Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགའ་ལྡན་ལྷ་བརྒྱ་མ་དང་སྦྱོར་བའི་ཆོས་དྲུག་དཀྱུས་གཅིག་ཏུ་ཉམས་སུ་ལེན་ཚུལ།
   
   
   
   
   
   
   
  expand section
   
   
   
   
   
   


 
previousདགའ་ལྡན་ལྷ་བརྒྱ་མ་དང་སྦྱོར་བའི་ཆོས་དྲུག་དཀྱུས་གཅིག་ཏུ་ཉམས་སུ་ལེན་ཚུལ།next

དགའ་ལྡན་ལྷ་བརྒྱ་མ་དང་སྦྱོར་བའི་ཆོས་དྲུག་དཀྱུས་གཅིག་ཏུ་ཉམས་སུ་ལེན་ཚུལ།


GTD008_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

༈ དགའ་ལྡན་ལྷ་བརྒྱ་མ་དང་སྦྱོར་བའི་ཆོས་དྲུག་དཀྱུས་གཅིག་ཏུ་ཉམས་སུ་ལེན་ཚུལ་ལམ་བཟང་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །ཐུབ་བསྟན་ཡོངས་སུ་རྫོགས་པའི་ཁུར་འཛིན་པར། །འཕགས་ཡུལ་རྒྱལ་བ་གཉིས་པ་ཀླུ་སྒྲུབ་ལས། །འཛམ་གླིང་འདི་ན་མཚུངས་ཟླ་གཞན་མེད་པ། །བློ་བཟང་རྒྱལ་བ་གཉིས་པར་སྙིང་ནས་འདུད། །གང་ལ་བརྟེན་ན་སྲིད་ཞིའི་འཇིགས་མཚོ་ལས། །ཡུད་ཀྱིས་བགྲོད་ཕྱིར་སྦྱོར་བའི་ཆོས་ཀྱི་གཟིངས། །བོགས་འབྱིན་ཟབ་མོའི་རྣལ་འབྱོར་བ་དན་གྱིས། །མཛེས་པར་སྐལ་བཟང་དོན་མཐུན་འཇུག་པར་མཛོད། །དེའང་བྱང་ཆུབ་ལམ་རིམ་ཆེན་མོའི་དངོས་ཟིན་ལྟར་བཤེས་གཉེན་བསྟེན་ཚུལ་གྱི་རིམ་པ་སྔོན་འགྲོ་སྦྱོར་བའི་ཆོས་ཀྱི་ཁོངས་སུ་བསྡུས་ཏེ་ཉམས་སུ་ལེན་ཚུལ་ཀུན་གཟིགས་ལྔ་པ་ཆེན་པོས་འཇམ་དཔལ་ཞལ་ལུང་དུ་གསལ་བར་མཛད་པ་དང༌། ཡང་ལམ་རིམ་གྱི་དགོངས་པ་ཡོན་ཏན་རིན་པོ་ཆེ་སྡུད་པར། ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་སྦྱོར་བའི་ཆོས་དྲུག་གི་སྒོ་ནས་སྐྱབས་ཡུལ་རྣམས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་ཏེ་རྒྱུ་སྣོད་རུང་དུ་བྱས་པ་ལ། དངོས་གཞི་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་རྟོགས་པ་སྐྱེས་ནས་བཀའ་བཞིན་སྒྲུབ་པ་འབྱུང་བར་གསུངས་པའི་མན་ངག་གིས་སྦྱོར་བའི་ཆོས་དྲུག་སྔོན་དུ་བཏང་ནས་གཟོད་བཤེས་གཉེན་སྟེན་ཚུལ་གྱི་དམིགས་སྐོར་སྐྱོང་བར་གསུངས་པ་གཉི་ག་རྗེ་བླ་མའི་དགོངས་པ་ཡིན་པས། རྗེས་འཇུག་སོ་སོས་རང་རང་གི་མོས་པ་བཞིན་ལག་ཏུ་བླང་ཆོག་ལ། འདིར་འཇུག་པ་བདེ་བའི་ཕྱིར་འཇམ་དཔལ་ཞལ་ལུང་གི་ལུགས་


GTD008_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དཀྱུས་གཅིག་ཏུ་དྲིལ་ནས་ལག་ཏུ་ལེན་ཚུལ་ནི། ཚོགས་ཞིང་སྤྱན་འདྲེན་རྒྱུར་བཀུར་སྟིའི་བསམ་པ་དང༌། རང་གི་སྒྲིབ་པ་སྦྱོང་ཞིང་ཞིང་སྦྱོང་བའི་དམིགས་པ་སོགས་དང་བཅས་ཆུ་གཙང་གིས་ཆག་ཆག་བཏབ་སྟེ་གནས་ཁང་བྱི་དོར་བྱས་ལ་རྗེ་བླ་མའི་སྐུ་བྲིས་འབུར་ཅི་རིགས་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། ཆུ་གཙང་གི་ཡོན་ཆབ་ཚུལ་བཞིན་དུ་བཤམ། མེ་ཏོག་བདུག་སྤོས་མར་མེ་ལྷ་བཤོས་སོགས་གང་ལེགས་དང༌། འཕན་གདུགས་རོལ་ཆ་སོགས་ཅི་འབྱོར་བའི་མཆོད་པ་བཤམ། བདེ་བའི་སྟན་ལ་རྣམ་སྣང་གི་ཆོས་བདུན་ལྡན་དུ་འཁོད་དེ་རང་རྒྱུད་ལ་ལེགས་པར་བརྟག །དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་འདི་ལྟར་གདོན་པར་བྱའོ། །རྩེ་གཅིག་དད་པས་རང་གི་སྡིག་ལྟུང་དང༌། །ལྷན་ཅིག་བྱི་དོར་བྱས་པ་གཙང་མའི་གནས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་བསྟར་བའི་དབུས། །སྐྱབས་ཡུལ་མ་ལུས་དགྱེས་བཞིན་བཞུགས་པར་གྱུར། །བསླུ་མེད་རིན་ཆེན་གསུམ་གྱི་ངོ་བོ་ཉིད། །དངོས་བརྒྱུད་བླ་མ་རྣམས་ལ་སྐྱབས་སུ་མཆི། །སྤངས་རྟོགས་མཐར་སོན་སྐུ་བཞིའི་བདག་ཉིད་མཆོག །སྟོན་པ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །འགོག་ལམ་ཡོན་ཏན་སྡེ་སྣོད་གསུམ་དང་བཅས། །སྐྱོབ་པ་དམ་ཆོས་རྣམས་ལ་སྐྱབས་སུ་མཆི། །རིག་གྲོལ་བརྒྱད་ལྡན་བསོད་ནམས་ཞིང་གི་མཆོག །འདྲེན་པ་དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང༌། །ཆོས་སྐྱོང་སྲུང་མ་རྣམས་ལ་སྐྱབས་སུ་མཆི། །ཁྱད་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །ཡབ་སྲས་བརྒྱུད་པར་བཅས་ལ་སྐྱབས་སུ་མཆི། །བླ་མ་ལྷ་ཡི་གོ་འཕང་མྱུར་ཐོབ་ནས། །མཁའ་མཉམ་འགྲོ་ཀུན་སྲིད་ལས་བསྒྲལ་བར་བྱ། །ཞེས་སྐྱབས་འགྲོའི་ཚིག་རྣམས་ལན་མང་དུ་བརྗོད་ཅིང་བདུད་རྩི་འབེབ་སྦྱང་གི་དམིགས་པས་སྐྱབས་ཡུལ་སོ་སོ་ལ་བརྟེན་པའི་ཉེས་པ་བྱང་སྟེ་དེ་དང་དེའི་བྱིན་རླབས་ཞུགས་པས། དེ་དང་དེའི་སྐྱབས་འོག་ཏུ་ཆུད་པར་བསམ། དེ་ནས་རྗེ་བླ་མ་ཡབ་སྲས་སོགས་ཚོགས་ཞིང་རྣམས་མ་ག་དྷ་


GTD008_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མོའི་རྟོགས་བརྗོད་བཞིན་སྤྲུལ་བའི་བཀོད་པ་མཐའ་ཡས་པ་དང་བཅས་མགྲོན་ཐབས་སུ་སྤྱན་དྲངས་པར་བསམས་ལ། དགའ་ལྡན་ལྷ་བརྒྱའི། ནས། གཤེགས་སུ་གསོལ། །འཇམ་མགོན་ཡེ་ཤེས་ལྔ་ཡི་སྒྱུ་འཕྲུལ་གར། །ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དང༌། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་ཚོགས་བཅས། །སྐྱབས་གནས་མ་ཚང་མེད་པ་གནས་འདིར་གཤེགས། །ཞེས་ཚོགས་ཞིང་སྤྱན་དྲངས་ཏེ་མདུན་དུ་བཞུགས་པའི་རྣམ་པ་གསལ་གདབ། སྐྱབས་ཡུལ་དེ་ཐམས་ཅད་ཀྱང་རྗེ་བླ་མའི་ཐུགས་རྗེ་སྒྱུ་འཕྲུལ་ཁོ་ན་དང༌། དེའང་ད་ལྟ་རང་ལ་དངོས་སུ་སྣང་དུ་ཡོད་པ་རང་གི་དྲིན་ཅན་རྩ་བའི་བླ་མ་འདི་ཉིད་ཡིན་ཚུལ་དང༌། རྒྱལ་བ་རྡོ་རྗེ་འཆང་གིས་སྙིགས་དུས་བཤེས་གཉེན་གྱི་ཚུལ་དུ་འབྱོན་པར་གསུངས་པའང་འདི་ཉིད་ཡིན་ཚུལ་བསམས་ཏེ། ཐུབ་པའི་དབང་པོ། རྗེ་བླ་མ། རང་གི་རྩ་བའི་བླ་མ་གསུམ་དབྱེར་མི་ཕྱེད་པའི་དད་གུས་སྦྱོང་ཞིང་སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་རྗེས་སུ་དྲན་པ་དང༌། སྦྱོར་བས་བསྟེན་ཚུལ་ཁྲུས་དང་བསྐུ་མཉེ་སོགས་ཀྱི་དོད་དུ་ཁྲུས་གསོལ་བྱེད་པ་ཞལ་ལུང་གི་ལུགས་ཡིན་པས། ཁྲུས་ཀྱི་ཁང་པ། ཞེས་པ་ནས། སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་ཤོག །ཅེས་པའི་བར་གྱིས་ཁྲུས་གསོལ་ཞིང་གོས་དང་རྒྱན་འབུལ་བ་སོགས་དཀྱུས་བཞིན་བྱ། སླར་ཡང་ཚོགས་ཞིང་གི་གདན་ཁྲི་སོ་སོ་ལ་བཞུགས་པར་མོས་ཏེ། མདུན་གྱི་ནམ་མཁར་སེང་ཁྲི། ཞེས་པ་ནས། གསལ་བྱེད་ཤོག །ཅེས་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་རྒྱུད་དང་འདྲེས་ངེས་སུ་བྱ། མཎྜལ་རྒྱས་བསྡུས་ཅི་རིགས་ཕུལ་ཏེ་མཇུག་ཏུ། བདག་སོགས་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཐམས་ཅད་རིན་ཆེན་མཎྜལ་བཟང་པོ་མཁོ་དགུའི་ཡོ་བྱད་མ་ཚང་བ་མེད་པའི་རྣམ་པར་སྤྲུལ་ཏེ་དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྒྱལ་བ་བློ་བཟང་གྲགས་པ་ཡབ་སྲས་ཡི་དམ་སངས་རྒྱས་བྱང་སེམས་དཔའ་


GTD008_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཞེས་སུ་གསོལ། བཞེས་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བཤེས་གཉེན་ལ་མ་གུས་པ་ནས་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་བར་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། བཤེས་གཉེན་ལ་གུས་པ་ནས་བདེན་གཉིས་དབྱེར་མེད་རོ་གཅིག་པའི་བར་གྱི་ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དོན་ཆེན་པོ་གསུམ་གྱི་སྒོ་ནས། གསོལ་བ་བཏབ་པས་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས་ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་རྟོགས་པ་མཐའ་དག་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམས་ཏེ་མ་ཡེངས་པའི་སྒོ་ནས་དམིགས་བརྩེ་མ་ཅི་འགྲུབ་བཟླ། དཔལ་ལྡན་རྩ་བའི་བླ་མ་ཞེས་སོགས་ཀྱི་ཚེ་སྐྱབས་ཡུལ་རྣམས་བསྡུས་ཏེ་རྗེ་བླ་མར་བསྟིམ་ཞིང༌། དེ་རང་གི་སྙིང་གར་རང་སེམས་དང་དབྱེར་མེད་དུ་བཞུགས་པར་བསམས་ལ་བསྔོ་བས་རྒྱས་གདབ་པ་སོགས་སྤྱི་ལྟར་བྱའོ། །ཞེས་པ་འདི་ནི་བསྟན་པའི་གསལ་བྱེད་མཁར་སྔོན་ཆོས་སྐྱབས་ཏི་ཡཱན་ཆིའི་སྤྲུལ་བའི་སྐུ་དཀོན་མཆོག་བསྟན་འཛིན་རྒྱ་མཚོ་དང༌། ཨོར་དུ་སུ་ཧང་གིན་བཻ་ཟིའི་ཤོག་གི་ལྷག་བསམ་དགེ་བ་དགེ་སློང་
དཀོན་མཆོག་དཔལ་བཟང༌། ཨོར་དུ་སུ་ཨོ་ཐོག་བཻ་ལིའི་ཤོག་དགེ་སློང་ངག་དབང་དཔལ་འབྱོར་བཅས་ཀྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousདགའ་ལྡན་ལྷ་བརྒྱ་མ་དང་སྦྱོར་བའི་ཆོས་དྲུག་དཀྱུས་གཅིག་ཏུ་ཉམས་སུ་ལེན་ཚུལ།next