Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
མྱུར་འབྱོན་གསོལ་འདེབས་ཀྱི་སྐོར་ཉམ་ཐག་སྐྱེ་བོའི་གདུང་དབྱངས།
   
   
   
   
   
   
   
   
   
   
   
   
   
   
   


 
previousམྱུར་འབྱོན་གསོལ་འདེབས་ཀྱི་སྐོར་ཉམ་ཐག་སྐྱེ་བོའི་གདུང་དབྱངས།next

མྱུར་འབྱོན་གསོལ་འདེབས་ཀྱི་སྐོར་ཉམ་ཐག་སྐྱེ་བོའི་གདུང་དབྱངས།


GTD008_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་འབྱོན་གསོལ་འདེབས་ཀྱི་སྐོར་ཉམ་ཐག་སྐྱེ་བོའི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ། །


GTD008_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ཡ་གི་དགའ་ལྡན་ལྷ་ཡུལ་ན། །མགོན་མི་ཕམ་རྒྱལ་བའི་ཐུགས་ཀྱི་སྲས། །རྗེ་མི་བསྐྱོད་དགྱེས་བཞད་ཐུགས་རྗེ་ཅན། །བུ་ཉམ་ཐག་གདུང་བའི་དབྱངས་འདི་གསོན། །སྐྱབས་དཀོན་མཆོག་གསུམ་འདུས་བདག་ཉིད་ལ། །རྗེ་འཇིགས་མེད་དབང་པོར་གསོལ་བ་ཡིས། །མཚན་སྙན་པའི་བ་དན་སྲིད་ན་གཡོ། །ཕ་བཀའ་དྲིན་ཅན་དེ་གང་ན་བཞུགས། །སྐུ་ནམ་མཁའི་ནོར་བུ་འོད་དང་བྲལ། །གསུང་ཚངས་དབྱངས་བདུད་རྩིའི་སྒོ་མོ་འགག །ཐུགས་མཁྱེན་བརྩེ་དངོས་སུ་མི་མཐོང་བས། །ཕྱོགས་གར་བལྟས་མྱ་ངམ་ཐང་སྟོང་འདྲ། །གཟུགས་མཐོང་ཚད་མི་སྡུག་བཙོན་རྭ་བཞིན། །སྒྲ་ཐོས་ཚད་མི་སྙན་རྣ་བར་རྩུབ། །གྲོས་ད་ལྟ་བསམ་པ་ད་ལྟ་བརྗེད། །སེམས་མྱ་ངན་སྒྱུ་མའི་འཕྲུལ་འདིས་སྐྱོ། །ང་རྨོངས་པའི་མུན་ནག་སྨག་རུམ་ན། །ལས་ཉོན་མོངས་གཅན་གཟན་གདུག་པས་གཙེས། །ད་འབྲོས་པའི་ཕྱོགས་ཀྱང་མི་ཤེས་ཚེ། །ཀྱཻ་ཐར་པའི་ས་མཁན་གང་དུ་གཤེགས། །ནོར་བསམ་འཕེལ་ཡོད་དུས་མི་ཤེས་པར། །ཕྱིའི་རྒྱ་མཚོར་ཡོད་སྐད་ཡི་རེ་མུག །རྗེ་བླ་མ་བཞུགས་དུས་མི་བསྟེན་པར། །དེ་དག་པའི་ཞིང་ལ་འབོད་དེ་སྐྱོ། །སྙན་སྒྲིབ་པ་མེད་པས་གསན་ན་ཡང༌། །ལན་གསུང་བ་ལས་ངན་བདག་མི་ཐོས། །ཞལ་འཛུམ་པའི་ཉམས་ཀྱིས་གཟིགས་ན་ཡང༌། །ང་ཆུ་བུར་མིག་གིས་


GTD008_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་མི་ནུས། །ཡིད་གདུང་བའི་དུག་གིས་ཁྱབ་བྱེད་པའི། །གཏམ་ངན་པའི་སྦྲུལ་ནག་འཇུག་པའི་སྒོ། །ལས་ངན་པས་སྤྲུལ་པའི་རྣ་བ་འདི། །དུས་སྔར་ནས་འོན་ན་ཅི་མ་རུང༌། །ལར་དྲན་པའི་རླུང་གིས་བསྐྱོད་པ་ཡིས། །སེམས་མྱ་ངན་མེ་ལྕེ་འབར་བའི་རྟེན། །ལུས་ནད་མང་དུག་གི་འཁྲི་ཤིང་འདི། །ཚལ་སྟོང་དུ་གས་ན་དགའ་བ་ལ། །སྔོན་བརྩེ་བའི་མ་ཡིས་བུ་ལ་བཞིན། །ཆོས་བླང་དོར་རྗེན་པར་བསྟན་པའི་དུས། །རོ་མཉམ་པ་ཉིད་དུ་གཉིད་ལོག་པས། །བྱུར་འགོང་པོ་བདག་ལ་སྙིང་ཡང་ཚིམ། །སྐུ་མི་རྟག་སྒྱུ་མའི་ཚུལ་བསྟན་ཡང༌། །ཐུགས་མཁྱེན་བརྩེའི་ངང་ལས་མི་གཡོ་ཞེས། །ལུང་དྲི་མ་མེད་པར་གསུངས་བདེན་ན། །ཐུགས་བརྩེ་བའི་སྤྱན་རས་ཕྱིར་ལ་གཟིགས། །ཐུགས་མཁྱེན་རབ་མཛད་སྤྱོད་འཕྲིན་ལས་སོགས། །འོད་དཀར་པོའི་བསིལ་ཟེར་མ་འགྱུར་ཀྱང༌། །སྐུའི་ཆ་ཤས་གསར་དུ་ཚེས་པ་ཡི། །མཆོག་སྤྲུལ་བའི་ཟླ་བ་མྱུར་དུ་བྱོན། །མགོན་ཆོས་རྒྱལ་ལ་སོགས་སྲུང་མར་ཡང༌། །དུས་ད་དུང་མཐུ་ཞིག་ཡོད་སྲིད་ན། །སྐུའི་ཡང་སྲིད་འཁྲུལ་བྲལ་མྱུར་གསལ་ཏེ། །ཡོངས་བསྟན་འགྲོའི་མགོན་གྱུར་འཕྲིན་ལས་མཛོད། །དུས་རིང་ནས་གོམས་པའི་ཐུགས་བསྐྱེད་དང༌། །ངེད་དཔོན་སློབ་མི་ཕྱེད་དད་པའི་མཐུས། །སྐུའི་ཡང་སྲིད་ཉི་མ་གཞོན་ནུ་ཡི། །འོད་དགེ་མཚན་སྣང་བ་རྒྱས་གྱུར་ཅིག །ཅེས་པ་འདི་ནི་ཇུན་ཝང་དང་ཨ་པེ་རྣམ་གཉིས་ཀྱིས་གཙོས་གཞན་དུ་མས་
ཀྱང་ཉེ་བར་བསྐུལ་ཞིང༌། གཙོ་བོར་རང་སེམས་དད་གདུང་དྲག་པོས་བསྐུལ་བ་ལ་བརྟེན་ནས་རྗེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བསྟེན་པའི་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྩེ་གཅིག་ཏུ་གསོལ་བ་བཏབ་པའོ། །

ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་གསོལ་འདེབས།


GTD008_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་དྷྭ་ཛ་ཡ། རྣམ་འདྲེན་རྒྱལ་བ་ཀུན་གྱི་ཡེ༷་ཤེ༷ས་ནི། །བཤད་སྒྲུབ་བསྟན་པའི་རྒྱལ༷་མཚ༷ན་བསྒྲེངས་པའི་ཕྱིར། །གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་པ། །ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །སྤངས་དང་ཡེ་ཤེས་དཀྱིལ་འཁོར་རབ་རྒྱས་ཤིང༌། །གཞན་ཕན་སྦྲང་རྩིའི་རྒྱལ་མཚན་བཞད་པའི་གཉེན༌། །དུས་གསུམ་རྒྱལ་བའི་གདུང་འཚོབ་ཆོས་ཀྱི་རྗེ། །བཀའ་དྲིན་མཚུངས་མེད་མཆོག་ལ་གསོལ་བ་འདེབས། །ཁྱོད་ཀྱི་བཀའ་དྲིན་དྲན་པའི་དྲི་བཞོན་གྱིས། །བསྐྱོད་པའི་ཐལ་སྦྱར་སྙིམ་པའི་མེ་ཏོག་ཅན། །རྩེ་གཅིག་གདུང་བའི་དབྱངས་ཀྱིས་གསོལ་འདེབས་ན། །བརྩེ་བས་དགོངས་ཤིག་བླ་མ་ཐུགས་རྗེའི་གཏེར། །གདུག་པའི་སྤྱོད་ཚུལ་གླང་པོའི་དཔའ་སྒྲ་ཅན། །ཆེར་སྙིགས་ལྔ་བདོའི་དུས་ཀྱི་ནགས་མཐའ་ན། །ཉམ་ཆུང་བུས་བ་རང་དགར་འཁྱམ་པ་རྣམས། །དཔའ་བོ་ཁྱོད་ཀྱི་ཐུགས་རྗེས་འདོར་རིགས་སམ། །དབུས་འགྱུར་ཞེས་བྱ་གསེར་གྱི་རྔ་ཆེན་ཡང༌། །ཁྱོད་ཀྱི་ཐུགས་རྗེ་གཡོགས་མ་དང་བྲལ་ན། །དཔལ་དང་འབྱོར་པའི་འོད་རིས་བཀྲ་ན་ཡང༌། །ཟབ་གསང་ཆོས་ཀྱི་སྒྲ་དེ་གང་ནས་སྒྲོགས། །དེ་སླད་ཆོས་སྐུའི་ལྷ་དབང་གཡོ་མེད་ཀྱང༌། །སྐལ་བཟང་དད་པའི་བཻ་ཌཱུར་ས་གཞི་ལ། །གང་འདུལ་མཛད་པའི་གར་གྱིས་རོལ་པ་ཡི། །གཟུགས་སྐུའི་སྣང་བ་འགོག་མེད་བསྟན་དུ་གསོལ། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ཁྱོད་ཞབས་པདྨོ་འབྲལ་མེད་གུས་བསྟེན་
ནས། །ཅི་གསུང་བཀའ་བཞིན་སྒྲུབ་པའི་ལེགས་སྨོན་ཡང༌། །ཁྱོད་ཀྱི་ཐུགས་རྗེ་བདེན་པའི་མཐུས་འགྲུབ་ཤོག །ཅེས་རྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་དག་པའི་ཞིང་དུ་དགོངས་པ་གཏད་པའི་ཚེ་གསོལ་འདེབས་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་དཀའ་བཅུ་འཇིགས་མེད་མཁས་མཆོག་གིས་བསྐུལ་ངོར་དམ་པ་དེ་ཉིད་ཀྱི་ཞབས་རྡུལ་གཙུག་གིས་བསྟེན་པའི། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །

གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་མཆོག་སྤྲུལ་མྱུར་འབྱོན་གྱི་སྨོན་ཚིག


GTD008_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་སྒྲུབ་རྩིབས་སྟོང་རྫོགས་པའི་འཁོར་ལོ་ཡི། །བློ་བཟང་ཆོས་ཀྱི་སྲིད་ལ་མངའ་བསྒྱུར་བ། །སྐལ་ལྡན་གདུལ་བྱ་རྒྱ་མཚོའི་གཉེན་གཅིག་པུ། །མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །ཐེག་གསུམ་དགེ་འདུན་རྒྱུ་སྐར་བྱེ་བའི་མགོན། །གསུང་གསང་འཕྲིན་ལས་འོད་ཀྱི་དྲ་བས་འཁྱུད། །སྤངས་དང་རྟོགས་པའི་དཀྱིལ་འཁོར་རབ་ཏུ་རྒྱས། །སྐྱབས་གསུམ་ཀུན་འདུས་བླ་མ་ཐུགས་རྗེའི་གཏེར། །བཀའ་དྲིན་དྲན་པས་དད་པའི་དྲི་བཞོན་གྱིས། །བསྐྱོད་པའི་ཐལ་སྦྱར་སྙིམ་པའི་མེ་ཏོག་ཅན། །རྩེ་གཅིག་གདུང་བའི་དབྱངས་ཀྱིས་གསོལ་འདེབས་ན། །བརྩེ་བས་གཟིགས་པ་ནམ་ཡང་མ་གཡེལ་ཞིག །ཀྱཻ་མ་མ་ལ་ཆོས་དབྱིངས་ནུབ་རིའི་རྩེར། །བསྟན་པའི་ཉི་མ་མཐོང་བའི་ལམ་ལས་འདས། །མདོ་སྨད་བསྟན་པའི་པད་ཚལ་ཡོངས་སུ་ཟུམ། །བློ་གསལ་རྐང་དྲུག་དགའ་བའི་སྣང་བ་ནུབ། །མགོན་ཁྱོད་བགྲང་ཡས་བསྐལ་པར་གཞན་ཕན་ལ། །གཞོལ་བའི་གོ་ཆ་བཙན་པོ་མི་འདོར་ན། །སྙིགས་མའི་བརླང་སྤྱོད་ལྷག་པར་འཁྲུགས་པའི་ཚེ། །


GTD008_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཆུང་སྨྱོས་པའི་མ་བཞིན་བརྩེ་བར་མཛོད། །རིགས་རུས་ཆོ་འབྲང་མི་དམན་ཤར་རིའི་རྩེར། །དགེ་མཚན་བདུད་རྩིའི་གཟེགས་མ་སྤྲོ་བ་ཡི། །མཆོག་སྤྲུལ་ཟླ་བའི་མྱུ་གུ་འཛུམ་རླབས་ཀྱིས། །སྙིང་གི་མུན་པ་སེལ་བའི་དགའ་སྟོན་སྩོལ། །ཐུགས་བསྐྱེད་རྙོག་པ་མེད་པའི་མཚོ་ལས་སྐྱེས། །མཁས་བཙུན་བཟང་པོའི་འདབ་བརྒྱ་མངོན་པར་བཞད། །འཕྲིན་ལས་དྲི་བསུང་ཕྱོགས་མཐར་ཁྱབ་པ་ཡིས། །ཐུབ་བསྟན་འཆི་མེད་དགའ་ཚལ་མཛེས་གྱུར་ཅིག །མཁྱེན་བརྩེའི་ཆུ་འཛིན་གཡོ་བའི་ཟློས་གར་ལས། །རྒྱལ་དབང་གྲགས་པའི་ལེགས་བཤད་སྤྲིན་གྱི་སྒྲས། །རྫོགས་ལྡན་དབྱར་གྱི་ལང་ཚོ་རྒྱས་མཛད་པ། །མཚུངས་མེད་མཆོག་སྤྲུལ་དམ་པ་མྱུར་གསལ་ཤོག །བླ་མ་ཡི་དམ་ཆོས་སྲུང་རྒྱ་མཚོ་དང༌། །ཁྱད་པར་ལྷ་ཆེན་གུར་མགོན་ལྕམ་དྲལ་གྱི། །མཐུ་སྟོབས་དཔུང་པས་དགྲ་སྡེའི་གཡུལ་བཅོམ་སྟེ། །སྨོན་པའི་རེ་འབྲས་ལྷུན་གྱིས་གྲུབ་པར་ཤོག །ཅེས་ཡུལ་མདོ་སྨད་ཀྱི་ལྗོངས་སུ་སྒྲུབ་པའི་རྒྱལ་མཚན་འཛིན་པ་མཐའ་དག་གི་གཙུག་རྒྱན་དམ་པ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་མཆོག་གི་སྤྲུལ་བའི་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་ཞལ་སྔ་ནས་གཟུགས་སྐུའི་བཀོད་པ་ཉེར་ཞིའི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པའི་ཚེ་སླར་ཡང་མཆོག་སྤྲུལ་མྱུར་འབྱོན་གྱི་སྨོན་ཚིག་འདི་ནི། རྗེ་བཙུན་དམ་པ་དེ་ཀའི་བཀའ་དྲིན་གྱིས་འཚོ་བའི་རབ་འབྱམས་པ་ངག་དབང་ཆོས་འབྱོར་གྱིས་བསྐུལ་ངོར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །

དཔལ་ལྡན་བླ་མ་དམ་པ་དགེ་འདུན་རྒྱ་མཚོའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།


GTD008_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་སྟོབས་བཅུའི་དཔལ་མངའ་རྫོགས་སངས་རྒྱས། །དག་པ་དོན་དམ་དབྱིངས་ཀྱི་རང་བཞིན་ཆོས། །བྱང་ཆུབ་ཡན་ལག་རྣམ་སྤྱོད་དགེ་འདུན་ཏེ། །བསླུ་མེད་སྐྱབས་གསུམ་བདེན་པས་ཤིས་པར་སྒྲུབས། །དགེ་ལྡན་ལུགས་


GTD008_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཡངས་པའི་མཁའ་ངོས་ལ། །འདུན་ལྡན་ཐུགས་བསྐྱེད་འོད་དཀར་དྲ་བས་འཁྱུད། །སྐལ་ལྡན་གདུལ་བྱ་རྒྱ་མཚོའི་གཉེན་གཅིག་པུ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྡེ་སྣོད་གསུམ་གྱི་རླབས་ཕྲེང་མངོན་པར་གཡོ། །རྣམ་དག་བསླབ་གསུམ་ནོར་བུའི་ཚོགས་ཀྱིས་གཏམས། །ཐེག་གསུམ་གདེངས་ཅན་བྱེ་བའི་ཉེར་འཚོའི་གཞི། །དུས་གསུམ་རྒྱལ་བའི་གདུང་འཚོབ་ཆོས་ཀྱི་རྗེ། །སྐལ་དམན་མིག་གིས་མཐོང་བའི་ལམ་ལས་འདས། །ཉམ་ཆུང་བུས་བ་བརྩེ་བའི་མགོན་གྱིས་བོར། །སྲིད་པའི་རྒྱ་མཚོ་བརྒལ་བའི་གྲུ་གཟིངས་ཞིག །ཀྱེ་མ་གདུང་བའི་འོ་དོད་སུ་ལ་འབོད། །འོན་ཀྱང་སྤྲོས་བྲལ་དབྱིངས་སུ་འཁོར་འདས་ཀུན། །མཉམ་ཉིད་བདེ་སྟོང་རོལ་པར་གཟུགས་པ་ཡིས། །དམིགས་མེད་སྙིང་རྗེའི་གོ་ཆ་མི་ལྷོད་པས། །བདག་སོགས་མགོན་མེད་འགྲོ་ལ་ཐུགས་རྗེས་གཟིགས། །རིགས་རུས་ཆོ་འབྲང་མི་དམན་དགའ་ཚལ་དུ། །མཆོག་སྤྲུལ་གསར་པའི་འདབ་བརྒྱ་རྒོད་པ་ལས། །ངོ་མཚར་རྟགས་ཀྱི་དྲི་བསུང་སྤྲོ་བ་ཡིས། །སྙིང་གི་གདུང་བ་སེལ་བའི་དགེ་ལེགས་སྩོལ། །རིང་ནས་གོམས་པའི་ཐུགས་བསྐྱེད་ལྟེ་བ་ལས། །མཁས་བཙུན་བཟང་པོའི་རྩིབས་སྟོང་འབར་བ་ཡིས། །བློ་བཟང་ཆོས་ཀྱི་སྲིད་ལ་མངའ་བསྒྱུར་ཏེ། །འགྲོ་ཀུན་གཏན་བདེའི་དཔལ་ལ་སྦྱོར་གྱུར་ཅིག །རྟག་ཏུ་ཁྱོད་ཞབས་པདྨོ་གུས་མཆོད་དེ། །གསུང་གི་བདུད་རྩི་ངོམས་མེད་མྱོང་བ་ཡིས། །འདི་ཕྱིའི་ལེགས་ཚོགས་མ་ལུས་ལྷུན་གྲུབ་པར། །བྱིན་གྱིས་རློབས་ཤིག་བླ་མ་ཐུགས་རྗེའི་གཏེར། །ཡི་དམ་མཆོག་གསུམ་
ཆོས་སྲུང་ཀུན་གྱི་དངོས། །རྗེ་བཙུན་བླ་མའི་ཐུགས་རྗེ་བདེན་པའི་མཐུས། །ཇི་ལྟར་སྨོན་པའི་འདོད་དོན་མ་ལུས་པ། །གེགས་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་དགེ་ལྡན་བསྟན་པའི་གསལ་བྱེད་ཆེན་པོ་དཔལ་ལྡན་བླ་མ་དམ་པ་དགེ་འདུན་རྒྱ་མཚོའི་ཞལ་སྔ་ནས་ཀྱི་ཡང་སྲིད་མྱུར་འབྱོན་འདི་ནི་མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཡར་འཕེལ་ཞབས་སྡོད་དཔོན་པོ་བཅས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་དགེ་འཕེལ་བསམ་གཏན་གླིང་དུ་བྲིས་པའོ། །

དུས་འཁོར་སློབ་ཟུར་དཀོན་མཆོག་དར་རྒྱས་པའི་སྐུའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།


GTD008_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འདུལ་གངས་ཀྱི་རི་བོའི་སྤོར་འགྱིང་ཞིང༌། །མདོ་དང་རྒྱུད་སྡེའི་རལ་བའི་ཁུར་གྱིས་བརྗིད། །ཆོས་མངོན་དྲི་མེད་རིགས་པའི་གད་རྒྱངས་སྒྲོག །མཁས་མཆོག་གདོང་ལྔའི་དབང་པོར་གསོལ་བ་འདེབས། །ཚུལ་ཁྲིམས་དག་པའི་དཀྱིལ་འཁོར་ཡོངས་སུ་རྫོགས། །ཕུལ་བྱུང་ཏིང་འཛིན་རི་དྭགས་མཚན་མས་མཛེས། །རྣམ་འབྱེད་ཤེས་རབ་སྣང་བའི་དགའ་སྟོན་འགྱེད། །གྲུབ་དབང་ཀུནྡའི་གཉེན་ལ་གསོལ་བ་འདེབས། །མང་དུ་ཐོས་པས་གསུང་རབ་གདམས་པར་ཤར། །ཚུལ་བཞིན་བསྒྲུབས་པས་སྤངས་རྟོགས་མངོན་དུ་གྱུར། །ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་གཙོ། །མཚུངས་མེད་བཤེས་གཉེན་རྣམ་ཐར་བསམ་ཞིང་དད། །དཀོན་མཆོག་མཐུ་དང་གཞན་ཕན་ཐུགས་བསྐྱེད་ཀྱི། །བདེན་པས་ཡང་སྲིད་འཁྲུལ་མེད་མྱུར་གསལ་ཞིང༌། །སླར་ཡང་མཁས་བཙུན་བཟང་པོའི་འཕྲིན་ལས་ཀྱིས། །བཤད་སྒྲུབ་ཐུབ་བསྟན་དར་ཞིང་རྒྱས་གྱུར་ཅིག །དུས་མཐར་ཐུབ་བསྟན་སྙིང་པོ་སྤེལ་བ་ལ། །འཇམ་དཔལ་དབྱངས་དངོས་བཞད་པའི་རྡོ་རྗེ་དང༌། །རླབས་ཆེན་ཐུགས་བསྐྱེད་སྨོན་ལམ་ལྷན་ཅིག་
པའི། །བདེན་པས་རེ་འབྲས་ལྷུན་གྱིས་གྲུབ་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །ཞེས་སོགས་དང༌། རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། །ཞེས་སོགས་བྱ། ཞེས་ངེས་པ་དོན་གྱི་བཤེས་གཉེན་དམ་པ་བསྟན་པའི་རྩ་ལག་ཆེན་པོ་དུས་འཁོར་སློབ་ཟུར་དཀོན་མཆོག་དར་རྒྱས་པའི་སྐུའི་ཡང་སྲིད་མྱུར་འབྱོན་འདི་ནི། ཉིད་ཀྱི་བཀའ་སློབ་རབ་འབྱམས་པ་ཡོན་ཏན་རྒྱ་མཚོ་དང་རྡོ་རམས་པ་དཀོན་མཆོག་རབ་བརྟན་གཉིས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །

བློ་བཟང་མཁས་མཆོག་གི་ཞལ་སྔ་ནས་ཀྱི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།


GTD008_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བཟང་རྒྱལ་བསྟན་ཡོངས་ལ་དབང་བསྒྱུར་ཞིང༌། །མཁས་གྲུབ་བྱེ་བའི་རལ་བའི་གཙུག་གི་རྒྱན། །ལྷར་བཅས་སྐྱེ་དགུའི་འདྲེན་མཆོག་ཟླ་མེད་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཀུན་བཟང་སྤྱོད་པའི་ཟླ་ཤེལ་དྲི་མ་མེད། །རྨད་བྱུང་ཐུགས་བསྐྱེད་རི་དྭགས་མཚན་མས་མཛེས། །ཐུབ་བསྟན་ཀུ་མུད་བཞད་པའི་དཔལ་ཡོན་ཅན། །སྙིང་གི་མུན་སེལ་བླ་མ་ཐུགས་རྗེའི་གཏེར། །བཀའ་དྲིན་དྲན་པའི་དད་པའི་དྲི་བཞོན་གྱིས། །དབང་མེད་བསྐྱོད་པའི་རང་སེམས་པངྨོའི་ཁ། །མགོན་པོ་གང་དུ་གཤེགས་པའི་ཞིང་ཁམས་དེར། །ཕྱོགས་ནས་གདུང་བས་གསོལ་འདེབས་འདི་དགོངས་ཤིག །རྒྱལ་སྲས་དཔའ་བོ་སྙིང་རྗེའི་གོ་ཆ་ཅན། །འཁོར་འདས་མཉམ་ཉིད་སྒྱུ་མའི་རོལ་པར་ཤེས། །དངོས་ཀུན་ལྷན་སྐྱེས་བདེ་བར་སྡོམ་མཛད་རྣམས། །སྲིད་པའི་སྐྱོན་གྱིས་འཇིག་པར་ག་ལ་འོས། །དེ་ཕྱིར་ཁྱོད་ཀྱི་ཐུགས་རྗེ་སྦྲང་ཆར་གྱིས། །འཚོ་བའི་ཉམ་ཆུང་མྱུ་གུ་སྔོན་པོའི་ཚལ། །འཇོམས་པའི་ཐན་ཁྱེར་གདུང་བ་འཕྲོག་པའི་སླད། །ཐུགས་རྗེའི་
སྤྲིན་ཆེན་སླར་ཡང་གཏིབས་པར་མཛོད། །རྣམ་གྲོལ་ཐར་བའི་ལམ་བཟང་ལྟ་བའི་མིག །མཐའ་མེད་སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ། །གནས་སྐབས་མཐར་ཐུག་དོན་གཉིས་འགྲུབ་པའི་རྟེན། །རེ་ས་གཞན་ན་མེད་དོ་བརྩེ་བས་དགོངས། །རིགས་རུས་ཆོ་འབྲང་མི་དམན་ཤར་རིའི་རྩེར། །དགེ་མཚན་ཁྱུང་སྔོན་སྐྱེས་ཀྱིས་དྲངས་པ་ཡི། །མཆོག་སྤྲུལ་མཁས་བཙུན་བཟང་པོའི་འོད་བརྒྱ་པ། །བློ་བཟང་བསྟན་པའི་དཔལ་དུ་མྱུར་གསལ་ཤོག །དམིགས་མེད་སྙིང་རྗེའི་རང་གཟུགས་མྱུར་མཛད་མགོན། །ཡེ་ཤེས་ལྔ་བདག་རྒྱལ་ཆེན་སྐུ་ལྔ་དང༌། །ཁྱད་པར་གནས་ཆུང་རྡོ་རྗེ་དྲེགས་ལྡན་གྱིས། །དོན་འདི་གེགས་མེད་འགྲུབ་པའི་སྡོངས་གྲོགས་མཛོད། །མདོར་ན་བླ་མ་མཆོག་གསུམ་ཐུགས་རྗེ་དང༌། །བདག་ཅག་དད་མོས་རྟེན་འབྱུང་མི་བསླུ་བས། །མཆོག་སྤྲུལ་ཉིན་མོའི་སྣང་བ་མྱུར་གསལ་ཏེ། །བསྟན་འགྲོའི་ཕན་བདེའི་པད་ཚལ་རྒྱས་གྱུར་ཅིག །ཅེས་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་བྱང་ཕྱོགས་བསྟན་འགྲོའི་ཕན་བདེའི་རྩ་ལག་དམ་པར་གྱུར་པ་བློ་བཟང་མཁས་མཆོག་གི་ཞལ་སྔ་ནས་ཀྱི་ཡང་སྲིད་མྱུར་འབྱོན་འདི་ནི་བསྟན་པའི་གསལ་བྱེད་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་ཉི་མ་སོགས་དམ་པ་དེ་ཉིད་ཀྱི་སྐུའི་གམ་བཅར་རྣམས་ཀྱིས་བསྐུལ་ངོར་ཆོས་སྨྲ་བའི་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྫོང་དཀར་བཀྲ་ཤིས་དར་རྒྱས་གླིང་ནས་བྲིས་པའོ། །

དགེ་འདུན་བསྟན་པ་དར་རྒྱས་པའི་སྐུའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།


GTD008_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དྲི་མ་མེད་པའི་ལྡིང་ཁང་ནས། །བརྩེ་བའི་སྤྱན་གྱིས་འགྲོ་ལ་རྟག་གཟིགས་པ། །དུས་གསུམ་བདེ་གཤེགས་སྲས་དང་བཅས་པ་ཡིས། །སྙིང་གི་གདུང་བ་སེལ་བའི་དགེ་ལེགས་སྩོལ། །རིག་གྲོལ་བརྒྱད་ལྡན་དགེ་


GTD008_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་འདུས་པའི་གཙོ། །ལུང་རྟོགས་བསྟན་པ་དམ་ཆོས་བདུད་རྩིའི་གཏེར། །སྐུ་བཞིའི་ལང་ཚོ་དར་བའི་རྫོགས་སངས་རྒྱས། །སྐྱབས་གསུམ་ངོ་བོ་བླ་མའི་ཞབས་ལ་འདུད། །ཕན་བདེའི་རྩ་བ་རྒྱལ་བསྟན་ཉི་འོད་འགྲིབ། །ལྔ་ཕྲག་སྙིགས་མའི་མུན་པ་ཀུན་ནས་འཐིབས། །དམ་པའི་མགོན་གྱིས་མྱ་ངམ་ཐང་དུ་བོར། །ཀྱཻ་མ་གདུང་བས་འོ་དོད་སུ་ལ་འབོད། །གཞན་ཕན་ཁོ་ནར་གཞོལ་བའི་དཔའ་བོ་རྣམས། །རབ་འབར་དམྱལ་བའི་གནས་སུ་མི་སྐྱོ་ན། །དམུ་རྒོད་འགྲོ་བའི་ངང་ཚུལ་མི་དགོངས་པར། །མཛེས་སྐུ་སྣང་བའི་སྒྱུ་འཕྲུལ་བསྟན་དུ་གསོལ། །ཆོ་རིགས་གཙང་མའི་སྐྱེད་ཚལ་ཉམས་དགའ་བར། །དམ་པའི་ངང་ཚུལ་དྲི་བསུང་རྫོགས་པ་ཡི། །མཆོག་སྤྲུལ་པུཎྜ་རི་ཀ་ཉེར་འཁྲུངས་ཏེ། །ཕན་བདེའི་སྦྲང་རྩིའི་དགའ་སྟོན་འགྱེད་པར་ཤོག །ཚུལ་ཁྲིམས་ལྟེ་བ་ལས་ཐོན་ཤེས་རབ་ཀྱི། །རྩིབས་སྟོང་རྫོགས་པ་ཏིང་འཛིན་མུ་ཁྱུད་ཅན། །ལུང་རྟོགས་བསྟན་པ་ཡོངས་ལ་མངའ་འབྱོར་བའི། །ཆོས་ཀྱི་རྒྱལ་པོའི་སྲིད་ལ་དབང་བསྒྱུར་ཤོག །རྡོ་རྗེའི་གཡར་དམ་གཉན་པོ་ལྷུར་བཞེས་པའི། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་ཀྱང༌། །ཇི་ལྟར་སྨོན་པའི་འབྲས་བུ་མ་ལུས་པ། །གེགས་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྩོལ། །ཞེས་བསྟན་པའི་གསལ་བྱེད་ར་ངན་སྤྲུལ་སྐུ་དགེ་འདུན་བསྟན་པ་དར་རྒྱས་པའི་སྐུའི་ཡང་སྲིད་མྱུར་འབྱོན་འདི་ནི་སྤྲུལ་སྐུ་དཀོན་མཆོག་ཆོས་འཕེལ་སོགས་ནས་བསྐུལ་ངོར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །

དཀོན་མཆོག་བདེ་ཆེན་པའི་ཞལ་སྔ་ནས་ཀྱི་སྐུའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།


GTD008_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་མེད་དཀོན་མཆོག་ཐུགས་རྗེའི་ཀུན་གསལ་མར། །བདེ་སྟོང་དབྱེར་མེད་ཡེ་ཤེས་ཟླ་ཤེལ་ཁམས། །བརྩེ་ཆེན་སྒྱུ་འཕྲུལ་དྲ་བའི་འོད་དཀར་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྣམ་དག་ཁྲིམས་ལྡན་དགེ་འདུན་འདུས་པའི་གཙོ། །གཞན་ཕན་ཐུགས་བསྐྱེད་ཟབ་རྒྱས་གདམས་པའི་གཏེར། །གྲུབ་པ་མཆོག་བརྙེས་དཀྱིལ་འཁོར་འཁོར་ལོའི་མགོན། །སྐྱབས་གསུམ་ངོ་བོ་གསུམ་ལྡན་རྡོ་རྗེ་འཛིན། །ཁྱོད་ཀྱི་ཐུགས་རྗེའི་ཆུ་འཛིན་གྲིབ་བསིལ་ལ། །ངལ་བསོ་བགྱིད་པའི་ཉམ་ཐག་འགྲོ་བ་ཀུན། །གློ་བུར་ཉིད་དུ་སྙིགས་མའི་ཚ་གདུང་གིས། །བསྲེགས་པའི་སྐལ་དམན་གདུང་བ་ཇི་ལྟར་བཟོད། །སྲིད་ལ་རྗེས་ཆགས་སྙིང་རྗེའི་དབང་གྱུར་ཅིང༌། །སྲིད་ཞི་མཉམ་ཉིད་གཟིགས་པའི་སེམས་དཔའ་ཆེ། །སྲིད་གསུམ་ལྷན་སྐྱེས་བདེ་བར་སྡོམ་མཛད་རྣམས། །སྲིད་པའི་སྐྱོན་གྱིས་འཇིགས་པར་ག་ལ་འོས། །དེ་ཕྱིར་ཐུགས་བསྐྱེད་ལྷ་ཡི་དགའ་ཚལ་དུ། །མཆོག་སྤྲུལ་པདྨོའི་མྱུ་གུ་ཉེར་འཁྲུངས་ཏེ། །དམ་པའི་ངང་ཚུལ་དྲི་བཟང་སྤྲོ་བ་ཡིས། །ཐར་འདོད་རྐང་དྲུག་ཡིད་ལ་དཔལ་སྟེར་ཤོག །རིང་ནས་ཐུགས་བསྐྱེད་དམ་བཅའ་ཉེར་དགོངས་ལ། །མཁས་བཙུན་བཟང་པོའི་འོད་བརྒྱ་འབར་བ་ཡི། །ཡང་སྲིད་ཉི་མ་གཞོན་ནུའི་སྐུར་བསྟན་ནས། །བཤད་སྒྲུབ་བསྟན་པའི་པད་ཚལ་རྒྱས་པར་མཛོད། །ནམ་ཡང་མི་བསླུ་མཆོག་གསུམ་ཐུགས་རྗེ་དང༌། །བཀའ་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །ཇི་ལྟར་སྨོན་པའི་དོན་ཀུན་ལྷུན་གྲུབ་སྟེ། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། ཅེས་རྗེ་བཙུན་བླ་མ་དམ་པ་མཁས་
ཤིང་གྲུབ་བའི་དབང་ཕྱུག་ཆེན་པོ་དཀོན་མཆོག་བདེ་ཆེན་པའི་ཞལ་སྔ་ནས་ཀྱི་སྐུའི་ཡང་སྲིད་མྱུར་འབྱོན་འདི་ནི་དམ་པ་དེ་ཉིད་ཀྱི་ཞབས་སྡོད་རྣམས་ནས་བསྐུལ་བ་ལྟར། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །

སྤྲུལ་བའི་སྐུ་བསྟན་པ་ཆོས་ལྡན་པའི་ཞལ་སྔ་ནས་ཀྱི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།


GTD008_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་འགྲོ་ལ་རྗེས་སུ་ཆགས་པ་ཡིས། །ཐུགས་རྗེའི་སྤྱན་གྱིས་ནམ་ཡང་མི་འདོར་བ། །བསླུ་མེད་སྐྱབས་གསུམ་འདུས་པའི་ངོ་བོ་ཉིད། །དཔལ་ལྡན་བླ་མ་སྙིང་གི་ཟེའུ་འབྲུར་བཞུགས། །ཐུབ་བསྟན་སྙིང་པོའི་ཡང་སྙིང་བླ་མེད་པ། །མདོ་སྔགས་ཟབ་རྒྱས་ཆོས་ཚུལ་བདུད་རྩི་ཡིས། །སྐལ་ལྡན་ཡིད་ཀྱི་རེ་བ་སྐོང་བའི་གཉེན། །འདྲེན་མཆོག་ཐུགས་རྗེའི་གཏེར་ཁྱོད་བདག་ལ་དགོངས། །སྔོན་བྱུང་རྒྱལ་དང་རྒྱལ་སྲས་མཐའ་དག་གི །གདུལ་བའི་ཞིང་དུ་མ་གྱུར་བདག་ཅག་ལ། །ཐུགས་རྗེའི་ཞལ་སྐྱིན་ཁྱོད་ལས་གཞན་མེད་ན། །གློ་བུར་ཞི་བའི་དབྱིངས་སུ་ཅི་སླད་གཞོལ། །ཉམ་ཆུང་དམིགས་བུ་མེད་པའི་བུས་བ་བདག །ལས་ཉོན་གཅན་གཟན་གདུག་པའི་ནགས་ཁྲོད་དུ། །ཐར་པའི་ས་མཁན་ཁྱོད་ཀྱིས་ཡལ་བོར་ན། །ཀྱེ་མ་གདུང་བའི་འོ་དོད་སུ་ལ་འབོད། །འོན་ཀྱང་སྐལ་དམན་ལས་ཀྱིས་ནོངས་པ་ལས། །རྒྱལ་སྲས་སྙིང་རྗེའི་གོ་ཆ་མི་ལྷོད་པས། །ཉེར་ཞིའི་མཁའ་ལས་གཟུགས་སྐུའི་ཟླ་སྣང་གི །སྒྱུ་འཕྲུལ་དྲ་བའི་རོལ་གར་བསྟན་དུ་གསོལ། །མ་སྨད་ཐུགས་བསྐྱེད་ཏེ་སེའི་གཙུག་ཏོར་ལས། །འཕྲིན་ལས་རླབས་ཀྱི་ཕྲེང་བའི་འཇོ་སྒེག་ཅན། །སོམ་ཉིའི་རྙོག་བྲལ་ཡང་སྲིད་ལྷ་ཡི་ཆབ། །གདུལ་བྱའི་བསོད་ནམས་འཛིན་མར་འབེབས་གྱུར་ཅིག །རྣམ་དག་ཁྲིམས་ཀྱི་རྩ་བ་རབ་
བརྟན་ཅིང༌། །ཐོས་བསམ་བསྒོམ་པའི་མེ་ཏོག་ཅི་ཡང་བཀྲ། །འཕྲིན་ལས་དྲི་བཟང་ཕྱོགས་བརྒྱར་སྤྲོ་བ་ཡིས། །དགེ་ལྡན་བསྟན་པའི་དགའ་ཚལ་མཛེས་གྱུར་ཅིག །ནམ་ཡང་མི་བསླུ་མཆོག་གསུམ་ཐུགས་རྗེ་དང༌། །རྡོ་རྗེའི་གཡར་དམ་ལྷུར་མཛད་སྲུང་མའི་མཐུས། །ཇི་ལྟར་སྨོན་པའི་རེ་འབྲས་མ་ལུས་པ། །གེགས་མེད་བདེ་བླག་ཉིད་དུ་འགྲུབ་གྱུར་ཅིག །བདག་ཀྱང་དེང་ནས་སྐྱེ་བའི་ཕྲེང་བ་རུ། །བླ་མའི་ཞབས་སྐྱེས་མཆོད་པ་མི་གཏོང་ཞིང༌། །བཤད་དང་སྒྲུབ་པའི་བྱ་བ་མཐར་ཕྱིན་ནས། །གཏན་བདེའི་དགའ་སྟོན་དཔལ་ལ་རོལ་གྱུར་ཅིག །ཅེས་བསྟན་པའི་གསལ་བྱེད་དམ་པ་སྤྲུལ་བའི་སྐུ་བསྟན་པ་ཆོས་ལྡན་པའི་ཞལ་སྔ་ནས་ཀྱི་ཡང་སྲིད་མྱུར་འབྱོན་འདི་ནི། ཆས་པ་གོ་ཡུ་ནང་ནས་ཉིད་ལ་ལྟོས་བཅས་སྤྱི་ཚོགས་དང༌། ཨ་འཁོར་བྲག་དཀར་རི་ཁྲོད་པ་བཅས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །

ངག་དབང་བློ་བཟང་འཕྲིན་ལས་ཀྱི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།


GTD008_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་རྒྱས་མན་ངག་དབང་ལུང་དགའ་སྟོན་གྱིས། །བློ་ལྡན་སྐལ་བཟང་གདུལ་བྱའི་རེ་སྐོང་ཞིང༌། །གཞན་ཕན་འཕྲིན་ལས་བསྟན་འགྲོའི་དཔལ་གྱུར་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ངག་རིག་གྲུབ་དབང་ཚོགས་ཀྱི་བདེན་སྟོབས་དང༌། །བློ་བཟང་རྒྱལ་བསྟན་སྲུང་མའི་འཕྲིན་ལས་ཀྱིས། །ངོ་མཚར་དགེ་མཚན་དྲི་བསུང་མངར་བ་ཡི། །ཡང་སྲིད་ཙན་དན་ལྗོན་པ་མྱུར་འཁྲུངས་ཤོག །དལ་འབྱོར་རྟེན་གྱི་ཡུ་བ་རབ་ཏུ་བརྟན། །རྒྱ་ཆེན་མང་ཐོས་དར་གྱི་ཤམ་བུ་གཡོ། །བསླབ་གསུམ་དབང་གི་རྒྱལ་པོའི་ཏོག་མཛེས་པའི། །དགེ་མཚན་འོད་སྣང་ཀུན་ཏུ་རྒྱས་གྱུར་ཅིག །ཅེས་བསྟན་པའི་གསལ་བྱེད་ངག་དབང་བློ་བཟང་འཕྲིན་ལས་ཀྱི་
ཡང་སྲིད་མྱུར་འབྱོན་འདི་ནི། ལྟོས་བཅས་རྣམས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། །།སརྦ་མངྒ་ལཾ། །


previousམྱུར་འབྱོན་གསོལ་འདེབས་ཀྱི་སྐོར་ཉམ་ཐག་སྐྱེ་བོའི་གདུང་དབྱངས།next