Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དངོས་གྲུབ་ཀུན་འབྱུང་།
   
   
  expand section
   
   
   
   
   
   


 
previousཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དངོས་གྲུབ་ཀུན་འབྱུང་།next

ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དངོས་གྲུབ་ཀུན་འབྱུང་།


GTD008_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དངོས་གྲུབ་ཀུན་འབྱུང་བཞུགས་སོ། །དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང༌། །རིགས་གསུམ་ཀུན་འདུས་རྒྱལ་བ་ཙོང་ཁ་པ། །དང་པོའི་མགོན་པོ་འཇིགས་མེད་དབང་པོའི་སྡེ། །དབྱེར་མེད་ཐུགས་རྗེ་བདེན་པས་དེང་འདིར་སྐྱོངས། །རྒྱ་ཆེན་སྡེ་སྣོད་གསུམ་ལ་མཁ༷ས་པར་སྦྱངས། །བསླབ་གསུམ་རྣམ་དག་གྲུ༷བ་པའི་གོ་འཕང་བརྙེས། །འཁྲུལ་བྲལ་ངེས་པ་དོན་གྱི་བསྟ༷ན་འཛི༷ན་མཆོག །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བཤད་སྒྲུབ་ཡ་བྲལ་སྙིགས་མའི་དུས་མཐའ་འདིར། །མཁ༷ས་གྲུ༷བ་ཟུང་འཇུག་ཡབ་རྗེའི་རྣམ་ཐར་གྱིས། །བཀའ་གདམས་བསྟ༷ན་པའི་སྲོལ་བཟང་འཛི༷ན་མཛད་ཁྱོད། །སྐལ་བཟང་ཐར་འདོད་ཡོངས་ཀྱི་མགོན་དུ་གྱུར། །སླར་ཡང་རླབས་ཆེན་
ཐུགས་བསྐྱེད་དཔུང་པ་ཡིས། །གང་དུ་བསྟན་འགྲོའི་ཕན་བདེ་སྤེལ་བ་དེར། །བདག་སོགས་ཀུན་ཀྱང་འབྲལ་མེད་རྗེས་གཟུང་ནས། །ཟབ་གསང་གསུང་གི་བདུད་རྩིས་སྐྱོང་གྱུར་ཅིག །ཁྱད་པར་ཐུགས་རྗེའི་གཏེར་ཆེན་མགོན་ཁྱོད་ཀྱིས། །ས་མཁན་མཛད་ནས་ཡིད་དགའ་ཆོས་མཛིན་དུ། །སྐྱེས་ཏེ་བྱམས་མགོན་ཡབ་སྲས་མཉེས་བྱེད་ཅིང༌། །ས་ལམ་བགྲོད་པ་མྱུར་དུ་མཐར་ཕྱིན་ཤོག །དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཁྱོད་ཞབས་གུས་པས་མཆོད་པ་མི་གཏོང་ཞིང༌། །མདོ་སྔགས་ལམ་བཟང་ཚུལ་བཞིན་སྒྲུབ་པ་ཡིས། །རྟག་ཏུ་ཁྱོད་མཉེས་འབའ་ཞིག་སྒྲུབ་པར་ཤོག །མཆོག་གསུམ་ངོ་བོ་བླ་མའི་ཐུགས་རྗེ་དང༌། །རྟེན་འབྱུང་བསླུ་མེད་ཆོས་དབྱིངས་བདེན་པའི་མཐུས། །བསམ་སྦྱོར་རྣམ་དག་དགེ་ཚོགས་ལ་བརྟེན་ནས། །ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་ཆེན་པོའི་འུད་ཙམ་མ་ཡིན་པར་བཤད་སྒྲུབ་ཀྱི་བསྟན་པ་འཛིན་པ་ལ་ཐུགས་བསྐྱེད་རྨད་དུ་བྱུང་བའི་སྐྱེས་མཆོག་དམ་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་མཁས་གྲུབ་བསྟན་འཛིན་པ་དག་པའི་ཞིང་དུ་གཤེགས་པའི་ཚེ་རྗེས་འཇུག་གྲྭ་སློབ་སྤྱི་ནས་བླ་མའི་ཐུགས་དགོངས་རྫོགས་པ་དང༌། ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་ཅིག་དགོས་ཚུལ་བསྐུལ་མ་བྱུང་བ་ལྟར་ྋ་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་བྲིས་པའོ། །


previousཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དངོས་གྲུབ་ཀུན་འབྱུང་།next