Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
  
  
  
  
  
  
  
 
  
  
 
  
  
  
  
  
  
  
བླ་མའི་ཐུགས་རྗེ་བསྐུལ་ཏེ་ཚེ་རབས་རྗེས་འཛིན་སོགས།
  
  
  
 expand section
  
  
  
  
  
  


6 occurrences of འ་འུར་
[Clear Hits]

 
previousབླ་མའི་ཐུགས་རྗེ་བསྐུལ་ཏེ་ཚེ་རབས་རྗེས་འཛིན་སོགས།next

བླ་མའི་ཐུགས་རྗེ་བསྐུལ་ཏེ་ཚེ་རབས་རྗེས་འཛིན་སོགས།


GTD008_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་རྗེ་བསྐུལ་ཏེ་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམིགས་སྐོར་ཆ་ཚང༌། ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དངོས་གྲུབ་ཀུན་འབྱུང༌།འཕགས་མ་ཡིད་བཞིན་འཁོར་ལོའི་འདོད་གསོལ་ལས་བཞི་ལྷུན་གྲུབ། དགེ་སྦྱོར་གྱི་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་བཅས་བཞུགས་སོ། །


GTD008_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་མཚན་དཔེའི་དཔལ་འབར་བཅོམ་ལྡན་འདས། །དེ་ཡིས་ལེགས་གསུང་ལུང་རྟོགས་དམ་པའི་ཆོས། །ཚུལ་བཞིན་བསྒྲུབ་པ་འཕགས་པའི་དགེ་འདུན་སྡེ། །སྐྱབས་གསུམ་ངོ་བོ་བླ་མའི་ཞབས་ལ་འདུད། །བླ་མ་མཆོག་གསུམ་ཐུགས་རྗེའི་བདེན་པའི་མཐུ། །རྒྱ་མཚོའི་རླབས་བཞིན་དུས་ལས་མི་ཡོལ་བས། །བདག་གིས་ཇི་ལྟར་སྨོན་པའི་འབྲས་བུ་ཀུན། །ཡིད་ལ་བརྣག་པ་དེ་བཞིན་འགྲུབ་གྱུར་ཅིག །དེང་ནས་བརྩམས་ཏེ་སྐྱེ་ཞིང་སྐྱེ་བ་རུ། །མི་ཁོམ་བརྒྱད་སྤངས་དལ་འབྱོར་རྟེན་ཐོབ་ཅིང༌། །དོན་ཆེ་རྙེད་པར་དཀའ་བའི་ཚུལ་བསམ་ནས། །སྙིང་པོ་ལེན་ཕྱིར་གཅིག་ཏུ་གཞོལ་བར་ཤོག །དེ་ཚེ་བཤུལ་རིང་ལམ་གྱི་ས་མཁན་བཞིན། །འདི་ཕྱིའི་ལེགས་ཚོགས་འདུན་མ་ཀུན་གྱི་གཞི། །ལམ་སྟོན་བཤེས་གཉེན་ཁོ་ནར་ཡིད་ཆེས་པས། །བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་པར་ཤོག །ཕུང་བྱེད་གདོན་ཆེན་སྐྱོན་རྟོག་བློ་བཀག་ནས། །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས། །བཀུར་སྟི་རྙེད་དང་བཀའ་བཞིན་སྒྲུབ་པ་ཡི། །མཆོད་པའི་སྒོ་ནས་རྟག་ཏུ་མཉེས་བྱེད་ཤོག །མགོན་དེས་བརྩེ་བས་རྗེས་སུ་གདམས་པ་བཞིན། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོའི་བཅུད། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ། །ཐོས་བསམ་སྒོམ་པས་ཚུལ་བཞིན་སློབ་པར་ཤོག །རིང་མིན་ངེས་པར་འཇིག་རྟེན་ཕ་རོལ་འགྲོ། །ངན་


GTD008_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སོང་གསུམ་གྱི་སྡུག་བསྔལ་བཟོད་གླགས་མེད། །དེ་ལས་སྐྱོབ་པ་དཀོན་མཆོག་གསུམ་དུ་ངེས། །དེ་ཡི་བཀའ་ཁྲིམས་ལས་འབྲས་བླང་དོར་ཡིན། །དེས་ན་བླ་མ་ཐུབ་དབང་རྡོ་རྗེ་འཆང༌། །ཐུགས་རྗེ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་གྱིས། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་བྱང་སྟེ། །ཆུང་ངུའི་ལམ་ལ་མྱོང་བ་རྙེད་པར་ཤོག །འཁོར་བའི་གནས་ན་བདེ་བའི་སྐབས་མེད་ཅིང༌། །སྡུག་བསྔལ་ཀུན་གྱི་རྩ་བ་མ་རིག་པར། །མཐོང་སྟེ་རྣམ་དག་བསླབ་གསུམ་ཉམས་ལེན་གྱིས། །ཉེར་ལེན་ལྗོན་པའི་ས་བོན་འཇོམས་པ་གཅེས། །དེས་ན་བླ་མ་ཐུབ་དབང་རྡོ་རྗེ་འཆང༌། །ཐུགས་རྗེ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་གྱིས། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་བྱང་སྟེ། །འབྲིང་གི་ལམ་ལ་མྱོང་བ་རྙེད་པར་ཤོག །མཁའ་མཉམ་དྲིན་གྱིས་བསྐྱངས་པའི་མ་རྒན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བའི་སྙིང་སྟོབས་ཀྱིས། །བླ་མེད་བྱང་ཆུབ་གོ་འཕང་བསྒྲུབ་པ་ལ། །རྒྱལ་སྲས་སྤྱོད་པ་མ་ཚང་མེད་པར་དགོས། །དེས་ན་བླ་མ་ཐུབ་དབང་རྡོ་རྗེ་འཆང༌། །ཐུགས་རྗེ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་གྱིས། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་བྱང་སྟེ། །ཆེན་པོའི་ལམ་ལ་མྱོང་བ་རྙེད་པར་ཤོག །བླང་དོར་གནས་ཀུན་སྒྲིབ་བྱེད་རྨོངས་པའི་མུན། །སེལ་བྱེད་ཡང་དག་ལྟ་བའི་འོད་སྟོང་ཅན། །ཞི་གནས་གོ་ལའི་ལམ་ནས་རྒྱུ་བ་ཡིས། །སྲིད་པའི་སྡུག་བསྔལ་མ་ལུས་སྐེམ་པར་བྱེད། །དེས་ན་


GTD008_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཐུབ་དབང་རྡོ་རྗེ་འཆང༌། །ཐུགས་རྗེ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་གྱིས། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་བྱང་སྟེ། །རྣམ་དག་ཞི་ལྷག་ཟུང་འབྲེལ་ཐོབ་པར་ཤོག །སངས་རྒྱས་ལས་དཀོན་རྡོ་རྗེ་ཐེག་པ་ཡིས། །ཚེ་གཅིག་འཚང་རྒྱའི་མྱུར་ལམ་སྒྲུབ་པ་ལ། །ཐོག་མའི་འཇུག་སྒོ་རྣམ་དག་དབང་བཞི་དང༌། །དངོས་གྲུབ་རྩ་བ་དམ་ཚིག་སྡོམ་པ་ཡིན། །དེས་ན་བླ་མ་ཐུབ་དབང་རྡོ་རྗེ་འཆང༌། །ཐུགས་རྗེ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་གྱིས། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་བྱང་སྟེ། །མི་ཉམས་སྐུ་བཞིའི་ས་བོན་ཐོབ་པར་ཤོག །གཞི་ཡི་སྐྱེ་ཤི་བར་དོ་གསུམ་སྦྱངས་ཏེ། །ལམ་དང་འབྲས་བུའི་སྐུ་གསུམ་འགྲུབ་བྱེད་པ། །ཐ་མལ་ཞེན་བྲལ་ལྷ་ཡི་འཁོར་ལོ་ཡི། །ང་རྒྱལ་གསལ་སྣང་ཟུང་འཇུག་བསྐྱེད་རིམ་ཡིན། །དེས་ན་བླ་མ་ཐུབ་དབང་རྡོ་རྗེ་འཆང། །ཐུགས་རྗེ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་གྱིས། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་བྱང་སྟེ། །བསྐྱེད་རིམ་ཕྲ་རགས་རྣལ་འབྱོར་མཐར་ཕྱིན་ཤོག །ལས་རླུང་རྒྱུ་བ་དྷཱུ་ཏིར་ཐིམ་པ་ལས། །བྱུང་བའི་ལྷན་སྐྱེས་དགའ་བའི་ཡེ་ཤེས་མཆོག །རྣམ་ཀུན་སྟོང་པའི་དབྱིངས་དང་རོ་གཅིག་ཏུ། །ཞུགས་པས་སྣང་ཞེན་དྲི་མ་མ་ལུས་སྦྱོང། །དེས་ན་བླ་མ་ཐུབ་དབང་རྡོ་རྗེ་འཆང། །ཐུགས་རྗེ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་གྱིས། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་བྱང་སྟེ། །གྲོལ་བྱེད་རྫོགས་པའི་རིམ་པ་མཐར་ཕྱིན་ཤོག །དེ་ལྟར་ཚེ་རབས་ཀུན་ཏུ་བླ་མ་ཡིས། །རྗེས་བཟུང་མདོ་སྔགས་ལམ་བཟང་ལེགས་བགྲོད་ན། །འོད་འབར་མཚན་དཔེའི་སྐུ་དང་བདེ་ཆེན་ཐུགས། །དབྱེར་མེད་དཀྱིལ་འཁོར་རྒྱ་མཚོའི་མགོན་དུ་འགྱུར། །དེས་ན་
བླ་མ་ཐུབ་དབང་རྡོ་རྗེ་འཆང༌། །ཐུགས་རྗེ་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་གྱིས། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་བྱང་སྟེ། །ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་གིས་དགྱེས་བཞིན་རྗེས་འཛིན་ཅིང༌། །ཅི་གསུང་བཀའ་བཞིན་སྒྲུབ་པ་ལྷུར་བླང་བས། །འགྲོ་ཀུན་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བླ་མའི་ཐུགས་རྗེ་བསྐུལ་ཏེ་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམིགས་སྐོར་ཆ་ཚང་བ་འདི་ནི་དད་བརྩོན་རྣམ་དཔྱོད་ལྡན་པ་འཇམ་དབྱངས་དོན་གྲུབ་སོགས་དོན་གཉེར་ཅན་དུ་མས་བསྐུལ་ངོར་ ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་འདིས་ཀྱང་ཡང་དག་པའི་ལམ་ལ་བག་ཆགས་ཁྱད་པར་ཅན་ཐེབ་པར་གྱུར་ཅིག། །


previousབླ་མའི་ཐུགས་རྗེ་བསྐུལ་ཏེ་ཚེ་རབས་རྗེས་འཛིན་སོགས།next