Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་སོགས།
   
   
   
   
  expand section
   
   
   
   
   
   


 
previousདགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་སོགས།next

དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་སོགས།


GTD008_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་སོགས་སྨོན་ཚིག་གི་སྐོར་དྲང་སྲོང་ཆེན་པོའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ། །


GTD008_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་མ་ལུས་སྐྱེད་པའི་ཡབ་གྱུར་ཀྱང༌། །རྒྱལ་སྲས་ཚུལ་གྱིས་ཞིང་ཁམས་རབ་འབྱམས་སུ། །རྒྱལ་བའི་ཆོས་འཛིན་ཐུགས་བསྐྱེད་བདེན་པའི་མཐུས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྔོན་ཚེ་དབང་བོའི་ཏོག་གི་སྤྱན་སྔ་རུ། །དམ་བཅས་ཚེ་ན་སྙིང་སྟོབས་ཆེན་པོ་ཞེས། །སྲས་བཅས་རྒྱལ་བས་བསྔགས་བརྗོད་བདེན་པའི་མཐུས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ལྟ་སྤྱོད་གཙང་མའི་བརྒྱུད་པ་སྤེལ་བའི་ཕྱིར། །ཐུབ་པའི་དྲུང་དུ་ཤེལ་དཀར་འཕྲེང་བ་ཕུལ། །ཆོས་དུང་གནང་ཞིང་ལུང་བསྟན་བདེན་པའི་མཐུས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ། །སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས། །སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་བསྒྲུབས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མང་དུ་ཐོས་པ་རྒྱ་


GTD008_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་བཙལ་བས་མཁས། །ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན། །ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང༌། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དྲང་ངེས་གསུང་རབ་མ་ལུས་འགལ་མེད་དུ། །གང་ཟག་གཅིག་གི་ཉམས་ལེན་གདམས་པ་རུ། །ངེས་པ་རྙེད་པས་ཉེས་སྤྱོད་མཐའ་དག་འགགས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང༌། །རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ། །མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང༌། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱུ་ཡི་ཐེག་པར་བཤད་པའི་


GTD008_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད། །འབྲས་བུའི་ཐབས་ཀྱིས་སྒྲུབ་པའི་བདེ་ཆེན་དང༌། །མཉམ་སྦྱོར་ཆོས་ཕུང་བརྒྱད་ཁྲིའི་སྙིང་པོའི་བཅུད། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མའི་གཙོ། །མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མདོར་ན་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། །མཁས་བཙུན་བསྟན་འཛིན་དམ་པས་ས་སྟེང་གང༌། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་འདི་ནི་ལྷག་བསམ་རྣམ་དཔྱོད་ཡངས་པ་རབ་འབྱམས་པ་བློ་བཟང་བསྟན་པས་བསྐུལ་ཞིང༌། སྤྱིར་དེང་དུས་རྗེ་བླ་མའི་བསྟན་པ་འདི་ནི་ཟུངས་ཟད་ཀྱི་ནད་པ་སྨན་པས་བོར་བ་བཞིན་དུ་བདག་ཏུ་འཛིན་པ་འགའང་མི་སྣང་བས་ཅུང་ཟད་རེ་བསྲིང་ཐུབ་ནའང་ཅི་མ་རུང་སྙམ་དུ་སྨོན་པའི་ཡིད་ཀྱིས། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ ན་མོ་ཨཱརྻྻ་མཻ་ཏྲི་ཡེ། བྱམས་པས་བསྒྲུབས་པའི་མཛེས་སྐུ་མཚན་དཔེའི་དཔལ། །བྱམས་པའི་ཤུགས་ཀྱིས་ལེགས་འདོམས་ཚངས་པའི་དབྱངས། །བྱམས་བརྩེའི་ཡེ་ཤེས་ཆོས་ཀུན་མངོན་བྱང་ཆུབ། །བྱམས་མགོན་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །རིང་ནས་གོམས་པས་ཐུགས་ལ་ཞེན་པ་ཡི། །བྱམས་ཆེན་བདུད་རྩིས་ཞེ་སྡང་མེ་དཔུང་བཅིལ། །མི་བཟད་བདུད་ཀྱི་སྙེམས་པ་མཐར་བྱེད་ཅིང༌། །གྲགས་པའི་མཚན་གྱིས་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །གང་གིས་ཡོངས་སུ་བཟུང་བའི་དག་པའི་ཞིང༌། །


GTD008_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་གནས་མཆོག་ཡིད་དགའ་ཆོས་འཛིན་ཞེས། །སྙན་པ་ཡིད་འོང་བདུད་རྩིའི་གཟེགས་མས་ཀྱང༌། །ཡིད་ལ་ཟག་མེད་དགའ་བའི་དཔལ་སྟེར་བ། །དེར་ནི་སྐྱེ་བའི་མྱུ་གུ་འགྲུབ་པ་དང༌། །རྒྱལ་བའི་ཞལ་བཟང་དཀྱིལ་འཁོར་མཐོང་བ་དང༌། །ཟབ་རྒྱས་གདམས་པའི་བདུད་རྩི་མྱོང་བའི་ཕྱིར། །ལེགས་སྨོན་ཕྲེང་བ་མདོ་ཙམ་སྤེལ་བ་འདི། །རྒྱལ་ཚབ་མགོན་གྱི་དམ་བཅའི་དཔུང་པ་དང༌། །རྒྱལ་སྲས་རྒྱ་མཚོའི་ཐུགས་རྗེ་བྱིན་རླབས་དང༌། །རྒྱལ་ཡུམ་ཆོས་དབྱིངས་རྣམ་དག་བདེན་པའི་མཐུས། །རྒྱལ་བའི་དགོངས་པ་ཇི་བཞིན་འགྲུབ་གྱུར་ཅིག །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་བཟུང་སྟེ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བསྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་བགྱིས་པ་དང༌། བགྱིད་དུ་སྩལ་པ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས། འཆི་བའི་དུས་ལ་ཉེ་བར་བབ་པ་ན། སྟོབས་བཅུ་མངའ་བ་རྒྱལ་ཚབ་བྱམས་པ་མགོན་པོ་རྒྱལ་སྲས་བྱེ་བའི་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བྱོན་ནས་དགྱེས་པའི་འཛུམ་ཞལ་མངོན་སུམ་དུ་སྟོན་པར་གྱུར་ཅིག །དེ་ནས་འཇིགས་པ་མེད་པ་ཚངས་པའི་དབྱངས་ཀྱིས་བུ་བུ་འཁོར་བའི་འཆིང་ཐག་གཉེན་བཤེས་ཟས་ནོར་སོགས་ལ་ཞེན་པ་སྤངས་ཤིང་འཁྲུལ་སྣང་ཟ་ཟིའི་རྗེས་སུ་མི་འབྲང་བར་ངའི་སྐུ་དང་ཞིང་གི་བཀོད་པ་ཡིད་ལ་གྱིས་ལ་དག་


GTD008_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་དུ་ཤོག་ཅིག་ཅེས་བརྩེ་བའི་གསུང་གིས་དབུགས་འབྱིན་པར་གྱུར་ཅིག །དེའི་སྟོབས་ཀྱིས་ལུས་དང་སེམས་ལ་སྡུག་བསྔལ་ཕྲ་མོ་ཙམ་ཡང་མེད་པར་དགེ་བའི་བསམ་པ་ཁྱད་པར་ཅན་གྱི་ངང་ནས་ཤི་འཕོས་ཏེ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་འདབ་སྟོང་པདྨའི་སྦུབས་སུ་རྫུས་ཏེ་སྐྱེ་བ་ལེན་པར་གྱུར་ཅིག །དེ་མ་ཐག་ཏུ་ཆོས་ཀྱི་ཕོ་བྲང་རྒྱལ་མཚན་མཐོན་པོར་མི་ཕམ་མགོན་པོའི་དྲུང་དུ་ལྷགས་ཤིང༌། དེའི་སྐུ་མཚན་དང་དཔེ་བྱད་ཀྱིས་འབར་བ་གསེར་གྱི་ལྷུན་པོ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུ། འཇིག་རྟེན་གསུམ་གྱི་མཛེས་སྡུག་མ་ལུས་པ་གཅིག་ཏུ་བསྡུས་པ་ལྟ་བུ། ཚོགས་གཉིས་དགེ་བའི་སྤྱོད་པ་མཐའ་དག་གཟུགས་སུ་ཤར་བ་ལྟ་བུ་མིག་གི་བདུད་རྩིར་གྱུར་ཏེ་དགའ་བ་དང་སྤྲོ་བ་དང་དད་པའི་ཤུགས་ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་གྱུར་ཅིག །དེ་ན་བཞུགས་པ་མཉམ་མེད་ཇོ་བོ་ཆེན་པོ་དང༌། བློ་བཟང་འཇམ་དཔལ་སྙིང་པོ་ལ་སོགས་པ་བདག་ཉིད་ཆེན་པོ་ཀུན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཞིང༌། དེ་དག་ཐམས་ཅད་ཀྱིས་ཀྱང་བརྩེ་བས་རྗེས་སུ་འཛིན་པར་གྱུར་ཅིག །དེ་ནས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ནམ་མཁའ་གང་བ་ཡོངས་སུ་སྤྲུལ་ཏེ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཉེས་པར་བྱེད་པར་གྱུར་ཅིག །དེས་རྗེས་སུ་བསྟན་པ་ལ་བརྟེན་ནས་རིས་སུ་མ་ཆད་པའི་མ་རྒན་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཤུགས་དྲག་ཏུ་སྐྱེས་པས་རྒྱུད་བསྐུལ་ཞིང༌། རྒྱལ་བའི་ཡོན་ཏན་མཐོང་བས་ཡིད་དྲངས་ཏེ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར་ཅིག །སེམས་བསྐྱེད་ནས་ཀྱང་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཕྱིར་དུ་ཐོགས་


GTD008_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་བགྲོད་ནས་གདམས་པ་དང་རྗེས་སུ་བསྟན་པ་ཟད་མི་ཤེས་པ་ནོད་པར་གྱུར་ཅིག །དེའི་དོན་ཐོས་པ་དང༌། བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་མ་ཚང་བ་མེད་པར་གཏན་ལ་ཕབ་སྟེ། ཉན་ཐོས་ཀྱི་ལམ་དང༌། རང་སངས་རྒྱས་ཀྱི་ལམ་དང༌། བྱང་ཆུབ་སེམས་དཔའི་ལམ་གྱི་དབྱེ་བ་ཤེས་པར་བྱས་ནས་སྲིད་ཞིའི་མཐའ་གཉིས་དང་བྲལ་བའི་ཐེག་པ་ཆེན་པོའི་ཐབས་མཁས་ཀྱི་ཉེ་བའི་ལམ་ལ་མཁས་པར་བྱེད་པར་གྱུར་ཅིག །དེ་ནས་དབང་དུ་བྱེད་པ་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཞི་གནས་དང༌། ལྷག་མཐོང་ཟུང་དུ་འབྲེལ་བའི་སྒོ་ནས་དམིགས་པ་དང་རྣམ་པ་དང་མཚན་ཉིད་ཡོངས་སུ་རྫོགས་པའི་ཐེག་པ་གསུམ་གྱི་རྟོགས་པའི་རིགས་མ་ལུས་པ་ལ་སློབ་པར་གྱུར་ཅིག །སེམས་ཀྱི་རང་བཞིན་ཡོངས་སུ་སྦྱངས་པའི་རྣམ་པར་རྟོག་པའི་དྲི་མ་ཅི་རིགས་པ་དང་བྲལ་ནས་གོམས་པ་དབང་དུ་གྱུར་པའི་རྩེ་མོའི་སྦྱོར་བ་ཐོབ་པར་གྱུར་ཅིག །གང་ལ་བསླབ་པར་བྱ་བ་དམིགས་པའི་ཡུལ་མཐའ་ཡས་པ་དང༌། ཆེད་དུ་བྱ་བ་གོ་རིམ་བཞིན་དུ་སློབ་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་ཚང་བའི་གོ་ཆ་མ་ཉམས་པ་བགོས་ཏེ། དེའི་ཚོགས་མ་ཚང་བ་མེད་པའི་སྒོ་ནས་རྒྱལ་བའི་སྲས་ཀྱི་ས་གོང་མ་གོང་མ་རྣམས་སུ་མཐར་གྱིས་འཇུག་པར་གྱུར་ཅིག །དེ་ནས་ངེས་པར་འབྱུང་བའི་སྒྲུབ་པ་མཚན་མ་མེད་ཅིང་རྩོལ་བ་མེད་པའི་ལམ་གྱིས་ཟོ་ཆུན་གྱི་འཁོར་ལོ་ཅིག་ཅར་བསྒྱུར་བ་བཞིན་དུ་སྒྲིབ་པ་མ་ལུས་པ་འབྱིན་པའི་སྦྱོར་བ་མཐར་ཐུག་པ་སྐད་ཅིག་མ་གཅིག་གིས་མངོན་དུ་བྱེད་པར་གྱུར་ཅིག །དེའི་སྐད་ཅིག་གཉིས་པར་གང་ལ་དམིགས་ནས་སེམས་བསྐྱེད་པ་ཆོས་ཀྱི་


GTD008_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྤངས་པ་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་པ་བརྙེས་ནས་དག་པ་དང་མ་དག་པའི་གདུལ་བྱ་རྣམས་ལ་གང་འཚམ་དུ་སྐུའི་བཀོད་པ་བསྟན་ཏེ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་རྒྱུན་མི་འཆད་པར་འཁོར་བའི་མཐས་གཏུགས་པར་འགྲོ་བ་ཀུན་གྱི་ཕན་པ་དང་བདེ་བའི་ཉེར་འཚོའི་རྟེན་དུ་གྱུར་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་སཾ་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་ཛི་ཏེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། ཨ་ཛི་ཏན་ཛཱ་ཡ། ཧ་ར་ཧ་ར། མཻ་ཏྲི་ཨ་བ་ལོ་ཀི་ཏེ། ཀ་ར་ཀ་ར། མཧཱ་ས་མ་ཡ་སིདྡྷི། བྷ་ར་བྷ་ར། མཧཱ་བོ་དྷི་མཎྜ་བི་ཛེ། སྨ་ར་སྨ་ར། ཨ་སྨ་ཀཾ་ས་མ་ཡ། བོ་དྷི་བོ་དྷི། མཧཱ་བོ་དྷི་སྭཱཧཱ། ཨོཾ་མོ་ཧི་མོ་ཧི། མཧཱ་མོ་ཧི་སྭཱཧཱ། ཨོཾ་མུ་ནི་མུ་ནི་སྨ་ར་སྭཱཧཱ། ལན་གསུམ། ན་མོ་བླ་མ་ཡི་དམ་དཀོན་མཆོག་གསུམ་གྱི་བདེན་པ་དང༌། ཁྱད་པར་རྒྱལ་ཚབ་མི་ཕམ་མགོན་པོའི་ཐུགས་བསྐྱེད་དམ་བཅའི་མཐུ་དང༌། གཟུངས་ཀྱི་བདེན་པ་ལ་བརྟེན་ནས་ཇི་ལྟར་སྨོན་པའི་དོན་ཐམས་ཅད་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །འབྲས་བུ་དམན་པ་འཁོར་བར་འཆིང་བྱེད་ཀྱི་རྙེད་བཀུར་སྙན་གྲགས་ལ་སོགས་པའི་རྒྱུར་ཅུང་ཟད་ཙམ་ཡང་མི་སྨིན་པར་གྱུར་ཅིག །གལ་ཏེ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་དགའ་ལྡན་གྱི་གནས་སུ་སྐྱེ་བར་མ་ནུས་ནའང་དལ་འབྱོར་ཚང་བའི་རྟེན་བཟང་པོ་བརྒྱུད་མར་ཐོབ་ཅིང་བྱམས་མགོན་ཐུགས་རྗེའི་གཏེར་གྱིས་དགེ་བའི་བཤེས་གཉེན་མཛད་པ་དང་མི་འབྲལ་བར་གྱུར་ཅིག །ཁྱད་པར་སྐྱེ་དགུ་ཚེ་ལོ་བརྒྱད་ཁྲིའི་དུས་སུ་བྱམས་མགོན་རྒྱལ་བའི་ཉི་མ་འཇིག་རྟེན་དུ་ཤར་བའི་ཚེ་འཁོར་གྱི་ཐོག་མར་སྐྱེས་ནས་གསུང་གི་བདུད་རྩི་ལ་ངོམས་མེད་དུ་ལོངས་སྤྱད་དེ་ས་ལམ་གྱི་རྟོགས་


GTD008_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱད་པར་ཅན་རྣམས་བདེ་བླག་ཏུ་བགྲོད་ནུས་པར་གྱུར་ཅིག །དགེ་བའི་རྩ་བ་འདི་དག་གིས་མཚོན་བདག་དང་གཞན་གྱི་དགེ་བའི་རྩ་བ་ཐམས་ཅད་ཁོང་ཁྲོ་དང༌། ལྟ་བ་ངན་པ་དང༌། ལོག་པར་བསྔོ་བ་ལ་སོགས་པའི་སྐྱོན་གྱིས་ཅུང་ཟད་ཙམ་ཡང་མི་ཉམས་པར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་གང་དུ་བསྔོས་ཤིང་བསྔོ་བར་འགྱུར་བ་དང༌། རྒྱལ་སྲས་ཆེན་པོ་འཇམ་དཔལ་ཀུན་བཟང་སོགས་ཀྱིས་ཇི་ལྟར་སྨོན་པའི་འབྲས་བུ་དེ་དང་དེ་དག་འགྲུབ་པའི་རྒྱུ་རྣམ་པར་དག་པ་ཁོ་ནར་གྱུར་ཅིག །ནམ་ཞིག་འདི་སྣང་འགག་པར་ཉེ་བའི་ཚེ། །བྱམས་མགོན་ཞལ་མཐོང་དད་པས་ཡིད་དྲངས་ཏེ། །དགའ་ལྡན་གནས་སུ་པདྨོ་ལས་སྐྱེས་ནས། །རྒྱལ་བ་སྲས་བཅས་མཉེས་པར་བྱེད་པར་ཤོག །ཟབ་རྒྱས་གདམས་པའི་བདུད་རྩིའི་བཅུད་མྱངས་ཏེ། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །ཐེག་གསུམ་ལམ་གྱི་རྟོགས་རིགས་ཡོངས་རྫོགས་ནས། །མཐར་ཐུག་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །མདོར་ན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འབྲས་བུ་དམན་པའི་རྒྱུ་རུ་མི་འགྱུར་བར། །བྱམས་མགོན་འཁོར་གྱི་ཐོག་མར་སྐྱེས་གྱུར་ཏེ། །ཡང་དག་ལམ་བཟང་གེགས་མེད་མཐར་ཕྱིན་ཤོག །ཅེས་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་སྐྱེ་བའི་སྨོན་ལམ་འདི་ནི་དད་བརྩོན་བློ་དང་ལྡན་པ་དཀོན་མཆོག་ཐབས་མཁས་ཀྱིས་བསྐུལ་བའི་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས། སྐལ་མཉམ་རྣམས་ལ་ཕན་པའི་སླད་གོ་བདེ་བར་འབོལ་རྩོམ་དུ་བགྱིས་པ་འདིས་ཀྱང་སྐྱེ་བོ་རྣམས་ལ་ཕན་ཐོགས་པར་གྱུར་ཅིག། ། ༈ རབ་འབྱམས་རྒྱལ་བ་ཀུན་གྱི་


GTD008_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་གཅིག་པུ། །དུས་གསུམ་བདེ་གཤེགས་སྲས་ཀྱི་ཐུ་བོའི་ཚུལ། །རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་གཅིག་བསྡུས་དངོས། །ཀུན་གཟིགས་མཁྱེན་པའི་གཏེར་གྱིས་རིང་དུ་སྐྱོངས། །སྒྲིབ་བྲལ་ཡེ་ཤེས་གསེར་གྱི་ཐུར་མ་ཡིས། །སྐལ་བཟང་ཐར་འདོད་བློ་མིག་འབྱེད་པའི་གཉེན། །ཁྱོད་ཞབས་གུས་པས་བསྟེན་པ་བདག་ཅག་གི །མི་ཤེས་རྨོངས་པའི་དྲ་བ་གཅད་དུ་གསོལ། །ཡང་དག་ལམ་གྱི་རྗེས་སུ་མངོན་ཕྱོགས་པའི། །ལེགས་སྨོན་ཡིད་ཀྱི་འདུན་པ་མ་ལུས་པ། །གེགས་མེད་སྨོན་བཞིན་འགྲུབ་པའི་དཔང་མཛད་དེ། །ཐུགས་རྗེའི་བདེན་པ་མངོན་སུམ་བསྟན་དུ་གསོལ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སྐྱེ་འཕགས་ལུས་ཅན་ཀུན་གྱི་རྣམ་དཀར་ཕུང་པོ་བདག་ཅག་གི་ཐོས་བསམ་སྒོམ་པའི་དགེ་ཚོགས་དང་ཆབས་ཅིག་ཏུ་བསྡོམས་ཤིང་ཁྱད་པར་དུ་ཚུལ་ཁྲིམས་རྣམ་པར་དག་པ་སོགས་རྒྱལ་བའི་སྲས་ཀྱི་སྨོན་ལམ་འགྲུབ་པ་དང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཡོངས་སུ་འཛིན་པའི་རྒྱུ་ཚོགས་ལྔ་བཅུ་རྩ་ལྔ་གསུངས་པ་སོགས་ཀྱི་རྗེས་སུ་བསླབ་པའི་མཐུ་ལ་བརྟེན་ནས་སྙིང་རྗེའི་སྙིང་པོ་ཅན་གྱི་ཡང་དག་པའི་ལྟ་བས་བློ་མིག་ཕྱེ་སྟེ་ཐར་པ་བླ་ན་མེད་པའི་གྲོང་ཁྱེར་དུ་འཇུག་པར་གྱུར་ཅིག །འཇིག་རྟེན་ཕྱི་མར་འཕོ་བའི་ཚེ་སྐྱེ་འཆིའི་སྣང་བ་ཀུན་ལ་མཚན་མར་མི་ཞེན་ཅིང་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་དང་རྒྱལ་བ་ཀུན་གཟིགས་ཀྱི་སྐུ་དང་གསུང་གི་སྣང་བ་མངོན་དུ་གྱུར་པའི་དད་པས་ཡིད་དྲངས་ཏེ་དེ་ཉིད་ཀྱི་ཞིང་ཁམས་ཡོངས་སུ་རྫོགས་ཤིང་དག་ལ་རྡུལ་མེད་པ་བསགས་པ་ཞེས་བྱ་བ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་དུ་མའི་བྱེ་མ་སྙེད་ཙམ་དུ་ཐ་


GTD008_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་ཡངས་ཤིང་གང་ལ་གང་འདོད་ཀྱི་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་དུ་སྣང་བ་སངས་རྒྱས་ཀྱི་ཞིང་གྲངས་མེད་པས་གཏམས་ཤིང་བྱང་ཆུབ་སེམས་དཔའི་ཚོགས་རབ་ཏུ་བྱུང་བ་ཤ་སྟག་གིས་གང་བ་དེ་ལྟ་བུར་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་སྟོང་གསུམ་བཅུའི་ཚད་དང་ལྡན་པའི་བྱང་ཆུབ་ཀྱི་ཤིང་དྲུང་ན་དེ་བཞིན་གཤེགས་པ་ཀུན་གཟིགས་སྐུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་མངའ་བ་འཛམ་བུ་ཆུ་བོའི་གསེར་གྱི་རི་བོ་ལྟར་ལྷམ་མེར་བཞུགས་ཤིང་འཁོར་དཔག་ཚད་བཞི་ཁྲི་ཉིས་སྟོང་ཙམ་གྱི་བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་བསྐོར་བ་མངོན་སུམ་དུ་མཐོང་བར་གྱུར་ཅིག །མཐོང་བའི་མོད་ལ་ཚིག་གིས་མཚོན་མི་དགོས་པར་རྨོངས་པ་དང་སོམ་ཉིའི་དྲ་བ་ཡོངས་སུ་ཆོད་དེ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་ཚིག་དོན་མ་ལུས་པ་བདེ་བླག་ཏུ་རྟོགས་པར་གྱུར་ཅིག །ཆོས་དང་དོན་མངོན་པར་རྟོགས་པས་བསྡུས་པ་མོས་པ་སྤྱོད་པའི་ས་ལ་སྙིང་རྗེ་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་སྦྱོང་ཞིང་ཁྱད་པར་དུ་དེ་ཁོ་ན་ཉིད་ཀྱི་དོན་ཐོས་བསམ་དང་སྒོམ་བྱུང་གི་ཤེས་རབ་ཀྱིས་གཏན་ལ་ཕབ་སྟེ་གཟུང་འཛིན་རྟོག་པ་མངོན་གྱུར་པ་ཉམས་སྨོད་ཅིང་གྲངས་མེད་དང་པོའི་ཚོགས་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ནས་བདེན་པ་མངོན་པར་རྟོགས་པས་ས་རབ་ཏུ་དགའ་བ་ལ་ཆོས་ཀྱི་དབྱིངས་བདག་དང་གཞན་དུ་མཉམ་པ་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་སྟོབས་ཀྱིས་སྦྱིན་པའི་ཕར་ཕྱིན་ལྷག་པར་ཐོབ་པར་གྱུར་ཅིག །རྗེས་ལ་མངོན་པར་རྟོགས་པས་བསྡུས་པས་ལྷག་མ་རྣམས་ལའང་སྤང་བླང་དོན་དམ་པར་མེད་ཀྱང་ཐ་སྙད་དུ་མཆོག་གི་


GTD008_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་མཐོང་བས་ཚུལ་ཁྲིམས་ལྷག་པ་སོགས་ཆོས་ཉིད་གཟིགས་ཚུལ་གྱི་དབང་གིས་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ཐབས་མཁས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལྷག་པར་ཐོབ་པར་གྱུར་ཅིག །ས་དང་པོར་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱ་མཐོང་བ་དང་དེ་དག་གིས་བྱིན་གྱིས་རློབ་པ་དང་བསྐལ་པ་བརྒྱར་གནས་པ་དང་སྔ་ཕྱིའི་བསྐལ་པ་བརྒྱ་གཟིགས་པ་དང་ཏིང་ངེ་འཛིན་བརྒྱ་ལ་འཇུག་པ་དང་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བ་དང་ཞིང་བརྒྱར་འགྲོ་བ་དང་ཞིང་བརྒྱ་སྤྲུལ་བ་དང་སེམས་ཅན་བརྒྱ་སྨིན་པ་དང་ཆོས་སྒོ་བརྒྱ་འབྱེད་པ་དང་ལུས་བརྒྱ་སྤྲུལ་བ་དང་ལུས་རེ་རེ་ལ་འཁོར་བྱང་སེམས་བརྒྱ་བརྒྱ་དང་ལྡན་པ་སྟེ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་ཅིང༌། ས་ལྷག་མ་རྣམས་ལ་ཡོན་ཏན་སྡེ་ཚན་བཅུ་གཉིས་པོ་དེ་དག་རེ་རེ་ཞིང་སྟོང་ཕྲག་དང་འབུམ་ཕྲག་དང་བྱེ་བ་བརྒྱ་ཕྲག་དང་བྱེ་བ་སྟོང་ཕྲག་དང་བྱེ་བ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དང་སྟོང་གསུམ་འབུམ་ཕྲག་གཅིག་གི་རྡུལ་གྲངས་དང་སྟོང་གསུམ་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་གྲངས་དང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སྟོང་གསུམ་གྱི་རྡུལ་གྲངས་དང་མཉམ་པ་ཐོབ་པར་གྱུར་ཅིག །ས་དང་པོར་ཐུན་མོང་མ་ཡིན་པའི་བསླབ་པ་གསུམ་དང་ཟག་མེད་ཀྱི་ཕུང་པོ་སྦྱོང་བའི་རྟེན་འགྲུབ་ཅིང༌། གཉིས་པར་ཚུལ་ཁྲིམས། གསུམ་པར་ཏིང་ངེ་འཛིན། བཞི་པ་ལྔ་པ་དྲུག་པ་གསུམ་ལ། བྱང་ཆུབ་ཕྱོགས་མཐུན་དང་བདེན་བཞི་དང་རྟེན་འབྲེལ་ཤེས་པའི་ཤེས་རབ་ཀྱི་བསླབ་པ་འགྲུབ་ཅིང༌། ས་ལྷག་མ་རྣམས་སུ་བསླབ་པའི་འབྲས་བུ་གྲུབ་པ་དང་རྣམ་པར་གྲོལ་བའི་


GTD008_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ཡོངས་སུ་སྤྱོད་པར་གྱུར་ཅིག །མདོར་ན་འཁོར་ལོས་བསྒྱུར་བའི་ལུས་སོགས་རྣམ་སྨིན་གྱི་སྐྱེ་བ་འཛིན་པའི་ཁྱད་པར་དང་རྨི་ལྟས་ཀྱི་ཁྱད་པར་སྤང་བྱ་སྤངས་པའི་ཁྱད་པར་སོགས་རིམ་པ་བཞིན་དུ་མངོན་དུ་གྱུར་ཏེ་མ་དག་ས་བདུན་དུ་གྲངས་མེད་གཉིས་པའི་ཚོགས་དང༌། མཚན་མ་མེད་ཅིང་རྩོལ་བ་མེད་པ་དག་པའི་ས་གསུམ་དུ་གྲངས་མེད་གསུམ་པའི་ཚོགས་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་མ་ལུས་པ་དྲུངས་ཕྱུང་ནས་རང་དོན་ཕུན་ཚོགས་ཆོས་ཀྱི་སྐུ་མངོན་དུ་བྱས་ཏེ་གཞན་གྱི་དོན་ལ་ཐོགས་པ་མེད་པར་འཇུག་པ་སྟོབས་བཅུའི་སྒོ་ནས་ནམ་མཁའི་མཐས་གཏུགས་པའི་འགྲོ་བ་མ་ལུས་པ་འཁོར་བའི་རྒྱ་མཚོ་ལས་ཡོངས་སུ་སྒྲོལ་བར་གྱུར་ཅིག །དུས་གསུམ་གྱི་དགེ་ཚོགས་མཐའ་དག་ཀྱང་དམིགས་མེད་ཀྱི་ལྟ་བས་ཡོངས་སུ་ཟིན་པའི་དབང་གིས་ནམ་ཡང་མཉམ་པ་མེད་པ་དང་དེའི་མཐུ་ལ་བརྟེན་ནས་གནས་ལུགས་ཟབ་མོའི་དོན་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་ཅིང་ཐབས་ཁྱད་པར་ཅན་གྱི་གྲོགས་དང་བཅས་པས་སྲིད་ཞིའི་རྒུད་པ་མཐའ་དག་བསལ་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ལ་མྱུར་དུ་རེག་པར་གྱུར་ཅིག །ན་མོ་མཉྫུ་ཤྲི་ཀུ་མ་ར་བྷཱུ་ཏཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ་བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ནེ་བི་ཤོ་དྷ་ནེ། ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ནིར་མ་ལེ། ཛ་ཡ་བཱ་རེ། རུ་རུ་ཙ་ལེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ལན་གསུམ། རྣམ་འདྲེན་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །ཕྱི་ནང་གཤིན་རྗེའི་གཤེད་པོ་བྷཻ་ར་ཝ། །ངུར་སྨྲིག་གར་མཛད་བློ་བཟང་རྒྱལ་བའི་དབང༌། །དབྱེར་མེད་


GTD008_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་བདེན་པ་ཆེན་པོའི་མཐུས། །བདག་གཞན་དུས་གསུམ་དགེ་ཚོགས་མ་ལུས་པ། །འཇམ་དཔལ་དཔའ་བོའི་ཐུགས་བསྐྱེད་དང་འདྲེས་ཏེ། །སྙིང་རྗེའི་སྙིང་པོ་ཅན་གྱི་ལྟ་བ་ཡིས། །སྲིད་ཞིའི་འཆིང་བ་གཅོད་པའི་རྒྱུར་གྱུར་ཅིག །འཁྲུལ་བྲལ་བློ་བཟང་རྒྱལ་བའི་བསྟན་པ་ལ། །ཐོས་བསམ་སྒོམ་པ་གེགས་མེད་མཐར་ཕྱིན་ནས། །བླ་མ་ལྷ་ཡི་གོ་འཕང་མངོན་གྱུར་ཏེ། །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །ཅེས་པ་འདི་ནི་རྣམ་དཔྱོད་མཆོག་ཏུ་ཡངས་པ་རབ་འབྱམས་པ་གྲགས་པ་ཆོས་བཟང་གིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ། ། ༈ ཚུལ་ཁྲིམས་ཕུང་པོ་ཡོངས་རྫོགས་བཅོམ་ལྡན་འདས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དམ་པའི་ཆོས། །ཚུལ་ཁྲིམས་ལྡན་ཞིང་མང་ཐོས་དགེ་འདུན་རྣམས། །ཚུལ་བཞིན་སྨོན་པ་འགྲུབ་པའི་དཔང་བོ་མཛོད། །དེང་ནས་བརྩམས་ཏེ་སྐྱེ་བའི་ཕྲེང་བ་རུ། །དལ་འབྱོར་རྟེན་ཐོབ་དམ་པའི་མགོན་གྱིས་བཟུང༌། །ཚུལ་བཞིན་ཐོས་བསམ་སྒོམ་པའི་རིམ་པ་ཡིས། །རྣམ་དག་རྒྱལ་བའི་བསྟན་ལ་སློབ་གྱུར་ཅིག །ཁྱད་པར་མངོན་མཐོ་ངེས་ལེགས་ཀུན་གྱི་རྒྱུ། །བསྟན་པའི་རྩ་བ་སྟོན་པའི་གདུང་འཚོབ་མཆོག །ཉོན་མོངས་དགྲ་འཇོམས་ཐར་པའི་སྒོ་གཅིག་པུ། །སོ་ཐར་སྡོམ་པ་ཚུལ་བཞིན་སྲུང་གྱུར་ཅིག །སྲིད་དང་ཞི་བའི་གཡང་ས་ལས་སྒྲོལ་ཞིང༌། །དགེ་ཚོགས་མི་ཟད་བྱང་ཆུབ་གཏེར་དུ་སྒྲུབ། །རྒྱལ་རྣམས་གཤེགས་བཤུལ་འགྲོ་ཀུན་ཉེར་འཚོའི་གཞི། །བྱང་སེམས་སྡོམ་པ་ཚུལ་བཞིན་སྲུང་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་


GTD008_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་འདུ་བའི་རྟེན། །མ་བསྒོམ་གྱུར་ཀྱང་མྱུར་དུ་འཚང་རྒྱའི་ལམ། །གསང་སྔགས་སྡོམ་པ་ཚུལ་བཞིན་སྲུང་གྱུར་ཅིག །བརྒྱ་ལ་ལྟུང་བའི་སྒོ་བཞི་ཅི་རིགས་ཀྱི། །དབང་གྱུར་ཉེས་པས་གོས་ཀྱང་བཤགས་བསྡམས་དང༌། །རང་རང་ཕྱིར་བཅོས་འབད་པས་ལྟུང་བ་དང༌། །ཞག་ཏུ་མི་འགྲོགས་འཕེལ་ཁ་ཆོད་པར་ཤོག །དེ་ལྟར་ཚུལ་ཁྲིམས་དག་པའི་མཆོད་ཀོང་དུ། །ཏིང་འཛིན་ཞུན་མར་སྡོང་བུ་ཚོགས་པ་ལས། །ཤེས་རབ་ཟབ་མོའི་མེ་ལྕེ་འབར་བ་ཡིས། །མཐར་འཛིན་རྨོངས་པའི་མུན་པ་དྲུངས་འབྱིན་ཤོག །ཆོས་ཕུང་ཀུན་འདུས་སྡེ་སྣོད་གསུམ་ལ་མཁས། །དེ་དོན་བསླབ་གསུམ་ཉམས་ལེན་སྙིང་པོར་བྱེད། །སྐལ་བཟང་གཞན་ཡང་ཚུལ་དེར་བཀྲི་བ་ཡིས། །རྒྱལ་བའི་བསྟན་ལ་བྱ་བ་བྱེད་གྱུར་ཅིག །བསླབ་གསུམ་ངོ་བོ་ཚོགས་གཉིས་མཐར་སོན་ཏེ། །རིག་དང་རྐང་པར་ལྡན་པ་སྟོབས་བཅུའི་དཔལ། །ཐོབ་ནས་མཁའ་མཉམ་མ་རྒན་འགྲོ་བ་རྣམས། །ཕྲ་རགས་འཁོར་བའི་མཚོ་ལས་སྒྲོལ་གྱུར་ཅིག །ཅེས་ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་ནུས་པའི་སྨོན་ཚིག་ཅིག་དགོས་ཞེས་ཨོར་དུ་སུ་ལི་ཅོག་ནས་དད་བརྩོན་ལྡན་པ་དཀོན་མཆོག་མཐའ་ཡས། དཀོན་མཆོག་ཆོས་ལྡན་གཉིས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ རྒྱལ་བའི་མདུན་ན་རྒྱལ་སྲས་དྲི་མེད་གྲགས། །རྒྱ་གར་ཡུལ་ན་ཟླ་བ་གྲགས་པ་སོགས། །ལྗོངས་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཞེས། །འཁྲུངས་རབས་རིམ་བྱོན་རྣམས་ལ་གསོལ་བ་འདེབས། །དེ་ཡི་ཐུགས་བསྐྱེད་ཆུ་བོ་རྣམ་བཞིའི་རྒྱུན། །


GTD008_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་དགེ་མཚན་གཡས་སུ་འཁྱིལ་བའི་བཅུད། །རིང་བསྲེལ་རྣམ་བཞི་སྐུ་གསུང་ཐུགས་ཀྱི་རྟེན། །དཔག་ཡས་ཕྱུར་བུར་གཏམས་ལ་ཕྱག་འཚལ་ལོ། །ཁྱད་པར་མདོ་སྨད་མུན་པའི་སྨག་རུམ་དུ། །མདོ་སྔགས་བཤད་སྒྲུབ་ཟུང་འཇུག་ཐུབ་པའི་བསྟན། །རྒྱས་མཛད་རྒྱལ་བས་ལུང་བསྟན་ཆོས་ཀྱི་སྡེ། །དཔོན་སློབ་སྡེ་དང་བཅས་ལ་ཕྱག་འཚལ་ལོ། །ཕྱི་མར་བསླབ་གསུམ་ལྡན་པའི་རྟེན་ཐོབ་ནས། །འཕགས་པའི་དགེ་འདུན་རྣམས་དང་ལྷན་ཅིག་ཏུ། །བསྟན་ལ་ཐོས་བསམ་སྒོམ་པས་རབ་ཞུགས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག །སྐྱབས་མགོན་ཡབ་སྲས་རྣམས་ཀྱི་ཞབས་བརྟན་ཅིང༌། །དགེ་འདུན་ཐུགས་མཐུན་བཤད་སྒྲུབ་བསྟན་པ་དར། །འགྲོ་ལ་ཆོས་སྲིད་འབྱོར་པའི་བདེ་དགའ་རྒྱས། །དགེ་མཚན་མ་ལུས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དགོན་པའི་བླ་གྲྭ་རྟེན་བཅས་ཕྱི་ནང་བསྡོམས་པར་ཕྱག་འཚལ་སྨོན་ཚིག་དང་བཅས་པ་ཞིག་དགོས་ཚུལ་དགེ་སློང་འཇམ་དབྱངས་བདེ་ཆེན་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ བསླུ་མེད་བླ་མ་ཡི་དམ་དཀོན་མཆོག་གསུམ། །ཉམ་ཐག་འགྲོ་ལ་བརྩེ་བས་ཉེར་དགོངས་ཏེ། །རྨད་བྱུང་ཐུགས་རྗེས་བདེན་པའི་དཔུང་བསྐྱེད་ནས། །བདག་གི་ལེགས་སྨོན་འགྲུབ་པའི་དཔང་མཛོད་ཅིག །འདིས་མཚོན་བདག་དང་མཁའ་མཉམ་འགྲོ་ཀུན་གྱིས། །དུས་གསུམ་བསགས་པའི་དགེ་རྩ་ཅི་མཆིས་པ། །སྲས་བཅས་རྒྱལ་བའི་རྣམ་དཀར་དགེ་ཚོགས་དང༌། །དབྱེར་མེད་རོ་གཅིག་ངོ་བོར་འདྲེས་གྱུར་ཅིག །དེ་མཐུས་ཉེས་དམིགས་ཆེ་ལ་མནོག་ཆུང་བ། །འཁོར་བའི་བདེ་འབྱོར་རྒྱུ་རུ་མི་སྨིན་ཞིང༌། །


GTD008_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ཁྲོ་ལྟ་བ་ངན་ལ་སོགས་པ་ཡི། །ཉེས་པས་ནམ་ཡང་གཞོམ་པར་མ་གྱུར་ཅིག །མི་བཟད་ཉེས་ལྟུང་སྒྲིབ་པ་ཀུན་བྱང་ཞིང༌། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྔགས་པ་ཡི། །གནས་སྐབས་མཐར་ཐུག་འབྲས་བཟང་མ་ལུས་པ། །བདེ་བླག་ཉིད་དུ་འགྲུབ་པའི་རྒྱུར་གྱུར་ཅིག །འདི་སྣང་འགག་ཚེ་བླ་མ་ལྷག་པའི་ལྷས། །ཞལ་བསྟན་དབུགས་དབྱུང་ངན་འགྲོའི་སྒོ་བཀག་སྟེ། །དམ་ཆོས་སྒྲུབ་པའི་རྟེན་བཟང་རིམ་བརྒྱུད་དེ། །མཚན་ལྡན་བཤེས་གཉེན་དམ་པས་རྗེས་འཛིན་ཤོག །དེ་ཉིད་བསམ་དང་སྦྱོར་བས་ལེགས་བསྙེན་ཅིང༌། །འབྲལ་མེད་གསུང་གི་བདུད་རྩིའི་བཅུད་མྱང་སྟེ། །ཐོས་བསམ་སྒོམ་པས་ཉམས་སུ་བླངས་པ་ཡིས། །ཡང་དག་ལམ་གྱི་བཙན་ས་ཟིན་པར་ཤོག །ཁྱད་པར་བྱམས་མགོན་ཉིན་བྱེད་འོད་སྟོང་གིས། །ཐེག་མཆོག་རིགས་ཀྱི་ས་བོན་སྨིན་པ་ལས། །རླབས་ཆེན་ཚོགས་གཉིས་འདབ་བརྒྱ་བཞད་པ་ཡིས། །མཁའ་མཉམ་ལུས་ཅན་རྐང་དྲུག་ཚིམ་བྱེད་ཤོག །ཅེས་པ་འདི་ནི་དད་བརྩོན་མཆོག་ཏུ་དགེ་བ་བདེ་ཆེན་རྒྱ་མཚོས་དགེ་སྦྱོར་གང་བྱས་ཀྱི་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་བ་ལྟར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ སྒྲིབ་བྲལ་བདེ་གཤེགས་ཐུགས་ཀྱི་མེ་ལོང་ངོས། །དྷཱིཿ ཧཱུཾ་ཡི་གེའི་རྣམ་རོལ་ཡེ་ཤེས་ལྷ། །རྒྱལ་ཀུན་མེས་པོར་གྱུར་ཀྱང་གཞོན་ནུའི་ཚུལ། །མགོན་པོ་མཁྱེན་པའི་གཏེར་གྱིས་རིང་དུ་སྐྱོངས། །ཕྱི་མའི་ཚེ་རབས་མི་ལྟུང་ཕྲེང་བ་ཀུན། །འཇམ་མགོན་བདུད་རྩིའི་འོད་དང་འགྲོགས་པ་ལས། །བྱིན་རླབས་སྣང་བའི་དཔལ་ཡོན་གྱིས་བསྐྱངས་ཏེ། །ཡང་དག་ལམ་


GTD008_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཁའ་དབྱིངས་བགྲོད་གྱུར་ཅིག །ཀུན་བྱང་བླང་དོར་མཐའ་ཀླས་འཛིན་མའི་ཁྱོན། །བློ་གྲོས་ནམ་མཁའི་ཁམས་ཀྱིས་ཀུན་ཁྱབ་ཅིང༌། །གཏིང་ཟབ་ཆོས་ཀྱི་དེ་ཉིད་འབྱེད་པ་ཡི། །གཏུགས་པ་མེད་པའི་ཤེས་རབ་ཐོབ་གྱུར་ཅིག །མ་རྟོགས་ལོག་པར་རྟོག་པའི་དྲ་བ་ཀུན། །གཅོད་པའི་ཤེས་རབ་རལ་གྲིའི་རྣོ་རྒྱུན་གྱིས། །དངོས་པོར་འཛིན་པའི་འཆིང་བ་དྲུངས་ཕྱུང་སྟེ། །རྣམ་པར་གྲོལ་བའི་གླིང་དུ་འཇུག་གྱུར་ཅིག །གསུང་རབ་ཀུན་གྱི་དེ་ཉིད་ལེགས་རྟོགས་ནས། །འཇིགས་བྲལ་འཆད་རྩོད་རྩོམ་པའི་རྣམ་དཔྱོད་ཀྱིས། །མི་ནུབ་བསྟན་པའི་རྒྱལ་མཚན་ལེགས་བསྒྲེངས་ནས། །འགྲོ་ལ་ཕན་བདེའི་དགའ་སྟོན་འགྱེད་གྱུར་ཅིག །འཁྲུལ་བྲལ་བློ་བཟང་རྒྱལ་བའི་བསྟན་པ་ལ། །ངོམས་པ་མེད་པའི་ཐོས་པ་མཐར་ཕྱིན་ཏེ། །ཡང་དག་སྒྲུབ་པ་སྙིང་པོར་བྱེད་པ་ཡིས། །ཐོས་བསམ་སྒོམ་པའི་ཤེས་རབ་འཕེལ་གྱུར་ཅིག །མདོར་ན་བླང་དོར་ལྟ་བའི་མིག་གཅིག་པུ། །རྣམ་པར་འབྱེད་པའི་ཤེས་རབ་མཆོག་ཐོབ་ནས། །མ་ནོར་ཐེག་མཆོག་ལམ་བཟང་རིམ་བགྲོད་དེ། །རྣམ་ཀུན་མཁྱེན་པའི་གླིང་དུ་འཇུག་གྱུར་ཅིག །ཅེས་པ་འདི་ནི་དད་བརྩོན་ལྷག་བསམ་དགེ་བ་རབ་འབྱམས་པ་བློ་བཟང་རབ་བརྟན་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ དགེ་ལེགས་ཀུན་གྱི་འབྱུང་གནས་བླ་མ་དང༌། །བསླུ་མེད་མཆོག་གསུམ་ཆོས་སྲུང་རྒྱ་མཚོའི་མཐུ། །རྒྱུ་འབྲས་རྟེན་འབྱུང་བདེན་སྟོབས་ཚོགས་པ་ཡིས། །གང་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག །འདིས་མཚོན་དུས་གསུམ་དགེ་ཚོགས་ཅི་བགྱིས་དང༌། །ཐེག་གསུམ་སྐྱེ་འཕགས་ཡོངས་ཀྱི་རྣམ་དཀར་ཚོགས། །གཅིག་ཏུ་


GTD008_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོམས་ཏེ་མ་ལུས་འགྲོ་བའི་ཕྱིར། །བླ་མེད་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོ། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང༌། །བཤེས་གཉེན་དམ་པས་འབྲལ་མེད་རྗེས་སུ་གཟུང༌། །སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱངས་ཏེ། །རྒྱལ་བའི་དགོངས་པ་ཇི་བཞིན་སྒྲུབ་གྱུར་ཅིག །བསྟན་པའི་སྙིང་པོ་གསང་ཆེན་ཐེག་པའི་སྒོར། །ཞུགས་ནས་དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང༌། །རིམ་གཉིས་ལམ་གྱི་བགྲོད་པ་མཐར་སོན་ཏེ། །ཟུང་འཇུག་གོ་འཕང་བདེ་བླག་མྱུར་ཐོབ་ཤོག །ཁྱད་པར་དུས་གསུམ་དགེ་བ་ཅི་བགྱིས་པ། །དོན་མེད་འཁོར་བའི་རྒྱུ་རུ་མི་སྨིན་ཞིང༌། །མི་མཐུན་རྐྱེན་གྱིས་ནམ་ཡང་མི་གཞོམ་པར། །བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ནི་དད་བརྩོན་བློ་གྲོས་ཀྱི་ནོར་དང་ལྡན་པ་སྨན་པ་དཀོན་མཆོག་བསྟན་དར་གྱིས་སྒོ་གསུམ་གྱི་དགེ་ཚོགས་རྣམས་ཆུད་མི་ཟ་བར་བྱ་བའི་ཕྱིར་བྱང་ཆུབ་མཆོག་ཏུ་བསྔོ་བས་རྒྱས་འདེབས་པའི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ བླ་མ་ལྷག་པའི་ལྷ་མཆོག་ཐུགས་རྗེའི་མཐུས། །ཕན་བདེ་མ་ལུས་འབྱུང་བའི་སྒོ་གཅིག་པུ། །འཁྲུལ་བྲལ་བློ་བཟང་རྒྱལ་བའི་མདོ་སྔགས་བསྟན། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །རྣམ་དག་ཁྲིམས་ལྡན་ལྷག་བསམ་གོ་ཆ་བགོས། །མདོ་སྔགས་ཐུབ་བསྟན་ཡོངས་རྫོགས་བཤད་སྒྲུབ་ཀྱིས། །འཛིན་སྐྱོང་སྤེལ་རྒྱུར་དམ་པའི་སྐྱེས་བུ་ཡིས། །ཆོས་གྲྭ་ཆེ་འདི་ཡོངས་སུ་གང་གྱུར་ཅིག །དྲི་མེད་ལུང་རིགས་སྨྲ་བའི་ཚོགས་རྣམས་ལ། །ཕྱི་དང་ནང་གི་ཉེར་འཚེ་མི་འབྱུང་ཞིང༌། །ཆོས་དང་


GTD008_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་ལོངས་སྤྱོད་དཔལ་འབྱོར་སོགས། །མཐུན་རྐྱེན་མ་ལུས་ལྷུན་གྱིས་འགྲུབ་པར་ཤོག།།འདྲེན་མཆོག་འཇིགས་མེད་རྒྱ་མཚོའི་དཔལ་ལ་སོགས། །དམ་པའི་མགོན་རྣམས་ཞབས་པད་རྟག་བརྟན་ཅིང༌། །བསྟན་དང་འགྲོ་བའི་ཕན་བདེ་སྤེལ་བ་ཡི། །འཕྲིན་ལས་ས་སྟེང་ཀུན་ལ་ཁྱབ་གྱུར་ཅིག །མདོར་ན་ཡུལ་དུ་དགེ་བཅུའི་དཔལ་འབྱོར་རྒྱས། །དགེ་འདུན་ཐུགས་མཐུན་ཐོས་བསམ་སྒོམ་གསུམ་འཕེལ། །དགེ་ཚོགས་ཀུན་ཀྱང་མཁའ་མཉམ་ལུས་ཅན་ཀུན། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ནི་རྒྱལ་བ་སེང་གེའི་ང་རོའི་གཟུངས་གཞུག་བླ་བྲང་ཆེན་མོ་ནས་ཁུར་ལེན་བྱས་ཏེ་བསྒྲུབ་སྐབས་སྤེལ་ཚིག་ཅིག་དགོས་ཞེས་ཞུས་ཏེ་གནང་བའོ། ། ༈ ཡོན་ཏན་རིན་ཆེན་བྱེ་བའི་ཁམས་ལས་གྲུབ། །དངོས་ཀུན་མཚན་མར་འཛིན་པའི་རྡུལ་དང་བྲལ། །རྡུལ་མེད་བསགས་པའི་ཞིང་གི་དཔལ་གྱུར་པ། །ཀུན་གཟིགས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རབ་འབྱམས་རྒྱལ་བ་སྐྱེད་པའི་ཡབ་གྱུར་ཅིང༌། །འཁོར་བ་སྲིད་དང་ནམ་མཁའི་མཐས་གཏུགས་པར། །རྒྱལ་དང་རྒྱལ་སྲས་སྐྱེ་འཕགས་སྣ་ཚོགས་ཀྱི། །རྣམ་འཕྲུལ་ཅིར་ཡང་སྟོན་ལ་ཕྱག་འཚལ་ལོ། །ཁྱད་པར་དབང་པོའི་ཏོག་གི་སྤྱན་སྔ་རུ། །མཐའ་བྲལ་ལྟ་བས་ཡོངས་བཟུང་རྡོ་རྗེ་ཐེག །སྤེལ་བའི་ཐུགས་བསྐྱེད་དམ་བཅའ་ལྷུན་གྱིས་གྲུབ། །བློ་བཟང་རྒྱལ་བའི་དབང་པོར་ཕྱག་འཚལ་ལོ། །དེད་དཔོན་མཆོག་གིས་སྤྲུལ་བའི་གྲོང་ཁྱེར་བཞིན། །རྨད་བྱུང་བཀོད་པར་འཚང་རྒྱའི་ཚུལ་བསྟན་ཚེ། །གདུལ་བྱ་ཐེག་པ་མཆོག་ལ་སྦྱོར་མཛད་པ། །རྒྱལ་བ་སེང་གེའི་ང་རོར་ཕྱག་འཚལ་ལོ། །ཀུན་མཁྱེན་བླ་མའི་མདོ་སྔགས་


GTD008_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཚུལ་ལ། །ཐོས་བསམ་སྒོམ་པས་ཚུལ་བཞིན་བསླབ་པ་སོགས། །དུས་གསུམ་དགེ་ཚོགས་གཅིག་ཏུ་བསྡོམས་པའི་མཐུས། །སྨོན་པའི་རེ་འབྲས་ལྷུན་གྱིས་འགྲུབ་པར་ཤོག །ནམ་ཞིག་ཚེ་འདིའི་སྣང་བ་འགགས་མ་ཐག །ངོ་མཚར་རྨད་བྱུང་བཀོད་པའི་ཞིང་ཁམས་སུ། །སྐྱེས་ནས་རྒྱལ་བ་སེང་གེའི་ང་རོ་ཡི། །ཞལ་བཟང་མིག་གི་བདུད་རྩིར་འགྱུར་བར་ཤོག །ཐེག་མཆོག་རིགས་ཀྱི་ས་བོན་མ་ཉམས་པ། །གཞན་ཕན་བྱམས་དང་སྙིང་རྗེའི་ཆུས་བརླན་པར། །རྒྱལ་སྲས་སྤྱོད་པའི་ལོ་ཏོག་རབ་རྒྱས་ཏེ། །འགྲོ་ཀུན་ཉེར་འཚོའི་རྟེན་དུ་འགྱུར་བར་ཤོག །ཁྱོད་སྐུ་མཆོད་སྡོང་དང་བཅས་མཐོང་ཙམ་ལས། །མཚན་འཛིན་དམིགས་གཏད་ཞིག་པའི་སྟོང་པ་དང༌། །མིང་ཙམ་ལྷག་མར་ལུས་པའི་རྟེན་འབྱུང་གཉིས། །ཟུང་འཇུག་རྒྱལ་བའི་དགོངས་པ་རྙེད་པར་ཤོག །རྒྱལ་ཀུན་གསུང་གི་གསང་མཛོད་སྤྱོད་པའི་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །རྨད་བྱུང་ཐབས་མཁས་ཟབ་མོའི་མྱུར་ལམ་དུ། །ཞུགས་ནས་རིམ་གཉིས་དགའ་སྟོན་མྱོང་བར་ཤོག །གཟུངས་སྤོབས་མངོན་ཤེས་རྫུ་འཕྲུལ་མཆོག་ཐོབ་ནས། །སྐད་ཅིག་རེར་ཡང་གློག་གི་རོལ་རྩེད་བཞིན། །སངས་རྒྱས་ཞིང་མང་བགྲོད་དེ་རྒྱལ་ཀུན་ལས། །བོགས་འབྱིན་ཟབ་མོའི་གདམས་པ་ནོད་པར་ཤོག །ཟབ་མོའི་ལྟ་དང་མྱུར་ལམ་གསང་བ་སྔགས། །ཟུང་དུ་འཇུག་པ་རྡོ་རྗེའི་འཕྲུལ་སྒྱོག་གིས། །ཀུན་རྟོག་བཞོན་པར་བཅས་པའི་དཔུང་བཅོམ་སྟེ། །བདེ་ཆེན་དང་པོའི་མགོན་པོ་ཉིད་གྱུར་ཅིག །མུ་མཐའ་ཡས་པའི་རབ་འབྱམས་ཞིང་དུ་ཡང༌། །གང་ལ་གང་འདུལ་སྤྲུལ་བའི་བཀོད་


GTD008_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །རྒྱལ་བསྟན་ཡང་སྙིང་མདོ་སྔགས་ཟུང་འཇུག་ལམ། །སྤེལ་བས་འགྲོ་ཀུན་སྲིད་ལས་སྒྲོལ་གྱུར་ཅིག །ཅེས་ངོ་མཚར་རྨད་བྱུང་བཀོད་པའི་ཞིང་དུ་སྐྱེ་བ་འཛིན་པའི་སྨོན་ལམ་འདི་ཉིད་དད་བརྩོན་ལྡན་པ་ཁ་ཀྱའི་རབ་འབྱམས་པ་ངག་དབང་བསམ་གཏན་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ཀུན་རྟོག་སྤྲོས་པའི་དྲ་བ་ཉེར་ཞི་བ། །མཐའ་བྲལ་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི། །ཡེ་ཤེས་མཚན་དཔེའི་གཟུགས་ཀྱི་རོལ་གར་མཁན། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་མཚན་ཙམ་དྲན་པའི་འོད་རྣོན་གྱིས། །རྨོངས་པའི་མུན་སངས་བློ་གྲོས་འདབ་བརྒྱའི་ཚལ། །ཕྱེ་སྟེ་ལེགས་བཤད་སྦྲང་རྩིས་གཏམས་མཛད་པའི། །སྙན་པ་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་ཁྱབ། །དེ་ཕྱིར་བདག་ཀྱང་རྩེ་གཅིག་གུས་པ་ཡིས། །ཁྱོད་སྐུའི་སྣང་བ་ཡིད་ལ་རྟག་འགོད་ཅིང༌། །བཟླས་བརྗོད་མཆོད་པའི་ལས་ལ་བརྩོན་བགྱིད་ན། །བརྩེ་བས་དགོངས་ཏེ་བྱིན་རླབས་མྱུར་སྩོལ་ཅིག །རྒྱ་ཆེན་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་འཇིངས། །ཕུལ་བྱུང་རྣམ་དཔྱོད་གྲུ་གཟིངས་ཀྱིས་བརྒལ་ཏེ། །ཐར་འདོད་དོན་མཐུན་ཚོགས་ཀྱི་རེ་སྐོང་བའི། །འཆད་པའི་ཤེས་རབ་ཕུན་ཚོགས་ཐོབ་གྱུར་ཅིག །དྲི་མེད་རིགས་པ་རལ་གྲིའི་རྣོ་རྒྱུན་གྱིས། །མ་རྟོགས་ལོག་རྟོག་འཁྲུལ་པའི་དྲ་བ་ཀུན། །ཅིག་ཅར་ཉིད་དུ་གཅོད་ལ་ཐོགས་མེད་པ། །ཟླ་བྲལ་རྩོད་པའི་ཤེས་རབ་རྒྱས་གྱུར་ཅིག །རྗོད་བྱེད་ཕུན་ཚོགས་རྣ་བའི་བཅུད་ལེན་ཞིང༌། །དོན་ཟབ་ཀུན་བྱང་བླང་དོར་ཇི་བཞིན་སྟོན། །ཐུབ་བསྟན་རིན་ཆེན་མཛེས་པའི་རྒྱན་གྱུར་པ། །བདེ་བླག་རྩོམ་པའི་ཤེས་རབ་


GTD008_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་གྱུར་ཅིག །ཆོས་རྣམས་ཀུན་གྱི་གནས་ལུགས་ཟབ་མོའི་དོན། །རྒྱ་ཆེའི་ཕུང་ཁམས་སྐྱེ་མཆེད་ཀུན་རྫོབ་ཆོས། །རིག་གནས་ལྔ་སོགས་ཤེས་བྱའི་གནས་ཀུན་ལ། །མཁས་པའི་རླབས་ཆེན་ཤེས་རབ་ཐོབ་གྱུར་ཅིག །ཟབ་བརླིང་བཀའ་དང་བསྟན་བཅོས་དཀའ་གནད་ཀུན། །མ་ནོར་མ་འདྲེས་མྱུར་དུ་འབྱེད་པ་ཡི། །ཟབ་གསལ་མྱུར་བའི་ཤེས་རབ་ལ་བརྟེན་ནས། །གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཕྱིན་གྱུར་ཅིག །ཇི་སྙེད་ཐོས་བསམ་འབད་པས་ཤེས་པ་ཀུན། །ཤེས་ཀྱི་ཁེ་དང་རྙེད་གྲགས་འདོད་པའི་རྒྱུར། །མི་འགྱུར་རང་སེམས་འདུལ་ཐབས་འབའ་ཞིག་ཏུ། །གོམས་པས་ཡང་དག་ལམ་བཟང་བགྲོད་གྱུར་ཅིག །སྲིད་གསུམ་འཁོར་བའི་གནས་ལ་ཞེན་ལོག་ཅིང༌། །རང་ཉིད་གཅེས་འཛིན་ཉེས་དམིགས་མཐོང་བ་ཡིས། །སྲིད་དང་ཞི་བའི་གཡང་ས་ཀུན་སྤངས་ཏེ། །མི་གནས་མྱ་ངན་འདས་ལ་བགྲོད་གྱུར་ཅིག །མདོར་ན་ཤེས་རབ་རྩིབས་སྟོང་འཁོར་ལོ་ཡིས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྒྱུར་ཏེ། །ནམ་མཁའི་མཐས་གཏུགས་མར་གྱུར་འགྲོ་བ་ཀུན། །འཇམ་དཔལ་དཔའ་བོའི་གནས་ལ་འགོད་གྱུར་ཅིག །ཅེས་མགོན་པོ་འཇམ་པའི་དབྱངས་ལ་གསོལ་བ་འདེབས་ཤིང་ཤེས་རབ་འཕེལ་བའི་དོན་གྱི་སྨོན་ཚིག་འདི་ནི་སོ་ཉིད་གཡས་རུའི་ཤོག་ནས་དད་བརྩོན་ལྡན་པ་དགེ་སློང་དཀོན་མཆོག་ལྷུན་གྲུབ་ཀྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའོ། ། ༈ སྐྱབས་གསུམ་ཀུན་འདུས་ཤཱཀྱ་མུ་ནི་དང༌། །གངས་རིའི་མགོན་པོ་སྤྱན་རས་གཟིགས་དབང་སོགས། །རྒྱལ་དང་རྒྱལ་སྲས་སློབ་


GTD008_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མར་བཅས་པ་ལ། །སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ཚོགས་མཐའ་དག་སྒྲུབ་པའི་མཆོད་པར་འབུལ། །ཁྱོད་མིན་རེ་བའི་སྐྱབས་གཞན་མ་མཆིས་པས། །ཚེ་རབས་ཀུན་ཏུ་འབྲལ་མེད་ཐུགས་རྗེས་ཟུངས། །ཕྱག་སྐོར་བཟླས་བརྗོད་སོགས་ལ་བརྩོན་པ་ཡི། །རྣམ་དཀར་འདིས་མཚོན་དུས་གསུམ་དགེ་ཚོགས་མཐུས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྣམས། །ཞབས་པད་བརྟན་ཅིང་ཐུབ་བསྟན་རྒྱས་གྱུར་ཅིག །དྲིན་ཅན་ཕ་མས་ཐོག་དྲངས་འགྲོ་བ་ཀུན། །ངན་སོང་གཡང་ས་ལས་གྲོལ་དལ་འབྱོར་གྱི། །རྟེན་ཐོབ་བཤེས་གཉེས་དམ་པས་རྗེས་གཟུང་སྟེ། །ཡང་དག་ལམ་ལ་གེགས་མེད་སློབ་གྱུར་ཅིག །ཁྱད་པར་འདི་ནས་ཤི་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་པདྨོ་ལས་སྐྱེས་ཏེ། །མགོན་པོ་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང༌། །གསུང་གི་བདུད་རྩིའི་དགའ་སྟོན་མྱོང་གྱུར་ཅིག །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། །བདེན་པས་སྨོན་ལམ་ཅི་བཏབ་མྱུར་འགྲུབ་ཤོག །ཅེས་དང༌། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཞེས་སོགས་བྱའོ། ། ༈ སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ངན་འགྲོའི་འཇིགས་ལས་སྐྱོབས། །ལས་འབྲས་བསླུ་མེད་ཚུལ་ལ་ངེས་རྙེད་ནས། །བླང་དོར་ཚུལ་བཞིན་ནུས་པར་བྱིན་གྱིས་རློབས། །སྡོམ་གསུམ་བཀའ་དྲིན་སྩོལ་མཛད་བླ་མ་ལ། །གསོལ་བ་འདེབས་སོ་སྲིད་པའི་མཚོ་ལས་སྒྲོལ། །བདེན་


GTD008_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་བླང་དོར་ཚུལ་བཞིན་སྒྲུབ་པ་ཡིས། །ཐར་པའི་རྒྱལ་མཚན་ཚུགས་པར་བྱིན་གྱིས་རློབས། །ཐེག་མཆོག་ལམ་བཟང་གསལ་མཛད་མགོན་ཁྱོད་ལ། །གསོལ་བ་འདེབས་སོ་སྲིད་ཞིའི་འཇིགས་ལས་སྐྱོབས། །ཐབས་ཤེས་ཟུང་འཇུག་ཕྱིན་དྲུག་ཉམས་ལེན་གྱིས། །རྒྱལ་སྲས་སྤྱོད་ལ་སློབ་པར་བྱིན་གྱིས་རློབས། །བཀའ་དྲིན་གསུམ་ལྡན་འཁོར་ལོའི་མགོན་པོ་ལ། །གསོལ་བ་འདེབས་སོ་བདུད་བཞིའི་གཡུལ་ལས་སྐྱོབས། །དམ་ཚིག་རྣམ་དག་རིམ་གཉིས་ཉམས་ལེན་གྱིས། །ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ཞེས་སོགས་བྱ། ཞེས་པ་འདི་ནི་དད་བརྩོན་ལྡན་པ་དཀའ་བཅུ་ཡེ་ཤེས་བསྟན་འཛིན་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དགོན་ལུང་བྱམས་པ་གླིང་དུ་བྲིས་པའོ། །༈ སྡེ་སྣོད་གསུམ་གྱི་ཡལ་གའི་ཁྱོན་ཡངས་ཤིང༌། །རྣམ་དག་བསླབ་གསུམ་འབྲས་བུའི་ཁུར་གྱིས་དུད། །འགྲོ་ཀུན་གདུང་སེལ་ཕན་བདེའི་གྲིབ་བསིལ་ཅན། །རྒྱལ་བསྟན་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །འདྲེན་མཆོག་བློ་བཟང་འཇིགས་མེད་རྒྱ་མཚོ་སོགས། །བསྟན་འཛིན་སྐྱེས་བུ་མཆོག་རྣམས་ཞབས་བརྟན་ཅིང༌། །བཞེད་དགོངས་གེགས་མེད་ལྷུན་གྱིས་གྲུབ་པ་ཡིས། །མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེང་གྱུར་ཅིག །ཁྱད་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྡེའི། །ཐུགས་བསྐྱེད་ཇི་བཞིན་ཐུབ་བསྟན་འབྱུང་གནས་འདིར། །བཤད་སྒྲུབ་ཉི་མའི་འོད་ལྟར་གསལ་མཛད་པའི༌། །ལེགས་བྱས་རྒྱ་མཚོ་རིང་དུ་འཕེལ་གྱུར་ཅིག །འབྲེལ་ཐོགས་འགྲོ་ཀུན་གནས་སྐབས་བདེ་འབྱོར་གྱིས། །འཚོ་བས་རྫོགས་ལྡན་ཀུན་དགའི་


GTD008_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབར་ཞིང༌། །བསྐལ་བཟང་རྣམ་འདྲེན་ཀུན་གྱིས་རྗེས་གཟུང་སྟེ། །བླ་མེད་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །ཅེས་པ་འདི་ནི་སངས་རྒྱས་སྟོང་སྐུའི་གཟུངས་གཞུག་གི་སྨོན་ཚིག་ཏུ་སྩལ་བའོ། ། ༈ བདེ་ལྡན་ཞིང་ནས་རྩ་བའི་བླ་མ་དང༌། །དབྱེར་མེད་འགྲོ་བའི་འདྲེན་མཆོག་འོད་དཔག་མེད། །སྤྱན་རས་གཟིགས་དབང་རྡོ་རྗེ་ཅན་ལ་སོགས། །མཐུ་ཆེན་རྒྱལ་སྲས་དཔའ་བོའི་ཚོགས་དང་བཅས། །རིང་ནས་གོམས་པའི་ཐུགས་བསྐྱེད་རྒྱ་མཚོ་བཞིན། །བདག་སོགས་མཁའ་མཉམ་འགྲོ་བའི་དཔུང་གཉེན་དུ། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་འདིར་གཤེགས་ཏེ། །བསོད་ནམས་ཞིང་དུ་བརྟན་པར་བཞུགས་སུ་གསོལ། །སྲིད་དང་ཞི་བའི་འཇིགས་པ་ཀུན་སེལ་ཞིང༌། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །གནས་སྐབས་མཐར་ཐུག་ཀུན་གྱི་སྐྱབས་གཅིག་པུ། །བླ་མ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདག་ལུས་ལོངས་སྤྱོད་དགེ་བཅས་མཆོད་པར་འབུལ། །བསོད་ནམས་ཕུང་པོ་རྫོགས་ཕྱིར་བཞེས་སུ་གསོལ། །རྨོངས་པའི་བྲན་དུ་གྱུར་ཏེ་བཅས་རང་གི །ཉེས་ལྟུང་ཅི་བགྱིས་སྙིང་ནས་མཐོལ་ལོ་བཤགས། །ཨེ་མ་བདེ་ལེགས་འབྱུང་གནས་རང་གཞན་གྱི། །དགེ་ཚོགས་སྨན་གྱི་མྱུ་གུ་འཕེལ་གྱུར་ཅིག །སྐལ་བ་ཇི་བཞིན་ཆོས་ཀྱི་བདུད་རྩི་ཡིས། །སྲིད་ཞིའི་གདུང་བ་མ་ལུས་བསལ་དུ་གསོལ། །དུས་གསུམ་དགེ་ཚོགས་གཅིག་ཏུ་བསྡོམས་པའི་མཐུས། །རང་དང་དམིགས་ཡུལ་མཁའ་མཉམ་འགྲོ་བ་ཀུན། །མི་ཁོམ་སྐྱེ་བས་བར་དུ་མི་གཅོད་པར། །དལ་འབྱོར་རྟེན་བཟང་རྟག་ཏུ་ཐོབ་གྱུར་ཅིང༌། །ཐེག་མཆོག་བཤེས་དང་དགེ་བའི་གྲོགས་ཀྱིས་བསྐྱངས། །


GTD008_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ལ་མ་ནོར་རྒྱལ་བའི་བསྟན་དང་མཇལ། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །བྱང་ཆུབ་གཞུང་ལམ་དྲང་པོར་བགྲོད་གྱུར་ཅིག །ཁྱད་པར་ཚེ་འདིའི་སྣང་བ་འགགས་པའི་ཚེ། །གནད་གཅོད་འཁྲུལ་སྣང་སྡུག་བསྔལ་མི་འབྱུང་ཞིང། །འོད་དཔག་མེད་མགོན་སྲས་དང་བཅས་པ་ཡིས། །དབུགས་དབྱུང་དགའ་དད་ངང་ནས་འཕོ་གྱུར་ཅིག །བདེ་བ་ཅན་དུ་པདྨོ་ལས་སྐྱེས་ནས། །སྣང་མཐའ་ཡས་པའི་ཞབས་པད་གུས་བསྟེན་ཅིང༌། །ཟབ་རྒྱས་གསུང་གི་བདུད་རྩིས་བསྐྱངས་པ་ཡིས། །ས་ལམ་བགྲོད་པ་མྱུར་དུ་མཐར་ཕྱིན་ཤོག །བླ་མ་ལྷ་ཡི་གོ་འཕང་མྱུར་ཐོབ་སྟེ། །ལྷུན་གྲུབ་འཕྲིན་ལས་གྲུ་གཟིངས་འབུམ་སྦྱར་ནས། །ནམ་མཁའི་མཐས་གཏུགས་མ་རྒན་འགྲོ་བ་རྣམས། །ཕྲ་རགས་སྲིད་པའི་མཚོ་ལས་སྒྲོལ་གྱུར་ཅིག །བསླུ་མེད་མཆོག་གསུམ་ཐུགས་རྗེ་རྒྱ་མཚོ་དང༌། །བདག་གིས་ཅི་བགྱིས་དགེ་ཚོགས་གངྒཱའི་ཀླུང༌། །རྙོག་བྲལ་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པའི། །བདེན་མཐུས་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །ཅེས་པ་མཁྱེན་རབ་ཀྱི་དབང་ཕྱུག་བསྟན་པའི་གསལ་བྱེད་སྤྲུལ་བའི་སྐུ་དཀོན་མཆོག་དམ་ཆོས་ཡར་འཕེལ་ནས་སྨོན་ཚིག་འདི་ལྟ་བུ་ཞིག་དུས་ཚེས་འདིར་འབྲི་དགོས་ཞེས་སྔར་ནས་བསྐུལ་ཡོད་པའི་ཐོག །ཉིན་དེར་འོད་དཔག་མེད་ཀྱི་གོས་སྐུ་གསར་བཞེངས་ཀྱི་ཐིག་འདེབས་དུས་དང་འགྲིག་པས། ཐིག་འདེབས་ས་དེ་ཉིད་ནས་༸དཀོན་མཆོག་བསྟན་པའི་སྒྲོན་མེས་སུག་བྲིས་བགྱིས་པའོ། ། ༈ གང་གི་མཚན་ཙམ་རྣ་བར་ལྷུང་བས་ཀྱང༌། །ངན་སོང་སྐྱེ་བའི་རྒྱུན་ལམ་ཡོངས་གཅད་དེ། །ཐར་པའི་མཆོག་སྦྱིན་རྣམ་པར་སྣང་མཛད་དང༌། །དབྱེར་མེད་བླ་མའི་ཞབས་ལ་ཕྱག་


GTD008_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་དོ། །དེ་ཡི་རྒྱུད་དོན་འགྲེལ་བྱེད་ཊཱིཀ་ཆུང་ཞེས། །ཉུང་གསལ་ལེགས་བཤད་ནོར་བུའི་འཕྲེང་བ་འདི། །པར་དུ་བསྐྲུན་པའི་དགེ་བས་འགྲོ་བ་ཀུན། །མི་ཁོམ་ངན་སོང་གཡང་ལས་གྲོལ་གྱུར་ཅིག །རྟག་ཏུ་དལ་འབྱོར་ཚང་བའི་རྟེན་ཐོབ་ཅིང༌། །མཚན་ལྡན་བཤེས་གཉེན་དམ་པས་རྗེས་གཟུང་སྟེ། །ཐུན་མོང་ལམ་སྦྱངས་སྔགས་ཀྱི་སྒོར་ཞུགས་ནས། །རྒྱུད་དོན་ཇི་བཞིན་ཉམས་སུ་ལེན་པར་ཤོག །སྒོ་གསུ༷མ་བྱ་བར་བཅས་པའི་ལྕགས་ཀྱི་ཁམས། །ཕྱག་རྒྱ་རྣམ་བཞི༷འི་གསེར་འགྱུར་རྩིས་བྲན་ཏེ། །མངོན་བྱང་ལྔ༷་ཡིས་རྣམ་སྣང་སྐུ་ཐོབ་ནས། །མཁའ་མཉམ་འགྲོ་དྲུ༷ག་འདྲེན་པའི་དཔལ་གྱུར་ཅིག །ཅེས་པ་འདི་ནི་སྔ་སོར་སྐྱབས་མགོན་འཇིགས་མེད་དབང་པོའི་བཀས་ཊཱིཀ་ཆུང་འདི་ཉིད་དུས་འཁོར་གྲྭ་ཚང་གི་འཛིན་གྲྭ་གཤམ་མའི་འཛིན་ཆོས་སུ་གཏོང་བཞིན་པ་ཡིན་ཀྱང་བྲིས་ནོར་རྒྱུན་འབྱམས་ཀྱིས་ཡིད་བརྟན་ཤིན་ཏུ་དཀའ་བར་བརྟེན། །དཔོན་སློབ་ལས་ཐོག་པ་མཁས་བཙུན་བཟང་པོའི་བདག་ཉིད་ཞབས་དྲུང་འཇམ་དབྱངས་སྐལ་ལྡན་ནས་རྒྱུ་སྦྱར་ཏེ་ཐུགས་ཁུར་བཞེས་ཤིང༌། སྨྲ་བའི་དབང་ཕྱུག་རྡོ་རྗེ་འཛིན་པ་དཀོན་མཆོག་ཆོས་ལྡན་སོགས་ཀྱིས་ཞུས་དག་ལེགས་པར་བགྱིས་ཏེ་པར་དུ་བསྐྲུན་པའི་པར་བྱང་དུ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ རླབས་ཆེན་ཐུགས་བསྐྱེད་ས་བོན་སྨིན་པ་ལས། །སྟོབས་བཅུའི་དཔལ་མངའ་གསེར་བཟང་པདྨ་སྟོང༌། །བསྐལ་བཟང་ཆུ་གཏེར་གཅིག་ཏུ་བཞད་པ་ཡི། །ཐུབ་དབང་སློབ་མར་བཅས་པ་རྣམས་ལ་འདུད། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་དེ། །ཚོགས་གཉིས་མཐར་སོན་མངོན་པར་སངས་རྒྱས་ནས། །བགྲང་ཡས་གདུལ་བྱ་སྨིན་ཅིང་གྲོལ་མཛད་པའི། །སྤྱོད་ཚུལ་མ་སྨད་རྒྱུ་དང་འབྲས་བུར་བཅས། །རྒྱ་ཆེར་སྟོན་


GTD008_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པ་མདོ་སྡེ་བསྐལ་བཟང་ཞེས། །རྒྱལ་སྲས་བྱེ་བའི་འཇུག་ངོགས་ཟླ་མེད་འདི། །གསེར་སྦྱངས་དག་པའི་ཁམས་ལས་ལེགས་བྲིས་པའི། །རྣམ་དཀར་འདིས་མཚོན་དུས་གསུམ་དགེ་ཚོགས་མཐུས། །དེང་ནས་བཟུང་སྟེ་སྐྱེ་བའི་འཕྲེང་བ་རུ། །ཐེག་མཆོག་བཤེས་གཉེན་དམ་པས་རྗེས་གཟུང་སྟེ། །རླབས་ཆེན་ཚོགས་གཉིས་སྤྱོད་པ་མཐའ་དག་ལ། །རྒྱལ་བ་རྣམས་ཀྱི་རྗེས་སུ་སློབ་གྱུར་ཅིག །ཕན་བདེའི་འབྱུང་གནས་ཐུབ་བསྟན་རྒྱས་པ་དང༌། །འདྲེན་པ་མཆོག་རྣམས་ཞབས་པད་རྟག་བརྟན་ཅིང༌། །དགེ་འདུན་ཐུགས་མཐུན་བཤད་སྒྲུབ་འཕེལ་བ་ཡིས། །ལུས་ཅན་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །ཁྱད་པར་སྒྲོན་མེའི་བསྐལ་པ་འདི་ཉིད་ལ། །རྒྱལ་བ་རྣམས་ཀྱིས་ཐུགས་རྗེས་ཡོངས་བཟུང་སྟེ། །ཕྲ་རགས་སྲིད་པའི་རྒྱ་མཚོ་ཉེར་བརྒལ་ནས། །བླ་མེད་གཏན་བདེའི་བཙན་ས་ཟིན་གྱུར་ཅིག །འབྲེལ་ཐོགས་སྐྱེ་བོའི་པུཎྜ་རཱི་ཀའི་ཚོགས། །རྒྱལ་བའི་ཉི་མ་སྟོང་གིས་ཡོངས་སྨིན་ཏེ། །ངེས་ལེགས་སྦྲང་རྩིའི་བཅུད་ཀྱིས་གཏམས་པ་ཡིས། །བདེ་ཆེན་རྐང་དྲུག་གླུ་དབྱངས་སྒྲོགས་གྱུར་ཅིག །ཅེས་པ་འདི་ནི་གཞུང་ལུགས་རྒྱ་མཚོའི་མངའ་བདག་དུས་འཁོར་སློབ་ཟུར་བློ་བཟང་འཇིགས་མེད་པས་མདོ་སྡེ་བསྐལ་བཟང་གསེར་ཞུན་གྱིས་བྲིས་ཏེ་དགེ་རྩ་རྫོགས་བྱང་དུ་བསྔོ་བའི་སྨོན་ཚིག་ཅིག་དགོས་ཚུལ་བྱུང་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི། །རྣམ་དཀར་ཇི་སྙེད་གཅིག་ཏུ་བསྡོམས་པའི་མཐུས། །ནམ་ཞིག་འདི་སྣང་འགག་པར་གྱུར་མ་ཐག །ཡིད་དགའ་ཆོས་འཛིན་གནས་སུ་སྐྱེ་བར་ཤོག །དེ་ནས་མ་ཕམ་རྒྱལ་བའི་དབང་པོ་ཡི། །


GTD008_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བཟང་མིག་གི་བདུད་རྩིར་རྟག་འགྲོགས་ཤིང༌། །འབྲལ་མེད་ཞབས་ཀྱི་པདྨོར་གུས་བཏུད་ནས། །ལེགས་གསུང་གདམས་པའི་དགའ་སྟོན་མྱོང་བར་ཤོག །ཟབ་ཅིང་རྒྱ་ཆེའི་ལམ་བཟང་མ་ལུས་པ། །ཇི་ལྟར་གདམས་བཞིན་ཉམས་སུ་བླངས་པ་ཡིས། །ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །སྐུ་བཞིའི་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །ཅེས་དགེ་རྩ་གང་བྱས་བྱམས་མགོན་གྱིས་རྗེས་སུ་འཛིན་པའི་རྒྱུར་བསྔོ་བའི་སྨོན་ཚིག་མདོར་བསྡུས་པ་འདིའང་སྐུལ་བ་པོའི་འདུན་པ་བཞིན། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ ལྷན་སྐྱེས་བདེ་བ་མཆོག་གི་ཚོན་བརྒྱའི་མདངས། །ལུས་ཅན་བསོད་ནམས་ཀ་ཤིའི་རས་བཟང་ངོས། །སྐལ་བ་ཇི་བཞིན་འཕོས་པའི་འཁྲུངས་རབས་ཀྱི། །འཕྲེང་བ་ཚར་དུ་དངར་རྣམས་ཕྱག་གི་ཡུལ། །ཁྱད་པར་བློ་བཟང་རྒྱལ་བ་མ་ལུས་པའི། །ཞལ་སྐྱིན་ཟབ་རྒྱས་ཆོས་ཀྱི་འོད་སྟོང་གིས། །ཐར་ལམ་སྣང་བྱེད་འགྲོ་བའི་ཉི་མ་དེར། །དང་བའི་དངོས་པོ་ཀུན་གྱིས་ལན་བརྒྱར་འདུད། །ཐུགས་རྗེའི་བདག་ཉིད་རྗེ་བཙུན་བླ་མ་ཡིས། །སྐྱེ་ཞིང་སྐྱེ་བར་འབྲལ་མེད་རྗེས་འཛིན་ཞིང༌། །མཉེས་པ་གསུམ་གྱིས་མཉེས་པར་བསྒྲུབས་པ་ཡིས། །ཡང་དག་ལམ་གྱི་རྟོགས་པ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་དད་བརྩོན་ལྡན་པ་གསོལ་དཔོན་བློ་གྲོས་དར་རྒྱས་ཀྱིས་བླ་མ་རྡོ་རྗེ་འཆང་ཆེན་པོའི་འཁྲུངས་རབས་ཞལ་ཐང་བྱིན་རླབས་ཀྱི་གཏེར་དུ་གྱུར་པ་གསར་བཞེངས་སྐབས་ཁ་བྱང་སྨོན་ཚིག་ཅིག་དགོས་ཚུལ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ དུས་གསུམ་བདེ་གཤེགས་སྲས་བཅས་སྐྱེད་པའི་ཡུམ། །འགྲོ་ཀུན་སྲིད་ཞིའི་འཇིགས་ལས་སྒྲོལ་བའི་གཉེན། །སྤྲོས་པའི་


GTD008_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བྲལ་བཅོམ་ལྡན་འདས་མ་ལ། །མི་ལྡོག་དང་བའི་ཡིད་ཀྱིས་ཕྱག་བགྱིད་དོ། །གང་གི་དོན་སྟོན་ཕ་རོལ་ཕྱིན་པའི་གཞུང༌། །གསེར་ཞུན་ཁུ་བས་ལེགས་བྲིས་དགེ་འདིས་མཚོན། །སྔོན་བསགས་ལེགས་བྱས་ཆུ་ཀླུང་མ་ལུས་པ། །བྱང་ཆུབ་མཆོག་གི་རྒྱ་མཚོར་གཞོལ་གྱུར་ཅིག །དེང་ནས་བརྩམས་ཏེ་སྐྱེ་ཞིང་སྐྱེ་བ་རུ། །དམ་ཆོས་ཚུལ་བཞིན་སྒྲུབ་པའི་རྟེན་རྙེད་ཅིང༌། །སྲིད་པའི་འབྱོར་པ་སྦྲུལ་གདུག་ལྟར་མཐོང་སྟེ། །རྣམ་དག་ཚངས་སྤྱོད་བརྟུལ་ཞུགས་འཛིན་པར་ཤོག །མཚན་ཉིད་ཀུན་ལྡན་ཐེག་མཆོག་དགེ་བའི་བཤེས། །བསམ་དང་སྦྱོར་བས་ཚུལ་བཞིན་སྟེན་བྱེད་ཅིང༌། །རྒྱལ་བའི་མདོ་སྔགས་ཆོས་ཚུལ་མ་ལུས་པ། །ཐོས་བསམ་སྒོམ་པས་ཉམས་སུ་ལེན་པར་ཤོག །ཁྱད་པར་ཤེར་ཕྱིན་དགོངས་དོན་ཆོས་འཕགས་ཀྱིས། །ཇི་ལྟར་གདམས་བཞིན་བདག་ལ་འདོམས་བྱེད་ཅིང༌། །བདག་ཀྱང་ལུས་དང་སྲོག་ལ་མི་ལྟ་བར། །རྟག་ཏུ་ངུ་བཞིན་དེ་ལ་སློབ་པར་ཤོག །ནམ་མཁའི་མཐས་གཏུགས་མར་གྱུར་འགྲོ་བ་ཀུན། །སྒྲོལ་ལ་ཞུམ་མེད་སྙིང་རྗེའི་གོ་བགོས་ཏེ། །ཕྱིན་དྲུག་བསྡུ་བཞིའི་ཉམས་ལེན་གྱིས་བསྡུས་པའི། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་སློབ་པར་ཤོག །དག་པའི་ཞིང་མཆོག་ཀུན་ཏུ་སྒྱུ་འཕྲུལ་གྱིས། །བགྲོད་དེ་མཐའ་ཡས་རྒྱལ་རྣམས་མཆོད་བྱེད་ཅིང༌། །ལས་ཉོན་སྡིག་ལྟུང་དྲི་མ་ཀུན་བྱང་ནས། །བྱང་ཆུབ་མཆོག་ཏུ་ལུང་བསྟན་ཐོབ་པར་ཤོག །བསོད་ནམས་ཡེ་ཤེས་ཚོགས་གཉིས་གཤོག་རླབས་ཀྱིས། །སྲིད་དང་ཞི་བའི་མཐའ་ལས་རབ་གྲོལ་ཏེ། །ཐེག་པ་མཆོག་གི་ལམ་ལྔ་རིམ་བགྲོད་ནས། །རྣམ་དག་ཆོས་སྐུའི་གླིང་དུ་སོན་པར་ཤོག །དེ་ནས་འོད་ཟེར་ཕྲེང་བ་རེ་རེས་ཀྱང༌། །


GTD008_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་མ་དག་ཞིང་ཀུན་སྣང་བྱེད་ཅིང༌། །རིགས་དྲུག་སོ་སོའི་སྡུག་བསྔལ་ལས་གྲོལ་ཏེ། །རྒྱལ་བ་དགྱེས་པའི་ལམ་ལ་འགོད་པར་ཤོག །ཚུལ་དེར་བསམ་སྦྱོར་དངོས་པོ་ཅི་རིགས་ཀྱིས། །འབྲེལ་བ་ཐོགས་པའི་སྐྱེ་བོ་ཐམས་ཅད་ཀྱང། །གནས་སྐབས་ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། །མཐར་ཐུག་ས་ལམ་རྟོགས་པ་མྱུར་བགྲོད་ཤོག །མི་དགེའི་བཤེས་དང་སྡིག་པའི་གྲོགས་ལ་སོགས། །མཐའ་དག་བདུད་ཀྱི་གཡུལ་ངོ་ཕམ་བྱས་ཏེ། །འགྲོ་ཀུན་ཐེག་པ་མཆོག་ལ་གཞོལ་གྱུར་ནས། །རྒྱལ་བ་སྲས་བཅས་དགྱེས་པ་སྐྱེད་གྱུར་ཅིག །བསྟན་འཛིན་སྐྱེས་བུ་མཐའ་དག་ཞབས་བརྟན་ཅིང༌། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཕྱོགས་བརྒྱར་སྤེལ། །འཇིག་རྟེན་ཀུན་ཏུ་ཆོས་འབྱོར་རྒྱས་གྱུར་ཏེ། །དོན་གཉིས་དགའ་སྟོན་ལྷུན་གྱིས་གྲུབ་པར་ཤོག །ནམ་ཡང་མི་བསླུ་མཆོག་གསུམ་ཐུགས་རྗེ་དང༌། །སྣང་སྟོང་ཟུང་འཇུག་ཆོས་དབྱིངས་བདེན་པའི་མཐུས། །བདག་གཞན་དགེ་བའི་འབྲས་བུ་མ་ལུས་པ། །དམ་པའི་དགོངས་པ་ཇི་བཞིན་སྒྲུབ་གྱུར་ཅིག །ཅེས་པ་འདི་ནི་བླ་བྲང་ཆེན་པོའི་མཛོད་པ་དར་ཧན་ཀུན་དགས་བརྒྱད་སྟོང་པའི་གླེགས་བམ་གསར་བསྐྲུན་གྱི་སྨོན་ཚིག་ཅིག་དགོས་ཚུལ་བྱུང་བ་ལྟར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས། ། ༈ འདིས་མཚོན་རྣམ་དཀར་ས་བོན་ཅི་མཆིས་པ། །དགའ་ལྡན་ཆོས་ཀྱི་མདུན་ས་དེར་སྦྲུམ་ཞིང༌། །བྱམས་མགོན་གསུང་གི་བདུད་རྩིས་བྲན་པ་ལས། །ཐེག་མཆོག་རིགས་ཀྱི་མྱུ་གུ་སྨིན་པར་ཤོག །ཁྱད་པར་ཚེ་འདིའི་སྣང་བ་འགགས་གྱུར་ཏེ། །གཉེན་མེད་གྲོགས་མེད་བར་དོ་འཁྱམས་པའི་ཚེ། །ཁྱོད་གསུང་ཚངས་དབྱངས་སྙན་པོས་དབུགས་ཕྱུང་སྟེ། །ཡིད་


GTD008_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཆོས་འཛིན་གནས་དེར་དྲང་དུ་གསོལ། །དེ་ནས་ཁྱོད་ཀྱིས་ཇི་ལྟར་གདམས་པ་བཞིན། །སེམས་བསྐྱེད་རྩ་བརྟན་སྦྱོར་བཞིའི་ཡལ་འདབ་གཡོ། །མཁྱེན་གསུམ་འདབ་ཡངས་ཆོས་སྐུའི་ཟེའུ་འབྲུ་ཅན། །མངོན་པར་རྟོགས་པའི་རིམ་པ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་སྤྲུལ་སྐུ་དགེ་འདུན་རྒྱ་མཚོས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྱམས་ཆེན་མཐོང་བ་དོན་ལྡན་གྱི་མདུན་དུ་སུག་བྲིས་སུ་བགྱིས་པའོ། །༈ མཆོག་ཏུ་མི་འགྱུར་བདེ་བའི་བདག་ཉིད་ལ། །སྟོང་གཟུགས་ཕྱག་རྒྱ་ཆེན་མོས་ཡང་དག་སྦྱོར། །དཔལ་ལྡན་དུས་ཀྱི་འཁོར་ལོ་ངུར་སྨྲིག་གི །གར་མཛད་འཇིགས་མེད་དབང་པོའི་ཞབས་ལ་འདུད། །དེ་ཡི་གསུང་གསང་བདུད་རྩིའི་གཟེགས་མ་ཡང༌། །སྐལ་བཟང་འཆི་མེད་ཉེར་འཚོའི་དགའ་སྟོན་དུ། །སྒྲུབ་སླད་པར་དུ་བསྐྲུན་པའི་ལེགས་བྱས་མཐུས། །ལམ་བཟང་འདི་ཡིས་འགྲོ་ཀུན་སྒྲོལ་གྱུར་ཅིག །ཅེས་པ་འདི་ནི་དད་བརྩོན་ལྡན་པ་རབ་འབྱམས་པ་དཀོན་མཆོག་འཕྲིན་ལས་ཀྱིས་སྐྱབས་མགོན་མཆོག་གི་གསུང་རྒྱུན་འཁྲུལ་མེད་གྲྭ་ཚང་གི་ཚོགས་འདོན་དུ་མཛད་པའི་ཞབས་འདེགས་སུ་པར་དུ་བསྒྲུབས་པའི་ཚེ་སྨོན་ཚིག་ཅིག་དགོས་ཚུལ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ དཔྱིད་དང་ཐིག་ལེ་མཉམ་སྦྱོར་བདེ་བ་ཆེར། །བརྟན་གཡོའི་དངོས་ཀུན་སྡུད་པ་ཧེ་རུ་ཀའི། །རྩེ་གཅིག་ཏིང་འཛིན་སྦྱོར་བ་ལ་ཞུགས་པས། །ཡབ་གཅིག་མི་བསྐྱོད་དགྱེས་བཞད་རྡོ་རྗེ་དྲན། །བསམ་ཞིང་བསམ་ཞིང་དད་པས་མཆི་མ་འཁྲུག །བསྒོམ་ཞིང་བསྒོམ་ཞིང་དྲན་པས་སྙིང་རྩ་འདར། །ཨ་ལ་ལ་རང་སེམས་བདག་ཉིད་བླ་མ་ལྷ། །ནམ་ཡང་འདུ་འབྲལ་


GTD008_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ་ཨེ་མ་ཧོ། །རྣལ་འབྱོར་མ་དཔལ་བྱེ་བ་ཨ་ར་ལིའི། །དབྱངས་ཀྱིས་ཚོགས་སུ་རོལ་བའི་གཙུག་གི་ནོར། །ཁྱབ་བདག་བཅོམ་ལྡན་དཔའ་བོའི་དབང་ཕྱུག་གིས། །དག་པའི་སྣང་བར་དབང་བཞིའི་ཆུ་རྒྱུན་སྩོལ། །དཔའ་བོ་གང་གིས་སྲས་སུ་བཟུང་བ་དེར། །ཞིང་སྔགས་ལྷན་ཅིག་སྐྱེས་པའི་མཁའ་འགྲོ་མ། །ཀུན་ཀྱང་མ་ལྟར་དངོས་གྲུབ་མཆོག་སྦྱིན་ཕྱིར། །བརྩེ་བས་གཟིགས་པ་མ་གཡེལ་རྗེས་འཛིན་མཛོད། །བདེ་ཆེན་རྒྱལ་པོ་བླ་མ་རྡོ་རྗེ་འཆང༌། །སྙིང་གི་ཆུ་སྐྱེས་ཟེའུ་འབྲུར་བཞུགས་པ་ཡིས། །ཀུན་ཏུ་རྟོག་པ་རྨོངས་པའི་དགྲ་བཅོམ་ནས། །སྤྲོས་ཀུན་འོད་གསལ་དབྱིངས་སུ་སྡུད་པར་མཛོད། །དེ་ཡི་སྒྱུ་འཕྲུལ་བདེ་བའི་རོལ་པ་ཆེས། །རྩ་ཁམས་ཕྱི་ནང་སྣོད་བཅུད་དངོས་པོ་ཀུན། །དག་པའི་འཁོར་ལོར་བསྡོམས་པའི་བཀོད་པ་ཡིས། །ས་གསུམ་ཁྱོན་ལ་ཅིག་ཅར་དབང་མཛོད་ཅིག །བསྒྱུར་རོ་བསྒྱུར་རོ་བདེ་ཆེན་ལྷ་ཡི་གར། །འཁྲོལ་ལོ་འཁྲོལ་ལོ་སྟོང་པའི་ཌཱ་མ་རུ། །བཏེག་གོ་ཟུང་འཇུག་ནམ་མཁའི་དབྱིངས་སུ་ཡ། །ཕེཾ་ཕེཾ་ས་གསུམ་སྤྱོད་པའི་མཁའ་འགྲོ་མ། །ཞེས་པ་འདི་ནི་ཁྱབ་བདག་རྡོ་རྗེ་འཆང་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཉིད་ཞི་བའི་དབྱིངས་སུ་གཟིམས་པའི་ཚུལ་བསྟན་པའི་རྗེས་ཙམ་ལ་དཔལ་འཁོར་ལོ་སྡོམ་པའི་བསྙེན་མཚམས་ཤིག་ཏུ་གནས་པའི་ཚེ། ལྷའི་སྐུ་ལ་ཡིད་ཅི་ཙམ་གཏད་པ་བཞིན། བླ་མ་རྡོ་རྗེ་འཆང་གི་སྐུའི་རྣམ་པ་ཡིད་ངོར་ལམ་གྱིས་འཆར་བ་ཞིག་བྱུང་བའི་རྐྱེན་གྱིས། བླ་མ་ཡི་དམ་དབྱེར་མི་ཕྱེད་པའི་མོས་གུས་དང༌། སྐྱོ་ཤས་ཀྱིས་མཚམས་སྦྱར་ཏེ། འདིའི་ལམ་རིམ་གཉིས་སོགས་ཀྱི་བརྟན་པ་མ་ཐོབ་ཀྱང༌། ཅུང་ཟད་མོས་པའི་བག་ཆགས་བརྟས་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་གང་དྲན་གླུར་བླངས་པའོ། ། ༈ བསླུ་མེད་དཀོན་མཆོག་རྣམ་གསུམ་


GTD008_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྡུས་ནས། །བཤད་སྒྲུབ་བསྟན་པའི་སྒྲོན་མེ་སྦར་བའི་ཕྱིར། །ཐེག་མཆོག་དགེ་བའི་བཤེས་ཀྱི་རྣམ་རོལ་པ། །བླ་མ་དྲིན་པོ་ཆེ་ལ་གསོལ་བ་འདེབས། །བདག་གིས་དུས་གསུམ་དགེ་ཚོགས་ཅི་བགྱིས་ཀུན། །མཆོག་གསུམ་ཐུགས་རྗེའི་རྒྱ་མཚོ་དང་འདྲེས་ཏེ། །རྣམ་དག་སྨོན་པའི་གནས་ཀུན་འགྲུབ་པའི་རྒྱུར། །བྱིན་གྱིས་རློབས་ཤིག་བླ་མ་ཐུགས་རྗེ་ཅན། །རྟེན་འདིར་ཕྱི་ནང་ཉེར་འཚེ་མི་འབྱུང་བར། །རྣམ་དག་དམ་ཆོས་སྒྲུབ་པ་མཐར་ཕྱིན་ཅིང༌། །གནད་གཅོད་སྡུག་བསྔལ་མེད་པར་འཕོ་བའི་ཚེ། །བླ་མ་ལྷ་ཡི་ཞལ་མཐོང་དབུགས་འབྱིན་ཤོག །དེ་ནས་བར་དོའི་འཁྲུལ་སྣང་མི་འབྱུང་ཞིང༌། །དག་པའི་ཞིང་ངམ་དལ་བའི་རྟེན་བཟང་མཆོག །བླངས་ཏེ་ཁྱོད་ཀྱིས་དགེ་བའི་བཤེས་མཛད་ནས། །འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་པར་ཤོག །དེ་ཡིས་ཇི་ལྟར་རྗེས་སུ་གདམས་པ་བཞིན། །ཚང་ལ་མ་ནོར་བསྟན་པའི་སྒོར་ཞུགས་ཏེ། །དམ་ཚིག་སྡོམ་པ་མིག་འབྲས་ལྟར་བསྲུང་ཞིང༌། །རིམ་གཉིས་རྣལ་འབྱོར་གྲུ་གཟིངས་ལ་བརྟེན་ནས། །ཟུང་འཇུག་ནོར་བུའི་གླིང་དུ་ཕྱིན་གྱུར་ཅིག །མདོར་ན་མཆོག་གསུམ་ཡི་དམ་ཆོས་སྐྱོང་ཀུན། །གཅིག་ཏུ་བསྡུས་པ་བླ་མའི་ཐུགས་རྗེ་ཡིས། །གནས་སྐབས་མཐར་ཐུག་སྨོན་པའི་གནས་རྣམས་ཀུན། །གེགས་མེད་བདེ་བླག་ཉིད་དུ་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་ལྷག་བསམ་དང་མཁྱེན་དཔྱོད་ཕུལ་དུ་ཕྱིན་པའི་རང་གི་སློབ་མ་ཨོར་ཏུ་སུའི་བླ་ཟུར་བློ་བཟང་ཡོན་ཏན་ནས་འདུན་པ་དྲག་པོས་བསྐུལ་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སུག་བྲིས་སུ་བགྱིས་པའོ། ། ༈ མི་ཟད་བྱིན་རླབས་བདུད་རྩིའི་


GTD008_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རྒྱུན་གྱིས། །མི་དགེའི་ལས་ཀྱི་དྲི་མ་ཀུན་སྦྱོང་ཞིང༌། །མི་འགྱུར་བདེ་བ་མཆོག་ལ་སྦྱོར་མཛད་པ། །མི་འཁྲུགས་རྒྱལ་བའི་ཞབས་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་དུག་གསུམ་དབང་གྱུར་ཏེ། །སྒོ་གསུམ་ཉེས་པ་ཇི་སྙེད་བགྱིས་པ་དང༌། །ཁྱད་པར་སྡོམ་གསུམ་བཅས་མཚམས་ལས་འདས་པའི། །ཉེས་ལྟུང་མཐའ་དག་སྙིང་ནས་མཐོལ་བཤགས་ན། །བརྩེ་ལྡན་མི་འཁྲུགས་རྒྱལ་བའི་ཐུགས་རྗེ་དང༌། །ཉེས་ཀུན་དྲུངས་འབྱིན་སྤྲོས་བྲལ་དབྱིངས་ཀྱི་སྟོབས། །ཟུང་འཇུག་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །མི་ཤེས་དབང་གིས་བཅས་པའི་ཉེས་པ་དང༌། །ཉིན་རེ་བཞིན་དུ་མཆེད་པ་འཕེལ་ཁའི་འཕྲོ། །རྣམ་སྨིན་མི་ཟད་ལྟུང་བའི་ངོ་བོ་ཀུན། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །བླ་མ་རྡོ་རྗེ་སྤུན་དང་མཆོག་གསུམ་རྟེན། །ཕ་མ་ལ་སོགས་ཞིང་དང་བསམ་སྦྱོར་མཇུག །མཐུ་ཆེན་ཤུགས་དྲག་ཉེས་པ་གང་བགྱིས་རྣམས། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །དཀོན་མཆོག་གསུམ་གྱི་དཀོར་དང་ཁྱད་པར་དུ། །དགེ་འདུན་འདུ་སྒོ་གསོན་གཤིན་དད་ཟས་སོགས། །མེ་འདག་ལྟ་བུ་བག་མེད་སྤྱད་པ་ཀུན། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །དེང་ནས་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །མི་བསྐྱོད་རྒྱལ་བས་དགྱེས་བཞིན་རྗེས་གཟུང་སྟེ། །ལས་དང་ཉོན་མོངས་གཡང་ས་ལས་བསྒྲལ་ནས། །ཡང་དག་ལམ་གྱི་སྲོལ་དུ་འཛུད་པར་ཤོག །ཁྱད་པར་ཚེ་འདིའི་སྣང་བ་འགགས་མ་ཐག །དགྱེས་པའི་ཞལ་བསྟན་གསུང་གིས་དབུགས་དབྱུང་སྟེ། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། །ཁྲིད་ཅིང་སྲས་ཀྱི་ཐུ་བོར་འགྱུར་


GTD008_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག །མདོར་ན་རྟག་ཏུ་དལ་འབྱོར་རྟེན་ཐོབ་ཅིང༌། །དམ་པས་རྗེས་གཟུང་ཉེས་ལྟུང་རྒྱང་བསྲིངས་ཏེ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ནས། །མི་འཁྲུགས་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་ཧལ་ཧ་ཐུ་ཤེ་ཡེ་གུང་གི་ཤོག་དད་བརྩོན་བློ་དང་ལྡན་པ་དགེ་སློང་ངག་དབང་ཚངས་དབྱངས་ཀྱིས་མི་འཁྲུགས་པའི་ཆོ་ག་ཆ་ལག་སྦྱིན་སྲེག་དང་བཅས་པ་ཞིག་དགོས་ཚུལ་བྱུང་ཡང༌། སྔར་གསོ་རིག་གཞན་ཕན་གླིང་དུ་འཛུག་རྒྱུར་དེའི་མངོན་དཀྱིལ་ཁྲུས་དབང་སྦྱིན་སྲེག་དང་བཅས་ཆ་ཚང་བ་ངེད་ཀྱིས་སྔར་ནས་བསྒྲིགས་ཡོད་པ་དེས་འཐུས་པར་སྣང་བས། དེའི་ཁ་སྐོང་གི་ཚུལ་དུ་སྐུལ་བ་པོའི་འདུན་པ་ལྟར་གྱི་འདོད་གསོལ་སྨོན་ཚིག་འདི་ནི། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། བརྟན་གཡོའི་དངོས་ཀུན་ལྷན་སྐྱེས་བདེ་བ་ཆེའི། །སྒྱུ་འཕྲུལ་དྲ་བར་སྡོམ་མཛད་ཧེ་རུ་ཀ །སྟོང་ཉིད་བྷ་ག་བཟང་མོ་རྡོ་རྗེ་ཡུམ། །མཉམ་སྦྱོར་བླ་མ་དང་པོའི་མགོན་དེས་སྐྱོངས། །ཟུང་འཇུག་སར་གཤེགས་གྲུབ་མཆོག་ཕམ་མཐིང་པ། །རགས་པའི་ཟ་མ་ཏོག་གི་བཀོད་པའི་ལུས། །དཔའ་བོ་རྣལ་འབྱོར་མར་བཅས་སྐུར་བཞེངས་ཏེ། །སྐྱེ་དགུའི་མགོན་པོར་སྒྱུ་མའི་གར་གྱིས་རྩེན། །འདི་ཉིད་མཐོང་ཐོས་དྲན་རེག་དགེ་བ་ཡིས། །ས་བོན་ཉུངས་འབྲུའི་ཚད་ཀྱང་བླ་མ་ལྷའི། །ཐུགས་རྗེས་ཡོངས་བཟུང་ཡལ་གའི་ཕྱོགས་རྫོགས་པ། །ས་གསུམ་ཁྱབ་པའི་བསོད་ནམས་དཔྱིད་དུ་འབར། །དེ་སླད་བདག་སོགས་མཁའ་མཉམ་འགྲོ་བ་ཀུན། །ཇི་སྲིད་བྱང་ཆུབ་རྡོ་རྗེའི་གནས་ཐོབ་པར། །ཐུགས་རྗེ་ཀྱོ་བས་ནམ་ཡང་མི་གཏོང་ཞིང༌། །མཆོག་ཐུན་དངོས་གྲུབ་བྱེ་བའི་དགའ་


GTD008_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་སྩོལ། །ཁྱད་པར་མཐའ་བྲལ་ལྟ་བས་རྒྱས་བཏབ་པ། །ཟབ་གསང་རྡོ་རྗེ་ཐེག་པའི་ལམ་བགྲོད་ནས། །རིང་མིན་ཧེ་རུ་ཀ་ཡི་གནས་ཐོབ་སྟེ། །འགྲོ་ཀུན་བདེ་ཆེན་ས་ལ་འགོད་གྱུར་ཅིག །དེ་ཡང་རྟེན་མཆོག་འདི་ལ་ལོ་རྒྱུས་ཅི་རིགས་འདུག་ཀྱང་ཕམ་མཐིང་པ་རྒྱ་ནག་ཏུ་བྱོན་ཚུལ་རྗེའི་གསུང་དུའང་འབྱུང་བ་དང༌། དམ་པ་དུ་མའི་གསུང་གུང་བསྒྲིགས་པས་ལོ་རྒྱུས་ཡོངས་གྲགས་ལྟར་འཐད་དམ་སྙམ། དེ་ཉིད་སོར་བཞག་ལ་སྨོན་ཚིག་དང་བཅས་པ་འདི་ནི། ༸གུང་ཐང་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བདེ་མཆོག་རང་བྱོན་ཉིད་ཀྱི་མདུན་དུ་བྲིས་པའོ། ། ༈ མཆོག་གསུམ་ངོ་བོ་དྲིན་ཅན་བླ་མ༌ལ། །གསོལ་བ་འདེབས་སོ་འབྲལ་མེད་རྗེས་གཟུང་སྟེ། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་འགག་ཅིང༌། །ཡང་དག་ལམ་བཟང་སྐྱེ་བར་བྱིན་གྱིས་རློབས། །བསླབ་པར་བྱ་བའི་རིམ་པ་མཐའ་ཡས་ཀྱང༌། །རྩ་བ་རང་རྒྱུད་འདུལ་བ་ཉིད་ཡིན་པས། །ལེགས་ཉེས་ཀུན་གྱི་བྱེད་པོ་རང་སེམས་འདི། །རྒྱུན་དུ་དྲན་ཤེས་སྲབ་ཀྱིས་ཁ་ལོ་བསྒྱུར། །ནམ་ཡང་དཀོན་མཆོག་གསུམ་ལ་བློ་ཕུགས་གཏོད། །བྱ་བ་ཐམས་ཅད་ལས་འབྲས་དཔང་པོར་ཞོག །ཁས་བླངས་བསླབ་ཁྲིམས་ཉམས་ལེན་མཐིལ་དུ་གྱིས། །ནམ་ཕུགས་མི་བསླུ་འདུན་མའི་ཡང་རྩེ་ཡིན། །ནངས་པར་ལྡང་བའི་དུས་ནས་ཀུན་སློང་བཅོས། །རྒྱུན་པར་སྒོ་གསུམ་ལས་ལ་བག་ཟོན་གྱིས། །ཉལ་ཁར་དགེ་སྡིག་ལྟུང་བའི་བསྔོ་བགྲང་བྱ། །ལྟུང་བར་ཞག་ཏུ་མི་འགྲོགས་གདམས་པའི་མཐིལ། །ནོར་རྫས་ཅི་ཙམ་འཁྱོར་ཡང་འཁྱེར་ས་མེད། །དགྲ་གཉེན་མང་ཡང་རང་ཉིད་གཅིག་པུར་འགྲོ། །གཏན་དུ་ཕན་པ་ཆོས་ལས་གཞན་མེད་པས། །སྦུན་པ་མ་འཕྱར་དགེ་ལ་


GTD008_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་དྲིལ། །ངེས་འབྱུང་བྱང་སེམས་བཅོས་མ་ཚུན་ཆད་དང༌། །ལྟ་བའི་སྒྲ་སྤྱི་ཙམ་གྱིས་ཟིན་ནས་ཀྱང༌། །གསང་ཆེན་ལམ་ལ་བག་ཆགས་འཇོག་ནུས་ན། །ཡོངས་རྫོགས་རྒྱལ་བའི་བསྟན་དང་མཇལ་བ་ཡིན། །སྡིག་གྲོགས་སྤོང་ཞིང་ཆོས་མཐུན་གྲོགས་ལ་བརྟེན། །བྱ་བ་མི་མང་གང་བརྩམས་མཐའ་རུ་འདོན། །གཞུང་བཟང་བལྟ་ཞིང་ཤེས་ཚད་རྒྱུད་ལ་སྦྱོར། །འདི་ཡང་ལུགས་གཉིས་བྱ་བའི་སྡོམ་ཞིག་ཡིན། །ཉེར་མཁོའི་བསླབ་བྱ་རགས་བསྡུས་བསྙད་པ་འདིས། །དྲན་གསོ་བགྱིས་ཏེ་འཇམ་མགོན་བླ་མ་ཡི། །ཞལ་ཆེམས་བྱང་ཆུབ་ལམ་གྱི་རིམ་པ་ལ། །བརྟེན་ནས་དོན་གཉིས་དགའ་སྟོན་སྒྲུབ་པར་མཛོད། །ཅེས་པ་འདི་ནི༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས། རང་གི་སློབ་མ་ཞབས་དྲུང་དཀོན་མཆོག་རྣམ་རྒྱལ་ལ་གདམས་པའོ། ། ༈ དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི། །རྣམ་དཀར་ཇི་སྙེད་གཅིག་ཏུ་བསྡོམས་པའི་མཐུས། །ནམ་ཞིག་འདི་སྣང་འགག་པར་གྱུར་མ་ཐག །ཡིད་དགའ་ཆོས་འཛིན་གནས་སུ་སྐྱེ་བར་ཤོག །དེ་ནས་མི་ཕམ་རྒྱལ་བའི་དབང་པོ་ཡི། །ཞལ་བཟང་མིག་གི་བདུད་རྩིར་རྟག་འགྲོགས་ཤིང༌། །འབྲལ་མེད་ཞབས་ཀྱི་པདྨོར་གུས་བཏུད་ནས། །ལེགས་གསུང་གདམས་པའི་དགའ་སྟོན་མྱོང་བར་ཤོག །ཟབ་ཅིང་རྒྱ་ཆེའི་ལམ་བཟང་མ་ལུས་པ། །ཇི་ལྟར་གདམས་བཞིན་ཉམས་སུ་བླངས་པ་ཡིས། །ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །སྐུ་བཞིའི་གོ་འཕང་བདེ་བླག་ཐོབ་གྱུར་ཅིག ། ཅེས་དགེ་རྩ་གང་བྱས་བྱམས་མགོན་གྱིས་རྗེས་སུ་འཛིན་པའི་


GTD008_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་བསྔོ་བའི་སྨོན་ཚིག་མདོར་བསྡུས་པ་འདིའང་སྐུལ་བ་པོའི་འདུན་པ་བཞིན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ སྨྲས་པ། བདག་གནས་སྲུང་བའི་རྭ་བར་ཚོགས་ཀྱི་གཞི། །སྔགས་རྒྱའི་དྲོད་གཤེར་གྱིས་སྨིན་རྟེན་བརྟེན་པའི། །དཔག་བསམ་ལྗོན་པ་དམིགས་མེད་བསུང་འཕྲོ་ཞིང༌། །ཕྱི་ནང་བཟླས་བརྗོད་འབྲས་བུའི་ཁུར་གྱིས་དུད། །རྒྱུད་སྡེ་གཉིས་པའི་གཙོར་གྱུར་འདི་ཡི་སྲོལ། །གསང་ཆེན་བསྟན་པ་རྫོགས་པའི་ཁུར་འཁྱེར་བ། །སྐྱབས་གཅིག་འཇིགས་མེད་དབང་པོས་ཕྱེ་བའི་ཚུལ། །བསམ་གྱིན་གཟུར་གནས་དད་པས་མཆི་མ་འཁྲུགས། །མགོན་དེའི་བཀའ་དྲིན་ཕུང་པོ་བསབ་པའི་ཕྱིར། །ཚུལ་འདིར་འབད་པ་ལྷུར་ལེན་སྐྱེ་བོ་རྣམས། །རྣལ་འབྱོར་བཞི་ཡི་གྲུ་གཟིངས་ལ་བརྟེན་ནས། །དག་པའི་སྐུ་གཉིས་ནོར་བུའི་དཔལ་ཐོབ་ཤོག །ཅེས་པ་འདི་ནི་རབ་འབྱམས་པ་དཀོན་མཆོག་བརྩོན་འགྲུས་ཀྱིས་གང་ཅིའི་མཐུན་རྐྱེན་སྦྱར་ཏེ་རྣམ་སྣང་མངོན་བྱང་གི་ཆོ་ག་པར་དུ་བསྒྲུབས་པའི་ཚེ། པར་བྱང་སྨོན་ཚིག་ཅིག་དགོས་ཚུལ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའོ། ། ༈ རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་འཛམ་བུའི་འབྲས། །བརྩེ་ཆེན་མ་དྲོས་ཀློང་དུ་རོལ་པ་ལས། །གསེར་མདོག་ལང་ཚོའི་དཔལ་འབར་གཟུགས་ཀྱི་སྐུ། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་དགྱེས་དགུར་བཞད་པའི་གཟི་བྱིན་གྱིས། །དཔལ་ལྡན་འཇིགས་མེད་མཁས་དང་གྲུབ་པའི་ཚོགས། །ཀུན་གྱི་དབང་པོར་མངའ་གསོལ་དྲིན་ཅན་རྗེ། །བྱང་ཆུབ་བར་དུ་འབྲལ་མེད་གཙུག་ན་མཛེས། །ཁྱོད་གསུང་ནོར་བུའི་ཅོད་པན་


GTD008_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཅིངས་ཏེ། །འཇམ་མགོན་གསུང་གསང་བདུད་རྩིའི་གཟེགས་མ་བརྒྱ། །ཅིག་ཅར་འགྱེད་པའི་ཐབས་ཀྱི་འོད་དཀར་ཅན། །ལེགས་སྨོན་ཟུར་ཕུད་རྩེ་མོར་འགྲོགས་གྱུར་ཅིག །བསླུ་མེད་སྐྱབས་ཀྱི་མཆོག་གྱུར་རིན་ཆེན་གསུམ། །དངོས་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །ཁྱད་པར་འདྲེན་མཆོག་ཡབ་སྲས་བརྒྱུད་པར་བཅས། །ཡེ་ཤེས་མགོན་པོ་ཆོས་རྒྱལ་ཕྱི་ནང་གསང༌། །དཔལ་ལྡན་ལྷ་མོ་རྣམ་མང་ཐོས་སྲས་དང༌། །རྡོ་རྗེ་དྲེགས་ལྡན་ལ་སོགས་སྲུང་མས་ཀྱང༌། །ཇི་ལྟར་སྨོན་པའི་འདོད་དོན་མ་ལུས་པ། །གེགས་མེད་ལྷུན་གྱིས་གྲུབ་པའི་གྲོགས་མཛོད་ཅིག །དེ་ཡི་མཐུ་ལས་སྐྱེ་ཞིང་སྐྱེ་བ་རུ། །འཁྲུལ་བྲལ་འཇམ་མགོན་བླ་མའི་རང་ལུགས་ལ། །གཞན་དྲིང་མི་འཇོག་ངེས་པ་རྙེད་གྱུར་ཏེ། །ཐོས་བསམ་སྒོམ་པས་ཚུལ་བཞིན་སློབ་པར་ཤོག །མདོར་ན་རྗེ་བཙུན་བླ་མ་ཡབ་སྲས་ཀྱིས། །དགྱེས་བཞིན་རྗེས་གཟུང་གསུང་གི་བདུད་རྩི་ལ། །ལོངས་སུ་སྤྱད་དེ་ས་ལམ་རིམ་བགྲོད་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་མོང་གོལ་ཇིན་ཤོག་ནས་དད་བརྩོན་རྣམ་དཔྱོད་དང་ལྡན་པ་ཐོ་ཡོན་ངག་དབང་རིན་ཆེན་གྱིས་སྐྱབས་མགོན་རྡོ་རྗེ་འཆང་དེ་ཉིད་ཀྱི་བཀའ་ལུང་སྤྱི་བོར་བཅིངས་ཏེ་འཇམ་མགོན་ཙོང་ཁ་པ་ཆེན་པོའི་གསུང་འབུམ་པར་དུ་བརྐོ་བའི་འདུན་པ་ཤུགས་དྲག་ཡོད་པའི་སྐབས་དེ་ཉིད་གེགས་མེད་འགྲུབ་ཅིང་ཚེ་རབས་ཐམས་ཅད་དུ་འཇམ་མགོན་བླ་མ་ཡབ་སྲས་ཀྱིས་རྗེས་སུ་འཛིན་པའི་སྨོན་ཚིག་དགོས་ཚུལ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ བློ༷་བཟ༷ང་རྒྱལ་བའི་རིང་ལུགས་དྲི་མ་མེད། །ཚེ༷་གཅིག་འཚང་


GTD008_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མདོ་སྔགས་ཟུང་འབྲེལ་ལམ། །འཕེ༷ལ་ཕྱིར་བཤད་སྒྲུབ་ལས་ལ་གཞོལ་བ་ཡི། །བཤེས་གཉེན་ངེས་པ་དོན་གྱི་བསྟན་འཛིན་མཆོག །གང་གི་ཆོས་ཀུན་སྙིང་པོ་ལམ་རིམ་གཞུང༌། །དཔྱད་གསུམ་དག་པའི་མདོ་དང་སྦྱར་བ་ཡི། །མཚམས་སྦྱོར་དོན་གྱི་འབྲེལ་ཟབ་རྒྱ་ཆེ་ཞིང༌། །རྩ་ཚིག་ཉུང་ངུའི་ཚུལ་གྱིས་གཟུང་སླ་བ། །མདོ་བཏུས་གཉིས་པ་ལྟ་བུའི་ལེགས་བཤད་འདི། །གཟུར་གནས་ཐར་འདོད་ཡོངས་ཀྱི་འཇུག་ངོགས་ཏེ། །སྙིགས་དུས་ཆེན་པོའི་དབང་དང་རྟོག་གེ་ཡིས། །བློས་བྱས་མུ་ཅོར་གཏམ་གྱིས་དོ་ཟླ་མིན། །དེ་ཕྱིར་རྒྱལ་ཀུན་ཡེ༷་ཤེ༷ས་གཅིག་བསྡུས་པ། །འཇམ་དཔལ་སྙིང་པོའི་ཞལ་ལུང་དགོངས་འགྲེལ་གྱི། །པར་འདི་དད་ལྡན་སློབ་མའི་ཚོགས་རྣམས་ཀྱི། །ལྷག་བསམ་རྒྱུ་སྦྱོར་བརྩོན་པའི་མཐུ་ལ༷ས་གྲུ༷བ། །དགེ་བས་འཁྲུལ་བྲལ་འཇམ་དཔལ་སྙིང་པོའི་བསྟན། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང༌། །འབྲེལ་ཐོགས་ཀུན་ཀྱང་ལམ་བཟང་འདི་ཉིད་དང༌། །མི་འབྲལ་ཐོས་བསམ་སྒོམ་པ་མཐར་ཕྱིན་ཤོག །ཅེས་མཁས་བཙུན་བཟང་པོའི་ཡོན་ཏན་གྱི་གཏེར་མཛོད་ངེས་དོན་གྱི་བཤེས་གཉེན་དམ་པ་དཀའ་བཅུ་སྨྲ་བ་བློ་བཟང་ཚེ་འཕེལ་བས་མཛད་པའི་བྱིན་རླབས་སྤུངས་ཞུས་ཀྱི་འགྲེལ་པ་འདི་ཉིད་མོང་གོལ་ཅི་ན་ཚོགས་ཆེན་དགེ་བསྐོས་ཆོས་རྗེ་ཡེ་ཤེས་ལས་གྲུབ་ཀྱིས་རྒྱུ་སྦྱར་ཏེ་པར་དུ་བསྐྲུན་པའི་ཚེ་པར་བྱང་སྨོན་ཚིག་ཅིག་དགོས་ཚུལ་བྱུང་བ་ལྟར། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ ཨོཾ་ཨཱཿ ཝཱ་གིནྡྲ་བཱིརྻྻ་སིདྡྷི་ཧཱུཾ་ཧཱུཾ། ཨོཾཨཱཿ རཏྣ་ཨ་བྷྱེནྡྲ་སིདྡྷི་ཧཱུཾ་ཧཱུཾ། ཨོཾ་ཨཱཿ སུ་དྷཱི་མུ་ནེ་ཤིཥྚཱ་བྷྱ་སཱ་ར་སིདྡྷི་ཧཱུཾ་ཧཱུཾ། ཨོཾ་ཨཱཿ རཏྣ་ཤཱ་ས་ན་དཱི་པཾ་སིདྡྷི་ཧཱུཾ་ཧཱུཾ། དངོས་བརྒྱུད་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང༌། །བདེན་མཐུས་འདྲེན་པ་


GTD008_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྣམས་ཞབས་བརྟན་ཅིང༌། །དགེ་འདུན་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་རྒྱས། །ལུང་རྟོགས་བསྟན་པ་དར་བར་བྱིན་གྱིས་རློབས། །༈ ཡི་དམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་མཐུས། །སྡིག་ལྟུང་དམ་ཚིག་ཉམས་ཆག་ཀུན་བྱང་ཞིང༌། །མཆོག་དང་ཐུན་མོང་དངོས་གྲུབ་དགའ་སྟོན་ལ། །འདོད་དགུར་ལོངས་སུ་སྤྱོད་པར་བྱིན་གྱིས་རློབས། །དམ་ཅན་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །རྡོ་རྗེའི་གཡར་དམ་གཉན་པོ་ཉེར་དགོངས་ཏེ། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང། །སྲུང་སྐྱོབ་གཡེལ་བ་མེད་པའི་སྡོངས་གྲོགས་མཛོད། །༈ འདོད་དགུའི་དཔལ་སྟེར་ནོར་ལྷའི་ཚོགས་རྣམས་དང༌། །ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་མཐུས། །ལོག་འཚོ་དང་བྲལ་ཆོས་མཐུན་འབྱོར་བ་སོགས། །བསམ་དོན་ལྷུན་གྱིས་གྲུབ་པའི་དགེ་ལེགས་སྩོལ། ། ༈ རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་ལོ། །འཕགས་མ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ། །དགོས་འདོད་ཀུན་འབྱུང་མ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་སྐྱེད་མཛད་མ་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་མ་ལ་ཕྱག་འཚལ་ལོ། །ལྷག་པའི་ལྷ་མཆོག་མ་ལ་ཕྱག་འཚལ་ལོ། །ནད་རིམས་ཀུན་སེལ་མ་ལ་ཕྱག་འཚལ་ལོ། །འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ། །འཆི་མེད་དཔལ་སྟེར་མ་ལ་ཕྱག་འཚལ་ལོ། །ཚེ་ཡི་མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །ཡེ་ཤེས་རྒྱས་མཛད་མ་ལ་ཕྱག་འཚལ་ལོ། །


GTD008_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཛེས་ཡིད་འཕྲོག་མ་ལ་ཕྱག་འཚལ་ལོ། །གསུང་སྙན་དབུགས་འབྱིན་མ་ལ་ཕྱག་འཚལ་ལོ། །མཁྱེན་བརྩེའི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །རབ་འབྱམས་འཕྲིན་ལས་ལྷ་མོར་ཕྱག་འཚལ་ལོ། །བྱིན་རླབས་གཏེར་ཆེན་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་གཟིགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ལས་ཉོན་སྡིག་སྒྲིབ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ནད་གདོན་བར་ཆད་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །འཆི་བདག་གཡུལ་ལས་རྒྱལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་དང་བསོད་ནམས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། །བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ལུང་རྟོགས་ཡོན་ཏན་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །གཞན་ཕན་འཕྲིན་ལས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་འགྲོ་དབང་དུ་འདུ་བར་བྱིན་གྱིས་བརླབ་ཏུ་གསོལ། །བསྟན་དགྲ་རྩད་ནས་ཆོད་པར་བྱིན་གྱིས་བརླབ་ཏུ་གསོལ། །བསྟན་འཛིན་སྐུ་ཚེ་བརྟན་པར་བྱིན་གྱིས་བརླབ་ཏུ་གསོལ། །སྦྱིན་བདག་མངའ་ཐང་དར་བར་བྱིན་གྱིས་བརླབ་ཏུ་གསོལ། །ནད་མུག་འཁྲུག་རྩོད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ཡུལ་ཁམས་བདེ་སྐྱིད་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཐམས་ཅད་དགེ་ལ་གཞོལ་བར་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་དཀར་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་ནི་དད་ལྡན་དགེ་སློང་དཀོན་མཆོག་རབ་རྒྱས་ཀྱིས་བསྐུལ་ངོར། སྐབས་འགར་བློ་འཁུལ་བ་ལ་འདི་འདྲས་ཕན་ཡང་སྲིད་སྙམ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཐོལ་བྱུང་དུ་


GTD008_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པའི་ཡི་གེ་པ་སྔགས་རམས་པ་དཀོན་མཆོག་ཀུན་དགའོ། ། ༈ བརྒྱད་བཞིའི་མཚན་མཆོག་ཚངས་དབྱངས་ཀྱིས་གསུངས་པའི། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་ཀུན་གྱི་མཆོག །བརྒྱད་སྟོང་གཞུང་གི་སྦས་དོན་མངོན་པར་རྟོགས། །བརྒྱད་ཀྱི་རིམ་པས་ས་ལམ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་བརྒྱད་སྟོང་པའི་གདོང་ཡིག་ཏུ་སྩལ་བའོ། ། ༈ ཟབ་མོ་རྟེན་འབྱུང་གཏམ་གྱི་འོད་སྟོང་གིས། །སྲིད་ཞིའི་རྒུད་པའི་མུན་པ་མཐར་བྱེད་ཅིང༌། །ངེས་ལེགས་སྦྲང་རྩིའི་དགའ་སྟོན་རྒྱས་མཛད་པ། །ཐུབ་དབང་སྨྲ་བའི་ཉི་མ་དེར་ཕྱག་འཚལ། །གང་གི་མགུར་ནས་དྲུག་ཅུའི་ཚངས་དབྱངས་ཀྱིས། །ལེགས་གསུངས་ཆོས་ཕུང་བརྒྱད་ཁྲིའི་སྙིང་པོ་འདི། །འཛིན་ཅིང་སྤེལ་མཛད་རྒྱལ་སྲས་སློབ་མར་བཅས། །འཕགས་བོད་མཁས་གྲུབ་བྱེ་བའི་ཚོགས་ལ་འདུད། །ཁྱད་པར་ཟབ་མོ་ལྟ་བའི་མཚོན་རྣོན་གདེངས། །བདེ་ཆེན་གསང་བ་སྔགས་ཀྱི་གོ་བགོས་ཏེ། །ཉོན་མོངས་དགྲ་སྡེ་འཇོམས་མཛད་ཙོང་ཁ་པ། །ཡབ་སྲས་བརྒྱུད་པར་བཅས་ལ་སྙིང་ནས་འདུད། །ས་གསུ༷མ་འགྲོ་བའི་མུན་སེལ་སྒྲོན་མེ་མཆོག །ཐེག་གསུ༷མ་ཐར་འདོད་ཡོངས་ཀྱི་བགྲོད་གཅིག་ལམ། །དུས་གསུ༷མ་རྒྱལ་བའི་གསུང་གི་གསང་མཛོད་འདིར། །སྒོ་གསུ༷མ་དད་པས་འཇུག་ཅིང་བསླབ་པར་འོས། །དེ་ཕྱིར་རྒྱལ་བའི་བསྟན་ལ་རབ་ཞུགས་ཏེ། །རྣམ་གྲོལ་དོན་གཉེར་བློ་བཟང་ཡོན་ཏན་གྱིས། །ཤེར་ཕྱིན་སྟོང་ཕྲག་བརྒྱད་པའི་གླེགས་བམ་འདི། །རྣམ་དག་བསམ་དང་སྦྱོར་བས་ཚུལ་བཞིན་བསྒྲུབས། །འདིས་མཚོན་


GTD008_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་གསུམ་བཅས་མཚམས་ལ་གནས་ཤིང༌། །མདོ་སྔགས་བསྟན་ལ་ཐོས་བསམ་སྒོམ་པས་ཞུགས། །མཆོག་གསུམ་རྟེན་བཞེངས་རྣམ་དཀར་མཆོད་སྦྱིན་སོགས། །དུས་གསུམ་དགེ་བའི་དངོས་པོ་ཅི་བགྱིས་པ། །བསྡོམས་ནས་རྒྱལ་བ་སྲས་དང་བཅས་པ་ཡི། །ཐུགས་བསྐྱེད་ཟག་མེད་དགེ་ཚོགས་རྒྱ་མཚོ་དང༌། །གཅིག་ཏུ་འདྲེས་ཏེ་བདག་སོགས་འགྲོ་ཀུན་གྱིས། །བླ་མེད་བྱང་ཆུབ་འཐོབ་པའི་རྒྱུར་གྱུར་ཅིག །གནས་སྐབས་དལ་བའི་རྟེན་བཟང་རྣམ་སྨིན་གྱི། །ཡོན་ཏན་བརྒྱད་ལྡན་བར་མ་ཆད་དུ་ཐོབ། །བཤེས་གཉེན་དམ་པས་འབྲལ་མེད་རྗེས་འཛིན་ཅིང༌། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་གྱུར་ཅིག །དེ་ཡིས་གདམས་ཤིང་རྗེས་སུ་བསྟན་པ་ཡིས། །སྲིད་ལས་ངེས་པར་འབྱུང་བའི་སྐྱོ་ཤས་ཀྱིས། །གཞོན་ནུ་ཉིད་ནས་བསྟན་ལ་རབ་བྱུང་སྟེ། །བསླབ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་གྱུར་ཅིག །རང་ཉིད་ཇི་བཞིན་དྲིན་ཅན་མ་རྣམས་ཀྱང༌། །སྲིད་མཚོར་ལྷུང་ལ་བཟོད་མེད་སྙིང་རྗེ་ཡིས། །ལྷག་བསམ་བྱང་ཆུབ་སེམས་ཀྱི་གོ་བགོས་ཏེ། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་སློབ་གྱུར་ཅིག །ཁྱད་པར་ཤེར་ཕྱིན་ཟབ་མོའི་དགོངས་པའི་དོན། །འཇམ་མགོན་རྒྱལ་བ་གཉིས་པའི་ཐུགས་ཀྱི་བཅུད། །མཐར་འཛིན་ནད་བརྒྱ་སེལ་བའི་སྨན་གཅིག་པུ། །ཟབ་མོ་རྟེན་འབྱུང་ཇི་བཞིན་རྟོགས་གྱུར་ཅིག །དེ་ནས་བྱང་ཆུབ་རྡོ་རྗེ་བླ་མ་ལྷས། །དཀྱིལ་འཁོར་མཆོག་ཏུ་དབང་གིས་སྨིན་བྱས་ཏེ། །དམ་ཚིག་སྡོམ་པ་རྣམ་པར་དག་པ་ཡིས། །དངོས་གྲུབ་གཉིས་ཀྱི་སྒོ་བརྒྱ་འབྱེད་གྱུར་ཅིག །རྡོ་རྗེ་འཆང་ཆེན་གངས་ཀྱི་རི་བོ་ལས། །འོངས་པའི་རྒྱུད་སྡེ་རྣམ་བཞིའི་ཆུ་ཀླུང་ཀུན། །ཉམས་མྱོང་རྒྱ་མཚོར་གཅིག་ཏུ་འཁྱིལ་བ་


GTD008_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ཡང་དག་སྒྲུབ་ལ་རྩེ་གཅིག་གཞོལ་གྱུར་ཅིག །ཀུན་རྫོབ་བསྐྱེད་རིམ་ཕྲ་རགས་རྣལ་འབྱོར་གྱིས། །ཐ་མལ་སྐྱེ་ཤི་བར་དོ་གསུམ་སྦྱོང་ཞིང༌། །རླུང་སེམས་དབུ་མར་ཞུགས་པས་སྒྱུ་འོད་གཉིས། །ཟུང་འཇུག་དོན་དམ་རྫོགས་རིམ་མཐར་ཕྱིན་ཤོག །མདོར་ན་བཤེས་གཉེན་དེད་དཔོན་གྱིས་དྲངས་ཤིང༌། །མདོ་སྔགས་ལམ་གྱི་གྲུ་གཟིངས་ལེགས་བཟུང་སྟེ། །ཕྲ་རགས་འཁོར་བའི་རྒྱ་མཚོ་མྱུར་བརྒལ་ནས། །སྐུ་གསུམ་ནོར་བུའི་གླིང་དུ་ཕྱིན་གྱུར་ཅིག །དགེ་ལྡན་བསྟན་དང་བསྟན་འཛིན་འཕེལ་ཞིང་རྒྱས། །མི་ཡི་དབང་ཕྱུག་ཆབ་སྲིད་མངའ་ཐང་དར། །འགྲོ་ཀུན་དགེ་བཅུའི་དཔལ་ལ་སྤྱོད་པ་ཡིས། །རྫོགས་ལྡན་གསར་པའི་དགའ་སྟོན་རྒྱས་གྱུར་ཅིག །བླ་མ་མཆོག་གསུམ་ཐུགས་རྗེ་བྱིན་རླབས་དང༌། །སྲུང་མའི་ནུས་མཐུ་བདག་ཅག་མོས་པའི་སྟོབས། །ཟབ་མོ་རྟེན་འབྱུང་ཆོས་དབྱིངས་བདེན་པ་ཀུན། །ཚོགས་པས་སྨོན་པ་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་མཁས་བཙུན་བཟང་པོའི་བདག་ཉིད་ཨོར་དུ་སུའི་སྨན་པ་བླ་ཟུར་བློ་བཟང་ཡོན་ཏན་གྱིས་ཤེར་ཕྱིན་སྟོང་ཕྲག་བརྒྱད་པའི་གླེགས་བམ་ངོ་མཚར་རྨད་དུ་བྱུང་བ་གསར་བསྐྲུན་བགྱིས་ཏེ་ངེད་ལ་ཆེད་གཏད་ཀྱིས་བྱིན་ནས་དེས་མཚོན་པའི་དགེ་རྩ་རྣམས་ཁ་བསྒྱུར་བའི་སྨོན་ཚིག་ཅིག་དགོས་ཚུལ་བྱུང་བ་ལྟར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགས་བགྱིས་པའོ། །༈ རྒྱལ་ཀུན་སྤངས་དང་རྟོགས་པའི་བྱང་ཆུབ་མཆོག །ཕྱོགས་མཐུན་ལམ་དང་བཅས་པའི་དངོས་པོ་ཉིད། །གཟུགས་སྐུར་ཤར་བ་སྐྱེ་དགུའི་བསོད་ནམས་ཞིང༌། །རིང་བསྲེལ་རྣམ་བཞིས་


GTD008_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུར་བུར་གཏམས་པ་ཡིས། །མཆོད་སྡོང་ཆེ་འདིར་བསམ་སྦྱོར་ཅི་རིགས་ཀྱིས། །འབྲེལ་ཐོགས་ཕྱག་མཆོད་སྐོར་བ་བྱེད་རྣམས་དང༌། །མཐོང་ཐོས་དྲན་རེག་ཀུན་གྱི་ཤེས་རྒྱུད་ལ། །ཐར་པའི་ས་བོན་གྲུང་པོ་ཐེབས་གྱུར་ཅིག །ངན་སོང་གསུམ་སོགས་མི་ཁོམ་གནས་རྣམས་སུ། །ནམ་ཡང་མི་སྐྱེ་དལ་འབྱོར་རྟེན་ཐོབ་ཅིང༌། །མཚན་ཉིད་བཅུ་ལྡན་ཐེག་མཆོག་བཤེས་གཉེན་གྱིས། །འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་པར་ཤོག །དེ་ནས་མདོ་སྔགས་ཟུང་འབྲེལ་ལམ་བཟང་ལ། །གེགས་མེད་ཐོས་བསམ་སྒོམ་པས་ཚུལ་བཞིན་དུ། །ཞུགས་ནས་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ཏེ། །འགྲོ་བའི་དེད་དཔོན་མཆོག་ཏུ་འགྱུར་བར་ཤོག །དགེ་འདུན་སྡེ་རྣམས་བསླབ་གསུམ་ཉམས་ལེན་འཕེལ། །སྐྱེ་བོ་ཀུན་ཀྱང་དགེ་བཅུའི་ནོར་གྱིས་ཕྱུག །བསྟན་པའི་སྙིང་པོ་ཡུན་དུ་གནས་པ་ཡིས། །ལུས་ཅན་ཕན་བདེའི་རྩ་བ་ཚུགས་གྱུར་ཅིག །ཅེས་པ་འདི་ནི་རྣམ་དཔྱོད་ཡངས་པ་དཀའ་བཅུ་དཀོན་མཆོག་སྦྱིན་པས་བསྐུལ་ངོར་ ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ གང་གི་མཚན་ཙམ་ཐོས་ཤིང་དྲན་པས་ཀྱང༌། །མི་ཁོམ་ངན་སོང་སྐྱེ་བའི་སྒོ་བཅད་དེ། །ཞིང་མཆོག་བདེ་བ་ཅན་དུ་འཁྲིད་མཛད་པ། །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དེ་ཡི་སྐུ་གཟུགས་ཕུལ་བྱུང་བཞེངས་པ་ལ། །མཐུན་རྐྱེན་སྒྲུབ་པར་བྱེད་པ་རྣམས་ཀྱིས་མཚོན། །ཕ་མ་རིགས་དྲུག་འབྲེལ་ཐོགས་འགྲོ་བ་ཀུན། །རྟག་ཏུ་འོད་དཔག་མེད་ཀྱིས་རྗེས་འཛིན་ཤོག །ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །ཞེས་སོགས་དང༌། བར་དོའི་སྣང་བ་ཤར་བར་གྱུར་མ་ཐག །


GTD008_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོགས། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་སོགས་དང༌། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། ཞེས་སོགས། ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །ཅེས་པ་ནས། བདེན་པས་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །ཅེས་པ་འདི་ནི། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རང་གཞན་གཉིས་ཀ་མི་བསླུ་བའི་ཕྱིར་དཀོར་རྫས་ཀྱི་སྙིང་པོ་ལྟ་བུར་འོད་དཔག་མེད་ཀྱི་གོས་སྐུ་དཔངས་འདོམ་བཅུ་བདུན། ཞེང་འདོམ་བཅུ་གཅིག་ལྷག་ཙམ་གསར་བསྐྲུན་བགྱིས་སྐབས་ལྷག་བསམ་རྣམ་དག་གིས་ལས་ཁུར་འཛིན་པ་དཀའ་བཅུ་དཀོན་མཆོག་བསྟན་དར་གྱིས་གཙོས་བཟོ་བོ་རྣམས་ནས་སྨོན་ཚིག་ཅིག་དགོས་ཚུལ་བྱུང་བ་ལྟར་གོ་རིམ་ཙམ་བསྡེབས་པའི་ཡི་གེ་པའང་སྔགས་རམས་པ་དཀོན་མཆོག་ཀུན་དགའོ། ། ༈ ཟླ་བའི་འཁྲི་ཤིང་རོལ་པའི་འཇོ་སྒེག་གིས། །ཟླ་བྲལ་སྤོབས་པའི་མཆོག་སྦྱིན་གང་གི་ཞབས། །ཟླ་ཚེས་རི་མོ་གཙུག་གིས་གུས་བསྟེན་ན། །ཟླ་ལྟར་གསལ་བའི་ཤེས་རབ་སྣང་བ་སྩོལ། །རྣམ་མང་གཞུང་ལུགས་ཚིག་དོན་འཛིན་པ་དང༌། །བཟུང་བ་མི་བརྗེད་དྲན་པས་སྐྱོང་བ་དང༌། །དེ་ཡི་དགོངས་དོན་ཇི་བཞིན་རྟོགས་པ་ཡི། །གཟུངས་སྤོབས་ཤེས་རབ་ཐོབ་པར་བྱིན་གྱིས་རློབས། །ཐོས་པས་སྒྲ་སྤྱིའི་གོ་བ་མྱུར་དུ་ཆགས། །བསམ་པས་སྒྲོ་འདོགས་ལྷག་མ་མེད་པར་ཆོད། །སྒོམ་པས་རྟོགས་པ་མངོན་དུ་འགྱུར་བ་ཡིས། །བསྟན་ལ་ཚུལ་བཞིན་སློབ་པར་བྱིན་གྱིས་རློབས། །ཚད་མ་སྡེ་བདུན་རིགས་པས་བློ་མིག་ཕྱེ། །དབུ་ཕར་ཟབ་རྒྱས་ལམ་གྱིས་གཞུང་བསྲངས་ཤིང༌། །འདུལ་མངོན་ཇི་བཞིན་བླང་དོར་ལ་འབད་པས། །ཐར་པའི་


GTD008_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་ཚུད་པར་བྱིན་གྱིས་རློབས། །རྣམ་གྲོལ་ས་བོན་བསྐྲུན་ནུས་འཆད་མཁས་དང༌། །ལོག་རྟོག་དྲ་བ་གཅོད་ནུས་རྩོད་མཁས་ཏེ། །ཐུབ་བསྟན་རྒྱན་དུ་འགྱུར་བའི་རྩོམ་མཁས་ཀྱིས། །མང་ཐོས་དགའ་སྟོན་མྱོང་བར་བྱིན་གྱིས་རློབས། །བཤད་པ་ལུང་རིགས་ཚད་མས་གཞན་དག་དང༌། །སྒྲུབ་པ་བསླབ་གསུམ་དག་པས་རང་ཉིད་ནི། །ཡང་དག་ལམ་ལ་གཅིག་ཏུ་སྦྱོར་བ་ཡིས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །དེ༷་བཞིན་གཤེགས་པ་ཀུན་གྱི་ཡབ་གཅིག་ལ། །དེ༷་ལྟར་རྩེ་གཅིག་གསོལ་བཏབ་དགེ་བའི་མཐུས། །དེ༷་རིང་ནས་བཟུང་འབྲལ་མེད་བྱིན་བརླབས་ཏེ། །དེ༷་ཡི་གོ་འཕང་རིང་མིན་མངོན་འགྱུར་ཤོག །ཅེས་པ་འདི་དད་ལྡན་དགེ་སློང་དཀོན་མཆོག་རིན་ཆེན་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་བྷིཀྵུ་རཏྣ་ཨཱ་ནནྟའོ། །


previousདགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་སོགས།next