཀྱི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་ལས་གྲུབ་པའི་ཞིང་ཁམས་ཡིད་དགའ་ཆོས་འཛིན་ལྟ་བུ་ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ་དྲི་མ་མེད་ཅིང་འོད་གསལ་བ། ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་བསུང་ངད་དང་ལྡན་པའི་ལྷའི་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩིགས་པ། གསེར་དང་དངུལ་དང་མུ་ཏིག་གི་ཕྱེ་མ་སྦྲམ་བུར་བརྡལ་བ། ཨུཏྤ་ལ་དང༌། ཀུ་མུ་ད་དང༌། པདྨ་


GTD008_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིང་ཞིང་ལྡེམ་པས་ཁེབས་པ། ཆུ་བྱ་སྣ་ཚོགས་ལྡིང་བའི་མཚོ་དང་རྫིང་བུའི་ཚོགས་ཀྱིས་མཛེས་ཤིང༌། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དཔག་བསམ་གྱི་ལྗོན་པ་ཚར་དུ་དངར་བས་ཡོངས་སུ་བསྐོར་བ་དང༌། དེའི་དབུས་སུ་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་པ་རྒྱ་ཡོངས་སུ་མ་ཆད་པ་ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། རྒྱལ་བ་སྲས་དང་བཅས་པ་ཆོས་ཀྱི་དགའ་བདེས་རོལ་པའི་གནས་ཕུན་སུམ་ཚོགས་པར་གྱུར། དེའི་དབུས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པད་ཟླའི་གདན་དང་བཅས་པ། གཡས་གཡོན་དུ་རིན་པོ་ཆེའི་ཁྲིའུ་ཆུང་དུ་མ་དང་བཅས་པ། དེའི་མཐའ་སྐོར་ཕྱོགས་མཚམས་ཀུན་ཏུ་མཆོད་པའི་སྤྲིན་གྱི་ཕུང་པོ་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང༌། ན་བཟའ་དང༌། རྒྱན་དང་རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་ཕུང་པོ་གསུམ་པའི་མདོ་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་ལས་གྱུར་པའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་ཀྱང་གདན་འཛོམས་ནས་དེ་བཞིན་དུ་བྱིན་གྱིས་བརླབས་


GTD008_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་བཟླ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏཱ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱཱ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱཧཱ། ཞེས་ལན་གསུམ་མམ་བདུན་སོགས་བརྗོད། ཡང༌། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་ཉིད་དུ་གྱུར་ཅིག །ཅེས་ལན་གསུམ་བཟླས། དེ་ནས་མ་ག་དྷ་བཟང་མོའི་རྟོགས་བརྗོད་ལྟར་མགྲོན་གྱི་ཚུལ་དུ་སྤྱན་འདྲེན་པ་ལ་ཐོག་མར་གང་དུ་བཞུགས་པའི་གནས་གསལ་འདེབས་དགོས་པས། བསྐལ་བཟང་རྣམ་འདྲེན་རྒྱལ་བ་མཐའ་དག་གིས། །བཅུ་གཉིས་མཛད་པའི་རོལ་གར་བསྒྱུར་བའི་གནས། །ཛམྦུའི་པྲྀཀྵའི་ལྗོན་པས་མཚན་པ་ཡི། །ལྷོ་གླིང་ལས་ཀྱི་ས་པ་འདི་ཡི་སྟེང༌། །དཔག་ཚད་སུམ་འབུམ་ཉི་ཁྲི་བརྒལ་བ་ན། །འདོད་པའི་ལྷ་གནས་བཞི་པ་དགའ་ལྡན་དང༌། །དེ་ཡི་ལོགས་སུ་གྲོང་ལས་དགོན་པའི་ཚུལ། །རྒྱལ་བའི་ཞིང་མཆོག་ཡིད་དགའ་ཆོས་འཛིན་ཞེས། །མ་ཕམ་མགོན་གྱི་ཐུགས་བསྐྱེད་ལས་གྲུབ་པ། །དག་པའི་ཞིང་གི་སྣོད་བཅུད་འབྱོར་བའི་དཔལ། །མ་ཚང་མེད་པས་ཡོངས་སུ་བརྒྱན་པའི་དབུས། །ཆོས་ཀྱི་ཕོ་བྲང་རྒྱལ་མཚན་མཐོན་པོ་རུ། །


GTD008_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ལྔ་འབར་བས་བཏེག་པའི་ནོར་བུའི་ཁྲིར། །སྟོབས་བཅུའི་དཔལ་མངའ་རྒྱལ་ཚབ་བྱམས་པ་མགོན། །ནམ་མཁའ་དྲི་མེད་འཇམ་དཔལ་སྙིང་པོ་སོགས། །རྒྱལ་སྲས་རྒྱ་མཚོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །འགག་མེད་ཚངས་པའི་དབྱངས་ཀྱིས་ཟབ་རྒྱས་ཆོས། །ལྷང་ལྷང་འདོམས་ཤིང་དགྱེས་བཞིན་བཞུགས་པ་རྣམས། །རིང་ནས་གོམས་པའི་ཐུགས་བསྐྱེད་ཉེར་དགོངས་ཏེ། །བདག་སོགས་མགོན་དུ་ཉེ་བར་འབྱོན་པར་རིགས། །ཞེས་སྙན་གསན་དབབ། མ་ལུས་སེམས་ཅན། ཞེས་པ་ནས། དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །གང་འདིར༌། ནས། གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ། ཇི་ལྟར་བལྟམས་པ། རྒྱལ་བའི་སྐུ་གསུང་ཐུགས་ལ། ཁྱེད་སྐུ་རང་བཞིན། འདི་ནི་ཁྲུས་མཆོག །འདི་ནི་སྦྱིན་པའི་ཞེས་སོགས་དང༌། དེ་བཞིན་གཤེགས་དང་དེ་ཡི་སྲས་ཞེས་སོགས་ཚིགས་བཅད་རྣམས་ཀྱི་མཐར་སྔགས་སྦྱར་བ་རེ་རེའམ་གཉིས་གསུམ་གྱི་མཚམས་སུ། དེ་དག་སྐུ་ལ་ཞེས་སོགས་ཀྱིས་སྐུ་དབྱི། སྟོང་གསུམ་ཀུན་ཏུ་ཞེས་སོགས་ཀྱིས་གོས་རྒྱན་གང་བུམ་རྣམས་དབུལ། ཁྲུས་ཁང་ནས་ཚུར་བྱོན་ཏེ་མདུན་གྱི་ནམ་མཁར་སེང་གེའི་ཁྲི་སོགས་ལ་བཞུགས་པར་མོས་ཤིང༌། ཕུན་ཚོགས་གཟི་འོད་ཕྱོགས་བཅུར་རབ་ཏུ་འཕྲོ། །ཞེས་པ་ནས། མ་ཕམ་མགོན་པོའི་དབུ་ལ་ཕུལ་བ་ཡིས། །ཞེས་སོགས་ཀྱིས་དབུ་རྒྱན་ཕུལ། བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་དོན་མཛད་པ། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ནས། ཕྱག་འཚལ་མཆོད་པར་བགྱི། །རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་ཡོན་རྒྱ་མཚོ་ཞེས་སོགས་དང༌། ཞིང་འདི་འཁོར་ལོ་རིན་ཆེན་


GTD008_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཞེས་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་རྣམས་འབུལ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞེས་པ་ནས། ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ལོང་ཡོད་ན་ལྟུང་བཤགས་སྤྱི་བཤགས་ཀྱང་འདོན། དེ་ནས། འདོད་ཆགས་ཞེ་སྡང༌། ཞེས་པ་ནས། བྱང་ཆུབ་ཆེན་པོར་བསྔོ། །ཞིང་ཁམས་འབུལ་བར་ཞུ། ཨོཾ་བཛྲ་བྷུ་མི་ཨཱཿ ཧཱུཾ། ཞེས་སོགས་ནས། ཞིང་ཁམས་རྣམ་པར་དག་པ་འདི་ཉིད་རྒྱལ་བ་མ་ཕམ་མགོན་པོ་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཟབ་པ་དང་རྒྱ་ཆེ་བའི་མངོན་པར་རྟོགས་པ་མཐའ་དག་གེགས་མེད་དུ་སྐྱེས་ཏེ་འབྲས་བུ་སྐུ་བཞིའི་གོ་འཕང་བདེ་བླག་ཏུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་ཀྱིས་མཎྜལ་རྒྱས་པ་དབུལ། དེ་ནས་རྒྱལ་བ་བྱམས་པ་མགོན་པོ་དགྱེས་པའི་འཛུམ་ཞལ་མངོན་པར་བསྟན་ཏེ། རྒྱལ་བའི་ཡུམ་རྣམ་པ་གསུམ་གྱི་དགོངས་པའི་དོན་ལྷང་ལྷང་འདོམས་པར་མཛད་ཅིང། རང་གི་རྒྱུད་ལའང་དེ་དང་དེའི་དོན་རྟོགས་པའི་བག་ཆགས་ཁྱད་པར་ཅན་བཞག་བྱུང་སྙམ་པའི་དམིགས་པ་དང་བཅས་མངོན་རྟོགས་རྒྱན་དང་བྱམས་ཆོས་གཞན་བཞིའང་ཇི་ལྟར་འཚམ་པ་བཀླགས་པའི་མཐར། དེའི་དགོངས་དོན་ལམ་གྱི་རིམ་པའི་རྟོགས་པ་མཐའ་དག་རྒྱུད་ལ་སྐྱེ་བའི་དམིགས་པ་དང་བཅས་ཟབ་ཡངས་མ་དང་བྱིན་རླབས་སྤུངས་ཞུས་སམ་ཡོན་ཏན་གཞིར་གྱུར་མ། ལམ་རིམ་སྨོན་ལམ་སོགས་བསྔོ་བའི་མཚམས་སྦྱོར་ནན་ཏན་བྱ། དེ་ནས་འཁོར་རྣམས་གཙོ་བོ་ལ་བསྡུ། བྱམས་མགོན་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་གར་བཞུགས་པར་བསམས་ལ། ཚེ་རབས་ཀུན་ཏུ་མི་འབྲལ་བར་རྗེས་སུ་འཛིན་པའི་སྨོན་པ་ཤུགས་དྲག་པོ་དང་བཅས་བྱམས་པས་དམ་བཅའི་གཟུངས་གང་མང་བཟླས་ལ་བྱམས་སྨོན་གདོན་པ་དང་དགེ་ཚོགས་མཐའ་དག་བསྟན་པ་རྒྱས་པའི་རྒྱུར་བསྔོ་བས་རྒྱས་གདབ་པར་བྱའོ། །བློ་བཟང་རྒྱལ་བའི་ཐུགས་རྗེའི་གྲུ་གཟིངས་ལ། །བརྟེན་ནས་དགའ་ལྡན་ཆོས་
ཀྱི་ཞིང་མཆོག་དེར། །སྐྱེས་ཤིང་མ་ཕམ་མགོན་གྱིས་རྗེས་བཟུང་སྟེ། །ཡང་དག་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག ། ཅེས་རྒྱལ་བ་མ་ཕམ་མགོན་པོ་ལ་མདོ་ཆོག་གི་ལུགས་བཞིན་མཆོད་ཅིང་གསོལ་བ་གདབ་པའི་རིམ་པ་འདི་ནི་ཧལ་ཧ་དོ་ལོད་ཤོག་གི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་དཀོན་མཆོག་གྲགས་པས་ཡུལ་མཐའ་དེར་བསྟན་པའི་རྨང་གཞི་འཛུག་པའི་ལྷག་བསམ་རྣམ་དག་གིས་བསྐུལ་བ་བཞིན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་སྔགས་རམས་པ་དཀོན་མཆོག་ཀུན་དགའ་འོ།། །།


previousརྒྱལ་བ་མ་ཕམ་མགོན་པོ་ལ་མདོ་ཆོག་གི་ལུགས་བཞིན་མཆོད་ཚུལ་སོགས་བཀའ་རྩོམ་སྣ་ཚོགས་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ།next