Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
  
  
  
  
  
  
  
 
  
  
 
  
  
  
  
དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བར་རིགས་གསུམ་མགོན་པོའི་བཟླས་བརྗོད་བྱེད་ཚུལ།
  
  
  
  
  
  
 expand section
  
  
  
  
  
  


6 occurrences of འ་འུར་
[Clear Hits]

 
previousདགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བར་རིགས་གསུམ་མགོན་པོའི་བཟླས་བརྗོད་བྱེད་ཚུལ།next

དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བར་རིགས་གསུམ་མགོན་པོའི་བཟླས་བརྗོད་བྱེད་ཚུལ།


GTD008_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བར་རིགས་གསུམ་མགོན་པོའི་བཟླས་བརྗོད་བྱེད་ཚུལ་བྱིན་རླབས་གཏེར་ཆེན་ཞེས་བྱ་བ་བཞུགས་སོ། །རྒྱལ་རྣམས་འགྲོ་ཀུན་སྐྱབས་སུ་འོས་པའི་རྒྱུ། །མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་དང༌། །སྐྱོབ་པའི་ནུས་མཐུ་ལྷག་པའི་ལྷར་ཤར་བ། །འཕགས་མཆོག་རིགས་གསུམ་མགོན་ལ་གུས་བཏུད་ནས། །ཟབ་མོ་བླ་མའི་ལམ་གྱིས་གཞུང་བསྲངས་ཏེ། །དེ་ཡི་སྒྲུབ་པ་མདོར་བསྡུས་སྤེལ་བར་བྱ། །དེའང་རང་གིས་བྱིན་རླབས་ཞུ་བ་ཙམ་ལ་རྗེ་བླ་མ་མགྲོན་ཐབས་སུ་སྤྱན་དྲངས་པའི་གནས་གསུམ་དུ་རིགས་གསུམ་མགོན་པོ་གསལ་བཏབ་པས་ཆོག་ལ། བུམ་ཆོག་སོགས་ཀྱི་སྒོ་ནས་རང་གཞན་གྱི་དོན་བྱེད་པར་སྔོན་དུ་དམ་ཚིག་པ་བསྐྱེད་དེ་ཡེ་ཤེས་པའི་ཚུལ་དུ་སྤྱན་འདྲེན་དགོས་ཤིང༌། རང་ཉིད་ཀྱང་ལྷའི་ང་རྒྱལ་ལ་གནས་པ་དགོས། བདག་བསྐྱེད་རྗེ་བླ་མ་ལ་བྱེད་པར་ཚད་ལྡན་འགའ་ཞིག་གིས་གསུངས་ལ། འོན་ཀྱང་འཇམ་དཔལ་རྩ་རྒྱུད་དང་གཏམ་རྒྱུད་ཀྱི་རྟོག་པ། ཆོས་རྗེ་དོན་རིན་པར་ལྷ་དང་བླ་མའི་ལུང་བསྟན་བྱུང་ཚུལ་སོགས་གུང་མཐུན་པར་དངོས་ཀྱི་སྤྲུལ་གཞི་རྡོ་རྗེ་འཇིགས་བྱེད་མིའི་གཟུགས་སུ་ཤར་བའི་ཚུལ་རྒྱལ་བ་དགེ་འདུན་རྒྱ་མཚོས། མ་རུངས་གདུལ་དཀའ་འདུལ་ཕྱིར་གཤིན་རྗེའི་གཤེད། །མི་ཡི་གཟུགས་ཀྱི་རྣམ་རོལ་ཙོང་ཁ་པ། །ཞེས་གསུངས་པ་ལྟར་ཡིན་པས། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་སེང་ཁྲི་


GTD008_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླའི་གདན་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་གླེགས་རལ་བསྣམས་པ། གཡས་གཡོན་དུ་སེང་ཁྲི་ཆུང་བ་གཉིས་ལ་རྒྱལ་ཚབ་མཁས་གྲུབ་རྣམ་གཉིས་ཆོས་འཆད་མཉམ་གཞག་གི་ཕྱག་རྒྱ་ཅན། གསུམ་གའང་ཆོས་གོས་རྣམ་གསུམ་དང་པཎ་ཞྭ་གསེར་གྱི་མདོག་ཅན་གསོལ་ཏེ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་རྗེ་བླ་མའི་དཔྲལ་བར་དེ་བཞིན་གཤེགས་པའི་རིགས་ཀྱི་མགོན་པོ་འཇམ་པའི་དབྱངས་གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང༌། གཡོན་ཨུཏྤལ་ལ་གནས་པའི་གླེགས་བམ་བསྣམས་པ། རལ་བའི་ཟུར་ཕུད་ལྔ་དང་ལྡན་ཞིང་མེ་ཏོག་གི་ཕྲེང་བ་སོགས་གཞོན་ནུའི་རྒྱན་དང་ཆ་ལུགས་ཅན། མགྲིན་པར་པངྨའི་རིགས་ཀྱི་མགོན་པོ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་ཞིང༌། འོག་མ་གཉིས་ཀྱིས་ཤེལ་ཕྲེང་དང་པཔདྨ་བསྣམས་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་ཅིང་དར་གྱི་ན་བཟའ་གསོལ་བ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཐུགས་ཀར་རྡོ་རྗེའི་རིགས་ཀྱི་མགོན་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ག་གཡས་པ་རྡོ་རྗེ་འཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཉམས་རྫོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་ཅན། གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེ་དག་གི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དགའ་ལྡན་གྱི་གནས་ནས་རྗེ་བླ་མ་ཡབ་སྲས་རྣམས་སྤྱན་དྲངས། དགའ་ལྡན་ལྷ་བརྒྱའི། ནས། གཤེགས་སུ་གསོལ། །ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། མདུན་གྱི་ནམ་མཁར་སེང་ཁྲི། ཞེས་པ་ནས། གསལ་བྱེད་ཤོག །


GTD008_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་བར་གྱིས་ཡན་ལག་བདུན་པ་འབུལ། རྗེ་བླ་མའི་ཐུགས་ཀར་ཧཱུཾ་ཡིག་གི་ཐིག་ལེའི་ནང་དུ་མཾ་ཡིག་གིས་མཚན་པའི་མཐའ་ལ་དམིགས་བརྩེ་མའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་རང་དང་བསྒྲུབ་བྱ་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་པར་བསམས་ལ་དམིགས་བརྩེ་མ་བཟླ། རྗེ་བླ་མའི་དཔྲལ་བའི་འཇམ་དབྱངས་ཀྱི་ཐུགས་ཀར་དྷཱིཿ ཡིག་ལ་སྔགས་ཕྲེང་གིས་བསྐོར་བའི་འོད་ཟེར་སྤྲོ་བསྡུས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་རྒྱས་པར་བསམས་ལ། ཨ་ར་པ་ཙ་བཟླ། རྗེ་བླ་མའི་མགྲིན་པའི་སྤྱན་རས་གཟིགས་ཀྱི་ཐུགས་ཀའི་ཧྲཱིཿ ལ་སྔགས་ཕྲེང་གིས་བསྐོར་བའི་སྤྲོ་བསྡུས་རིགས་དྲུག་གི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱངས། བྱམས་སྙིང་རྗེའི་རྟོགས་པ་ཁྱད་པར་ཅན་རྒྱས་པར་བསམས་ལ་ཡིག་དྲུག་བཟླ། རྗེ་བླ་མའི་ཐུགས་ཀའི་ཕྱག་ན་རྡོ་རྗེའི་ཐུགས་ཀར་ཧཱུཾ་ལ་སྔགས་ཕྲེང་གིས་བསྐོར་བའི་འོད་ཟེར་སྤྲོ་བསྡུས་ཕྱི་ནང་གི་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་སྦྱངས། མཐུ་སྟོབས་ནུས་པ་ཕུན་སུམ་ཚོགས་པ་ཐོབ་པར་བསམས་ལ་བཛྲ་པཱ་ཎི་བཟླ། མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང༌། སྒྲུབ་གཞི་བྲིས་འབུར་གྱི་སྐུ་སོགས་ཡོད་ན་ཡེ་ཤེས་པ་དམ་ཚིག་པ་དང་བཅས་པ་སྐུ་བརྙན་སོགས་ཀྱི་རྣམ་པར་གྱུར་པར་བསམས་ལ། སུ་པྲ་ཏིཥྛས་བརྟན་པར་བྱ། བུམ་ཆོག་བྱེད་ན་གོང་ལྟར་བསང་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། ཆུ་འཕྱང་བ་ལ་སོགས་


GTD008_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། །ཨོཾ་ཏཱཔྟེ་ཏཱཔྟེ་མཧཱ་ཏཱཔྟེ་སྭཱཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་སེང་ཁྲི་པད་ཟླའི་གདན་ལ་འཇམ་མགོན་བླ་མ། ཞེས་པ་ནས། བཟླས་པའི་བར་འདྲ། བཟླ་བའི་སྐབས། སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་དམིགས་བརྩེ་མ་བཟླ། ཤེས་རབ་ཀྱི་སྣང་བ་རྒྱས་པར་བྱས། རྒྱལ་བ་སྲས་བཅས་ཀྱི་མཁྱེན་པའི་ཡོན་ཏན་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་ཨ་ར་པ་ཙ་བཟླ། རྟོགས་པ་ཁྱད་པར་ཅན་སྐྱེས་པར་བྱས། རྒྱལ་བ་སྲས་བཅས་ཀྱི་བརྩེ་བའི་ཡོན་ཏན་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་ཡིག་དྲུག་ཕུན་སུམ་ཚོགས་པ་ཐོབ་པར་བྱས། རྒྱལ་བ་སྲས་བཅས་ཀྱི་ནུས་པའི་ཡོན་ཏན་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། བཛྲ་པཱ་ཎི་བཟླ། ཡིག་བརྒྱས་ལྷག་ཆད་བསྐང༌། མཇུག་ཏུ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། དམིགས་བརྩེ་མ་དང་རིགས་གསུམ་མགོན་པོའི་གཟུངས། ཕྱིན་དྲུག་གི་ཚིགས་བཅད་སྦྲེལ་ཏེ་ཁྲུས་བྱ༌བའམ། རྣམ་འཇོམས་ལྟ་བུའི་བཀྲུ་བྱབས་བསྲུང་བའི་འགྲོས་སྦྱར་ཏེ་ཁྲུས་བྱ་ཞིང༌། མཆོག་གསུམ་གྱི་ཤིས་པ་བརྗོད་པས་མཐའ་བརྒྱན་པ་སོགས་སྐབས་དང་མཐུན་པར་ཁ་སྒྱུར་ཚུལ་ཤེས་ན་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་པ་འདི་ནི་བསྟན་པའི་གསལ་


GTD008_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མཁར་སྔོན་ཆོས་སྐྱབས་ཏེ་ཡན་ཆིའི་སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན་རྒྱ་མཚོ་དང༌། ཨོར་དུ་སུ་ཧང་གིན་པེ་ཟིའི་ཤོག་ལྷག་བསམ་དགེ་བ་དགེ་སློང་དཀོན་མཆོག་དཔལ་བཟང་གཉིས་ཀྱིས་བསྐུལ་ངོར། ༸བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་རཏྣ་ཨཱ་ནནྟའོ།། །། ༈ སེམས་བསྐྱེད་མཆོད་པའི་ཕྱག་ལེན་ནི། ཆོས་ཐུན་སྔ་མ་ནས་དགེ་སྦྱོར་དང༌། གད་དར་ན་བཟའ་དབུ་ཞྭ་སོགས་གང་ལེགས་དགོས་ཚུལ་བརྡའ་སྦྱར། ཕྱི་ནང་ཀུན་ཏུ་ཆག་ཆག་མཆོད་པ་རྒྱ་གང་ཆེ། མེ་ཏོག་གི་ཕྲེང་བས་བརྒྱན་པའི་ཁྲི་སོགས་བཤམ། མཆོད་གྲལ་དུ་ཐུབ་སྐུ་གཅིག་དང་ཤེར་མདོ་གཅིག་ངེས་པར་དགོས། བརྒྱ་རྩ་དང་ཆ་གསུམ་གཏོང་བ། ཤེར་མདོ་སྒྲོག་མཁན་སོགས་ཀྱང་བཞག །ཚོགས་སུ་བསྙེན་བཀུར་དང་སྦྱིན་གཏོང་ཡང་རྒྱ་ཆེ་བ་གྲ་བསྒྲིག །འཚོགས་ནས། ཐོག་མར་བླ་མ་ཁྲིའི་མདུན་ནས་ཡར་ཕྱོགས་ཏེ་བཞུགས་ནས་གཞི་བདག་གཏོར་མ་ཕུལ། ས་གཞི་དང་མཆོད་པ་བྱིན་རླབས། མཆོད་པའི་སྤྲིན་གྱི་གཟུངས་ཚར་གསུམ། ཚོགས་ཞིང་སྤྱན་དྲངས་ཏེ་ཡན་ལག་བདུན་པ་མཎྜལ་བཅས་ཕུལ་ནས་རྟེན་གྱི་དྲུང་དུ་སྨོན་འཇུག་གི་སྡོམ་པ་བླངས་ཏེ་ལེགས་པར་གསོས། ཁྲི་ཁར་ཕེབས་ནས་བླ་མས་བསྐུལ་ཏེ་ཤེར་སྙིང་ཚར་གསུམ། སེང་གདོང་མའི་སྔགས་བདུད་ཟློག་བཅས། སྤྱིའི་ཆོས་བཤད། ཚོགས་ཞིང་གསལ་འདེབས་ཚུལ། རྩ་བའི་བླ་མ་ཐུབ་དབང་རྡོ་རྗེ་འཆང་ལ་སོགས་པའི་ཚོགས་ཞིང་རྣམས་ཀྱི་ཡོན་ཏན། བསག་སྦྱང་གལ་ཆེ་བས་ཡན་ལག་བདུན་པའི་དམིགས་སྐོར། ཁྱད་པར་སེམས་བསྐྱེད་ཞུ་བ་ལ་མཆོད་པ་གཙོ་བའི་ལོ་རྒྱུས་སོགས་བཤད། ཀུན་གྱིས་ལྷན་དུ། ཐམས་ཅད་དུ་ནི་ས་གཞི་དག །ཅེས་སོགས་


GTD008_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། མཆོད་པའི་སྤྲིན་གྱི་གཟུངས་ཚར་གསུམ། མ་ལུས་སེམས་ཅན་ཀུན་གྱི་ནས། སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་ཤོག །ཅེས་པའི་བར་གྱིས་སྤྱན་འདྲེན་ཁྲུས་གསོལ། སློབ་མ་རྣམས་ཀྱིས་ཕྱག་འཚལ་བཞིན་དུ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །འདྲེན་པ་མཉམ་མེད་ནས། དྲིན་ཅན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གསོལ་འདེབས་ཕྱག་འཚལ་དུ་བསྒྱུར། སྒྲུབ་པ་པོ་ལ། མཐུན་པའི་སྨོན་ལམ། འཇམ་དབྱངས་ཕྱག་ན་རྡོ་རྗེ། བཅོམ་ལྡན་འདས་ཀྱི། ཕྱག་བྱར་འོས་པ། ཇི་སྙེད་སུ་དག་ནས། བདག་གིས་བསྟོད། ས་ལ་བཞུགས་ཏེ། མེ་ཏོག་དམ་པ། ཞེས་སོགས་ཤོ་ལོ་ཀ་གསུམ། རྒྱལ་བ་རྒྱ་མཚོའི། རིན་ཆེན་དབང་གི །ཞིང་འདི་འཁོར་ལོ། དེ་ལས་གཞན་ཡང༌། ནས། ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ས་གཞི་མ་ཚར་ཉེར་གཅིག །བདུན་རེའི་མཚམས་ནས་དབུ་བསྐུལ། ཕྱག་དང་སྦྲག་པའི་ལྟུང་བཤགས་ཚར་གཅིག །བཞུགས་ཏེ་སྤྱི་བཤགས་ཚར་གསུམ། སློབ་མ་རྣམས་ལ་མཐོང་སྡོམ་འདྲི། ཐབས་ལེགས་བྱ། འདོད་ཆགས་ཞེ་སྡང་ནས། ཆེན་པོར་བསྔོ། སྟོན་པ་ཤཱཀྱ་ཐུབ་ཆེན་ལ་བདག་ཅག་གི་སྟོན་པས་ཐུགས་བསྐྱེད་པའི་རྟེན་འབྲེལ་བཞིན་འདིར་ཡང་སྟོན་པའི་འདུ་ཤེས་ཀྱིས། བླ་མར་ཕྱག་གསུམ་བཙལ་དུ་གཞུག །མཎྜལ་རྒྱས་པ་དང་ཡོན་ཕུལ། ཐེག་པ་མཆོག་གི་སེམས་བསྐྱེད་ཟབ་མོ་ཞུ་བའི་ཡོན་དུ་ཞེས་ཚིག་སྒྱུར། གསོལ་གདབ་ལན་གསུམ་པུས་བཙུག་ཐལ་མོ་སྦྱར་ཏེ་རྗེས་ཟློས་བྱ། ཆུང་འབྲིང་ཐུན་མོང་བའི་དམིགས་སྐོར་དེ་དང་དེ་ལས་ལྷག་ཚུལ་སྐྱབས་འགྲོ་ཐུན་མོང་མ་ཡིན་པའི་དམིགས་སྐོར་དམན་པའི་ཡིད་བྱེད་ལས་སྐྱོང་ཚུལ་སོགས་བརྡའ་སྤྲད་སྡོམ་པའི་རྩོམ་


GTD008_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུ་དགོས་ཚུལ་གསལ་བཏབ་ནས། སྤྱོད་ལམ་སྔ་མས་སྐྱབས་འགྲོའི་རྗེས་ཟློས་ལན་གསུམ། དེའི་བསླབ་བྱ་ཕན་ཡོན་དང་བཅས་རྒྱས་པར་བཤད་ཅིང༌། དངོས་གཞི་ལ་ཡང་ལམ་རིམ་ལྟར་ཡན་ལག་བདུན་པ་མཎྜལ་དང་བཅས་པ་མདོར་བསྡུས་འབུལ་དུ་གཞུག་དགོས་པས། རབ་འབྱམས་གསུང་རབ། ནས། བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །ཇི་སྙེད་སུ་དག ། ནས། ཆེན་པོར་བསྔོ། །ས་གཞི་སྤོས་བྱུགས་མ། བྱམས་སྙིང་རྗེའི་དམིགས་རྣམ། བྱང་ཆུབ་དོན་གཉེར་གྱི་འདུན་པ་བསྐྱེད་ཚུལ་རྒྱས་པར་བཤད། དངོས་གཞིའི་རྗེས་ཟློས་ལན་གཉིས་བྱ། ཐོབ་དུས་སོགས་བརྡ་སྤྲད་དེ། ཡང་རྗེས་ཟློས་གཅིག་བྱ། སྤྲོ་བ་བསྐྱེད་ཅིང་སྨོན་སེམས་ཀྱི་བསླབ་བྱ་རྒྱས་པར་བཤད། སྤྱིར་བསྔོ་བ་གཙོ་ཚུལ་དང༌། བྱམས་མགོན་ལ་བཅོལ་ཚུལ་ཕྱག་ལེན་ལྟར་བརྡ་སྤྲད། བྱམས་སྨོན་འདོན། དེ་དག་རྗེས་སུ་བདག་སློབ། ཟེར་བའི་ཚེ་ཁ་དར་བྱམས་མགོན་ལ་འབུལ། བྱམས་སྨོན་མཇུག་ཏུ། བྱང་ཆུབ་སེམས་མཆོག །ཕ་མ་སེམས་ཅན། དཔལ་ལྡན་བླ་མའི་སྐུ་ཚེ། གཏང་རག་མཎྜལ་ལམ་རིམ་སྨོན་ལམ་བཅས་གསུངས་ཏེ་གྲོལ། སླར་གྲལ་དུ་འཚོགས་ཏེ། ཆོས་སྤྱོད་སྨོན་ལམ་གང་འགྲོ། མཇུག་ཏུ་བསྔོ་བ། ཞྭ་གྱོན་ནས་བསྟན་འབར་མ་དང༌། ཆོས་རྒྱལ་མ་ཚར་གསུམ་བཅས་བྱའོ། །ལམ་སྒྲོན་ལས། ལྡོག་པ་མེད་པར་དམ་བཅས་པའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །ཞེས་དམ་བཅའ་ཅན་ནི་སྡོམ་པ་ལེན་ཚུལ་ཡིན་པས། ཆོ་ག་གཅིག་གི་ཁྲོད་ནས་ཀྱང་བྱང་སེམས་ཀྱི་བསླབ་བྱ་སྲུང་མི་ནུས་པ་རྣམས་སེམས་བསྐྱེད་པར་བྱའོ་སྙམ་ཙམ་བྱས་ན་སྨོན་སེམས་ཆོ་གས་གཟུང་བར་འགྱུར་གྱི། སྡོམ་པ་གཟུང་བ་མ་ཡིན་པར་གསུང།


GTD008_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་ཆོ་ག་ལམ་རིམ་ཆེན་མོར་གསལ་ལ། ཕྱག་ལེན་མདོར་བསྡུས་ཡོངས་འཛིན་རིན་པོ་ཆེས་གསུངས་པའི་སེམས་བསྐྱེད་ཆོ་གའི་མཇུག་ཏུ་གསལ། ཤིན་ཏུ་བསྡུས་པ་བདེ་ལམ་རང་གི་དེས་ཡོང༌། ལམ་སྒྲོན་ལས། འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླབ་པ་ཡོངས་སུ་བསྲུང༌། །ཞེས་སོགས་གསུངས་སོ། ། ༈ ན་མོ་གུ་རུ་བེ། དེའང་དམིགས་བརྩེ་མའི་བསྙེན་པ་བྱེད་ཚུལ་ནི། རྗེ་བླ་མ་རིགས་གསུམ་མགོན་པོ། དགའ་ལྡན་གྱི་ཞིང་བཀོད་དམ་བྱམས་མགོན་གྱི་སྐུ་སོགས་འདི་དང་འབྲེལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་ལེགས་པར་དགྲམ། མདུན་དུ་ཆུ་གཉིས་ཉེར་སྤྱོད་སོགས་ཀྱི་མཆོད་པ་གཙང་མ་བཤམ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། དགའ་ལྡན་ལྷ་བརྒྱ་མ་མཎྜལ་རྒྱས་བསྡུས་ཅི་རིགས་དང་བཅས་པ། དཔལ་ལྡན་ས་གསུམ་མའི། མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས། །ཞེས་པའི་བར་གྱིས་རྗེ་བླ་མའི་རྣམ་ཐར་རྗེས་སུ་དྲན་པའི་མོས་གུས་ཤུགས་དྲག་གིས་གསོལ་བ་རྩེ་གཅིག་ཏུ་བཏབ་ལ། དེ་ནས་མ་དག་པ་འཁྲུད་པ་དང༌། མི་ཤེས་པ་བསལ་བ་སོགས་ཀྱི་དམིགས་པ་ལས་ཚོགས་ནས་འབྱུང་བ་བཞིན་དང་བཅས་དམིགས་བརྩེ་མ་ཅི་འགྲུབ་བཟླ། དེང་ནས་བརྩམས་ཏེ་ཞེས་སོགས་དང༌། སྐྱབས་མགོན་རྡོ་རྗེ་འཆང་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་ནས་འབྱུང་བ་བཞིན། དེ་ལྟར་མཁའ་དབྱིངས་ཆུ་འཛིན་དཀར་པོའི་དབུས། །ཞེས་སོགས་དང༌། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །འཇམ་མགོན་བླ་མའི་ཐུགས་རྗེ་བྱིན་རླབས་མཐུས། །དགེ་འདུན་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཕེལ། །ཕྱི་ནང་ཉེར་འཚེའི་གཡུལ་ལས་


GTD008_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་དང༌། །ཡུལ་ལྗོངས་འདིར་ཡང་ནད་མུག་འཁྲུག་རྩོད་སོགས། །ཉེར་འཚེ་མཐའ་དག་ཞི་ནས་རྗེ་འབངས་ཀུན། །ཆོས་སྲིད་རྫོགས་ལྡན་དཔལ་ལ་སྤྱོད་པ་ཡི། །བྱིན་རླབས་ཟད་མི་ཤེས་པའི་བཀྲ་ཤིས་སྩོལ། །ཅེས་སྨོན་ཅིང་འདོད་དོན་ཞུ་བས་མཚམས་སྦྱར། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཞེས་སོགས་ཀྱིས་རྗེ་བླ་མ་སྙིང་གར་སྤྱན་འདྲེན་ཞིང༌། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །ཞེས་སོགས་དང༌། ཆོས་རྒྱལ་མ་སོགས་སྨོན་ལམ་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ།།འདིའང་དཔྱོད་ལྡན་ཡེ་ཤེས་ཆོས་འཕེལ་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ རྣམ་རྒྱལ་བུམ་པ་ཚད་ལྡན་བྱ་ཚུལ་ནི། སྔགས་རིམ་ལས་དུས་འཁོར་གྱི་བཤད་པ་དང༌། ཟུང་འཇུག་གསལ་བའི་བཤད་པ་གཉིས་བཀོད་པ་དངོས་ཟིན་མི་འདྲ་བ་ལྟར་སྣང་ཡང༌། གཙོ་བོ་འདི་བཞིན་བྱེད་དགོས་ཚུལ་ལམ། གང་བྱས་ཀྱང་རུང་བའི་གདམ་ང་ལྟ་བུ་མ་མཛད་པ་དང༌། སྔ་མའི་སྟེང་ནས་རྒྱ་དཔངས་ཀྱི་ཚད་ཞིབ་ཏུ་གསུངས་ཏེ། ཕྱི་མར་འགྲེལ་པ་རྒྱག་སྐབས་རྣམ་རྒྱལ་བུམ་པ་ཚད་དང་ལྡན་པ་ངེས་པར་དགོས་ཀྱི། གཞན་ལ་ངེས་གཟུང་མི་དགོས་ཚུལ་ཙམ་ཞིག་གསུངས་ཀྱི། ཚད་ལ་བཤད་པ་མ་མཛད་པས་སྔ་མ་གཉིས་ཀ་དགོངས་པ་གཅིག་པའི་དབང་དུ་མཛད་པར་སྣང་ངོ་། །འོ་ན་སྔ་མར་ལྟོ་བའི་ཟླུམ་ལ་སོར་བཅུ་དྲུག་དང༌། ཕྱི་མ་ལས། ལྟོ་བའི་རྒྱར་ནི་མཐོ་ལྔའོ། །ཞེས་གསུངས་པ་ཇི་ལྟར་མཚུངས་སྙམ་ན། སྔ་མ་ལྟོ་བའི་མཐའ་སྐོར་ཡིན་ན་ཧ་ཅང་ཕྲ་བས་བྱེད་ལུགས་མེད་ལ། དཀྱིལ་ནས་འཕྲེད་དུ་ཡིན་ནའང་དེ་རྐྱང་པ་ཁོར་ཡུག་ཏུ་སུམ་འགྱུར་བྱས་ཚེ་སོར་ཞེ་བརྒྱད་ལས་མི་འོང་བས་མཐོ་ལྔ་མི་ལོང་མོད། དེས་ན་ལྟོ་བའི་སྟེང་ནས་མགྲིན་པའི་གཡས་གཡོན་དུ་གཞལ་བས་


GTD008_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བརྒྱད་བརྒྱད་དེ་བཅུ་དྲུག་དང༌། བར་གྱི་མགྲིན་པའི་ཐད་ལ་སོར་བཞི་སྟེ་ཉི་ཤུ་པོ་སུམ་འགྱུར་གྱིས་བསྐོར་ན་སོར་དྲུག་ཅུ་ཡིན་ཞིང༌། མཐོ་གང་ལ་སོར་བཅུ་གཉིས་འབྱུང་བས་མཐོ་ལྔར་བཤད་པ་དང་ཤིན་ཏུ་འགྲིག་གོ །འོ་ན་སྔ་མའི་སྐབས་སུ་མཆུའི་མཐའ་ནས་མཐའི་བར་ལ་སོར་བརྒྱད་ཡོད་པས། ཆ་གཉིས་མགུལ་བའི་སྦུབས་དང༌། ཆ་གཅིག་མཆུ་གཉིས་ཀྱི་ཞེང་དུ་གསུངས་པས། མགུལ་བའི་སྦུབས་ལ་སོར་བརྒྱད་ཀྱི་སུམ་ཆ་སྟེ་སོར་ལྔ་དང་ནས་གཉིས་འབྱུང་བས། དེ་སུམ་སྐོར་བྱས་ནས་སོར་རེ་བཞི་འབྱུང་སྟབས་མཐོ་ལྔར་བཤད་པ་ལས་སོར་བཞིས་ལྷག་པ་མིན་ནམ་སྙམ་ན། མགུལ་བའི་སྦུབས་ཆ་གཉིས་སུ་གསུངས་པ་ནི་ཆ་བཞིར་བགོས་པའི་གཉིས་ཡིན། ཆ་གཅིག་མཆུ་གཉིས་ཀྱི་ཞེང་ཞེས་པའང་ཕྱིར་གཡེལ་བའི་ཐད་ལ་བཞི་ཆ་རེ་རེ་སྟེ་གཡས་གཡོན་གཉིས་ཀར་དེ་འདྲ་རེ་དགོས་པས་མཆུ་གཉིས་ཞེས་གསུངས་པ་ཡིན་ནམ་སྙམ། མགྲིན་པའང་དུས་འཁོར་ལས་དཔངས་སོར་དྲུག་དང༌། ཕྱི་མར། སོར་མོ་བརྒྱད་ཀྱི་ཚད་ཀྱིས་ནི། །མགྲིན་པ་མཐོ་ཞིང་ཞེས་གསུངས་པ་གཉིས་ཀྱང་མི་འགལ་ཏེ། སྔ་མས་དྲང་པོར་སོང་བའི་ཆ་དེ་སོར་དྲུག་བྱས་ནས། དེའི་སྟེང་དུ་ཕྱིར་གཡེལ་བའི་ཆ་སོར་དོ་ཡོད་པ་ལ་མཆུ་ཞེས་ལོགས་སུ་སྨོས་པ་དང༌། ཕྱི་མས་དེ་གཉིས་ཀ་བསྡོམས་ཏེ་སོར་བརྒྱད་དུ་བྱས་པ་ཡིན་ནོ། །དེ་ལྟར་ན་ལྟོ་བའི་ཐད་ནས་གཞལ་བའི་ཚེ་ཞེང་དུ་སོར་ཉི་ཤུ་དང༌། འོག་གཞི་ནས་ཁའི་བར་དུ་སོར་ཉི་ཤུ་འབྱུང་བས་རྒྱ་དཔངས་མཉམ། ཁའི་ཞེང་ཐད་དུ་སོར་བརྒྱད་དང༌། དེ་ནས་མགྲིན་པའི་རྩ་བ་བར་དུ་སོར་བརྒྱད་དེ་འདིའང་རྒྱ་དཔངས་མཉམ་པས། དེ་གཉིས་ཀ་ལའང་དགོས་པ་དང་མཚོན་དོན་སྦྱོར་ཚུལ་ཞིག་ཡོད་དམ་སྙམ། ཞེས་པ་འདི་ནི་


GTD008_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་རཏྣ་ཨཱ་ནནྟ་བདག་གིས་རྣམ་བུམ་ཚད་ལྡན་བཟོ་ཚུལ་དུས་འཁོར་དང་ཟུང་འཇུག་གསལ་བ་གཉིས་ཀའི་ཚིག་ཟིན་མི་མཐུན་པ་ཇི་ལྟར་ཡིན་ཞེས་ཞུས་པའི་ལན་དུ་སྩལ་བ་བཞིན་ཡི་གེར་བཀོད་པའོ། ། ༈ སློབ་མའི་སྤྱི་བོར་པདྨ་དང་ཉི་མའི་གདན་ལ་ཧྲཱིཿ ཡིག་དམར་པོ་དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས་དཔལ་རྟ་མགྲིན་སྐུ་མདོག་དམར་ལྗང་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ། རྩེ་གསུམ། རལ་གྲི། གཡོན་སྡིགས་མཛུབ། མདུང་ཐུང་རྒྱུ་ཞགས་བསྣམས་པ། དབུའི་སྟེང་ན་རྟ་མགོ་ལྗང་གུ་གསུམ་གྱིས་རྟ་སྐད་དྲག་ཏུ་འཚེར་བ། མགོ་འཕྲེང༌། གླང་ལྤགས། སྟག་ཤམ། སྦྲུལ་དང་རུས་པའི་རྒྱན་སོགས་ཀྱིས་སྤྲས་ཤིང་ཁྲོ་བོའི་ཉམས་རྫོགས་པ། ཞབས་གཡས་བཞི་བསྐུམས་ཤིང་གཡོན་བཞི་བརྐྱང་སྟེ་ཀླུ་བརྒྱད་བརྫིས་ནས་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་ལྷ་སྦྱན་དྲངས། དབང་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། རྒྱལ་ཀུན་སོར་རྟོག་ཡེ་ཤེས་དངོས། །གཏུམ་ཆེན་ཁྲོ་བོའི་སྐུར་བཞེངས་ཏེ། །གདུག་པའི་གདོན་གསུམ་མཐར་བྱེད་པ། །རྟ་མཆོག་རོལ་བར་ཕྱག་འཚལ་ལོ། །སྔགས་ཅི་འགྲུབ་བཟླ། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་རྟ་མཆོག་རོལ་བའི་ལྷ་ཚོགས་འཁོར་དང་བཅས་པས་བྱིན་གྱིས་རློབས་ཤིག །བཀའ་ཉན་ཆོས་སྲུང་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་སློབ་མ་འདི་སྟེང་གདོན་གཟའ་དང་རྒྱུ་སྐར་གྱི་གནོད་པ་ལས་སྐྱོབས་ཤིག །བར་གདོན་བཙན་དང་རྒྱལ་པོའི་གནོད་པ་ལས་སྐྱོབས་ཤིག །འོག་


GTD008_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཀླུ་དང་ས་བདག་གི་གནོད་པ་ལས་སྐྱོབས་ཤིག །ནད་རིམས་གདོན་བགེགས་མི་འདོད་པའི་ཉེར་འཚེ་ཐམས་ཅད་ལས་སྲུངས་ཤིག །སྐྱོབས་ཤིག །སྦ་བར་མཛོད་ཅིག །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །ཁྲོ་རྒྱལ་རྟ་མཆོག་རོལ་བའི་མཐུ་སྟོབས་ཀྱིས། །སློབ་མ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །དཔལ་རྟ་མགྲིན་སློབ་མའི་སྤྱི་བོ་ནས་ཞུགས་ཏེ་སྙིང་གར་ཐིམ་བ་སྤུའི་བུ་ག་ཐམས་ཅད་ཀྱང་སྤྲུལ་བའི་ཁྲོ་ཆུང་དང་མེའི་ཚ་ཚ་དཔག་ཏུ་མེད་པས་གཏམས་པས། གདོན་བགེགས་གང་གིས་ཀྱང་མི་ཚུགས་པའི་སྲུང་བ་ཆེན་པོར་བྱིན་གྱིས་བརླབ་པར་གྱུར། ༈ ཨཧྭཱ་ཤཱཔཱ་དི་པྲཛྙཱ་པ་རཱ་མི་ཏཿ ཨ་ནུ་ཏྤན་རུ་དྡྷ་བྱོམ་བྷ་བཏྭཿ པྲ་ཏི་སྭ་བིདྱ་ཛྙཱ་ནཙརྻྻོ་དེཤཱཿ ཏྲ་ཡཀཱ་ལ་ཛ་ཡོ་མཱ་ཏྲ་ཡེ་ནམཿ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱལ་བ་མ་ལུས་སྐྱེད་མཛད་ཤེར་ཕྱིན་མ། །ལྷན་སྐྱེས་དགའ་བའི་མཆོག་སྦྱིན་རྣལ་འབྱོར་མ། །སངས་རྒྱས་མཁའ་འགྲོ་མི་ཡི་གཟུགས་ཅན་མ། །མ་གཅིག་ལབ་ཀྱི་སྒྲོན་མས་དེང་འདིར་སྐྱོངས། །མང་ཐོས་དམ་གཙང་བྱང་ཆུབ་སེམས་གཉིས་འབྱོངས། །ཞེན་མེད་ཚོགས་ཆེན་མྱུར་དུ་རྫོགས་འདོད་པས། །དབེན་པར་རྟེན་དགྲམ་རྐང་གླིང་ཌཱ་མ་རུ། །མཆོད་གཏོར་སོགས་བཤམས་སྐྱབས་སེམས་སྔོན་བཏང་སྟེ། ཕཊ། གདོད་ནས་སྤྲོས་བྲལ་སྟོང་པའི་རང་གདངས་ལས། །པད་ཟླའི་གདན་ལྔར་བདག་ཉིད་ཡུམ་ཆེན་མོ། །མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར། །ཕྱོགས་བཞིར་རྡོ་རྗེ་


GTD008_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་པཔདྨ་དང༌། །ལས་ཀྱི་མཁའ་འགྲོ་སྡོས་ར་དམར་ལྗང་མདོག །བཅུ་དྲུག་ལང་ཚོའི་སྒེག་འཆང་ནུ་འབུར་རྒྱས། །གཡས་ན་གསེར་གྱི་ཅང་ཏེའུ་འཁྲོལ་ལོ་ལོ། །གཡོན་ན་དངུལ་དཀར་དྲིལ་བུ་སིལ་ལི་ལི། །གཡས་བསྐུམ་གཡོན་བརྐྱང་གར་སྟབས་ལིང་ལིང་བསྒྱུར། །གནག་སྣུམ་རལ་པའི་ཐོར་ཅོག་ལྡེམས་སེ་ལྡེམ། །རུས་པའི་རྒྱན་ལྡན་དར་གྱི་ན་བཟའ་གསོལ། །རབ་མཛེས་འཛུམ་ཞིང་ཆགས་པའི་ཉམས་དང་ལྡན། །ཕཊ། གནས་གསུམ་རྡོ་རྗེ་གསུམ་མཚན་ཧཱུཾ་འོད་ཀྱིས། །སྡེ་ལྔའི་མཁའ་འགྲོ་སྤྱན་དྲངས་དབྱེར་མེད་བསྟིམ། །སླར་ཡང་དབང་ལྷ་སྤྱན་དྲངས་བདུད་རྩིའི་ཆུས། །དབང་བསྐུར་རིགས་ལྔས་དབུ་ལ་བརྒྱན་པར་གྱུར། །ཕཊ། ཨོཾ་ཨཱཿ ཧཱུཾ། ཧ་ཧོཿ ཧྲཱིཿ མ་ཚང་མེད་པ་ཀུན་བཟང་མཆོད་པའི་ཚོགས། །བདེ་ཆེན་དབྱིངས་སུ་དགྱེས་རོལ་ཨ་ར་ལི་ཧོཿ ཕཊ། དམིགས་མེད་སྟོང་ཉིད་ཤེས་རབ་ཕ་རོལ་ཕྱིན། །བདེ་བ་མཆོག་གིས་རྒྱས་བཏབ་ཝ་ར་ཧཱི། །གནས་གསུམ་མཁའ་འགྲོ་སྡེ་ལྔའི་དབང་ཕྱུག་མ། །ཨ་མ་ལབ་ཀྱི་སྒྲོན་མར་ཕྱག་འཚལ་ལོ། །སྙིང་གའི་སྔགས་དང་ས་བོན་འོད་ཟེར་གྱིས། །རྒྱལ་རྣམས་མཆོད་ཅིང་བྱིན་རླབས་མཐའ་དག་བསྡུས། །རིགས་དྲུག་འགྲོ་བའི་སྡུག་བསྔལ་རྒྱུ་བཅས་སྦྱངས། །ཀུན་ཀྱང་ཡུམ་ཆེན་གསང་གསུམ་རོལ་པར་གྱུར། །བཟླས་པ་ཐུན་མོང་དུ་བྱེད་ན་གཙོ་མོའི་ཐུགས་ཀར་ཟླ་བ་ལ་ཨ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བར་བསམས་ཏེ་ག་ཏེ་བཟླ་བའམ། ས་བོན་བཾ་ཡིག་གི་མཐར། ཨོཾ་ཨཱཿ ཧཱུཾ་གུ་རུ་བཾ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པས་བསྐོར་བར་བསམས་ནས་བཟླས་ཀྱང་རུང༌། སོ་སོར་བཟླ་བར་འདོད་ན་རང་རང་གི་ཐུགས་ཀར་ས་བོན་སྔགས་འཕྲེང་བཀོད་ལ་ཨོཾ་བུདྡྷ་ཌཱ་ཀི་ནི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་དང༌། བུདྡྷའི་ཚབ་ཏུ། བཛྲ། རཏྣ། པདྨ།


GTD008_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨྨ་རྣམས་བཅུག་སྟེ་བཟླ། ཡིག་བརྒྱས་ལྷག་ཆད་བསྐང༌། སླར་ཡང་ཀུན་བཟང་མཆོད་པས་ཡོངས་སུ་ཚིམ། །ཚིམ་ཡང་དམིགས་པ་མ་མཆིས་སྟོང་པར་ཤེས། །ཤེས་རབ་ཕ་རོལ་ཕྱིན་དངོས་དབྱིངས་ཀྱི་ཡུམ། །ཡུམ་ཆེན་མཁའ་འགྲོའི་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་མཆོད་བསྟོད་མདོར་བསྡུས་བྱ། ཚོགས་འཁོར་བྱ་བར་འདོད་ན་མཆོད་གཏོར་སོགས་བཤམས་ལ། ཨོཾ་ཨཱཿ ཧཱུཾ་ཧ་ཧོཿ ཧྲཱིཿ ཆོས་ཉིད་སྟོང་པའི་དབྱིངས་དང༌། །དབྱེར་མེད་བདེ་ཆེན་རོལ་པས། །ཚོགས་མཆོད་ཟག་མེད་བདུད་རྩིའི། །རྒྱ་མཚོ་ཆེན་པོར་གྱུར་ཅིག །ཕཊ། ཡུམ་ཆེན་ཐུགས་ལས་འོད་ཟེར་མཁའ་ཁྱབ་སྤྲོས། །རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཞིང་ཁམས་ནས། །དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས་མཆོག་ནས། །མཐའ་ཡས་མུ་མེད་ཕྱོགས་བཅུའི་འཇིག་རྟེན་ནས། །མཆོག་འབྲིང་དམན་པའི་མགྲོན་ཀུན་འདིར་ལྷགས་ཤིང༌། །འོད་གསལ་དག་པའི་ལྷ་ཡི་འཁོར་ལོར་གྱུར། །ཕཊ། གནས་དག་པ་མཁའ་སྤྱོད་རྡོ་རྗེའི་གྲོང༌། །ཡུལ་དག་པ་དཔའ་བོ་དཔའ་མོའི་ཚོགས། །རྫས་དག་པ་སྣང་སྟོང་མཆོད་པའི་སྤྲིན། །ཨ་ལ་ལ་ཟག་མེད་དགའ་བའི་ངང༌། །ཕཊ། དྲིན་ཅན་རྩ་བརྒྱུད་ཀྱི་བླ་མ་མཆོད་དང༌། །སྟོབ་ཅིག་རོལ་ཅིག་བདག་རྒྱུད་བྱིན་གྱིས་རློབས། །ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་མཆོད། །སྟོབ་ཅིག་རོལ་ཅིག་དངོས་གྲུབ་ཆར་དུ་ཕོབ། །བསླུ་མེད་དཀོན་མཆོག་རྣམ་གསུམ་མཆོད། །སྟོབ་ཅིག་རོལ་ཅིག་ཐར་བའི་ལམ་དུ་དྲོངས། །གནས་གསུམ་དཔའ་བོ་མཁའ་འགྲོ་མཆོད། །སྟོབ་ཅིག་རོལ་ཅིག་སྔགས་ཀྱི་བོགས་འབྱིན་མཛོད། །དམ་ཅན་ཆོས་སྲུང་རྒྱ་མཚོ་མཆོད། །སྟོབ་ཅིག་རོལ་ཅིག་རྐྱེན་ངན་བར་ཆད་སོལ། །ཡུལ་ལྷ་གཞི་བདག་


GTD008_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པོ་མཆོད། །སྟོབ་ཅིག་རོལ་ཅིག་སྡོངས་གྲོགས་གནས་པོ་མཛོད། །མཁའ་ཁྱབ་རིགས་དྲུག་སེམས་ཅན་མཆོད། །སྟོབ་ཅིག་རོལ་ཅིག་སྒྲིབ་པ་བྱང་གྱུར་ཅིག །གདོན་བགེགས་ཤ་འཁོན་གཉེར་བ་མཆོད། །སྟོབ་ཅིག་རོལ་ཅིག་བུ་ལོན་འཁོར་གྱུར་ཅིག །ཅེས་བརྗོད་ཅིང་རེ་རེ་བཞིན་འབུལ་བའི་སྟངས་ཀ་རེ་བྱ། དེ་ནས་ཚོགས་རྫས་ལག་ཏུ་ཐོགས། ཕཊ། བདག་ཉིད་དཔའ་བོའི་དབང་ཕྱུག །རང་ལུས་ལྷ་ཡི་འཁོར་ལོ། །ཨ་ཧོ་མཧཱ་སུ་ཁ། ཀྱེ་མ་བདེ་བ་ཆེན་པོ། ཞེས་བརྗོད་ཅིང་ལོངས་སྤྱོད། ཁ་ཁྲུས་བཏབ་པའི་ཚོགས་ལྷག་གཏོར་ཞིང༌། ཕཊ། འབྱུང་པོ་ལྷག་ལ་དབང་བ་ཐམས་ཅད་མཆོད། །སྟོབ་ཅིག་རོལ་ཅིག་རེ་བ་ཚིམ་གྱུར་ཅིག །ཕཊ། ཞེན་མེད་ཀྱི་ངང་ནས་སྦྱིན་པ་བཏང༌། །དམིགས་མེད་ཀྱི་དབྱིངས་སུ་ཚོགས་ཆེན་རྫོགས། །སྒྲིབ་མེད་ཀྱི་རང་དོན་ཆོས་སྐུ་བརྙེས། །ཚད་མེད་ཀྱི་འགྲོ་བའི་དོན་བྱེད་ཤོག །ལུས་སྦྱིན་ནི་ཚོགས་འཁོར་གྱི་འཕྲོ་ཡིན་ན་སྤྱན་འདྲེན་ཟུར་དུ་མི་དགོས་ལ། མིན་ན་ཡུམ་ཆེན་ཐུགས་ལས་འོད་ཟེར། ཞེས་པ་ནས། ལྷ་ཡི་འཁོར་ལོར་གྱུར། ཅེས་སྤྱན་འདྲེན། ཕཊ། རང་རིག་ཡེ་ཤེས་མཁའ་འགྲོ་རྒྱངས་ཀྱིས་ཐོན། །རང་ལུས་ཚོ་སྣུམ་བེམ་པོ་ལིང་གིས་འགྱེལ། །ཡེ་ཤེས་མཁའ་འགྲོས་བམ་ཆེན་པགས་པ་བཤུས། །ཤ་ཁྲག་ཕུང་ཁམས་དྭངས་སྙིགས་སོ་སོར་ཕྱེ། །ཕཊ། དྭངས་མ་ཨ་ལས་བྱུང་བའི་ཐོད་པར་བསྐོལ། །སྦྱངས་རྟོགས་སྦར་བྱས་བདུད་རྩིའི་རྒྱ་མཚོར་གྱུར། །བླ་མ་ཡི་དམ་མཆོག་གསུམ་སྲུང་མའི་ཚོགས། །རིགས་དྲུག་གདོན་བགེགས་


GTD008_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་རྣམས་མ་ལུས་མཆོད། །ཕཊ། སྙིགས་མ་དམར་ཆེན་ཤ་ཡི་རི་བོ་དང༌། །ཁྲག་ཞག་ཀླད་པ་རྒྱ་མཚོ་ལྟ་བུར་གྱུར། །བླ་མ་ཡི་དམ་མཆོག་གསུམ་སྲུང་མའི་ཚོགས། །རིགས་དྲུག་གདོན་བགེགས་མགྲོན་རྣམས་མ་ལུས་མཆོད། །ཕཊ། པགས་པ་དུམ་བུར་གཏུབས་པ་ཟས་ནོར་སོགས། །ལྷ་མིའི་ལོངས་སྤྱོད་མཁོ་དགུའི་དངོས་པོར་གྱུར། །བླ་མ་ཡི་དམ་མཆོག་གསུམ་སྲུང་མའི་ཚོགས། །རིགས་དྲུག་གདོན་བགེགས་མགྲོན་རྣམས་མ་ལུས་མཆོད། །འཁོར་འདས་ཀུན་གྱི་དངོས་པོ་གདོད་ནས་སྟོང༌། །རྣམ་པ་རྟེན་ཅིང་འབྲེལ་འབྱུང་ཅིར་ཡང་འཆར། །སྣང་བ་འཇའ་ཚོན་བཞིན་དུ་མཐའ་ནས་བསྡུས། །དོན་གྱི་ཤེར་ཕྱིན་སྤྲོས་བྲལ་དབྱིངས་སུ་ཕཊ། །ཅེས་པ་འདི་ནི་སྤྲུལ་སྐུ་དཀོན་མཆོག་བསོད་ནམས་རྒྱ་མཚོས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །། ༈ སློབ་མའི་སྤྱི་བོར་པད་ཟླ་ཉི་མའི་གདན་ལ་དུས་གསུམ་རྒྱལ་བ་སྐྱེད་པའི་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མིའི་གཟུགས་ཅན་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་ཕྱག་གཡས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་འཁྲོལ་ལོ་ལོ་འཁྲོལ་ཞིང༌། གཡོན་པས་དངུལ་དཀར་གྱི་དྲིལ་བུ་གསིལ་བ། དར་གྱི་ན་བཟའ་གསོལ་ཞིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ལིང་ལིང་བཞུགས་པ། མཁའ་འགྲོ་སྡེ་ལྔ་སོགས་དཔའ་བོ་ཌཱ་ཀཱིའི་ཚོགས་ཀྱིས་བསྐོར་བར་གྱུར། རང་བཞིན་དག་པའི་ཀློང་ནས་ཡེ་ཤེས་པ་རྣམས་སྤྱན་དྲངས་པ་དང་དབྱེར་མེད་དུ་གྱུར། སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཡུམ་ཆེན་ལབ་ཀྱི་སྒྲོན་མ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བས་རྡོ་རྗེ་སློབ་མ་འདི་རྣམས་སྒོ་གསུམ་གྱི་ཉེས་སྤྱོད་མཐའ་དག་ལས་སྲུངས་


GTD008_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །སྐྱོབས་ཤིག །སྟེང་གདོན་གཟའི་གནོད་པ་ལས་སྲུངས་ཤིག །སྐྱོབས་ཤིག །བར་གདོན་བཙན་དང་རྒྱལ་པོའི་གནོད་པ་ལས་སྲུངས་ཤིག །སྐྱོབས་ཤིག །འོག་གདོན་ཀླུའི་གནོད་པ་ལས་སྲུངས་ཤིག །སྐྱོབས་ཤིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ལས་སྲུངས་ཤིག །སྐྱོབས་ཤིག །གདོན་རིགས་སུམ་བརྒྱ་དྲུག་ཅུའི་གནོད་པ་ལས་སྲུངས་ཤིག །སྐྱོབས་ཤིག །ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ལས་སྲུངས་ཤིག །སྐྱོབས་ཤིག །འགོ་ནད་གག་ལྷོག་གཟེར་གསུམ་ལས་སྲུངས་ཤིག །སྐྱོབས་ཤིག །རྨི་ལམ་མཚན་ལྟས་ངན་པ་དང༌། ཁ་སྨྲས་གླེང་བརྗོད་སོགས་མི་འདོད་པའི་ཉེར་འཚེ་ཐམས་ཅད་ལས་སྲུངས་ཤིག །སྐྱོབས་ཤིག །སྦ་བར་མཛོད་ཅིག །དུས་གསུམ་རྒྱལ་བ་སྐྱེད་མཛད་མ། །ཡུམ་ཆེན་མཁའ་འགྲོའི་ཚོགས་བཅས་ཀྱིས། །སློབ་མ་འདི་ལ་བསྲུངས་ཟིན་གྱིས། །སུས་ཀྱང་གནོད་པ་མ་བྱེད་ཅིག ། ག་ཏེ་དང་མཁའ་འགྲོ་ལྔའི་གཟུངས་བཟླས་ལ་ཕུ་གདབ། འདིའང་སྤྲུལ་སྐུ་དཀོན་མཆོག་བསོད་ནམས་རྒྱ་མཚོའི་ངོར་གནང་བའོ། ། ༈ སྨན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གཅི༷ག་ཏུ་འགྲོ་བ་ཀུན་ལ་བུ་ལྟར་བརྩེ་བ་པོ། །གཉི༷ས་མེད་སྤྲོས་བྲལ་དེ་ཉིད་ཇི་བཞིན་གཟིགས་པ་པོ། །གསུ༷མ་མཐར་མཛད་ཅིང་འགྲོ་ཀུན་སྲིད་ལས་སྒྲོལ་བ་པོ། །བཞི༷་བརྒྱ་རྩ་བཞིའི་ནད་ཀྱི་གདུང་བ་སེལ་བ་པོ། །ལྔ༷་བདོའི་སྙིགས་དུས་བྱིན་རླབས་ལྷག་པར་མྱུར་བ་པོ། །དྲུ༷ག་ཅུའི་དབྱངས་དང་མཚན་དཔེའི་དཔལ་གྱིས་བརྒྱན་པ་པོ། །བདུ༷ན་ཕྲག་བདེ་གཤེགས་སྨོན་ལམ་ལྷན་ཅིག་གྲུབ་པ་པོ། །བརྒྱ༷ད་བརྒྱ་པ་སོགས་མདོ་སྡེ་དུ་མར་བསྔགས་པ་པོ། །དགུ༷་ཚིགས་སྙིང་རྗེས་ལུས་ཅན་མཁའ་ལྟར་འཁྱུད་པ་པོ། །བཅུ༷་གཉིས་སྨོན་


GTD008_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྐྱོབ་པ་བླ་ན་མེད་པ་པོ། །ཁྱོད་ལ་རྩེ་གཅིག་གུས་པས་མཆོད་ཅིང་གསོལ་འདེབས་ན། །ནམ་ཡང་འབྲལ་མེད་རྗེས་བཟུང་བྱིན་གྱིས་བརླབ་ཏུ་གསོལ། །འདིའང་ཞབས་དྲུང་བློ་བཟང་གཞོན་ནུས་སྨན་བླའི་པོ་བསྟོད་ཉུང་ངུ་ཞིག་དགོས་ཟེར་བར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྨྲས་པའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །། ༈ རབ་འབྱམས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་གར། །དུས་མཐར་གསུམ་ལྡན་ངུར་སྨྲིག་འཆང་བའི་ཚུལ། །རྒྱལ་བ་གཉིས་པ་འཇམ་མགོན་ཙོང་ཁ་པའི། །ཐུགས་རྗེས་སྨོན་པའི་གནས་ཀུན་འགྲུབ་གྱུར་ཅིག །གང་གི་འཕྲིན་ལས་བདུད་རྩིའི་ཐིགས་པ་ཡིས། །བློ་གྲོས་འདབ་ཕྲེང་བཞད་པའི་ཀུན་དའི་ཚོགས། །ཡངས་པའི་འཇིག་རྟེན་ཀུན་ཏུ་འཕེལ་བ་ཡིས། །ནོར་འཛིན་ཁྱོན་ལ་དགེ་ལེགས་མཆོག་སྦྱིན་འགྱེད། །ཁྱད་པར་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ། །གང་དུ་ཐུབ་བསྟན་དར་བའི་དུས་བབ་ཀྱིས། །མཁས་ཤིང་གྲུབ་པའི་སྐྱེས་མཆོག་དམ་པ་རྣམས། །འཁོར་ལོ་གསུམ་གྱི་རོལ་པ་ཅི་ཡང་སྟོན། །དེ་ལས་བདག་ཅག་བསོད་ནམས་ཀུན་གསལ་ངོས། །མཁས་བཙུན་བཟང་པོའི་ཆ་ཤས་ཡོངས་གང་བའི། །ཡོངས་འཛིན་བདུད་རྩིའི་ཐིག་ལེར་གསལ་བ་ལ། །བསྟོད་ཆོག་རླབས་ཕྲེང་ཅུང་ཟད་སྤྲོ་བར་བགྱི། །བློ་བཟང་རྒྱལ་བ་གཉིས་པའི་ལུང་རྟོགས་བསྟན། །བཤད་སྒྲུབ་བྱ་བའི་རོལ་པ་འབུམ་ཕྲག་གིས། །དར་ཞིང་རྒྱས་མཛད་ཐར་འདོད་འགྲོ་བའི་མགོན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྣམ་དག་རིགས་ཀྱི་དགའ་ཚལ་ཡངས་པོ་རུ། །རླབས་ཆེན་ཐུགས་བསྐྱེད་ས་བོན་སྨིན་པ་ལས། །རྒྱལ་སྲས་སྤྱོད་པའི་ཡལ་འདབ་རྫོགས་པ་ཡི། །བཤེས་


GTD008_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་དཔག་བསམ་ལྗོན་པར་གསོལ་བ་འདེབས། །མདོ་རྒྱུད་གསུང་རབ་དགོངས་འགྲེལ་དང་བཅས་པར། །རྒྱ་ཆེན་མང་དུ་ཐོས་པས་སྒྲོ་འདོགས་བཅད། །ཐོས་དོན་མཐའ་དག་གདམས་པར་ཤར་བ་ཡི། །ངེས་དོན་བཤེས་གཉེན་དམ་པར་གསོལ་བ་འདེབས། །ལེགས་པར་བཤད་པས་བློ་གསལ་དགའ་བ་སྐྱེད། །དྲི་མེད་རིགས་པས་རྒོལ་ངན་སྤོབས་པ་ཕྲོགས། །སྡེབ་ལེགས་རྩོམ་པས་དགའ་སྟོན་འགྱེད་མཁས་པ། །སྨྲ་བའི་དབང་པོ་མཆོག་ལ་གསོལ་བ་འདེབས། །སྲིད་ལས་ངེས་འབྱུང་འདུལ་ཁྲིམས་ཀ་ལཱ་ཤ། །བྱང་སེམས་སྡོམ་པའི་བདུད་རྩིའི་བཅུད་ཀྱིས་གཏམས། །རྣམ་དག་དམ་ཚིག་རྨ་བྱའི་མདོངས་ཀྱིས་མཛེས། །གསུམ་ལྡན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་གྲུབ་པའི་མཐུས། །གང་ལ་གང་འཚམ་ཐབས་མཁས་སྤྱོད་པ་ཡིས། །སྲིད་ཞིའི་གདུང་སེལ་ཕན་བདེའི་མཆོག་སྦྱིན་པ། །མཚུངས་བྲལ་འགྲོ་བའི་མགོན་པོར་གསོལ་བ་འདེབས། །ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་རིག་སྔགས་མཐུ། །གྲུབ་པས་ནག་ཕྱོགས་གཡུལ་ལས་རྣམ་རྒྱལ་ཞིང༌། །འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པ། །བསླུ་མེད་སྐྱབས་ཀྱི་དམ་པར་གསོལ་བ་འདེབས། །ཁྱད་པར་བདག་སོགས་གདུལ་བྱའི་ཚོགས་རྣམས་ལ། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་མཛོད་ཕྱེ་སྟེ། །དོན་གཉིས་ལྷུན་གྲུབ་དགའ་བའི་མཆོག་སྦྱིན་པ། །བཀའ་དྲིན་མཚུངས་མེད་དམ་པར་གསོལ་བ་འདེབས། །དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཀུན་ལས་ཀྱང༌། །ཡུལ་དང་དུས་ཀྱི་སྙིགས་མའི་ཐ་མ་འདིར། །རྒྱལ་བའི་མཛད་པ་མ་ལུས་སྒྲུབ་མཛད་པ། །མཚུངས་མེད་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས། །གང་གི་གསང་གསུམ་ཡོན་ཏན་མཐའ་ཡས་ཤིང༌། །བཀའ་དྲིན་


GTD008_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་གཞལ་དུ་མེད་པའི་ཚུལ། །ལེགས་པར་བསམས་ཏེ་ཁྱོད་ཞབས་པདྨོ་ལ། །སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །ཡིད་འོང་མཆོད་པའི་སྤྲིན་དུ་ལེགས་སྤྲུལ་ཏེ། །དམིགས་མེད་བདེ་ཆེན་ངང་དུ་འབུལ་ལགས་ན། །བདག་ལ་སྨན་སླད་བརྩེ་བས་བཞེས་སུ་གསོལ། །འཁོར་བ་མུ་མཐའ་ཡས་པར་འཁྱམས་པའི་ཚེ། །སྣ་ཚོགས་ཉེས་པ་ཇི་སྙེད་བགྱིས་པ་དང༌། །ཁྱད་པར་སྡོམ་གསུམ་ལས་འདས་ཉེས་ལྟུང་ཀུན། །གདུང་བའི་འགྱོད་པ་དྲག་པོས་མཐོལ་ལོ་བཤགས། །རང་གཞན་ཀུན་གྱི་དགེ་ཚོགས་མཐའ་དག་དང༌། །ཁྱད་པར་དམིགས་མེད་སྙིང་རྗེའི་དབང་གྱུར་ཏེ། །ཐར་ལམ་གསལ་མཛད་རྗེ་བཙུན་བླ་མ་ཡི། །རྨད་བྱུང་རྣམ་པར་ཐར་ལ་རྗེས་ཡི་རང༌། །གང་གི་མཁྱེན་རབ་ནམ་མཁའི་ཀློང་ཡངས་ནས། །ལེགས་བཤད་འོད་སྟོང་འབར་བའི་ཉིན་བྱེད་ཀྱི། །སྣང་བས་ས་གསུམ་ལུས་ཅན་མཐའ་དག་གི །ཀུན་རྨོངས་མུན་པའི་དྲ་བ་བསལ་དུ་གསོལ། །མ་དག་སྙིགས་མའི་གདུལ་བྱར་གང་འཚམ་དུ། །བསྟན་པའི་གཟུགས་སྐུ་རགས་པའི་ཟ་མ་ཏོག །འགྲོ་རྣམས་སྲིད་པའི་མཚོ་ལས་བསྒྲལ་གྱི་བར། །མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པར་བཞུགས། །འདིས་མཚོན་དགེ་བས་དེང་ནས་བྱང་ཆུབ་བར། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་གཟུང་སྟེ། །གདམས་པའི་རྗེས་སུ་བསྟན་པའི་མཛོད་འཛིན་ཞིང༌། །མཉེས་པ་གསུམ་གྱིས་མཉེས་པ་བསྒྲུབ་པར་ཤོག །རྗེ་བཙུན་བླ་མས་ཇི་ལྟར་གདམས་པ་བཞིན། །ངེས་འབྱུང་ཤུགས་དྲག་གཞན་ཕན་བྱང་ཆུབ་སེམས། །སྲིད་རྩ་གཅོད་བྱེད་ཟབ་མོའི་ལྟ་བ་སོགས། །ཐུན་མོང་ལམ་གྱི་རྟོགས་པ་སྐྱེ་བར་ཤོག །དེ་


GTD008_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མགོན་ཁྱོད་དཀྱིལ་འཁོར་བདག་པོ་རུ། །བཞེངས་ཏེ་གསང་བ་སྔགས་ཀྱི་སྒོར་བཅུག་ནས། །ཟབ་ལམ་རིམ་གཉིས་རྣལ་འབྱོར་མཐར་སོན་པས། །བླ་མ་ལྷ་ཡི་གོ་འཕང་མྱུར་ཐོབ་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༌། །དགེ་འདུན་ཐུགས་མཐུན་བཤད་སྒྲུབ་གོང་དུ་འཕེལ། །ལྗོངས་འདིར་དགེ་བཅུའི་ཕུན་ཚོགས་དར་བ་ཡི། །ཤིས་པའི་དབྱངས་སྙན་སྲིད་རྩེར་སྒྲོག་གྱུར་ཅིག ། ཅེས་མཁས་བཙུན་བཟང་པོའི་བདག་ཉིད་བསྟན་པའི་གསལ་བྱེད། བློ་བཟང་བསྟན་དར་བའི་གསོལ་འདེབས་སྨོན་ཚིག་ཡན་ལག་བདུན་པ་དང་འབྲེལ་བ་ཞིག་དགོས་ཚུལ། ཡོངས་ཀྱི་དགེ་བའི་བཤེས་གཉེན་འཇམ་དཔལ་རྒྱ་མཚོས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །། ༈ འཕགས་ཆེན་འདུས་པ་རྒྱ་མཚོའི་ཞབས་དྲུང་དུ། གུང་ཐང་བས་ཞུ་གསོལ། རང་གི་སྐྱེ་ཡུལ་མཛོད་དགེ་དགོན་སར་དགའ་ལྡན་རབ་རྒྱས་གླིང་དུ་འཇོག་རྒྱུར་སྟོན་པའི་གོས་སྐུ་གསར་བསྐྲུན་བགྱིས་པའི་དགེ་ཚོགས་ལ་བརྟེན་ནས་བསྟན་པ་སྤྱི་སྒོས་དར་ཞིང༌། ༸སྐྱབས་མགོན་མཆོག་གིས་གཙོས་པའི་བསྟན་འཛིན་རྣམས་ཞབས་བརྟན་འཕྲིན་ལས་རྒྱས་པ་འཇིག་རྟེན་མཐའ་དག་བདེ་སྐྱིད་ཀྱིས་འཚོ་ཞིང་འབྲེལ་ཐོགས་ཐམས་ཅད་ཚེ་རབས་ཀུན་ཏུ་རྒྱལ་བའི་བསྟན་པ་དང་མི་འབྲལ་བ་སོགས་དང༌། ཁྱད་པར་ཕན་ཚུན་གྱི་མ་དགོན་བུ་དགོན་འདི་དག་ཏུ་བཤད་སྒྲུབ་བསྟན་པའི་བྱ་བ་དབྱར་མཚོ་བཞིན་རྒྱས་པའི་སྐྱབས་འཇུག་ཐུགས་རྗེས་གཟིགས་པ་མཁྱེན་མཁྱེན་ཞེས་ཞུ་བའི་རྟེན་དུ་དོང་ཙེ་ཁྲོན་བཅུ་གསུམ་ལྷ་དར་བཅས་འབུལ་ལམ་ཞུ་ལགས་པས། གོང་ཞུས་ལྟར་གྱི་སྤྱན་དམིགས་དང་བཅས་ཆོས་རྒྱལ་མ་གསུང་བཞིན་པར་ཤིས་བརྗོད་ཀྱི་མེ་ཏོག་འཐོར་གནང་བཀའ་དྲིན་སྐྱོང་བར་ཞུ། འདིའང་མཛོ་དགེ་དགོན་གསར་གྱི་རྟེན་གཙོར་སྟོན་པའི་


GTD008_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སྐུ་ཆེ་བ་ཁྱད་མཚར་གསར་བསྐྲུན་གནང་སྟེ་གྲྭ་ཚང་བཞིའི་དགེ་འདུན་མང་གིས་ཕྱག་ནས་འཐོར་སྐབས་ཚོགས་ཆེན་ཞལ་ངོ་ལ་སྩལ་བའོ། ། ༈ ལེགས་ཉེས་ཅི་བྱུང་ཡང་དཀོན་མཆོག་ལ་བློ་སྙིང་གཏོད། །བྱ་བ་གང་བྱེད་ཀྱང་ལས་འབྲས་དབང་པོར་ཞོག །རྐྱེན་ཅི་ལ་ཐུག་ཀྱང་དམ་ཚིག་དང་སྡོམ་པ་སྲུངས། །འདི་ཆོས་ཀྱི་བསླབ་བྱའི་སྙིང་པོ་ཚིག་གསུམ་ཡིན། །སེམས་ཁོང་ཡངས་ཤིང་རང་དཔེ་གཞན་ལ་སྦྱོར། །གསར་འགྲོགས་ཆུང་ལ་ཁྲེལ་དང་ཕྱི་ཐག་སྲིངས། །ཞིབ་ཏུ་བརྟག་ཅིང་བརྩམས་ནས་མཐར་ཐོན་བྱེད། །འདི་འཇིག་རྟེན་གྱི་བསླབ་བྱའི་སྙིང་པོ་ཚིག་གསུམ་ཡིན། །ཞེས་པ་འདིའང་བླ་མ་འཇམ་པའི་དབྱངས་ཀྱི་གསུང༌ངོ་། ། ༈ བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་ལ། །སྙིང་ནས་མི་ཕྱེད་དད་པས་གསོལ་འདེབས་ན། །གནས་འདིར་བྱིན་ཕོབས་ཁྲིམས་ལྡན་འདུས་པའི་སྡེ། །དབྱར་གྱི་ཆུ་མཚོ་བཞིན་དུ་རྒྱས་པ་དང༌། །མདོ་སྔགས་ལམ་བཟང་བཤད་སྒྲུབ་བྱ་བ་ཀུན། །ཡར་ངོའི་ཟླ་ལྟར་འཕེལ་བའི་དགེ་ལེགས་སྩོལ། །དེའང་འདུས་སྡེ་འདི་ཉིད་དུ་ཞལ་འདོན་གྱི་རིམ་པ་སོགས་སྔར་ཡོད་གཞིར་བྱས་པའི་སྟེང་དུ་ཤིན་ཏུ་གལ་ཆེ་ཞིང་ཉེ་བར་མཁོ་བ་འགའ་ཞིག་བསྣན་ཏེ་ཁྲིགས་སུ་འགོད་པ་ལ། རྒྱུན་དུ་བསྟན་པའི་གཞི་མ་གཞི་གསུམ་གྱི་ཕྱག་ལེན་ཡིན་པས་གསོ་སྦྱོང་མ་ཆག་པ་དང༌། དེའི་ཚེ་འཕགས་པའི་གནས་བརྟན་རྣམས་ཀྱིས་ལྷན་ཅིག་ལས་ཉམས་སུ་མྱོང་བར་བསམས་ལ་གནས་བཅུའི་ཕྱག་མཆོད་མགོ་ནས་ཡན་ལག་བདུན་པ་ཡན་ཆད་སྔོན་དུ་བཏང༌། དེ་ནས་ཕྱག་བཙལ་ཏེ་སྙན་གསན་ཕུལ་ནས་ཕྱིར་བཅོས་སོགས་དཀྱུས་བཞིན་བྱ། མཇུག་གི་བསྔོ་བའི་འཕྲོར། སངས་རྒྱས་སྤྲུལ་བ་ཞེས་སོགས་གདོན། དུས་


GTD008_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གི་རིམ་པ་ཚེས་ལྔར་བླ་མཆོད། བརྒྱད་སྨན་བླའི་དུས་ཆེན་དུ་གྲགས་པས་སྨན་ཆོག །བཅོ་ལྔ་སྤྱིར་ལེགས་གྲུབ་སོགས་ལས་རྒྱས་པའི་ལས་ལ་བསྔགས་པར་མ་ཟད། རྣམ་རྒྱལ་མའི་རྟོག་པ་ལས་ཀྱང་གཙོ་བོར་གསུངས་པས་རྣམ་རྒྱལ་མའི་ཆོ་ག །ཉི་ཤུ་ལྔ་རྗེ་བླ་མའི་དུས་མཆོད་ཡིན་པས་འཇིགས་བྱེད་བདག་འཇུག །ཉི་ཤུ་དགུ་ལ་དགུ་གཏོར་ཏེ་དུས་བཟང་ལྔ་མ་ཆད་པ་དགོས། ཚོགས་འཚོགས་སྐབས་ཐམས་ཅད་ཞལ་ཡར་ཕྱོགས་ཏེ་དལ་བུས་ཕྱག་འཚལ་ཞིང་ས་གཞི་བྱིན་རླབས། སྤྱན་འདྲེན་བཅས་སྔོན་དུ་བཏང་ལ། ཤོ་ལོ་ཀ་རེ་དང་ཕྱག་རེ་འགྲིག་པ་བྱས་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས། ཕུན་ཚོགས་དགེ་ལེགས་ནས། གསལ་མཛད་བཤེས་གཉེན་གྱི་བར་རམ། ཡང་ན། ཕུན་ཚོགས་དགེ་ལེགས་ཞེས་པའི་ཤོ་ལོ་ཀ་དེའི་འཕྲོར། བྱམས་པ་ཐོགས་མེད་ཅེས་སོགས་ཚིགས་བཅད་གསུམ་དང༌། རབ་འབྱམས་གསུང་རབ་ཅེས་སོགས། མཐུན་པའི་སྨོན་ལམ་ཞེས་སོགས་དང༌། སྐྱོན་གྱིས་མ་གོས་༝། གཞོན་ནུའི་ཆ་ལུགས་༝། ལྕང་ལོ་ཅན་གྱི་༝། ལྷ་དང་ལྷ་མིན་༝། ཇི་སྙེད་སུ་དག་ནས། ཕྱག་འཚལ་མཆོད་པར་བགྱི། །དེ་ནས་ལྟུང་བཤགས་དང་སྤྱི་བཤགས་བྱས་ལ། འདོད་ཆགས་ཞེ་སྡང་ནས། ཕྱིར་བསྔོ་བའི་བར་དང༌། མཎྜལ་རྒྱས་པར་ཕུལ། དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བཤེས་གཉེན་ལ་མ་གུས་པ་ནས་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། དགེ་བའི་བཤེས་གཉེན་སངས་རྒྱས་སུ་མཐོང་བ་ནས་ཟུང་འཇུག་གི་བར་གྱི་ལམ་གྱི་རྟོགས་པ་མཐའ་དག་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་


GTD008_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། རྐྱེན་ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་གདབ། དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱིས་སེམས་བསྐྱེད་བཟུང་ལ། སླར་ཡང་ཕྱག་དང་སྦྲགས། བྱང་ཆུབ་སེམས་མཆོག་ཅེས་སོགས་ཀྱི་ཚིགས་བཅད་བརྒྱད་དགུ་ཙམ་གསུང་རྒྱུན་བཞིན་བྱ། དམིགས་བརྩེ་མ་འདོན་བཞིན་པར་ས་ལ་བཞུགས་ཏེ་སྐྱབས་འགྲོ་རྒྱས་པ་དང་གནས་བཅུ་གསུང༌། འདི་ཡན་ཆད་ཚོགས་ཕལ་ཆེར་ལ་འདྲ། བླ་མཆོད་དུས་བཟང་སྐབས། བདེ་ཆེན་ངང་ལས་ཞེས་པ་ནས། ལུས་སྤྲུལ་ཕྱག་འཚལ་ལོ། །ཞེས་པའི་བར་དཀྱུས་ལྟར། མཆོད་པའི་སྐབས། སྐྱབས་མགོན་རྗེ་བཙུན་བླ་མ་འཁོར་བཅས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི། །བཀོད་ལེགས་རིན་ཆེན་འོད་འབར་སྣོད་ཡངས་ལས། །དག་བྱེད་བདུད་རྩིའི་མཆོད་ཡོན་དལ་གྱིས་འབབ། །དང་བའི་སེམས་ཀྱིས་ཕུལ་བྱུང་ཞིང་གི་མཆོག །སྐྱབས་མགོན་ཐུགས་རྗེའི་གཏེར་ལ་འབུལ་བར་བགྱི། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་སརྦ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། མཆོད་ཡོན་གྱི་གནས་སུ་ཞབས་བསིལ་སོགས་དང༌། ཨརྒྷཾ་གྱི་གནས་སུ་པཱ་ཏྱཾ་སོགས་བཅུག་པས་ཆུ་བཞི་དབུལ། རྐང་པ་བར་བ་གཉིས་ཀྱི་གནས་སུ། སྡོང་བུ་སིལ་མ་འཕྲེང་བ་སྤེལ་ལེགས་པའི། །མཛེས་པའི་མེ་ཏོག་ས་དང་བར་སྣང་གང༌། །ཞེས་པ་བཅུག་ལ། ཨོཾ་གུ་རུ་ནས་ཝཱ་ར་པུཥྤེ་ཞེས་སྦྱར་བས་མཚོན་ཏེ་ཉེར་སྤྱོད་རོལ་མོ་རྣམས་དབུལ། དེ་ནས། གསང་བའི་འཁོར་ལོ་ཞེས་སོགས་གསང་འདུས་ནས་འབྱུང་བའི་ཚིགས་བཅད་


GTD008_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ནང་གི་ཉེར་སྤྱོད་དབུལ། ཚིག་ཐ་མ། བླ་མ་ལྷ་ཡི་ཚོགས་རྣམས་མཉེས་ཕྱིར་འབུལ། །ཞེས་སྒྱུར། རིན་ཆེན་དབང་གི་རྒྱལ་པོ་ནས། བླ་མ་ལྷ་ཡི་སྤྱན་ལ་དབུལ་བར་བགྱི། །ཞེས་སོགས་དང༌། འདོད་པའི་སྒྱུ་རྩལ་ཞེས་སོགས་ཕྱི་ནང་གི་འདོད་ཡོན་དབུལ། མཎྜལ་རྒྱས་པར་ཕུལ་ལ། མཇུག་ཏུ་བྱེ་བ་ཕྲག་བརྒྱའི་ཞེས་སོགས་དང༌། བདག་གཞན་མ། ས་གཞི་མ་སོགས་འདོན། དེ་ནས། དངོས་བཤམས་ཡིད་སྤྲུལ་ཞེས་སོགས་ཀྱི་མཆོད་པ་ལྷག་མ་གཞུང་བཞིན་བྱ། བཤགས་པའི་མཚམས་སུ་ལྟུང་བཤགས་དང༌། སྡོམ་པ་གོང་མ་གཉིས་ཀྱི་ཕྱིར་བཅོས། སྤྱི་བཤགས་བཅས་ཀྱི་འཕྲོར། ཐོག་མེད་དུས་ནས། ཞེས་པ་ནས། ཐོབ་ཕྱིར་བསྔོའི་བར་དཀྱུས་བཞིན་བྱ། དེ་ནས་ཐུབ་དབང་གི་བསྟོད་པ། ལམ་རིམ་གསོལ་འདེབས། བྱིན་རླབས་ཉེ་བརྒྱུད་ཀྱི་གསོལ་འདེབས་དང༌། རྗེའི་སྐུ་བསྟོད། རྣམ་ཐར། དངོས་བརྒྱུད་ཀྱི་བླ་མའི་སྐུ་བསྟོད་གསོལ་འདེབས་ཀྱི་སྐོར་སོགས་བླ་མ་སངས་རྒྱས་བྱང་སེམས་ཀྱི་བསྟོད་ཚོགས་གང་འོས་འདོན། ཡོན་ཏན་འབྱུང་གནས་མན་ཆད་གཞུང་ལྟར་ལ། མཇུག་ཏུ་ལམ་རིམ་བསྡུས་དོན་དང༌། སྨོན་ལམ་རྣམ་ལྔ། བདེ་གཤེགས་མ། བྱམས་ཆེན་མ། ལམ་རིམ་སྨོན་ལམ་བཅས་གསུངས། གསང་བདེ་འཇིགས་གསུམ་ཡ་མ་བྲལ་བའི་ལམ་ལ་བག་ཆགས་འཇོག་པའི་ཕྱིར་དེ་གསུམ་གྱི་སྨོན་ལམ་ཡང་ཆ་ཚང་བ་བྱུང་ན་ལེགས། སྨན་ཆོག་རྒྱས་པ་དངོས་དག་བྱུང་ན་ལེགས་ཀྱང༌། བློ་ནས་མི་ཐོན་ཚེ་གནད་སྨིན་ཞིག་དཀའ་ལ། པཎ་ཆེན་ཐམས་ཅད་མཁྱེན་པའི་སྨན་ཆོག་བསྡུས་པ་འདི་ཚིག་ཉུང་ཡང༌། སྔ་མའི་དོན་གཅིག་ཀྱང་མ་ཆད་པར་ནང་དུ་འདུས་ཏེ་ཡ་མཚན་ཆེ་བས་འདི་ཉིད་ཀྱིས་འཐུས།


GTD008_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཇེ་རྒྱས་སུ་བཏང་ན་ཉོག་འགྲོ་བས། གཙོ་བོའི་སྐབས། བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཞེས་པའི་འཕྲོར། ཇི་སྙེད་སུ་དག་ཅེས་སོགས་ཕྱག་མཆོད་ཀྱི་ཚིགས་བཅད་བདུན་དང༌། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཚིགས་བཅད་རྣམས་ཀྱིས་ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས་དབུལ། འདོད་ཆགས་ཞེ་སྡང་ནས། ཕྱིར་བསྔོའོ། །ཞེས་པའི་འཕྲོར། རྒྱལ་བའི་མཚན་ཐོས་ཞེས་སོགས་སྦྱོར། བཟླས་པ་གང་མང་དང༌། སྨོན་ལམ་སོགས་རྒྱས་པར་བྱ། རྣམ་རྒྱལ་ཆོ་གའི་འགོར། རྩ་བའི་སྤྲུལ་གཞི་ལྟ་བུ་ཚེ་དཔག་མེད་ཡིན་པས། ཚེ་དཔག་མེད་དང་འབྲེལ་བའི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་ཚེ་གཟུངས་གང་མང་དང་བླ་མའི་ཞབས་བརྟན་གྱི་རིགས་སྔོན་དུ་བཏང་ན་ལེགས། དབྱར་གནས་ལྟ་བུ་སྒྲོལ་འདོན་ཡོད་སྐབས་རྣམས་སུའང་སྒྲོལ་མ་གདུགས་ཤེར། སེང་གདོང་མ་སོགས་སྔར་རྒྱུན་མ་ཉམས་པའི་ཐོག །བླ་མའི་རྣལ་འབྱོར་དང་འབྲེལ་བར་ཚེ་གཟུངས་བཟླ། སྒྲོལ་དཀར། ཨ་ར་པ་ཙ། ལོ་གྱོན་མ་སོགས་གཟུངས་སྔགས་ཅི་རིགས་ཀྱང་བཟླས་ན་ལེགས། བདག་འཇུག་སྐབས་གཞན་གྱི་འདོན་པ་བསྡུས་ཙམ་བྱས་ཏེ་དངོས་གཞིའི་འདོན་རྟ་དབྱངས་ཕྱག་ལེན་ཐམས་ཅད་རྒྱུད་གྲྭའི་ལུགས་སྲོལ་ཟུར་མ་ཉམས་པ་བྱས་ན་ལེགས། དགུ་གཏོར་ལ། འཇིགས་བྱེད་མགོན་ཆོས། གསེར་ཞུན་མ་སོགས་དང༌། ལོ་མཇུག་གི་དགུ་གཏོར་ཉི་མ་གསུམ་གྱི་སྐབས་དེའི་སྟེང་དུ་ལྷ་མོ་རྣམ་སྲས། བེག་ཙེ། ཐ་འོག་པ་རྣམས་ཀྱང་བསྣན་ཏེ་བྱ། ལོ་གསར་ཚེས་གཅིག་ལ་བླ་མཆོད་སོགས་འདོན་པ་གཞན་རྣམས་བསྡུས་ཙམ་བྱས་ལ་ལྷ་མོའི་ཚེས་གཏོར་ཕྱག་ལེན་དང་མཐུན་


GTD008_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟར་ན་ལེགས། འདིར་མདོར་བསྡུས་ཀྱི་ཐོ་ཙམ་བཀོད་པ་ཡིན་པས། བསྒྲིག་ལམ་གྱི་རྐང་ཚུགས་ནས་ཞིབ་ཆ་རྒྱས་པར་བྱས་ན་ལེགས། ཅོ་ནེའི་ཤོག་གི་དགོན་རྣམ་རྒྱལ་གླིང་གི་ཞལ་འདོན་སྐོར་གྱི་འདོན་བསྒྲིག་ལེགས་ཚོགས་ལྷུན་གྲུབ་ཅེས་བྱ་བ་འདིའང་དེ་ཀའི་བླ་མ་ལས་སྣེ་ཐུན་མོང་ནས་བསྐུལ་ངོར་ཅོ་ནེ་དགོན་ཆེན་ནས་གནང་བའོ། །༈ དཀོན་མཆོག་གསུམ་འདུས་འཇིགས་མཛད་བླ་མ་ལྷས། །ཚད་མེད་ཐུགས་རྗེའི་བྱིན་གྱིས་དབང་བསྐུར་ཏེ། །གསང་ཆེན་བསྟན་པའི་སྒྲོན་མེ་འཆང་བ་པོའི། །བདེན་ཚིག་འགྱུར་བ་མེད་པ་རྡོ་རྗེའི་ལུང༌། །སྣང་ཞིང་སྲིད་པར་རྒྱུ་བའི་ལྷ་འདྲེའི་ཚོགས། །རྩ་བརྒྱུད་བླ་མའི་རྡོ་རྗེའི་ཐ་ཚིག་གིས། །རྡོ་རྗེའི་གཡར་དམ་བསྒོས་པ་ཉེར་དགོངས་ལ། །སྐྱེ་འགྲོ་ཀུན་ལ་གནོད་འཚེའི་བསམ་སྦྱོར་སྤོངས། །ཁྱད་པར་དགེ་འདུན་འདུས་ཚོགས་དཔོན་སློབ་ཀུན། །ཐུབ་བསྟན་རིན་ཆེན་བཤད་སྒྲུབ་བགྱིད་པ་ལ། །རྟག་ཏུ་ཉེར་འཚེ་སྤོང་ཞིང་མཐུན་པའི་རྐྱེན། །ཇི་ལྟར་ནུས་བཞིན་སྒྲུབས་ཤིག་ས་མ་ཡཿ །ཞེས་སྣང་སྲིད་ལྷ་འདྲེའི་ཚོགས་ལ་བཀའ་བསྒོ་འདི་ནི། སྐྱབས་མགོན་རྡོ་རྗེ་འཆང་དཀོན་མཆོག་བསྟན་པའི་སྒྲོན་མེས་གནང་བའོ། །༈ དགེ་སྦྱོང་དཀོན་མཆོག་བསྟན་པའི་སྒྲོན་མེ་བདག །རང་སྟོབས་ཀྱིས་དཀོར་སྦྱོང་མི་ནུས་བས། དད་རྫས་ཆུད་མི་ཟ་བའི་ཕྱིར་འདི་ལྟར་བསྒྲུབ་པས་མཚོན། དུས་གསུམ་གྱི་དགེ་ཚོགས་བསྡོམས་པའི་མཐུ་ལ་བརྟེན་ནས་ཕྱག་མཛོད་དགེ་འདུན་གྲགས་པ། དཔོན་པོ་བློ་བཟང་དཀོན་མཆོག །གཉེར་བ་བློ་བཟང་དར་རྒྱས། མ་རྒན་བོ་ཆོག་སྐྱིད་སོགས་ཉེ་འབྲེལ་གྲྭ་སློབ་སྦྱིན་བདག་བཀོལ་སྤྱད་ཀྱི་དུད་འགྲོ་སོགས་འབྲེལ་ཐོགས་རྣམས་ཀྱིས་གཙོས། མར་གྱུར་སེམས་ཅན་ཐམས་ཅད་མངོན་མཐོ་ངེས་ལེགས་ཀྱི་དཔལ་ལ་


GTD008_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དང༌། ཁྱད་པར་དག་པའི་ཞིང་བདེ་བ་ཅན་དུ་སྐྱེས་ནས་མགོན་པོ་འོད་དཔག་མེད་ཀྱིས་འབྲལ་མེད་རྗེས་སུ་གཟུང་སྟེ། ཡང་དག་པའི་ལམ་བཟང་རིམ་གྱིས་བགྲོད་ནས་མཐར་ཐུག་སྐུ་བཞིའི་གོ་འཕང་བདེ་བླག་ཏུ་ཐོབ་པར་གྱུར་ཅིག །ཅེས་པ་འདིའང་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་སྤྱི་འཇོག་ཏུ་ཆོ་འཕྲུལ་སྨོན་ལམ་གྱི་བཅུ་གསུམ་ཉིན་བཀྲམ་རྒྱུའི་འོད་དཔག་མེད་ཀྱི་གོས་སྐུ་ཆེ་ལེགས་ཁྱད་མཚར་ཅན་གོས་ཆེན་རྒྱུ་བཟང་སྣ་ཚོགས་ཀྱིས་བསྒྲུབ་སྐབས་དེའི་ཁ་བྱང་དུ་སྩལ་བའོ། །༈ བདེ་སྟོང་དབྱིངས་སུ་གདེངས་པ་མ་ཧེའི་ཞལ། །སྲིད་གསུམ་ཁམ་དུ་བྱེད་པ་རྔམ་པའི་གར། །བདུད་སྡེའི་གཤེད་དུ་བསྒྱུར་བའི་ཁྲོ་ཆེན་གྱི། །བདེན་གསུང་འགྱུར་བ་མེད་པ་རྡོ་རྗེའི་ལུང༌། །སྣང་སྲིད་ལྷ་འདྲེ་འབྱུང་པོ་མི་མ་ཡིན། །ཀུན་ལ་ཕྱག་རྒྱས་བཏབ་སྟེ་བསྒོ་བ་ནི། །དཀར་ནག་ལས་འབྲས་འཆོལ་བ་མེད་པ་དང༌། །རྩ་བརྒྱུད་བླ་མའི་གཡར་དམ་གཉན་པོ་ལ། །བསམས་ནས་རིག་འཛིན་འདི་ཉིད་ཡོན་མཆོད་བཅས། །ཀུན་ལ་གནོད་འཚེའི་བསམ་སྦྱོར་སྤོང་བར་གྱིས། །རིང་མོ་ཞིག་ནས་མཆོད་སྦྱིན་གཏོར་ཚོགས་ཀྱིས། །བརྔན་ཞིང་ལན་ཆགས་འཁོར་བར་བྱས་ཟིན་གྱིས། །ད་དུང་ཤ་འཁོན་གཉེར་ན་དམ་ཚིག་གི །རྡོ་རྗེས་མགོ་བོ་འགེམས་སོ་ཤེས་པར་གྱིས། །འདིའང་ཀཿ ཐོག་སྤྲུལ་སྐུའི་མོས་འདུན་བཞིན་སྩལ་བའོ། །༈ མཚན་དཔེའི་དཔལ་འབར་ཁ་སྦྱོར་བདེ་ཆེན་གྱིས། །སྤྲོས་བྲལ་ངང་དུ་སྲིད་མཐའི་བར་བཞུགས་ནས། །འགྲོ་བའི་དོན་མཛད་ཡན་ལག་བདུན་ལྡན་མགོན། །བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ལ་ཕྱག་འཚལ། །ལྷག་བསམ་རྣམ་པར་དག་པས་གང་གི་སྐུ། །མིག་གི་བདུད་རྩིར་བསྐྲུན་པའི་དགེ་ཚོགས་མཐུས། །ཚེ་རབས་ཀུན་


GTD008_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབྲལ་མེད་རྗེས་གཟུང་སྟེ། །རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག ། ༈ རབ་འབྱམས་བརྟན་དང་གཡོ་བའི་དངོས་པོ་ཀུན། །ལྷན་སྐྱེས་བདེ་བའི་འཁོར་ལོར་སྡོམ་མཛད་པ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་རྗེ། །བཅོམ་ལྡན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ལྷག་བསམ་ཞེས་པ་ནས་དག་པ་མཁའ་སྤྱོད་གནས་དེར་དྲང་དུ་གསོལ། ། ༈ རབ་འབྱམས་རྒྱལ་བའི་ཡེ་ཤེས་སྒྱུ་མའི་འཕྲུལ། །གཏུམ་དྲག་ཁྲོ་བོ་ཆེན་པོའི་སྐུར་བཞེངས་ཏེ། །མ་རུངས་བདུད་སྡེའི་དཔུང་ཚོགས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ལྷག་བསམ་ཞེས་པ་ནས་ཕྱི་ནང་བདུད་སྡེའི་གཡུལ་ལས་རྒྱལ་བར་མཛོད། །༈ རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་གཟུགས་སྐུ། །དམིགས་མེད་བདེ་ཆེན་ཐུགས་དང་རོ་གཅིག་པ། །ཕྱི་ནང་གཞན་གསུམ་རྣམ་པར་དག་པའི་བདག །དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །ལྷག་བསམ་ཞེས་པ་ནས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་གྲུབ་པར་མཛོད། །༈ རྗེས་ཆགས་དགའ་བས་རབ་མྱོས་བདག་མེད་མར། །མི་ཕྱེད་དམ་དུ་འཁྱུད་པའི་བདེ་བ་ཆེས། །དགྱེས་པའི་གར་གྱིས་རྩེན་པའི་ཧེ་རུ་ཀཿ །བཅོམ་ལྡན་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ། །ལྷག་བསམ་ཞེས་པ་ནས་ལྷན་སྐྱེས་བདེ་ཆེན་འཆར་བར་བྱིན་གྱིས་རློབས། །༈ སྙིང་རྗེའི་ངང་ལས་དྲག་པོའི་སྐུར་བཞེངས་ཏེ། །མ་རུངས་གདུལ་དཀའི་འགྲོ་རྣམས་འདུལ་མཛད་པ། །ཐུགས་རྗེའི་གཏེར་ཆེན་མྱུར་མཛད་སྤྱན་རས་གཟིགས། །ཡེ་ཤེས་མགོན་པོ་འཁོར་བཅས་ལ་ཕྱག་འཚལ། །ལྷག་བསམ་ཞེས་པ་ནས་ཐེག་མཆོག་ལམ་བཟང་བགྲོད་པའི་སྡོངས་གྲོགས་མཛོད། །༈ བློ་བཟང་རྒྱལ་བའི་


GTD008_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་ཀུན་གྱི་གཙོ། །དཀར་ནག་ལས་ཀྱི་བླང་དོར་ཤན་འབྱེད་པ། །ཁམས་གསུམ་སྐྱེ་འགྲོ་ཡོངས་ཀྱི་སྲོག་གི་བདག །དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། །ལྷག་བསམ་ཞེས་པ་ནས་དགེ་ལྡན་བསྟན་དགྲ་མ་ལུས་ཕྱེ་མར་རློགས། །༈ རྒྱལ་བ་ཀུན་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ། །སྣང་སྟོང་སྲིན་པོ་ཁྲོས་པའི་སྐུར་བཞེངས་ཏེ། །བསྟན་དགྲ་འཇོམས་ཤིང་བསྟན་འཛིན་བུ་བཞིན་དུ། །སྐྱོང་མཛད་དམག་ཟོར་རྒྱལ་མོའི་ཞབས་ལ་འདུད། །ལྷག་བསམ་ཞེས་པ་ནས་ཕྱི་ནང་ཉེར་འཚེ་ཀུན་ལས་སྲུང་དུ་གསོལ། །༈ ཕུན་ཚོགས་དཔལ་འབྱོར་འདོད་དགུའི་དཔྱིད་འཇོ་བས། །རྣལ་འབྱོར་དཔོན་སློབ་སྡེ་དང་བཅས་པ་ཡི། །འདོད་དོན་མ་ལུས་ལྷུན་གྱིས་གྲུབ་མཛད་པ། །རྒྱལ་ཆེན་རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །ལྷག་བསམ་ཞེས་པ་ནས་ཆོས་སྲིད་དཔལ་འབྱོར་མཐའ་དག་རྒྱས་པར་མཛོད། །ཤོ་ལོ་ཀ་འདི་རྣམས་ཞུ་བ་པོའི་འདུན་པ་བཞིན་ཐང་གའི་ཁ་བྱང་དུ་སྩལ་བའོ། །༈ གསུང་གི་རྡོ་རྗེ་འོད་དཔག་མེད་མགོན་གྱི། །གསུང་ངག་རྡོ་རྗེའི་ཚིག་དོན་ཟབ་ཅིང་བརླིང༌། །གསུང་ཟེར་རྡོ་རྗེའི་གཟེགས་མ་འབུམ་འཕྲོ་བས། །གསུང་རབ་རྡོ་རྗེ་རིན་ཆེན་འཕྲེང་བར་སྤེལ། །དེའང་པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་མཛད་པའི་ལྟ་མགུར་འདི་ཉིད་མཆན་བུའི་ཚུལ་གྱིས་མདོར་བསྡུས་ཏེ་འགྲོལ་བ་ལ། ཀླད་གཞུང་མཇུག་གསུམ་ལས། དང་པོ་ཀླད་ཀྱི་དོན་མཆོད་པར་བརྗོད་པ་ནི། ན་མོ་གུ་རུ་བྷྱཿ སྐྱབས་ཀུན་འདུས་བླ་མ་ཡིད་བཞིན་ནོར། །ཐུགས་འགྲོ་ལ་ཕྱོགས་ལྷུང་མི་མངའ་ཡང༌། །གང་རྩེ་གཅིག་དྲན་ལ་ནོར་བུ་རྒྱལ་མཚན་གྱི་རྩེར་མཆོད་ན་འདོད་དགུ་འབྱུང་བ་ལྟར། འདི་ཕྱི་ཡི། །དོན་བདེ་བླག་སྩོལ་ལ་སྙིང་ནས་འདུད། །གཉིས་པ་གཞུང་དོན་ལ་གནད་བཞིའི་སྒོ་ནས་གཏན་ལ་དབབ་པ། གཏན་ལ་ཕབ་པས་བདག་མེད་སྒོམ་ཚུལ། དེའི་


GTD008_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དོན་དང་གསུམ། དང་པོ་ལ་གནད་བཞི་ལས། དགག་བྱ་ངེས་པའི་གནད་ལ་དགག་བྱ་ངོས་འཛིན་དགོས་པའི་རྒྱུ་མཚན་དང༌། འཛིན་ཚུལ་དངོས་གཉིས། དང་པོ་ནི། གནས་སྲིད་པའི་རྩེ་ནས་དམྱལ་བའི་བར། །སྐྱེ་རྒ་དང་འཆི་བས་འཁོར་བ་འདིར། །ཁོང་གཞན་གྱིས་བཟུང་ནས་དབང་མེད་དུ། །སྡུག་སྣ་དགུ་བཏང་བ་མ་ཡིན་གྱི། །སྤྱོད་འཇུག་ལས། གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། །གསུངས་པ་ལྟར། གདོན་རང་གི་སེམས་ལ་གནས་པ་ཡི། །དགྲ་བདག་འཛིན་འགོང་བོ་འདི་ཡིན་པས། །ཁོའི་ཞེན་ཡུལ་ཇི་བཞིན་མ་རྙེད་པར། །དཔྱད་དཔྱད་ཀྱང་འབེན་མ་མཐོང་བར་མདའ་བརྡེག་པ་ལྟར་དགག་བྱ་ཁྱབ་ཆེ་ཆུང་གང་རུང་དུ་སོང་ནས། རྟག་ཆད་མཐའ་རུ་ལྷུང། །ཐ་མལ་གྱི་ལྷན་སྐྱེས་ཤེས་པ་ལ། །ཡུལ་གང་སྣང་བདེན་པའི་ཚུལ་དུ་སྣང༌། །སྣང་ཚུལ་དེའི་སྟེང་ནས་དགག་བྱ་ངོས་ཟིན་དགོས་ཀྱི། གྲུབ་མཐས་སྒྲོ་བཏགས་པ་ནི་གྲུབ་མཐའ་དེ་འཛིན་པ་ཁོ་ན་ལ་སྣང་ཞིང༌། དེ་བཀག་པས་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་ཚུལ་མི་ཁེགས་པས། འདི་ཀུན་བརྟགས་ཤེས་པའི་འཛིན་སྟངས་དང༌། །དོན་མ་འདྲེས་ངོས་འཛིན་གནད་དུ་ཆེ། །གནད་དང་པོ་དགག་བྱའི་སྣང་ཚུལ་འདིའི། །གཏིང་མ་ཕྱིན་རྐུན་པོ་ནགས་ཤོར་ལ། །རྗེས་སྤང་ལ་གཅོད་དང་འདྲ་བས་ན། །དོན་འདི་ལ་མྱོང་བ་ཕུལ་ཕྱིན་མཛོད། །༈ གཉིས་པ་དགག་བྱ་ངོས་འཛིན་ཚུལ་དངོས་ཀྱི་དོན་ལ། སྒོམ་ཐོག་ནས་ལྟ་བ་ཚོལ་བའི་ལུགས་ཀྱིས་དང་པོར་ཞི་གནས་སྒྲུབ་དགོས་ཚུལ་དང༌། དེའི་སྟེང་ནས་དགག་བྱ་ཚོལ་ཚུལ་གཉིས། དང་པོ་ནི། ཚུལ་འདི་ཉིད་ཇི་བཞིན་ངེས་པ་ལ། །སེམས་ཞི་གནས་སྔོན་དུ་འགྲོ་དགོས་པས། །དེང་དུས་ཀྱི་ལྟ་ཁྲིད་སྐྱོང་བ་རྣམས། །ལམ་དབུ་མའི་ཚུལ་ལས་རིང་དུ་འཁྱམས། །གཉིས་པ་ནི། དོན་བསྡུས་ན་ངའམ་བདག་དེ་ནི། །རང་སེམས་ཀྱི་དབང་གིས་ཕར་བཞག་ཅིང༌། །མིང་ཙམ་གྱི་བྱ་བྱེད་འཐད་པ་ལས། །ཡུལ་རང་


GTD008_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོས་ནས་གྲུབ་པ་མེད། །མེད་མོད་ཀྱང་རང་ངོས་གྲུབ་པར་སྣང༌། །དོན་སྣང་བ་ལྟར་དུ་སེམས་ཀྱིས་ཞེན། །གང་ཞེན་པའི་ཚུགས་ཐུབ་ང་དེ་ཉིད། །ངེས་གྱུར་ན་དགག་བྱ་ངེས་པར་འཇོག། །༈ གཉིས་པ་ཁྱབ་པ་ངེས་པའི་གནད་ནི། ཆོས་གང་ཞིག་ཡོད་པ་ལ་གཅིག་གམ་ཐ་དད་གང་རུང་གི་རྣམ་པར་ཡོད་པ་ལས་གནས་ཚུལ་གཞན་མི་སྲིད་པས། སྤྱིའི་ཁྱབ་པ་དེ་ཉིད་ཀྱི་སྒོ་ནས་བཏགས་ཆོས་ཀྱི་ང་དེ་ཉིད་གདགས་གཞིའི་ཕུང་བོའི་སྟེང་དུ་བདེན་པར་ཡོད་ན། དེ་དང་བདེན་པའི་གཅིག་ཏུ་ཡོད་པའམ། བདེན་གྲུབ་ཀྱི་ཐ་དད་དུ་ཡོད་པ་གང་རུང་ལས་མ་འདས་པའི་ཚུལ་སྟོན་པར། དེ་ཕུང་པོ་ལྔ་དང་གཅིག་ཐ་དད། །གང་རུང་དུ་གྲུབ་པ་ལས་གཞན་པའི། །ཚུལ་གཞན་དུ་གྲུབ་ཐབས་མེད་པ་རུ། །ཐག་ཆོད་པ་ཁྱབ་པ་ངེས་པའི་གནད། །གནས་གསུམ་པ་གཅིག་བྲལ་ངེས་པའི་གནད་ནི། ང་ཕུང་གཅིག་ཡིན་ན། །འཇུག་པར། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །ཞེས་པ་ལྟར། ང་དུ་མར་ཐལ་དང་ཕུང་པོ་ལྔ། །གཅིག་འགྱུར་ཞིང་རྩ་ཤེ་ལས། ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཞེས་པ་ལྟར་ལས་འབྲས་མྱོང་བ་པོའི་རྟེན་བདག་ཁས་བླངས་པ་དོན་མེད་པར་ཐལ་བ་དང༌། ལེན་པ་པོ་ང་དང་བླང་བྱའི་ཕུང་པོ་སོ་སོར་མེད་པས་བྱ་བྱེད་གཅིག་ཏུ་ཐལ་བ་ནི། ཉེ་བར་བླང་བྱ་དང༌། །དེ་ལེན་པོ་ཞེས་པ་དོན་མེད་འགྱུར། །༈ བཞི་པ་བདེན་པའི་དུ་བྲལ་ངེས་པའི་གནད་ནི། བདག་ཕུང་པོ་དག་དང་ཐ་དད་དུ། །གྲུབ་གྱུར་ན། ༈ ཐ་དད་ཙམ་ལ་འབྲེལ་མེད་མི་དགོས་ཀྱང༌། ཚུགས་ཐུབ་ཀྱི་ཐ་དད་ལ། །འབྲེལ་མེད་ཀྱི་ཁྱབ་པས་འཇུག་པར། སྐྱེ་འཇུག་བྱེད་པོ་མེད་པས་དེ་འབྲས་མེད། །གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །གསུངས་པ་བཞིན་ལས་ཆུད་ཟ་བས། དགེ་སྡིག་ལ། །སྤང་བླང་གི་བྱ་བ་དོན་མེད་འགྱུར། །༈ གཉིས་པ་གཏན་ལ་ཕབ་པས་བདག་


GTD008_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྒོམ་ཚུལ་ལ། གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་ཚུལ། དེ་མཉམ་རྗེས་སུ་སྒོམ་ཚུལ་གཉིས། དང་པོ་ནི། ཚུལ་དེ་ལྟར་གནད་བཞིས་དཔྱད་པའི་མཐར། །ང་རང་བཞིན་མེད་པར་ངེས་པ་དེས། །བདག་མེད་པའི་ལྟ་བ་དང་པོར་རྙེད། །དེ་ནས་མདོ་ལས། ཇི་ལྟར་ཁྱོད་ཀྱི་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཞེས་གསུངས་པ་བཞིན་ཆོས་ཀྱི་བདག་མེད་ལའང་ཁ་སྤོས་པ་ཙམ་གྱིས་ཆོག་པས། བཞི་བརྒྱ་པར། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །གཅིག་གི་ལྟ་བོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་བོ་ཡིན། །ཞེས་གསུངས་པ་ལྟར་ཡིན་པས། གཅིག་དུ་བྲལ་རིགས་པས་དཔྱོད་ཚུལ་འདི། །མིག་སོགས་ཀྱི་ཆོས་ཀུན་ལ་སྦྱར་ཏེ། །ཡུལ་གང་སྣང་ངོ་བོ་ལ་ལྟོས་ཤིག །དོན་གནས་ལུགས་སྟོང་སང་རྗེན་པར་འཆར། །༈ གཉིས་པ་དེ་མཉམ་རྗེས་སུ་སྒོམ་ཚུལ་ལ་གཉིས་ལས། མཉམ་གཞག་ནམ་མཁའ་ལྟ་བུ་སྒོམ་ཚུལ་ནི། གདོན་དངོས་འཛིན་འཁྲུལ་པས་དཀྲུགས་པ་ཡི། །ཡུལ་ཀུན་རྫོབ་ཅིར་ཡང་འཆར་མོད་ཀྱི། །དཔལ་རིག་ཤེས་ལྟ་བའི་རྒྱལ་པོ་ཡིས། །མཉམ་པར་བཞག་པའི་དོན། གནས་ལུགས་ཀྱི་ལྟད་མོ་ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་དང་བྲལ་བ་ནམ་མཁའ་སྟོང་སང་ལྟ་བུའི་དགག་བྱ་ཆད་ཙམ་གྱི་དབྱིངས་ལ། ལྟོས་ཤིག་ཨང༌། །༈ གཉིས་པ་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཚུལ་ནི། དོན་དཔྱད་ཚེ་རྙེད་པའི་ཆོས་མེད་ཀྱང༌། །རྒྱུ་རྟེན་འབྲེལ་དུ་མ་ཚོགས་པའི་མཐུས། །བར་ནམ་མཁའི་འཇའ་ཚོན་ཇི་བཞིན་དུ། །ངོ་མཚར་བའི་ཀུན་རྫོབ་བཅིང་གྲོལ་བྱ་བྱེད་སོགས་མ་འཆོལ་བར་བསྙོན་མེད་དུ་འབྱུང་བ་སྒྱུ་མའི་སྣང་བ་ལྟ་བུ། འདི་ལ་ལྟོས། །༈ གསུམ་པ་གྲུབ་དོན་ལ་རྟག་མཐའ་ཁེགས་ཚུལ། ཆད་མཐའ་ཁེགས་ཚུལ། མཐའ་གཉིས་སྤངས་པའི་དབུ་མར་གྲུབ་ཚུལ་གསུམ། དང་པོ་ནི། ཡོད་ཡོད་ལྟར་བདེན་པར་བཟུང་བའི་ང༌། །ཚུལ་གང་གིས་བཙལ་ཀྱང་མི་རྙེད་པ། །བྱ་ནམ་མཁར་འཕུར་བའི་རྗེས་འདྲ་འདི། །དོན་གནས་ལུགས་ལྟ་བ་


GTD008_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཡིན། །༈ གཉིས་པ་ཆད་མཐའ་ཁེགས་ཚུལ་ནི། རང་ངོས་ནས་གྲུབ་པ་ཅང་མེད་ཀྱང། །བདེ་སྡུག་གི་སྣང་བ་ཉིན་མཚན་ཀུན། །བསྙོན་མེད་པར་འཆར་བའི་རྒྱུ་འབྲས་ཀྱི། །རྟེན་འབྲེལ་ལ་བསླུ་བ་མེད་པའི་རྟགས། །༈ གསུམ་པ་མཐའ་གཉིས་སྤངས་པའི་དབུ་མར་གྲུབ་ཚུལ་ནི། དོན་བདེན་པར་གྲུབ་དང་གཏན་མེད་པའི། །མཐའ་གཉིས་ཀ་དགག་པའི་ལྟ་བ་འདི། །དཔལ་ཀླུ་སྒྲུབ་ཡབ་སྲས་དགོངས་པ་བཞིན། །རྗེ་ཡབ་སྲས་ཐུགས་བཅུད་ཕྱུང་བ་ཡིན། །༈ རྩ་བའི་གསུམ་པ་མཇུག་གི་དོན་ནི། ཞེས་པ་འདིའང་སེང་བཟང་སྤྲུལ་སྐུས་འཕྲིན་ཡིག་གི་ལམ་ནས་བསྐུལ་བ་ལྟར། ལྟ་བའི་གླུ་ལེན་པ་བོ་ནི་༸ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་ལོ། །པཎ་ཆེན་ཐམས་ཅད་གཟིགས་པ་ཆེན་པོས་ཁོང་རང་ལ་སྩལ་བའི་ལྟ་མགུར་འདིར་འགྲེལ་པ་ཞིག་དགོས་ཞེས་དམ་པ་ཉིད་ནས་བསྐུལ་མ་མཛད་པ་ལྟར། མཆན་འགྲེལ་གནད་བསྡུས་འདིྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ཐུབ་དབང་རྡོ་རྗེ་འཆང་ཆེན་པོ་འཇམ་མགོན་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །ཚེ་རབས་ཀུན་ཏུ་རྗེས་སུ་གཟུང་དུ་གསོལ། དེ་ཡང་མཁས་པ་དང་བླུན་པོའི་ཁྱད་པར་ཁ་བཤད་མཁས་མི་མཁས་ཀྱིས་འཇོག་པ་མིན། འདུན་མ་འཕྱུག་མ་འཕྱུག་ལ་ཟེར། འདུན་མ་མི་འཕྱུག་པ་ལ་བསམ་བློ་ལེགས་པར་གཏོང་དགོས། མི་ལུས་ཐོབ་ཀྱང་སྔར་ཡིད་ལ་འཛིན་རྒྱུའི་སྙིང་པོ་ཅི་ཡང་མ་ལོན། ཁ་སང་ཡན་ཆད་ཅིག་ལ་ཤི་སྟེ་དམྱལ་བའི་མེ་འོབས་སུ་ལྷུང་ཡོད་ན་ཅི་འདྲ་ཞིག་འོང་རྒྱུ་རེད། དེ་ལྟར་མ་སོང་བར་ད་ལྟ་དལ་འབྱོར་གྱི་རྟེན་ལ་གནས་ཡོད་པ་འདི་དཀོན་མཆོག་གི་ཐུགས་རྗེས་སྟབས་ལེགས་པ་ཡིན། འཇིག་རྟེན་ཕྱི་མ་ཟེར་བ་དེར་དོ་ནུབ་སླེབ་མི་འགྲོ་བའི་


GTD008_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ཡང་མེད་ཅིང༌། དེ་རྒྱ་ཆེ་ལ་ཡུན་རིང་བས་དེའི་འདང་ཞིག་རྒྱག་དགོས། དེ་ལ་འཇིགས་ཤིང་སྐྲག་པ་ཁོ་ནས་མི་ཕན། གང་ལ་བརྟེན་ན་ནམ་ཡང་བསླུ་བ་མེད་པ་སྐྱབས་དཀོན་མཆོག་གསུམ་ཡིན་པས། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་དཀོན་མཆོག་གསུམ་ལ་བློ་ཕུགས་གཏོད། སྐྱིད་སྡུག་ཐམས་ཅད་གཞན་ཞིག་གིས་བྱས་པ་མ་ཡིན་པར་རང་གིས་བསགས་པའི་ལས་ཀྱི་རྣམ་སྨིན་རང་གིས་མྱོང་བ་ཡིན་པས། མངོན་ལྐོག་གི་བྱ་བ་གང་ལ་ཡང་ལས་རྒྱུ་འབྲས་དབང་པོར་ཞོག །ཁྱད་པར་སྡོམ་པ་གསུམ་སོགས་ཁས་བླངས་རྒྱ་ཆེ་བ་འདི། བླ་མ་དཀོན་མཆོག་དཔང་དུ་བཞག །མནའ་ཆུ་ཚུན་ཆད་འཐུངས་ནས་དམ་བཅས་པ་ཡིན་ཞིང༌། འདི་དང་འགལ་ན་སྡིག་ལྟུང་གཉི་གའི་ཆ་ནས་ཉེས་དམིགས་ཤིན་ཏུ་ཆེ། སྡོམ་གསུམ་ཚུལ་བཞིན་བསྲུང་བ་ལས་ལྷག་པའི་ཉམས་ལེན་དང་བསྟན་པའི་སྙིང་པོ་སངས་རྒྱས་ཀྱི་སར་བགྲོད་པའི་མྱུར་ལམ་ཞིག་མེད་པར་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པས་སྡོམ་གསུམ་དག་པ་ཉམས་ལེན་གྱི་མཐིལ་དུ་གྱིས། མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་དར་བའི་ཡུལ་དུ་སྐྱེས་པས་མི་ཆོག །རང་ཉིད་དེར་ཞུགས་ནས་སྙིང་པོ་ཅི་ལོན་གྱིས་སྐལ་བ་མ་ཆད་པ་བྱེད་དགོས། རྟོགས་པ་མཐོ་དམན་གྱི་སྤྱོད་པ་ཐམས་ཅད་ཅིག་ཅར་དུ་ལག་ཏུ་ལེན་ཚུལ་མེད་ཀྱང༌། ཚེ་འདིའི་སྣང་ཤས་གཅོད་ཐབས་སོགས་ལས་དང་པོ་བ་ལ་གལ་ཆེ་བ་རྣམས་དངོས་སུ་ལག་ལེན་དུ་བཏབ། ཟབ་མོའི་ལྟ་བ་དང་རིམ་གཉིས་ཀྱི་རྣལ་འབྱོར་སོགས་གོང་མ་རྣམས་ཀྱང་ཡིད་ཀྱིས་མ་བོར་བར་ཤར་སྒོམ་རེ་དང་སྨོན་པའི་རྣམ་པ་ཚུན་ཆད་ཀྱིས་བསྒོམ་ན་བསྟན་པ་ཡོངས་རྫོགས་ལ་བག་ཆགས་བཞག་པ་ཡིན། དེ་དག་ཉམས་ལེན་གྱི་དངོས་གཞི་ལགས། གེགས་སེལ་


GTD008_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་གདོན་གྲིབ་རྩ་རླུང་སོགས་ཀྱི་གེགས་མང་ཡང༌། སྡུག་ཤོས་སྡིག་གྲོགས་ཡིན་པས་སྤང་དགོས། བོགས་འབྱིན་བྱེད་ཚོགས་གསོག་སྒྲིབ་སྦྱོང་གི་སྒོ་མང་ཡང༌། མཐར་ཐུག་བླ་མ་དང་ལྷག་པའི་ལྷ་དབྱེར་མི་ཕྱེད་པའི་རྣལ་འབྱོར་སྐྱོང་དགོས། དེ་ལྟར་ཚུལ་ཁྲིམས་གཙང་མ་གཞིར་བྱས། དགེ་བ་བྲེ་གསོག་ཕུལ་གསོག་ཏུ་བྱས་ཏེ། དེ་ཉིད་ཁོང་ཁྲོ་སོགས་ཀྱིས་མ་བཅོམ་པར་བསྔོ་སྨོན་རྣམ་པར་དག་པས་རྫོགས་བྱང་དུ་རྒྱས་ཐེབས་པ་ཞིག་གི་ངང་ནས་ཚེ་མཐར་ཐོན་ན་ཕོ་རྒོད་པོ་དོན་མ་འཕྱུགས་པ་ཟེར་བ་དེ་བྱུང་བ་ཡིན་པས་རྣ་རྒྱབ་ཏུ་མ་བཏང་བར་སྙིང་ལ་བཅང་བར་གྱིས་ཤིག །ཅེས་པ་འདི་ནི་རང་གི་སློབ་མ་ཧལ་ཧ་སྨོན་ལམ་གྱིས་བསླབ་བྱ་སེམས་ལ་འཛིན་རྒྱུ་ཞིག་དགོས་ཟེར་བ་ལ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་གདམས་པའོ། ། ༈ ཚོགས་གཉིས་མཐར་ཕྱིན་སྟོན་པ་བཅོམ་ལྡན་འདས། །ལུང་དང་རྟོགས་པའི་བདག་ཉིད་དམ་པའི་ཆོས། །རིག་གྲོལ་ཐེག་གསུམ་འཕགས་པའི་དགེ་འདུན་ཏེ། །དཀོ༷ན་མཆོ༷ག་རྣ༷མ་གསུམ་ལུས་ཅན་གཙུག་ན་རྒྱ༷ལ། །བསླུ་མེད་དཀོ༷ན་མཆོ༷ག་ཐུགས་རྗེའི་གྲུ་གཟིངས་ཀྱིས། །སྐལ་བཟང་ཐར་འདོད་སྲིད་མཚོ་ལས་བསྒྲལ་ཏེ། །རྣ༷མ་མཁྱེན་རྒྱ༷ལ་བའི་ཞིང་དུ་ཁྲིད་མཛད་པ། །མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །མི་ཤིགས་གཡུང་དྲུང་ཚེ་ཡི་མཆོག་སྦྱིན་པ། །ཡིད་བཞིན་འཁོར་ལོ་སོགས་ཀྱི་ཐུགས་རྗེ་དང༌། །བསྟན་སྲུང་རྒྱ་མཚོའི་མཐུ་སྟོབས་བདེན་པའི་མཐུས། །ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །བསྟན་དང་འགྲོ་ལ་སྨིན་པའི་ཐུགས་བསྐྱེད་ཀྱི། །ས་བོན་གྲུང་བོ་དུས་སུ་སྨིན་པ་ཡིས། །རྣམ་དཀར་བཤད་སྒྲུབ་འབྲས་བཟང་གཡུར་ཟ་བས། །དོན་གཉིས་དགའ་སྟོན་ལྷུན་


GTD008_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འགྲུབ་པར་ཤོག །སྐྱེ་བ་ཀུན་ཏུ་ཞེས་པ་ནས་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དད་ལྡན་དགེ་སློང་ངག་དབང་ནོར་འཕེལ་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ རང་གི་སྤྱི་བོར་པཔདྨ་འདབ་བཞི་ཡི། །དབུས་དང་ཕྱོགས་བཞི་སྣང་བྱེད་དཀྱིལ་འཁོར་ལ། །ཧཱུཾ་ཧཱུཾ་ཧྲཱིཿ ཧྲཱིཿ ཏཾ་ཡིག་འཕྲོ་འདུ་ལས། །དབུས་སུ་བླ་མ་ཀུན་འདུས་རྡོ་རྗེ་འཆང༌། །སྐུ་མདོག་སྔོན་པོ་རྡོར་དྲིལ་བསྣོལ་ཏེ་འཛིན། །མཚན་དཔེའི་དཔལ་འབར་སྐྱིལ་མོ་ཀྲུང་གིས་བཞུགས། །ཕྱོགས་སུ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །མཁའ་འགྲོ་གྲི་ཐོད་འཛིན་ཅིང་སྤྱན་རས་གཟིགས། །སྐྱབས་སྦྱིན་བུམ་པ་དང་ནི་པད་དཀར་འཛིན། །མཆོག་སྦྱིན་ཨུཏྤལ་ཕྱག་བཟུང་སྒྲོལ་མར་བཅས། །ཡི་གེ་གསུམ་མཚན་ཧཱུཾ་གིས་ཡེ་ཤེས་པ། །སྤྱན་དྲངས་དབྱེར་མེད་བརྟན་པར་བཞུགས་སུ་གསོལ། །བདག་སོགས་སྲིད་ཞིའི་འཇིགས་ལས་སྒྲོལ་བའི་ཕྱིར། །བླ་མ་ཡི་དམ་ཞི་ཁྲོའི་རྣམ་རོལ་ལ། །གུས་པས་ཕྱག་འཚལ་མཆོད་ཚོགས་ཀུན་འབུལ་ན། །བདག་སོགས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་སོ་སོའི་ཐུགས་ཀའི་ས་བོན་ལ་སྔགས་ཕྲེང་གིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་སྤྱི་བོ་ནས་ཞུགས་པས་དེ་དང་དེའི་བྱིན་རླབས་མ་ལུས་པ་ཐོབ་པར་བསམས་ལ། ན་མོ་བུདྡྷ་ཡ་སོགས་དང༌། བཛྲ་མཧཱ་ཀཱ་ལ་དང༌། ནཱ་ར་ཀྲིཾ་དང༌། ཨོཾ་བཛྲ་རཀྵ་ས་མནྟ་ཧཱུཾ་ཕཊ་དང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ་རྣམས་རིམ་པར་བཟླ། དེ་ནས་གདུང་ཤུགས་དྲག་པོ་དང་བཅས། ཐུགས་རྗེ་ཚད་མེད་བླ་མ་རྡོ་རྗེ་འཆང༌། །བྱིན་རླབས་མཚུངས་མེད་བླ་མ་རྡོ་རྗེ་འཆང༌། །སྐྱབས་གནས་བསླུ་མེད་བླ་མ་རྡོ་རྗེ་འཆང༌། །བཀའ་དྲིན་འཁོར་མེད་བླ་མ་རྡོ་རྗེ་འཆང༌། །ལས་འབྲས་བླང་


GTD008_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བསྟན་ནས་ངན་སོང་གི །སྒོ་འཕར་གཅོད་མཛད་བླ་མ་རྡོ་རྗེ་འཆང༌། །བསླབ་གསུམ་བདེན་པ་བཞི་ཡི་འཇུག་ལྡོག་གིས། །ཐར་པར་འཁྲིད་མཛད་བླ་མ་རྡོ་རྗེ་འཆང༌། །ཐབས་ཤེས་ཟུང་དུ་འཇུག་པའི་ལམ་བཟང་གིས། །སྲིད་ཞིའི་འཇིགས་སྒྲོལ་བླ་མ་རྡོ་རྗེ་འཆང༌། །དབང་དང་དམ་ཚིག་རིམ་གཉིས་རྣལ་འབྱོར་གྱིས། །ཚེ་འདིར་མཆོག་སྦྱིན་བླ་མ་རྡོ་རྗེ་འཆང༌། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་གཏེར། །གནས་སྐབས་མཐར་ཐུག་ཡོངས་ཀྱི་སྐྱབས་གཅིག་པུ། །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །ཁྱོད་མིན་སྐྱབས་གཞན་ནམ་ཡང་མི་འཚོལ་བས། །སྤྲུལ་བའི་གར་རྒྱ་བདེ་ཆེན་རོ་གཅིག་ཏུ། །སྡུད་མཛད་རྡོ་རྗེ་འཆང་ཆེན་བླ་མ་མཁྱེན། །ལྷ་བཞི་གཅིག་ཏུ་དྲིལ་བའི་བྱིན་རླབས་ཆུས། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དེ་ནས་སྲས་བཅས་རྒྱལ་བ་ཐམས་ཅད་དང༌། །སྤྱན་རས་གཟིགས་དབང་སྒྲོལ་མ་མྱུར་མཛད་མགོན། །རྣལ་འབྱོར་མ་རྣམས་བླ་མའི་སྐུར་བསྡུས་ཏེ། །དཔྲལ་མགྲིན་སྙིང་ག་ལྟེ་བར་བཞུགས་པར་གྱུར། །ཅེས་བསམ་ཞིང༌། ན་མོ་བུདྡྷ་ཡའི་གསོལ་འདེབས་གང་མང་བྱ། རང་ལུས་གཏུམ་མོ་གྱེན་དུ་འབར་བ་ཡིས། །བསྐུལ་ཏེ་བླ་མའི་སྐུ་ཡི་ལྷ་རྣམས་ཞུ། །བདུད་རྩིའི་རྒྱུན་གྱིས་སྤྱི་བོའི་རྩ་འཁོར་གང༌། །ལུས་ཀྱི་སྒྲིབ་པ་བྱང་ཞིང་བུམ་དབང་ཐོབ། །བདུད་རྩིའི་རྒྱུན་གྱིས་མགྲིན་པའི་རྩ་འཁོར་གང༌། །ངག་གི་སྒྲིབ་པ་བྱང་ཞིང་གསང་དབང་ཐོབ། །བདུད་རྩིའི་རྒྱུན་གྱིས་སྙིང་གའི་རྩ་འཁོར་གང༌། །ཡིད་ཀྱི་སྒྲིབ་པ་དག་ཅིང་ཤེར་དབང་ཐོབ། །བླ་མ་དང་བཅས་ཞུ་བའི་བདུད་རྩི་ཡིས། །ལུས་ཀུན་ཡོངས་གང་དབང་བཞི་ཐོབ་པར་གྱུར། །དེ་ནས་བླ་མགོན་དབྱེར་མེད་ཀྱི་གསོལ་འདེབས་དང༌། ཚེ་རབས་རྗེས་འཛིན་


GTD008_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྨོན་པས་མཚམས་སྦྱར་བར་བྱའོ། །ཞེས་ལྷ་བཞི་དྲིལ་སྒྲུབ་ཀྱི་དམིགས་རིམ་མདོར་བསྡུས་པ་ཞར་ལ་བཀའ་དྲིན་རྗེས་སུ་དྲན་ཚུལ་དང་བཅས་པ་འདི་ནི་སུ་ཉིད་ཤོག་ནས་ལྷག་བསམ་རྣམ་དཔྱོད་ཡངས་པ་རབ་འབྱམས་པ་འཇིགས་མེད་གྲགས་པས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ལགས། ཉིད་ནས་དོགས་པ་འགའ་ཞིག་གནང་འདུག་པའི་དོན། ཚོགས་ཞིང་སྐབས་རྩ་བའི་བླ་མ་ཞལ་རང་ལ་ཕྱོགས་སམ། ཐུབ་དབང་ལ་ཕྱོགས་གསུང་བ་དབེན་ས་བཀའ་འབུམ་དུ། ཐུབ་དབང་ལ་ཕྱོགས་པར་གསུང་བ་མདུན་དུ་དཀྱིལ་འཁོར་བསྒོམ་པ་དང་འདྲ་བས། གང་ཟག་ཁྱད་པར་ཅན་ལ་དོན་ཡང་ཆེ་བ་ཞིག་ཡིན་ནམ་སྙམ་ཡང༌། ལས་དང་པོ་བ་ལ་བློ་ངོར་བདེ་ཆེད་རང་ལ་གཟིགས་པ་ཁོ་ན་ད་ལྟའི་ཁྲིད་རྒྱུན་རྣམས་སུ་འབྱུང་བར་སྣང༌། གཡས་གཡོན་གྱི་བླ་མ་རྣམས་ཀྱང་ཐུབ་དབང་ལ་ཞལ་ཕྱོགས་པར་ཡོངས་འཛིན་རིན་པོ་ཆེ་ནས་ཁྲིད་གནང་སྐབས་གསུངས་བྱུང་ལ། ཕུར་བུ་ལྕོག་གི་གསུང་རྒྱུན་ཐུའུ་བཀྭན་རིན་པོ་ཆེས་ཟིན་བྲིས་མཛད་པར། བྱམས་པ་ཐུབ་དབང་ལ་སྐུའི་གཡོན་ཟུར་བསྟན་ཏེ། ཞལ་རང་ལ་ཕྱོགས་པར་གསུངས་འདུག་པས་རྗེ་ཕུར་བུ་ལྕོག་པས་ཀྱང་དེ་གཉིས་བློ་ལ་གང་བདེ་ཁྱད་མེད་གནང་གིན་ཡོད་པ་ཡིན་འདྲ། སངས་རྒྱས་སོ་ལྔ་སོགས་ཡི་དམ་གྱི་ལྷ་ཨེ་ཡིན་གསུང་བར། ཐུབ་དབང་དང་རྡོ་རྗེ་འཆང་གཉིས་དོན་ལ་གཅིག་ཀྱང། མདོ་སྔགས་སོ་སོར་གསུངས་དུས་ཀྱི་རྣམ་པའི་སྟོན་ཚུལ་ཙམ་ཡིན་པས། མདོ་སྔགས་སོ་སོའི་ཉམས་ལེན་སྐབས་ཀྱང་དེ་དང་དེའི་རྣམ་པར་བསམ་ན་རྟེན་འབྲེལ་ཆེ་བ་བཞིན། དེ་དག་རྣམས་དོན་ལ་ཡི་དམ་ཡིན་ཀྱང༌། མདོ་རྐྱང་པའི་ཉམས་ལེན་སྐབས་དེའི་ཆ་ནས་བསམ་མི་དགོས་སམ་སྙམ། སྤྱིར་ལུང་གསུམ་


GTD008_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆིང་གི་སྐབས་ཡི་དམ་དུ་གཟུང་དགོས་པར་བཤད་པ་ལྟར། བསྙེན་སྒྲུབ་བྱ་བའི་ཡུལ་གྱི་འདས་ལྷ་ཐམས་ཅད་ཡི་དམ་དུ་འཇོག་དགོས་པ་འདྲ་ལགས། མཆོག་སྤྲུལ་རྣམས་ཀྱི་གཙུག་ཏོར་དབུ་སྐྲའི་རྣམ་པར་ཡོད་དམ་ཤ་རུས་ཀྱི་རྣམ་པར་ཡོད་གསུང་བ། སྔ་མ་ལྟར་ན་དབུ་སྐྲ་བསིལ་ཚེ་མེད་འགྲོ་བས་ཕྱི་མ་ལེགས་ཤིང་དེ་ཡང་ད་ལྟ་ལྷུང་བཟེད་ཁ་སྦུབ་པ་ལྟ་བུར་བཤད་ཅིང་བྱེད་པ་མང་ནའང༌། སྔ་མའི་ཆག་ཚད་འགའ་ཞིག་ཏུ་འབྲུའི་ཕུང་པོ་བཞིན་སྤྱི་བོ་བགས་ཀྱིས་ཇེ་མཐོ་འབྱུང་བར་བཤད་ལ། རྒྱ་གར་ལི་མ་འགའ་ཞིག་ཏུའང་དེ་ལྟར་འབྱུང་བ་འཐད་དམ་སྙམ་མཐའི་མཁའ་འགྲོ་སེང་གེའི་གདོང་ཅན་སོགས་སུ་གསུང་གིན་འདུག་ལ། གོང་སྨོས་བཞིན་ཡི་དམ་དུ་འགྲོ་ཡང༌། མཛད་པའི་ལྡོག་ཆ་ནས་ཕྱེ་བས་གོང་འོག་འཆོལ་སྐྱོན་མི་འབྱུང་ངམ་སྙམ། བསྙེན་མཚམས་སྐབས་ཐུན་མོང་ཡིན་མིན་གྱི་སྲུང་འཁོར་མི་སྡུད་པས། ཐུན་རྗེས་མ་ལ་ས་བོན་ལས་བསྐྱེད་ཨེ་དགོས་གསུང་བ། རྒྱུ་ཚོགས་གཉིས་ལས་དག་པའི་སྣོད་བཅུད་འགྲུབ་པའི་སྦྱོང་བྱེད་དུ་འགྲོ་དགོས་སྟབས་གནད་ཚང་བ་ལ་གཞི་ནས་ས་བོན་ལས་བསྐྱེད་པ་ལགས། མཆོད་ལྷའི་ཙ་རྩི་ཀ་སོགས་ངོ་བོ་དེ་ཉིད་ཡིན་པ་ལས་རྣམ་པ་ཞལ་གཅིག་ཕྱག་གཉིས་པ་མཆོད་རྫས་སྣ་ཚོགས་འཛིན་པར་གསུང་གིན་འདུག་ལགས། ཙ་རྩི་ཀ་སོགས་ལ་ཡབ་ཀྱིས་འཁྱུད་པ་ཡིན་ཅིང༌། དེའི་སྔགས་བཟླ་སྐབས་གཏི་མུག་གཤིན་རྗེའི་གཤེད་དང་ཐོ་བ་གཤིན་རྗེའི་གཤེད་གཉིས་ཀའི་ཡུམ་གྱི་ཐུགས་ཀར་འཁོར་ལོ་ཀྵེས་མཚན་པ་དང༌། ཐོ་བ་ཡས་མཚན་པ་འགོད་པ་ལེགས་ཏེ། གསུམ་ག་དོན་གཅིག་པས་སྔགས་མོ་ཧ་ར་ཏིས་ཆོག་


GTD008_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། དང་པོ་བསྐྱེད་སྐབས་རང་རང་གི་ཡབ་དང་ས་བོན་ཕྱག་མཚན་གཅིག་ལས་སྐྱེས་པས་འདིར་ཡང་དེ་དགོས་པར་མངོན། ༈ ལྷོ་སྒོ་བརྒྱ་སྟོང་སོགས་བསྐུར་ཚེ་ཆོ་ག་གྲངས་མཉམ་ཨེ་དགོས་གསུང་བ། ལྕང་སྐྱ་ཐམས་ཅད་མཁྱེན་པར་སྐྱབས་མགོན་རྡོ་རྗེ་འཆང་དེ་ཉིད་ནས་དྲིས་ལན་མཛད་པ་ཞིག་ཏུ་འདི་དང་ཆ་མཐུན་ཞིག་གསུངས་འདུག་པ་ལྟར། མཐའ་གཅིག་ཏུ་གྲངས་མཉམ་དགོས་པའི་གཏན་ཚིགས་གཞན་དཀའ་ཡང་ཕྱག་ལེན་སླ་ཆོས་སུ་མི་འགྱུར་ཆེད་མཉམ་དགོས་པའི་ཕྱོགས་བྱས་ན་ལེགས་སམ་སྙམ། ༈ གདུགས་དཀར་གྱི་རྩ་ཞལ་དང་གཡས་གཡོན་རྒྱལ་དང་སྟེང་ཞལ་རྣམས་ཉིས་བརྒྱ་རེ་གསུངས་པ། རྩ་ཞལ་དངོས་དང་གཡས་གཡོན་གྱི་ཞལ་གྱི་ཐ་སྙད་ཆེར་མེད་ལ་ཕྱོགས་བཞིའི་ཞལ་རྣམས་ཀྱང་བརྩེགས་མར་ཡོད་པས། དེ་ལས་ལྷག་པའི་སྟེང་ཞལ་དུ་འཇོག་ཚུལ་ཞིག་ཀྱང་མེད་རུང༌། དེ་ལྟར་གསུངས་པ་ནི། འཁོར་ཞལ་བརྒྱད་བརྒྱ་བོ་གྲངས་མཉམ་པར་ཆ་བཞིར་བགོས་པའི་མདུན་མ་རྣམས་ལ་རྩ་ཞལ་སོགས་མདོག་མཐུན་ཕྱོགས་བསྡེབས་སུ་བཏགས་པ་ཙམ་དང༌། དེ་དག་གི་སྟེང་ན་ཡོད་པ་ཁ་དོག་མཐུན་པའི་ཞལ་ཉིས་བརྒྱ་ལ་སྟེང་ཞལ་དུ་བཏགས་པ་ཙམ་ལས་རྒྱུ་མཚན་ཟུར་པ་མ་མཐོང༌། ༈ རྣམ་རྒྱལ་མའི་ཚེ་སྒྲུབ་སྐབས་རྣམ་རྒྱལ་མཆོད་རྟེན་ཅི་སྟེ་མ་འགྲིག་ཚེ། བུམ་པའི་ནང་དུ་མཆོད་རྟེན་ལྷ་བཅས་བསྐྱེད་ནས་བསྒྲུབ་ཨེ་རུང་ལགས། ཞུས་པར། རྣམ་རྒྱལ་ཚེ་སྒྲུབ་སྐབས། མཆོད་རྟེན་ཅི་སྟེ་མ་འགྲིགས་ན་དེ་བཞིན་བྱས་པས་འཐུས་ལགས། ༈ ཀུན་མཁྱེན་བླ་མའི་ཡི་དམ་སྒྲུབ་སྐོར་གྱི་ཛམ་ནག་གི་སྒྲུབ་ཐབས་སུ་ཆུ་སྦྱིན་གྱི་གོང་དུ་ཆུ་ཁྱོར་བ་གང་ཁ་ལ་ཉེ་བར་གཏུགས་ཏེ། ཨོཾ་ཨིནྟྲ་ནི་སོགས་སྔགས་ལན་བདུན་གྱིས་ཁ་དང་སོར་མོ་སོགས་བྱིན་གྱིས་བརླབས་པར་གསུངས་པས། བྱིན་གྱིས་


GTD008_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་རྗེས་ཁྱོར་བའི་ཆུ་དེ་བུམ་པའི་ཆུར་བླུག་གམ་ཇི་ལྟར་བྱེད། ཞུས་པར། ཛམ་ནག་གི་ཆུ་སྦྱིན་སྐབས་ཀྱང་དམིགས་རྣམ་སྐྱོང་ཚུལ་ཉིད་ནས་གསུངས་པ་དེ་ཀ་བཞིན་བྱས་པས་ཆོག་སྟེ། ཨུ་ཙུཥྨ་ཞེས་པ་འཆོལ་བ་དང་སྨེ་བ་དང་གཉིས་ཀ་ལ་འཇུག་པས། འདིར་ཡང་གཙང་སྨེ་མེད་པ་གདོལ་སྤྱོད་ལྟ་བུ་སྒོས་ཀྱི་རྟེན་འབྲེལ་ལ་བརྟེན་པའི་སྒྲུབ་ཚུལ་ཞིག་ཡིན་པར་མངོན། གཏོར་མ་མདུན་བསྐྱེད་ཀྱི་ལྷ་དེ་ཉིད་ལ་ཕུལ་བས་འཐུས་ལགས། ༈ སྔགས་རམས་པའི་མཚན་བཏགས་སྐབས་རྒྱུད་པའི་ཚོགས་སུ་བཤད་པ་འདི་ལྟར། དེའང་ཐུན་མོང་ལམ་གྱི་དགའ་ཚལ་ཡངས་པོར་རྣམ་དག་དབང་གི་ས་བོན་སྨིན་པ་ལས། དམ་ཚིག་རྡོ་རྗེའི་རྩ་བ་རབ་ཏུ་བརྟན་ཅིང༌། རྒྱུད་སྡེ་རྣམ་བཞིའི་ལོ་འདབ་གཡུར་དུ་ཟ་བ། འཕྲིན་ལས་བཞི་ཡི་མེ་ཏོག་ཅིར་ཡང་བཀྲ་ཞིང༌། རིམ་གཉིས་ལམ་བཟང་འབྲས་བུའི་ཁུར་གྱིས་དུད་པའི་གསང་སྔགས་ཡོངས་འདུའི་ལྗོན་པ་འཕགས་ཆེན་འདུས་པ་རྒྱ་མཚོའི་དབུས་སུ་ཞུ་བར་བྱེད་པ་ལ། སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཆོས་ལྡན་གྱི་བྱ་བ་ཁྱད་པར་ཅན་ལ་འཇུག་པའི་ཐོག་མར་ཡུལ་ཁྱད་པར་ཅན་ལ་བསྟོད་ཅིང་སྐྱབས་སུ་འགྲོ་བར་མཛད་པ་ནི་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ལས། སངས་རྒྱས་ཀུན་གྱིས་བསྐུལ་བ་ཡི། །བསྟོད་ཚིག་ཞི་བ་འདི་རྣམས་ཀྱིས། །རྡོ་རྗེ་ལོངས་སྤྱོད་བསྟོད་ན་ནི། །དེ་ཡང་སངས་རྒྱས་འདྲ་བར་འགྱུར། །ཞེས་གསུངས་པ་ལྟར། ཞིང་ཁྱད་པར་ཅན་གྱི་མཐུ་ལ་བརྟེན་ནས་གསང་ཆེན་ལམ་བཟང་ནུས་པ་ཡོངས་སུ་སྨིན་ཏེ་ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་འགྲུབ་པའི་ཕན་ཡོན་བསམ་


GTD008_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པར་མ་ཟད། གནས་སྐབས་སུའང་ཇི་སྐད་དུ་དཀྱིལ་ཆོག་ཉི་ཤུ་བ་ལས། དེ་བཞིན་གཤེགས་རྣམས་ལ་བསྟོད་པ། །དེ་ལ་སངས་རྒྱས་རྡོ་རྗེ་སེམས། །རང་ཉིད་གྲོགས་པོར་ཉེ་བར་གནས། །ཞེས་གསུངས་པ་ལྟར། ཡི་དམ་ཆོས་སྲུང་རྒྱ་མཚོར་བཅས་པ་རྣམས་ཀྱིས་སྡོངས་གྲོགས་མཛད་པའི་སྟོབས་ཀྱིས་ཕྱི་ནང་ཉེར་འཚེའི་གཡུལ་ལས་རྣམ་པར་རྒྱལ་ཏེ་གནས་སྐབས་མཐར་ཐུག་གི་ཆོས་ལྡན་འདོད་དོན་མ་ལུས་བདེ་བླག་ཏུ་འགྲུབ་པར་འགྱུར་བ་ཡིན་པས། དེས་ན་རང་ཉིད་ཀྱིས་ཀྱང་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་བཟང་པོ་སྨོན་པའི་ཡུལ་དུ་བྱས་ནས་ཡུལ་ཁྱད་པར་ཅན་སྐྱབས་གནས་ཡང་དག་ལ་མཆོད་བརྗོད་ཅུང་ཟད་འབུལ་བའི་དབང་དུ་བྱས་ན། རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྦྱོད་རྫོགས། །ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཅིང༌། །དམིགས་མེད་ཐུགས་རྗེ་ཞི་བའི་མཐའ་སྤངས་པ། །རྒྱལ་བ་ཡན་ལག་བདུན་ལྡན་ལ་ཕྱག་འཚལ། །ཞེས་སོགས་རྒྱུད་གཞུང་བརྒྱུད་འདེབས་ལྟར་དང༌། ཞེས་མཆོད་པར་བརྗོད་པ་དང་འཕྲིན་ལས་བཅོལ་བ་དེ་ཙམ་ཞིག་སྔོན་དུ་བཏང་ནས་ལས་སུ་བྱ་བ་གང་ལ་འཇུག་པ་ཡིན་ཞེ་ན་སོགས་དཀྱུས་ལྟར་རོ། །༈ བླ་མ་དང་མགོན་པོ་འོད་དཔག་ཏུ་མེད་པ་ངོ་བོ་དབྱེར་མ་མཆིས་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དེ་ཡང་གཏིང་མཐའ་མེད་པ་སྲིད་པའི་རྒྱ་མཚོ་ཆེན་པོར་འཁྱམས་ཤིང་ཁྱད་པར་ངན་སོང་གསུམ་གྱི་གཡང་ས་ཡ་ང་བར་བརྡེག་འཆའ་བའི་སྐྱེ་བོ་རྣམས་འཇིགས་པའི་འཕྲང་ལས་སྒྲོལ་བའི་དེད་དཔོན་ཆེན་པོ་རྒྱལ་བ་འོད་དཔག་ཏུ་མེད་པ་ཞེས་མཚན་ཙམ་རྣ་བའི་ལམ་དུ་སོན་པས་ཀྱང་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་འདྲེན་པ་གཅིག་པུ་དེ་ཉིད་ཀྱིས་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བསགས་


GTD008_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེའི་མཐུ་ལས་གྲུབ་པ། དག་པའི་ཞིང་མཆོག་བདེ་བ་ཅན་དེར་བགྲོད་པར་འདོད་པའི་གང་ཟག་གིས་ཞིང་དེར་སྐྱེ་བའི་རྒྱུའི་གཙོ་བོ་རྒྱལ་བ་འོད་དཔག་མེད་ལ་དམིགས་པའི་དད་པ་དང༌། ཞིང་དེར་སྐྱེ་འདོད་ཀྱི་འདུན་པ་དྲག་པོ་སྔར་བྱས་ཀྱི་དགེ་རྩ་རྣམས་དེའི་རྒྱུར་བསྔོ་བ་གསུམ་ཡ་མ་བྲལ་བ་སོགས་དེར་སྐྱེ་བའི་རྒྱུ་ཚོགས་ཞིང་བཀོད་ཀྱི་མདོ་དང༌། དེའི་དགོངས་པ་འཇམ་མགོན་བླ་མས་ཞིང་མཆོག་སྒོ་འབྱེད་དུ་གསུངས་པ་སོགས་མཐུན་རྐྱེན་རྣམས་རང་རྒྱུད་ལ་ཚང་བར་བསྐྲུན་ཞིང༌། འགལ་རྐྱེན་ཚེ་འདིའི་ལུས་ལོངས་སྤྱོད་ལ་ཆགས་པ་སོགས་རྒྱང་བསྲིངས་ཏེ། དངོས་གཞི་ནི། སྐྱབས་སེམས་སྔོན་དུ་བཏང་ལ། རང་གི་སྤྱི་བོར་ཀུན་བཟང་མཆོད་སྤྲིན་དབུས། །ཡིད་འོང་རྨ་བྱས་བཏེག་པ་ནོར་བུའི་ཁྲི། །པད་ཟླའི་གདན་ལ་རྩ་བའི་བླ་མ་དང༌། །དབྱེར་མེད་འདྲེན་པ་བཅོམ་ལྡན་འོད་དཔག་མེད། །ཐུན་མཚམས་འོད་ཆགས་བྱུ་རུའི་ལྷུན་པོ་བཞིན། །ལྟ་བས་མི་ངོམས་མཚན་དཔེའི་དཔལ་འབར་ཞིང༌། །མཉམ་གཞག་ཕྱག་རྒྱས་བདུད་རྩིའི་ལྷུང་བཟེད་བསྣམས། །རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པར་གྱུར། །གང་གི་ཚོགས་གཉིས་སྤྱོད་པས་ཡོངས་སྦྱངས་པ། །སྣ་ཚོགས་རིན་ཆེན་རང་བཞིན་དག་པའི་ཞིང༌། །ཟག་མེད་བདེ་དགའ་རྒྱས་པའི་གཞལ་ཡས་ནས། །ཡེ་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་གྱུར། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་ལས་སྐྱོབ། །ཡིད་ལ་དྲན་པས་སྲིད་རྩ་དྲུངས་ནས་འབྱིན། །རིང་དུ་བསྟེན་ན་སྟོབས་བཅུའི་དཔལ་སྟེར་བ། །བླ་མ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་ཡང༌། །རླབས་ཆེན་


GTD008_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་སྤེལ་སླད་གུས་པས་འབུལ། །ཞིང་མཆོག་དམ་པར་བགྲོད་ལ་གེགས་བྱེད་པ། །ཉེས་ལྟུང་སྡིག་སྒྲིབ་མ་ལུས་སྙིང་ནས་བཤགས། །ཕན་པའི་མཆོག་སྦྱིན་རྣམ་དཀར་ལེགས་བྱས་ཀྱི། །དགེ་ཚོགས་སྒྲུབ་པ་ཀུན་ལ་རྗེས་ཡི་རང༌། །བདག་ཀྱང་ཞིང་མཆོག་དམ་པ་དེར་དྲངས་ཏེ། །ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྩོལ་མཛད་ཅིང༌། །ཇི་སྲིད་ཁྱོད་ཀྱི་གོ་འཕང་མངོན་གྱུར་པ། །དེ་སྲིད་བདག་གི་འདྲེན་པར་བཞུགས་སུ་གསོལ། །འདིས་མཚོན་དུས་གསུམ་དགེ་བ་མཐའ་དག་ཀྱང༌། །ཕན་པའི་ཚུལ་གྱིས་གནོད་ལ་སྦྱོར་བ་ཡི། །འཁོར་བའི་བདེ་འབྱོར་རྒྱུ་རུ་མི་སྨིན་པར། །བདེ་ལྡན་ཞིང་དུ་སྐྱེ་བའི་རྒྱུ་རུ་བསྔོ། །འདི་སྣང་འགག་ཚེ་བཅོམ་ལྡན་འོད་དཔག་མེད། །ཉེ་བའི་སྲས་དང་བཅས་པས་ཞལ་བསྟན་ནས། །བརྩེ་ལྡན་དགྱེས་པའི་གསུང་གིས་དབུགས་དབྱུང་སྟེ། །སྐད་ཅིག་ཉིད་ལ་ཞིང་དེར་བགྲོད་པར་ཤོག །རིན་ཆེན་རང་བཞིན་རི་བོ་ལྗོན་ཤིང་དང༌། །མཛེས་པའི་བ་གམ་ཚོགས་ཀྱིས་བསྐོར་བ་ཡི། །ཡན་ལག་བརྒྱད་ལྡན་རྙོག་བྲལ་རྫིང་བུའི་ངོགས། །འདབ་སྟོང་པདྨའི་སྦུབས་སུ་སྐྱེ་བར་ཤོག །བསོད་ནམས་བརྒྱས་བསྐྲུན་རྒྱལ་བའི་ཞལ་མཐོང་ཞིང༌། །ཉོན་མོངས་གདུང་སེལ་གདམས་པའི་བཅུད་མྱང་སྟེ། །སྲིད་པའི་འཆིང་བ་རིང་དུ་དོར་བ་ཡི། །ཡིད་ཀྱི་ཁྱེའུ་ཀུན་དགས་རྩེན་པར་ཤོག །མཁའ་དབྱིངས་འོད་ཟེར་དྲ་བ་མཐའ་དག་ལས། །སྙན་པའི་དབྱངས་ཀྱིས་ཆོས་ལ་སྐུལ་བྱེད་ཅིང༌། །གཟུངས་སྤོབས་མཐུ་ལྡན་རྒྱལ་བའི་སྲས་རྣམས་དང༌། །ལྷན་ཅིག་ཆོས་ཀྱི་དགའ་སྟོན་མྱོང་བར་ཤོག །ཞིང་ཁམས་ཀུན་ཁྱབ་སྤྲུལ་བའི་ཟློས་གར་གྱིས། །རབ་འབྱམས་རྒྱལ་བ་སྲས་བཅས་མཉེས་བྱེད་ཅིང༌། །མ་དག་ཞིང་གནས་འགྲོ་བ་ཐམས་ཅད་ཀྱང༌། །ཡང་དག་ལམ་བཟང་མཆོག་ལ་འཁྲིད་པར་


GTD008_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །མདོར་ན་བདག་སོགས་འགྲོ་བ་མ་ལུས་པ། །རིང་མིན་རྒྱལ་བའི་དཀྱིལ་འཁོར་དེར་སྐྱེས་ཤིང༌། །རླབས་ཆེན་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ཏེ། །འོད་དཔག་མེད་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་འདི་ནི་དད་བརྩོན་རྣམ་པར་དཀར་བའི་ལྷག་བསམ་མཆོག་ཏུ་དགེ་བ་བསྟན་འཛིན་ཆོས་གྲགས་ཀྱིས་བསྐུལ་ངོར་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་རྣམས་སྔོན་དུ་བཏང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པཔདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་ཉིད་སྐད་ཅིག་གིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པས་ཡུ་བ་ནས་བཟུང་བའི་ཨུཏྤ་ལའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་དང་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། པཎ་ཞྭ་དང་ཆོས་གོས་རྣམ་གསུམ་གསོལ་ཞིང་འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་པར་བསམས་ལ། དམིགས་བརྩེ་མ་ཅི་འགྲུབ་བཟླ། དེ་ནས་མདུན་བསྐྱེད་བསྒྲུབ་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་སྣ་ཚོགས་པཔདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རིལ་བུ་རྣམས་སྐད་ཅིག་གིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། ཞེས་པ་ནས། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ཅེས་པའི་བར་སྔར་ལྟར་བརྗོད། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་


GTD008_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ངོ་མཚར་རྨད་བྱུང་བཀོད་པའི་འཇིག་རྟེན་ནས། །བདེ་གཤེགས་སེང་གེའི་ང་རོ་སྤྲུལ་བའི་སྐུ། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །སྙིགས་དུས་འགྲོ་བ་འདྲེན་ཕྱིར་གཤེགས་སུ་གསོལ། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཚད་མེད་ཐུགས་རྗེས་འགྲོ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་འཕྲིན་ལས་རྒྱས་མཛད་པ། །དུས་གསུམ་བླ་མ་འཁོར་བཅས་གནས་འདིར་གཤེགས། །ཨོཾ་སུ་མ་ཏི་ཀཱིརྟི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿ ཛཿ ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ཨོཾ་པཱཏྱཾ་ཨཱཿ ཧཱུཾ། ཨོཾ་པུཥྤེ་ཨཱཿ ཧཱུཾ། ཞེས་པ་ནས། ཨོཾ་ཤཔྟ་ཨཱཿ ཧཱུཾ། ཞེས་བྱིན་གྱིས་བརླབ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །བདག་གིས་གུས་པར་བཤམས་པ་འདི། །རྗེ་བཙུན་བློ་བཟང་གྲགས་པ་ལ། །འབུལ་གྱིས་ལེགས་པར་བཞེས་ནས་ཀྱང༌། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་གུ་རུ་སུ་མ་ཏི་ཀཱིརྟི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་ནས་རོལ་མོའི་བར་དང༌།


GTD008_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་གྱི་གནས་སུ་པཱ་ཏྱཾ་ནས་ཤཔྟའི་བར་བཅུག་ལ་མཆོད་པ་ཕུལ། བློ་གྲོས་ཁང་བཟང་བསླབ་གསུམ་ནོར་གྱིས་ཕྱུག །བཟང་པོའི་འཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །རིལ་བུ་རྣམས་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་པ་ཅན་དུ་གྱུར་པའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོང་སྲུང་མ་སོགས་སྐྱབས་གནས་ཐམས་ཅད་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་དང༌། འོད་ཟེར་དང༌། བདུད་རྩིའི་ཆུ་རྒྱུན་དང༌། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུའི་རྣམ་པར་སྤྱན་དྲངས་ཏེ། རིལ་བུ་རྣམས་དང་དབྱེར་མེད་རོ་གཅིག་ཏུ་གྱུར། དེ་ལྟ་བུའི་དམིགས་པ་དང་བཅས་ཏེ་དམིགས་བརྩེ་མ་འདོན། མཇུག་ཏུ། ཨོཾ་གུ་རུ་སུ་མ་ཏི་ཀཱིརྟི་ཨརྒྷཾ་སོགས་ཀྱིས་མཆོད། བློ་གྲོས་ཁང་བཟང་སོགས་ཀྱིས་བསྟོད། མཇུག་ཏུ། རིལ་བུ་རྗེ་བཙུན་ཙོང་ཁ་པའི་རྣམ་པར་བཞུགས་པ་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྟན་བཞུགས་བྱ་ཞིང་མེ་ཏོག་གཏོར་ཏེ། སྨོན་ལམ་ཤིས་བརྗོད་རྒྱས་པ་བྱ། ཞེས་པ་འདི་ནི་ཨ་བ་ག་ཉིད་ཚང་ཧུ་ཐོག་ཐུས། ཚོགས་ཆེན་དུ་དགེ་ལྡན་རིལ་སྒྲུབ་བྱེད་སྐབས་འདོན་ཆའི་རིམ་པ་ཟུར་དུ་བཀོལ་ཏེ་སྩལ་བའོ། ། ༈ ཡང་དག་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ། །རྒྱ་གར་འཕགས་པའི་ཡུལ་དང་གངས་ཅན་གྱི། །སྐྱེས་མཆོག་ཚད་མར་གྱུར་པ་ཕལ་མོ་ཆེའི། །ཐུགས་དམ་རྟེན་དང་ན་བཟའ་ཉེར་སྤྱད་སོགས། །གང་ཞིག་མཐོང་ཞིང་རེག་པ་ཙམ་གྱིས་ཀྱང༌། །གནས་སྐབས་ནད་གདོན་ཀུན་ཞི་ཚེ་བསོད་རྒྱས། །མཐར་ཐུག་ཐར་
པའི་ས་བོན་བསྐྲུན་ངེས་པའི། །བྱིན་རླབས་མི་ཟད་གཏེར་ཆེན་འདི་ན་བཞུགས། །མཆོག་གསུམ་རྟེན་གྱི་འདབ་བརྒྱའི་དགའ་ཚལ་འདིར། །སྐལ་བཟང་མགྲོན་དུ་ལྷགས་པའི་རྐང་དྲུག་རྣམས། །བྱིན་རླབས་སྦྲང་རྩིའི་ཕུང་པོ་ཉེར་སྤྱད་དེ། །དགའ་དང་དད་དང་སྨོན་པའི་གར་སྒྱུར་ཅིག །ཅེས་པ་འདིའང་ནང་རྟེན་རྣམས་ཀྱི་ཁ་བྱང་དུ་སྩལ་བའོ།


previousདགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བར་རིགས་གསུམ་མགོན་པོའི་བཟླས་བརྗོད་བྱེད་ཚུལ།next