Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྣ་ཚོགས་ཡུམ་གྱི་བུམ་སྒྲུབ།
   
   
   
   
   
  expand section
   
   
   
   
   
   


 
previousསྣ་ཚོགས་ཡུམ་གྱི་བུམ་སྒྲུབ།next

སྣ་ཚོགས་ཡུམ་གྱི་བུམ་སྒྲུབ།


GTD008_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཡུམ་གྱི་བུམ་སྒྲུབ་བཞུགས་སོ། །བུམ་སྒྲུབ་བྱེད་ན་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ་ཞེས་པ་ནས་དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་པཾ་ལས་པཔདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཕྲིཾ་དང་གྲི་གུག་ལས་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་པཔདྨ་དཀར་པོ་དང༌། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤ་ལ་དཀར་པོའི་ཡུ་བ་ཐུགས་ཀར་བསྣམས་པ་སྙན་གྱི་ཐད་ཀར་རྒྱས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་དང་དབང་གི་ལྷ་སྤྱན་དྲངས། ཡེ་ཤེས་པ་ཛཿ ཧཱུཾ་བཾ་ཧོཿ དབང་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་བྷ་ག་ཝ་ཏི་བི་ཤྭ་མཱ་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། རྒྱལ་བ་ཀུན་གྱི་སྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་པ་སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་ལ་ཕྱག་འཚལ་བསྟོད། །དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཕྲིཾ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་


GTD008_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་བསྟིམ། ཡང་དེ་ལས་བདུད་རྩིའི་རྒྱུན་བབས་བུམ་པའི་ཆུ་དང་གཅིག་ཏུ་འདྲེས་པས། ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་རྡོ་རྗེ་ཚེར་མའི་ནད་མྱོང་འགྱུར་གྱི་ལས་ངན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱོང་བའི་ནུས་པ་ཅན་དུ་བྱིན་གྱིས་བརླབ་པར་གྱུར། ཨོཾ་ཕྲིཾ་བི་ཤྭ་མཱ་ཏ། བཛྲ་ཀཎྚ་ཀ་ན། ནཱ་ཤ་ཡ་ནཱ་ཤ་ཡ། མ་མ་ཤནྟིཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ཅི་འགྲུབ་བཟླ། མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང༌། བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། འདི་ཡང་རྡོ་རྗེ་འཆང་ཆོས་ཀྱི་ཉི་མའི་གསུང་གི་མངོན་རྟོགས་ཀྱིས་གཞིར་བྱས་ཏེ་ཁ་སྐོང་གི་ཚུལ་དུ་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་ཆུ་ཤེལ་ཁམས། །བཞིན་ལེགས་བཅུ་དྲུག་ལང་ཚོ་ལྷ་ཡི་སྐུ། །མཚན་དཔེ་རི་དྭགས་མཚན་མའི་རྣམ་རོལ་པ། །སྲིད་ཞིའི་གདུང་སེལ་ཟླ་བ་སྤྱན་རས་གཟིགས། །བསྙེན་སྒྲུབ་མཆོད་བསྟོད་ཇི་སྙེད་བགྱིས་པ་དང༌། །ཁྱད་པར་དམ་རྫས་རིལ་བུའི་བདག་ཉིད་དུ། །སྒྲུབ་ཅིང་བྱིན་རླབས་ཐུགས་རྗེའི་བསྐུལ་བའི་མཐུས། །ཚེ་རབས་ཀུན་ཏུ་འཕགས་པས་རྗེས་འཛིན་ཤོག །ངན་སོང་སྐྱེ་སྒོ་གཅོད་བྱེད་ཐབས་ཀྱི་མཆོག །སྡིག་ལྟུང་ནད་བརྒྱ་སེལ་བའི་ཨ་མྲྀ་ཏ། །རིལ་བུ་འདི་ཉིད་གང་གིས་མྱང་བ་ཀུན། །སྲིད་པའི་སྡུག་བསྔལ་ཀུན་ལས་ཐར་བར་ཤོག །གང་དུ་སྒྲུབ་པའི་ཡུལ་ཕྱོགས་རྣམས་སུ་ཡང༌། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་བྱིན་རླབས་མཐུས། །ནད་མུག་འཁྲུག་སོགས་ཉེར་འཚེ་ཀུན་ཞི་ཞིང༌། །ཆོས་སྲིད་འབྱོར་པའི་དགའ་སྟོན་རྒྱས་


GTD008_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །མཐོང་ཐོས་རེག་སོགས་འབྲེལ་བ་ཐོགས་པ་ཀུན། །འདི་སྣང་འགག་ཚེ་སྤྱན་རས་གཟིགས་མགོན་གྱིས། །ལམ་མཁན་མཛད་ནས་བདེ་ལྡན་ཞིང་ཁམས་སུ། །སྐྱེས་ཏེ་འོད་དཔག་མེད་ཀྱི་ཞལ་མཐོང་ཤོག །དེ་ཡི་གསུང་གི་དགའ་སྟོན་ལ་རོལ་ཅིང༌། །ཐུན་མོང་ལམ་སྦྱངས་མཚན་བཅས་མཚན་མེད་ཀྱི། །ལམ་བཟང་མངོན་དུ་གྱུར་ནས་མི་རིང་བར། །ཕྱག་ན་པངྨོའི་གོ་འཕང་ཐོབ་གྱུར་ཅིག །མདོར་ན་བླ་མ་ཡི་དམ་མཆོག་གསུམ་དང༌། །སྙིང་རྗེའི་གཏེར་ཆེན་གང་གིས་བདེན་པའི་མཐུས། །སྨོན་པའི་དོན་ཀུན་གེགས་མེད་མྱུར་འགྲུབ་ནས། །མཁའ་མཉམ་འགྲོ་བ་སྲིད་ལས་སྒྲོལ་བར་ཤོག །ཅེས་སྨོན་ལམ་བྱ་ཞིང། ༸ཤིས་བརྗོད་ནི། ༈ དགེ་ལེགས་ཉིན་མོར་བྱེད་པའི་འོད་ཕྲེང་གིས། །ཀུན་ཏུ་གསལ་བྱས་ལྷ་ཡི་རྫིང་རིང་ངོས། །གོ་མཚམས་མེད་པར་ཏིལ་གྱི་གང་བུ་ལྟར། །ཡོངས་སུ་དཀྲིགས་ཤིང་བྱིན་རླབས་ཆར་འབེབས་པ། །རྩ་བ་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །སྤྱན་རས་གཟིགས་དབང་ཞི་ཁྲོའི་ལྷ་ཚོགས་དང༌། །རབ་འབྱམས་བདེ་གཤེགས་སྲས་དང་སློབ་མར་བཅས། །ཀུན་གྱི་བརྩེ་བས་ཉེར་དགོངས་བདེན་པའི་མཐུས། །མ་ལུས་ཕན་བདེའི་གཞི་རྟེན་རྒྱལ་བའི་བསྟན། །འཁྲུལ་བྲལ་བློ་བཟང་རྒྱལ་བའི་རིང་ལུགས་མཆོག །ཧ་ས་བཛྲ་མདོ་སྔགས་བཀའ་སྲོལ་ཀུན། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་ཤོག །སྲིད་ན་ཟླ་བྲལ་སྐྱབས་མགོན་དམ་པ་སོགས། །བཤད་སྒྲུབ་ཟུང་དུ་འཇུག་པའི་འཕྲིན་ལས་ཀྱིས། །ཐུབ་བསྟན་འཛིན་སྐྱོང་སྤེལ་བའི་སྐྱེས་མཆོག་རྣམས། །སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག །མི་ཡི་ལྷ་རྣམས་ཆོས་ཀྱི་སྲིད་སྐྱོང་ཞིང༌། །མངའ་འབངས་སྐྱོན་བྲལ་དགེ་བཅུའི་


GTD008_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱིས་འཚོ། །རྫོགས་ལྡན་དཔལ་ལ་འཁུ་བའི་བདེ་འབྱོར་གྱི། །ཀུན་དགའ་ཁོང་ནས་བཞད་པའི་བཀྲ་ཤིས་ཤོག །སྲིད་ལམ་དུབ་པའི་ཉམ་ཐག་འགྲོ་བ་ཀུན། །འཕགས་ཆེན་སྤྱན་སྟོང་མངའ་བས་རྗེས་བཟུང་སྟེ། །བཟོད་དཀའ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས། །ཟག་མེད་དགའ་སྟོན་རྒྱས་པའི་བཀྲ་ཤིས་ཤོག །མདོར་ན་མི་ཤིས་རྒུད་པའི་མུན་ཚོགས་ཀུན། །མཆོག་གསུམ་ཉིན་བྱེད་གཟི་འོད་ཀྱིས་བཅོམ་ནས། །དགེ་ལེགས་པད་དཀར་ཕྲེང་བ་བཞད་པ་ཡི། །ངོ་མཚར་སྦྲང་རྩིའི་དོག་པ་རྒྱས་གྱུར་ཅིག །ཅེས་ཐུགས་རྗེ་ཆེན་པོའི་རིལ་སྒྲུབ་ཀྱི་མཇུག་ཏུ་བྱ་རྒྱུའི་སྨོན་ལམ་ཤིས་བརྗོད་འདི་ལྟ་བུ་ཞིག་དགོས་ཞེས་མི་ཕྱེད་པའི་དད་པ་དང་ལྷག་བསམ་དགེ་བ་ཅན་རབ་འབྱམས་པ་ངག་དབང་མཆོག་ལྡན་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བལ་ཝོའི་གཞུང་ནས་འཕྲལ་དུ་བྲིས་པའོ། ། ༈ བླ་མ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འདིར་གཤིན་པོའི་དོན་དུ་འཕོ་བ་བྱེད་པར་འདོད་པའི་གང་ཟག་གིས་ཆོ་ག་ཚད་དང་ལྡན་པ་སྔོན་དུ་འགྲོ་བས་མཆོག་གསུམ་གྱི་བདེན་སྟོབས་བརྗོད་དེ་རྣམ་ཤེས་དགུག་པ་ནན་ཏན་དུ་བྱས་པའི་སྟེང་ནས་བགེགས་སྡིག་དྲི་མ་སྦྱང་བ་དང༌། ལམ་སྦྱང་བསྟན་རྣམས་ལེགས་པར་བྱས་ལ། སླར་ཡང་སྐྱབས་ཡུལ་རྣམས་ལ་གདུང་ཤུགས་དྲག་པོས་མོས་གུས་དང་གཤིན་པོ་དེ་ཉིད་ཡུལ་དུ་བྱས་པའི་སྙིང་རྗེ་ཤུགས་དྲག་པོ་གསལ་བཏབ་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །ཉམ་ཐག་འགྲོ་བའི་མགོན་པོ་འོད་དཔག་མེད། །ཉེ་བའི་སྲས་མཆོག་བརྒྱད་


GTD008_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འཁོར་དང་བཅས། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་འདིར་གཤེགས་ཤིག །སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ཞིང༌། །ཞིང་ཁམས་ཀུན་ཁྱབ་མཆོད་སྤྲིན་རྒྱ་མཚོ་འབུལ། །མི་བཟད་ཉེས་ལྟུང་མ་ལུས་སྙིང་ནས་བཤགས། །རྣམ་དཀར་དགེ་བའི་ཚོགས་ལ་རྗེས་ཡི་རང། །བསྐལ་པ་རྒྱ་མཚོར་མི་འདའ་བཞུགས་སུ་གསོལ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དགེ་ཚོགས་ཀུན་ཀྱང་བདག་སོགས་འགྲོ་བ་ཀུན། །བླ་མེད་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་ལན་གསུམ་མམ་བདུན་དགུ་སོགས་བརྗོད། དེ་ནས་འོ་ལགས་སོ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་ཁྱོད་ཉོན་ཅིག །འདུལ་བ་ལུང་ལས། སྐྱེས་པའི་ཐ་མ་འཆི་བ་སྟེ། །འདུས་པའི་ཐ་མ་འབྲལ་བ་ཡིན། །ཞེས་དང༌། རྗེ་བདག་ཉིད་ཆེན་པོས། མི་རྟག་སྲིན་པོས་མ་ཟོས་པའི། །སེམས་ཅན་དེ་ནི་འགའ་མ་མཆིས། །ཞེས་གསུངས་པ་ལྟར། ཁམས་གསུམ་འཁོར་བའི་གནས་འདིར་ལས་ཉོན་གྱི་དབང་གིས་སྐྱེ་བ་ཞིག་བླངས་ཕྱིན་སྐྱེས་མཐའ་འཆི་བའི་ཆོས་ལས་མ་འདས་ཤིང༌། གཉེན་མཛའ་བཤེས་སོགས་དང་ལྷན་ཅིག་ཇི་ཙམ་འགྲོགས་ཀྱང་བརྩེ་བ་མེད་པ་འཆི་བདག་གི་ཕོ་ཉས་སླེབས་པ་ན་ཕན་ཚུན་གཏན་བྲལ་དུ་གྱུར་ནས་མྱ་ངན་ཆེན་པོ་ལྡང་བ་ཡང་མཆོག་དམན་བར་མ་ཀུན་གྱི་ཐོག་ཏུ་ཡོད་པའི་འཇིག་རྟེན་སྤྱིའི་ངང་ཚུལ་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས།


GTD008_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་བ་ཡུན་རིང་འཁོད་འཁོད་ནས། །འཆི་བས་སོ་སོར་བྲལ་འགྱུར་ཏེ། །མྱ་ངན་ཆེན་པོ་ལྡང་བར་འགྱུར། །དེ་ཡང་འཇིག་རྟེན་འདི་ན་ངེས། །ཞེས་སངས་རྒྱས་ཐུགས་རྗེ་ཅན་གྱིས་གསུངས་པ་ལྟར་ཡིན། དེ་ལྟ་བུའི་འཆི་བ་དེ་ད་ལན་ཁྱོད་ཀྱི་ཐོག་ཏུ་བབས་ཏེ་ཚེ་སྔ་མའི་སྣང་བ་ནི་ནུབ། ཕྱི་མ་མ་རྙེད་པས་ད་ལྟར་སྲིད་པ་བར་དོ་ན་གནས་པའི་སྐབས་ཡིན། དེ་ཡང་གང་གིས་ཤེས་ན་མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་དེ་ནི་དྲི་ཟ་འོ། །ཞེས་གསུངས་པ་ལྟར་གང་དུ་སྐྱེ་འགྱུར་གྱི་ཕྱི་མའི་ལུས་དང་དབྱིབས་མཚུངས་པ། དབང་པོ་ཀུན་ཚང་ཞིང་ལས་ཀྱི་རླུང་གིས་བདས་ཏེ་སྔོན་བགྲོད་དཀའ་བའི་གནས་རྣམས་ལྟ་ཅི་སྨོས། འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་ཕ་རོལ་ཏུ་ཡང་སྐད་ཅིག་ཙམ་གྱིས་སླེབ་ནུས་པའི་རྫུ་འཕྲུལ་ལྟ་བུ་ཡོད་པ། དེའི་སྟོབས་ཀྱིས་སྔར་འདྲིས་པའི་གཉེན་དང་མཛའ་བཤེས་ལ་སོགས་པ་ཐམས་ཅད་ཀྱི་རྩར་སོང་སྟེ་གཏམ་ལ་སོགས་པ་སྨྲས་ཀྱང་ལན་མི་སྟེར་ཞིང་ཤི་བའི་གཏམ་བྱེད་པ་སོགས་ཀྱིས་སེམས་ལྷག་པར་སྐྱོ་ཞིང་སྡུག་བསྔལ་བ་དང༌། ལས་ལས་གྲུབ་པའི་དགྲ་གཉེན་གྱི་སྣང་བ་སྣ་ཚོགས་པས་བློ་སྣ་བྲིད་དེ། རེས་འགའ་དགའ་ཞིང་སྤྲོ་བ་དང༌། རེས་འགའ་འཇིགས་ཤིང་སྐྱི་གཡའ་བའི་དགའ་སྡུག་གི་སྣང་བ་འགྱུར་ལྡོག་སྣ་ཚོགས་པ། གློ་བུར་གློ་བུར་དུ་འབྱུང་བའང་ཁྱེད་རང་བར་དོར་གནས་པའི་རྟགས་ཡིན། སྔར་འབྱུང་བ་བཞིའི་རླུང་ཐིམ་པའི་སྟོབས་ཀྱིས་རི་བོ་སྙིལ་བ། རྒྱ་མཚོ་འཁྲུགས་པ། ནགས་ལ་མེ་ཤོར་བ། བསྐལ་པའི་རླུང་གཡོས་


GTD008_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའི་སྒྲ་ཤིན་ཏུ་ཡ་ང་བ་སྙིང་འགས་པ་ལྟ་བུ་དང༌། དུག་གསུམ་གྱི་རང་གཟུགས་དཀར་དམར་ནག་པའི་གཡང་ས་ཆེན་པོ་གསུམ་དུ་ལྷུང་བའི་ཉམས་ཤར་བ་དེ་དག་གི་ཚེ་སྔ་མའི་ལུས་རྟེན་དོར་བ་ཡིན་ཏེ། ད་ལྟ་སྔར་དང་མི་འདྲ་བར་ནང་དུ་རགས་པའི་ཁམས་དཀར་དམར་མི་གནས་པའི་སྟོབས་ཀྱིས་ཕྱིའི་ཉི་ཟླ་སོགས་ཀྱི་སྣང་བ་མི་འཆར་ཞིང༌། ལུས་ལ་གྲིབ་མའང་མེད་པ་རྟེན་དེ་ཉིད་དོར་ཟིན་པའི་རྟགས་ཡིན། སྤྱིར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་མོད་ཀྱང༌། ཁྱད་པར་བར་དོའི་སྐབས་ཀྱི་བདེ་སྡུག་དགའ་འཇིགས་སོགས་ཀྱི་སྣང་བ་འདི་ནི་རྨི་ལམ་དུ་མེས་ཚིག་པ་དང༌། ལྷའི་དཔལ་འབྱོར་ལ་སྤྱད་པ་བཞིན་དངོས་གནས་ལ་ཕན་གནོད་ཅི་ཡང་འབྱུང་རྒྱུ་མེད་པར་མ་ཟད། དེ་ལ་འཁྲུལ་སྣང་དུ་ངོ་མ་ཤེས་པར་རྗེས་སུ་འབྲང་ན་སྐྱེ་གནས་ངན་པ་སྣ་ཚོགས་སུ་འཁྲིད་པས་ཤིན་ཏུ་བསྒྲིམ་དགོས། རིགས་དྲུག་སོ་སོར་སྐྱེ་བའི་རྟགས་ཀྱི་སྣང་བ་འཆར་ཚུལ་ཡང༌། དམྱལ་བར་སྐྱེ་ན་ལྕགས་ཁང་དང་གངས་རིའི་འཁྱག་སྦུབས། ཡི་དྭགས་སུ་སྐྱེ་ན་མྱ་ངམ་གྱི་ཐང་དམར་པོ་སོགས་རང་རང་གི་གནས་ཀྱི་བཀོད་པ་ཤས་ཆེར་འཆར་ལ། ཁ་དོག་ནི་དམྱལ་བའི་བར་དོ་སོལ་བ་ལྟ་བུ། ཡི་དྭགས་ཀྱི་བར་དོ་དུ་བ་ལྟ་བུ། དུད་འགྲོའི་བར་དོ་ཆུ་ལྟ་བུ། འདོད་པའི་ལྷ་མིའི་བར་དོ་གསེར་ལྟ་བུ་གཟུགས་ཁམས་པའི་བར་དོ་ནི་དཀར་པོར་མངལ་འཇུག་གི་མདོ་ལས་གསུངས། འགྲོ་ཚུལ་ལྷའི་བར་དོ་གྱེན་དང༌། མིའི་བར་དོ་ཐད་ཀ །ངན་སོང་གི་བར་དོ་སྤྱིའུ་ཚུགས་སུ་འགྲོ་བར་གསུངས་ལ། མཛོད་འགྲེལ་ལས། ཕྱི་མའི་འགྲོ་བ་དེ་དང་དེའི་འགྲོ་ཚུལ་དང་ཆ་མཚུངས་པར་ཡང་བཤད། ཁྱད་པར་འཁོར་བའི་བཙོན་


GTD008_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རའི་ནང་དུ་འཁྲིད་བྱེད་ཀྱི་གཙོ་བོ་སྲེད་པ་ཡིན་པས། བརྫུས་ཏེ་སྐྱེ་ན་གནས་ལ་སྲེད་པ་སྐྱེ། དྲོད་གཤེར་ལས་སྐྱེ་ན་དྲི་རོ་ལ་སྲེད་པ་སྐྱེ། སྒོ་ང་དང་མངལ་ལས་སྐྱེ་ན་རིགས་མཐུན་གྱི་གང་ཟག་མཐོང་སྟེ་ཚུལ་མིན་གྱི་སྤྱོད་པ་ལ་ལོག་པར་ཞེན་པའི་དབང་གིས་མཚམས་སྦྱོར་བ་ཡིན་ཞིང༌། དེ་ལྟར་སྐྱེ་བ་བླངས་ཕྱིན་འཕྲལ་དང་ཡུན་དུ་སྡུག་བསྔལ་ལས་མ་འདས། དེ་བས་ཁྱེད་རང་གི་མགོན་སྐྱབས་སུ་བདག་གིས། བཅོམ་ལྡན་འདས་རྒྱལ་བ་འོད་དཔག་ཏུ་མེད་པ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་བཞུགས་ཡོད་ཅིང༌། ཞིང་དང་དངོས་པོ་བསམ་པ་ཕུན་སུམ་ཚོགས་པས་དགེ་རྩ་རྣམ་པར་དག་པ་བྱེད་བཞིན་པ་འདི་ཡིན་པས་ཁྱོད་རང་གི་ཀྱང་འཁྲུལ་སྣང་གཞན་གྱི་རྗེས་སུ་མ་འབྲང་བར་དགེ་རྩ་འདི་དག་བློས་བླངས་ཏེ་དགའ་བ་བསྒོམ་པ་དང༌། ཁྱད་པར་རྒྱལ་བ་འོད་དཔག་མེད་ལ་དད་གུས་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་ན་བར་དོའི་སེམས་ཅན་ཆུ་ནང་གི་གཟིངས་ལྟར་དུ་ཁ་སྒྱུར་སླ་བས། ངན་འགྲོའི་སྐྱེ་སྲིད་བཟློག་ནས་ཞིང་ཁྱད་པར་ཅན་དུ་སྐྱེ་བ་ལ་ཐེ་ཚོམ་མེད་པས་ངེད་ཀྱིས་ཇི་ལྟར་བརྗོད་པ་བཞིན་དུ་བློ་ལིངས་ཀྱིས་བཀལ་ནས་རེ་ས་གཞན་ན་མེད་པའི་བློ་ལྟོས་བཅས་ཏེ་གསོལ་བ་འདེབས་པ་དང༌། མཐར་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བའི་འདུན་པ་ཤུགས་དྲག་པོ་མཛད་པར་ཞུ། ༸ཉམ་ཐག་འགྲོ་ལ་ལྷག་པར་ཐུགས་བརྩེ་ཞིང༌། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་ལས་སྐྱོབས། །ལྷ་མིའི་སྟོན་པ་རྒྱལ་བ་འོད་དཔག་མེད། །བསླུ་མེད་སྐྱབས་ཀྱི་དམ་པར་གསོལ་བ་འདེབས། །མི་བཟད་ཁམས་གསུམ་འཁོར་བའི་བཙོན་ར་རུ། །སྡུག་བསྔལ་གསུམ་གྱིས་མནར་


GTD008_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འགྲོ་ཀུན་དང༌། །ཁྱད་པར་འཁྲུལ་སྣང་གཤིན་རྗེས་ཁྲིད་པ་ཡི། །སྐྱབས་མེད་བར་དོའི་འགྲོ་ལ་ཐུགས་རྗེས་གཟིགས། །འདི་སྣང་ཞེན་པའི་འཆིང་བ་དྲལ་དུ་གསོལ། །ལས་ཉོན་སྡིག་ལྟུང་མ་ལུས་སྦྱང་དུ་གསོལ། །འཇིགས་རུང་གཤིན་རྗེའི་གཡུལ་ལས་བསྐྱབ་ཏུ་གསོལ། །འཁྲུལ་སྣང་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། །མི་ཁོམ་ངན་སོང་སྐྱེ་སྒོ་བཅད་དུ་གསོལ། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །མགོན་ཁྱོད་ཐུགས་རྗེས་འོད་ཀྱི་ལྕགས་ཀྱུ་ཡིས། །ཚེ་འདས་རྣམ་ཤེས་གྱེན་དུ་དྲངས་བྱས་ཏེ། །གཉིས་མེད་ཡེ་ཤེས་ཧྲཱིཿ ཡིག་ལ་བསྟིམ་ནས། །ཞིང་མཆོག་བདེ་བ་ཅན་དེར་ཁྲིད་དུ་གསོལ། །མགོན་ཁྱོད་སྲས་ཀྱི་ཐུ་བོར་འགྱུར་བར་མཛོད། །ཁྱོད་མིན་སྐྱབས་གཞན་མེད་དོ་ཐུགས་རྗེས་གཟིགས། །ཞེས་པའི་བར་ལན་གཅིག་གམ་གསུམ་བྱ། དེ་ནས། ཧིག་ལན་གསུམ་དང༌། ཕཊ་ལན་གཅིག་བརྗོད་པས་གཤིན་པོའི་རྣམ་ཤེས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་དང་བསྲེས་ཏེ་བདེ་བ་ཅན་དུ་འཕང་བར་བསམས་ལ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་ཚེ་འདས་དེར་ཐོབ་ཤོག །ཅེས་བསྔོ་བས་མཚམས་སྦྱར་བར་བྱའོ། །ཞེས་གཤིན་པོར་འཕོ་བ་བྱེད་ཚུལ་བསྡུས་པ་བར་དོའི་ཆོས་བཤད་དང་བཅས་པ་འདི་ཡང་ཨ་མཚོ་དགོན་པའི་ཁྲི་པ་ཞབས་དྲུང་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་དགེ་ཚུལ་དཀོན་མཆོག་བསམ་གྲུབ་ཀྱིས་བྲིས་པའོ། ། ༈ དེའང་ཐུན་རེ་བཞིན་ཀུན་སློང་གི་སྟེང་ནས་བསྟན་པ་ཡོངས་རྫོགས་ཀྱི་གནད་ཚང་བར་བྱེད་ཚུལ་དགོས་ཟེར་བ་ལ་གྲྭ་པ་ཐམས་ཅད་མ་ལུས་པར་འཚོགས་པ་ལ་གྲྭ་ཚང་ཡོངས་རྫོགས་ཟེར་བ་


GTD008_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སོ་སོ་བར་སོང་ན་རྫོགས་མཐའ་མེད་པས་ཉམས་ལེན་སྣ་གཅིག་ལའང་ཐམས་ཅད་རྫོགས་པ་དགོས། འོ་ན་དམིགས་སྐོར་ཕྱི་མ་རྣམས་མི་དགོས་སམ་སྙམ་ན་མ་ཡིན་ཏེ། ཨ་གར་སོ་ལྔ་ཐུན་གཅིག་ལ་སྦྱོར་བ་སྣ་ཚང་ཡང་རླུང་ནད་ཚབས་ཅན་དེ་ཐུན་གཅིག་གིས་མི་སེལ་བར་མང་པོ་བསྟུད་ནས་འཐུང་དགོས་པ་དང་འདྲ། རེ་རེ་ལའང་ཐམས་ཅད་ཚང་དགོས་པའི་རྒྱུ་མཚན་ནི། བསྟན་པ་ཡོངས་སུ་རྫོགས་མ་རྫོགས་ཞེས་པ་གདུལ་བྱའི་སྐྱོན་མཐའ་དག་སྤོང་བའི་ཐབས་དང༌། ཡོན་ཏན་མཐའ་དག་སྒྲུབ་པའི་ཐབས་ཚང་མ་ཚང་ཡིན་ལ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ནི་སངས་རྒྱས་ཁོ་ན་ཡིན་པས་སངས་རྒྱས་སྒྲུབ་པའི་ཐབས་རྣལ་མར་འགྲོ་བ་ལ་བསྟན་པ་ཡོངས་སུ་རྫོགས་དགོས་པ་ཡིན། བསམ་སྦྱོར་དེ་འདྲ་ཞིག་བྱུང་ན་དེ་ལ་རྣམ་ཀུན་རྫོགས་པའི་སྦྱོར་བ་ཟེར། འོ་ན་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་རང་གིས་ཆོག་གམ་སྙམ་ན། དེ་བསམ་ཚུལ་ལ་ཐུག་ཡོད། རྒྱུའི་བསམ་མནོ་ཅི་ཡང་མེད་པར་འབྲས་བུ་སངས་རྒྱས་ཐོབ་ན་སྙམ་པས་མི་ཆོག །དབུས་སུ་འགྲོ་བར་ཐག་ཆོད་པ་ལ་ལམ་དང་ཆ་རྐྱེན་ལམ་གྲོགས་ཐམས་ཅད་ཀྱི་འདིང་ཞིག་ཡོད་དགོས། སྐས་གདང་མང་པོ་འཛེགས་པའི་དུས་མཐོ་དམན་གྱི་ཁྱད་ཡོད་ཀྱང་གོམ་པ་འདེགས་པའི་བྱ་བ་དང༌། ཁང་ཐོག་ཏུ་འགྲོ་འདོད་ཀྱི་འཕེན་པ་ལ་ཁྱད་ཅི་ཡང་མེད་པ་བཞིན། དངོས་གཞིའི་དམིགས་སྐོར་ལ་གོ་རིམ་ཡོད་ཀྱང་ཀུན་སློང་གི་བསམ་སྦྱོར་སྣ་གཅིག་པོ་དེས་འཁྱོང་དགོས། ལྷའི་གོས་དེ་བསྒྲིལ་ན་སེན་མོའི་བར་དུ་ཚུད། ཁ་ཕྱེ་ན་ལུས་ཀུན་ཁེབས་པ་ཞིག་ཡོད་ཟེར་བ་བཞིན། སངས་རྒྱས་ཐོབ་པར་བྱ་སྙམ་པའི་ཀུན་སློང་དེའང་རྒྱས་བསྡུས་བྱེད་


GTD008_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཤེས་དགོས་ཏེ། སངས་རྒྱས་ཐོབ་པར་བྱ་ཞེས་པ་ཡོན་ཏན་ཀུན་རྫོགས་པར་བྱ་ཞེས་པ་ཡིན་ལ། དེ་རྫོགས་པ་ལ་སྲང་མདའི་མཐོ་དམན་བཞིན་སྐྱོན་ཀུན་སྤོང་དགོས། སྐྱོན་ལ་སྒོ་གསུམ་དུ་ཡོད་ཅིང༌། དེར་ཡང་ཕྲ་རགས་གཉིས་རེ་ཡོད་པས། རགས་པ་མདོས་སྦྱོང་ཞིང༌། ཕྲ་བ་སྔགས་ཀྱིས་སྦྱོང་དགོས་ལ། རགས་པ་མ་སྦྱངས་པར་ཕྲ་བ་སྦྱོང་ཚུལ་མེད་པས་སྔོན་ལ་མདོ་དང༌། ཕྲ་བ་སྔགས་ལ་མ་བརྟེན་པར་སྦྱང་མི་ནུས་པས་སྔགས་ཏེ་གཉི་ག་ཚང་དགོས་པ་དེ་ཡིན། རགས་པའང་ལུས་ངག་གི་ཉེས་སྤྱོད་གཙོ་བོར་སྦྱོང་ཞིང་སྡོམ་བྱེད་སོ་ཐར་ཡིན་ལ། དེའི་རྩ་བ་ཆུང་འབྲིང་གི་ལམ་གྱིས་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་བསམས་ནས་ངེས་འབྱུང་རྣམ་དག་སྐྱེ་བ་ལ་ཐུག་ཡོད། ཡིད་ཀྱི་ཉེས་པའི་རྩ་བ་ངར་འཛིན་ཡིན། དེས་རྩ་བ་བྱས་ཏེ་རང་གཞན་སོ་སོར་བཅད་ནས་ཆགས་སྡང་གིས་བླང་དོར་གོ་ལོག་པས་ཕུང་ཁྲོལ་ཐམས་ཅད་བྱས་པ་ཡིན་པས་ངར་འཛིན་དེ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་སྦྱོང༌། བློ་ངན་ཕྱི་མ་ཐམས་ཅད་བྱམས་སྙིང་རྗེའི་རྩ་བ་ཅན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་སྦྱོང་བས་སྐྱེས་བུ་ཆེན་པོའི་ལམ་ཐུན་མོང་བ་དེར་ཚང༌། སྐྱོན་ཕྲ་མོ་སྤོང་བར་སྔགས་ཀྱིས་སྣོན་པ་འདེབས་དགོས་ལ། དེའང་མཚན་བཅས་ཀྱིས་ལུས་ངག་དང༌། མཚན་མེད་ཀྱིས་ཡིད་ཀྱི་ཉེས་པ་སྦྱོང་ཚུལ་ཡང་ཤེས་དགོས་ལ། མཐར་གཏུགས་ན་ལུས་ཀྱི་ཉེས་པ་སྦྱོང་བྱེད་བསྐྱེད་རིམ་ཕྲ་རགས། ངག་གི་ཉེས་པ་སྦྱོང་བྱེད་ཀུན་རྫོབ་སྒྱུ་མའི་རྫོགས་རིམ། ཡིད་ཀྱི་ཉེས་པ་སྦྱོང་བྱེད་དོན་དམ་འོད་གསལ་གྱི་རྫོགས་རིམ་ཡིན། ཟུང་འཇུག་ནི་དེ་གཉིས་ཚོགས་པ་ལ་འཇོག་པས་ལོགས་ན་མེད། དེ་ལྟར་སྒོ་གསུམ་གྱི་སྐྱོན་ཕྲ་རགས་ཟད་པར་


GTD008_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཏེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར་པ་ནི་སྐུ་གསུམ་དབྱེར་མི་ཕྱེད་པ་སངས་རྒྱས་ཀྱི་གོ་འཕང་ཡིན། འབྲས་བུ་དེ་འདྲ་བ་ཞིག་ཐོབ་པའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་རྒྱུ་ཚོགས་ཀྱང་མ་ཚང་བ་མེད་པ་ཞིག་བྱའོ་སྙམ་དུ་མིག་རྒྱང་བསྲིངས། ཡིད་རྒྱ་བསྐྱེད་དེ། ཤིན་ཏུ་གོམས་པའི་ལམ་སྲང་ལ་བསམ་མནོ་བཏང་བ་བཞིན་དམིགས་འོག་ཏུ་རུག་གེ་ཚུད་པ་ཞིག་བྱུང་ན་ཀུན་སློང་རང་ལ་ལམ་རིམ་ཚང་བ་དང༌། བསྟན་པའི་གནད་རྫོགས་པ་བྱ་བ་དེ་བྱུང་བ་ཡིན་ནོ། །སརྦ་མངྒ་ལཾ། །


previousསྣ་ཚོགས་ཡུམ་གྱི་བུམ་སྒྲུབ།next