Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
  
  
  
  
  
  
  
 
  
  
 
  
  
  
  
  
  
  
  
  
  
 expand section
  
ཕལ་སྐད་ཚུལ་དུ་གནང་བའི་ཟབ་ཆོས།
  
  
  
  
  


6 occurrences of འ་འུར་
[Clear Hits]

 
previousཕལ་སྐད་ཚུལ་དུ་གནང་བའི་ཟབ་ཆོས།next

ཕལ་སྐད་ཚུལ་དུ་གནང་བའི་ཟབ་ཆོས།


GTD008_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་དབང་མི་ཡི་གར་རོལ་པའི། །ཡབ་རྗེ་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས། །སྐྱེ་བོ་བློ་དམན་ཀུན་གྱིས་གོ་བདེའི་ཆེད། །ཕལ་སྐད་ཚུལ་དུ་གནང་བའི་ཟབ་ཆོས་བཞུགས་སོ། །


GTD008_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལས་བཟང་ཚོ་བཟང་ང་ཆི་ཨ་ཉོན་ད། རྗེ་བཙུན་རིན་པོ་ཆེས་དམ་པའི་ཆོས་གི་ཉིང་ཁུ་རྐྱང་པ་གསུང་གི་ཡཱོད་གི་ནོ་ཞས། ཡ་ཨ་རྒྱ་ཆི་རེད། བསྐྱེད་རིམ་རྫོགས་རིམ། དབུ་མའི་ལྟ་བ་ཚོ་གསུང་གི་ཡོད་ནི་ཨེ་རེད། ཁོས། ཧེ་ཧེ། ཁྱོད་ཁ་ཚོད་མ་མཐོ། དེ་ཚོས་སྔོན་ན་འགྱོ་སྒོ་ནིའི་ཆོས་ཟབ་མོ་ཅིག་རེ་ཅིག་རེ་ཡོད། སློབ་དཔོན་ཨཱརྻ་དེ་བས་ར། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །ཟེར་ཅིས་རིམ་པ་རིམ་པ་ཡས་འགྱོ་ཚུས་ཟིག་བཤད་ཡཱོད་གི་ཨཱ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ར། འོག་མ་འོག་མའི་ལྟ་བ་གོང་མ་གོང་མའི་སྟེག་ཟེར་ནིའི་ཐང་ན། སངས་རྒྱས་གི་བསྟན་པ་ཟེར་ནི་པོ་འདི་སྐས་ཨ་འབུད་འབུད་ཡས་འགྱོ་ན་མིན་གི །ཡ་ཐ་ན་ཟབ་མོ་ཟིག་ཡཱོད་གི །མྱུར་མོ་ཟིག་ཡཱོད་གི་བརྫེས་མཆོད་རྒྱང་ཡས་སྣབ་པ་མི་འགྱོ། བྱང་ཆུབ་ལམ་གྱི་རིམ་པ་བརྫེས་ཟིག་མོ། ཁུག་ལེན་ཡས་ཆོག་ན་རིམ་པ་ཟེར་སྒོ་དོན་མཱེད་ཀི་ཨཱ། སྐྱེས་བུ་གསུམ་གི་ལམ་རིམ་གི་མགོ་ཚུགས་ས་བོ་འཆི་བ་མི་རྟག་པ་སྒོམ་རྒྱུ་འདི་ཡིན། འདི་ཚང་མའི་ཁ་ནང་ན་རྩ་ར། འདིའི་བློ་ཁ་ཕྱོགས་མཁན་དཀོན་ཐག་ཆོད་ཡིན། དེའི་རྟགས་ག་དེང་སང་སློབ་གཉེར་རྒྱག་མཁན། སྒོམ་སྒྲུབ་མཁན་ཡེད་མཁན་གཞན་དོན་གི་མྱིང་བཏག་གི་སྐུ་རིམ་གྲོང་ཆོག་བརྡ་མཁན། ཐམས་ཅད་གི་ཞེ་འདོད་དཱེ། རང་རང་སྐྱིད་ཐབས་


GTD008_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཟིག །ཕྱུག་ཐབས་ཟིག །མཐོ་ཐབས་ཟིག་འདི་རྐྱང་པ་སེམས་འབུའི་ཕུག་ག་བཅུག་འདུག་ནི་བོ་འདི་ཚེ་འདི་སྣང་གི་དབང་ང་སོང་ནི་རེད། སྣང་ཤེས་འགོང་རྒན་འདི་སྒོ་འཕུད་མཁན་ན་འཆི་བ་མི་རྟག་པ་སྒོམ་སྒོ་ནི་རེད། དེ་མ་ཡས་ཨ་ཆོས་ཟབ་ཟབ་མཐོ་མཐོ་ཆི་ར་ཟིག་བཅའ་ཁ་ཡས་ནཱ་ར། དེ་ཆོས་ཨ་མི་འགྱོ། འཁོར་བའི་འཁོར་ལོ་བསྐོར་ནི་མིན་གི་མེད་ཟེར་རིས་མདོ་རྒྱུད་ཐམས་ཅད་ད་ཇོ་བོ་ཡབ་སྲས་ཚོས་གསུང་ཡཱོད་གི་ཨཱ། དེའི་སྟབས་ཀི་དམ་པ་གོང་མ་ཚོས་མི་རྟག་པ་འདི་རྐྱང་པ་གསུང་གི་བསྡད་ཟིག །དེ་རིང་རྗེ་བཙུན་རིན་པོ་ཆེས་དེ་གསུང་ནི་རེད། མི་རྟག་པ་འདི་ཆོས་ཆུང་ཆུང་མིན། མགོ་ཆོས་ཨཱ་འཇུག་རྐྱེན་འདིས་ཡེད་ད། བར་ཆོས་གི་བསྐུལ་མ་འདིས་ཡེད་ད། མཇུག་མཐར་ཕྱིན་སྐྱེད་འདིས་ཡེད་ད། ཁྱེད་ཆ་བཱོ་བལྟས་གི་ང་རྒད་པོ་ཆོས་རྒྱུས་སིན་རེ་ཡོད། ནོས། ཨ་རྒྱ་ལོས་ཟིག་ལོས་ཟིག་ད་ཡིན་ནཱ། མི་རྟག་པ་དེ་ཚོས་དྲ་མ་དྲི་མ་ཤེས་ཨཱ། ངེད་ཀི་བཀའ་འགྱུར་ནང་ན། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ད་རུང་ཅིག་རེ་ཅིག་རེ་ཡོད་ངས་ཨེ་འདོན། ཁོས། ཧི་ཧི། འདོན་མི་སྒོ་མི་སྒོ། དེ་སྒྲ་ཟིག་ཀྱག་བཏང་ནི་རེད། དེའི་


GTD008_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མྱིང་ང་ཤེས་ནི་མི་ཟེར། ནེ་ཚོས་མ་ཎི་བཏོན་ནི་ར་ཁྱད་མེད། ཁ་གི་བཤད་དུས་ཚང་མས་འདི་རུག་ཟེར་རཱ་ར། དེ་ཟེར་ཞོར་ར། ཕྱིའི་དགྲ་འདུལ་རྒྱུ། ནང་གི་གཉེན་སྐྱོང་རྒྱུ། རྒྱུ་ནོམ་པ་བསོག་རྒྱུ་འདི་ཨ་ཉིན་མཚན་ཉིས་ཀ་མི་ཁོམ་མཱ། ཡ་ར་འདུ་རུ་རུ། མར་ར་འདུ་རུ། ཆི་རེད། ཕྱིན་ཆད་སྲིད་གསུམ་རྟག་པས་ལྡོག་ཀྱི་ཟིག་གོ་ནི་མིན་མོ། ཁྱེད་རྣམ་པ་རིགས་པའི་དབང་ཕྱུག་ལེགས་བཤད་འདོམ་མཱ་འཇའ་ནེ་ཚོས་ར། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། སྐད་ཅིག་མ་ཡིན་པའི་ཕྱིར། གསུང་དཱེ། ས་བསྟིབ་གཏོང་ཐང་གནམ་བཀྲཱ་གཏོང་ཐང་གནང་གི་ར། བར་འགའ་རེ་བལྟས་ན་སྐད་ཅིག་མ་མི་སྒོ་ནི། བསྐལ་པའི་བར་བཱར་མི་འཇིག་ཅིའི་བློ་རྩེ་ཟིག་ཡཱོད་ཁཱ་རེད། ངས་སངས་རྒྱས་ཀ་ཁ་ཞུས་ནི་མིན་ད། ང་རྒད་པོས་བསམ་ཚུལ་ཡིན་ན། སྒྲ་ཆོས་ཅན་གསུང་གི་འདུག་རག་གཱ །རང་རང་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། རྙེད་དཀའ་རྙེད་ན་དོན་ཆེ་བའི་དལ་འབྱོར་ལན་གཅིག་ཐོབ་པ་འདི་ནམ་འཆི་ངེས་པ་མི་འདུག་པས་མྱུར་དུ་སྙིང་པོ་ཞིག་ལེན་དགོས་པར་འདུག་པའི་ཕྱིར། གསུང་ངེ་འདྲུས་ཆུང་རེ་ཁ་ནང་ང་གཅིག་བསྐོར་ན་བཀའ་དྲིན་ཆེ་གི །ཨ་ཙ་ཡི་ཡི་ཞུ་རྒྱུ་མང་མི་ཉན། ང་དེ་རིང་མགོན་པོ་རྡོ་རྗེ་ཡིན། དུས་རྒྱུན་ཁོ་ཁོ་རང་ཡིན། ད་མདོ་དོན་རྗེ་བཙུན་གི་གསུང་ནེ་པོ་འདི་རེད། ཐོག་མཱ། རྗེ་ལྷོ་བྲག་མར་པའི་ཞབས་ལ་འདུད། བརྫེས་ནི་པོ། དྲུག་པ་རྡོ་རྗེ་འཆང་གི་ངོ་བོ་ཕ་རྒན་མར་པ་ལོ་ཙཱ་མཆོད་བརྗོད་ཡེད་ནི་རེད། དེས་ཉོན་ད་གསོན་ད་ཁྱི་ར་པ། བརྫེས་ནི་བོ་ང་མགོན་པོ་རྡོ་རྗེ་སྣོད་ལྡན་གི་རིན་པོ་ཆེ་ལྟ་བུའི་


GTD008_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་ཡིན་ནི་པོ་གི་སྣོད་ལྡན་ཉན་པར་བསྐུལ་ནི་རེད། ཁྱེད་རུག་ཆ་བོས་བཟང་ང་ཆི་ཨ་ཉོན་ད། ངའི་ཞོར་ན་ཡོད་ཀྱི་རེད། ཨ་འཇའ་བ་ཚོ། རས་རུས་གཡར་མ་རེ་པོ་བལྟས་མ་འདུག་ག་ཚུར་ཆོས་ཨཱ་ཉོན་ད། སངས་རྒྱས་གི་གསུང་འདི་ཚོའི་སྒྲ་ཙམ་ཞིག་ཐོས་རྒྱུ་བྱུང་ནི་བོ་སྐལ་པ་བཟང་ནི་ཡིན། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང། །འཇིག་རྟེན་དག་ན་ཤིན་ཏུ་དཀོན། །གསུང་ཟིག་ཨེ་གློ། ནོས། ཨེ་ཨ་རྒྱ། མཉམ་པོར་བསྡད་ན་མྱིག་གིས་རྫི་མ་མི་རིག་ཟེར་ཐང་ང། ཁྱོད་ཆོས་ཨཱ་འདི་འདྲ་ཟིག་མཁས་ནི་བོ་དེ་རིང་མིན་མ་ཤེས། ད་རྗེ་བཙུན་རིན་པོ་ཆེའི་གསུང་ཚོའི་དོན་མདོ་མདུད་སེམས་མཱ་འཛིན་རྒྱུ་ཉུང་ཉུང་རེ་ཤོད་ད། ཁོས། ཨེ་རཱོ། ཆོས་ཉན་ཚུལ་འདི་ཨ་རྟེན་འབྲེལ་ཅིག་རེ་འགྲིག་རྒྱུ་ཡོད་ནི་རེད། ཁྱོས་ཤོད་དམ་ཟེར་ར། གསུང་ད་ཡིན་ནཱ་རྫོས་ར། ནོས། ཡ་ལགས་སོ་ལགས་སོ། །གསུང་དུ་གསོལ། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གསུང་དུ་གསོལ། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། ཡ། ཁོས། དཱེ་ར་ཟིག་མཐོ་བུད་ཐཱ་ར། ད་ཆོག་གི་ཆོག་གི །ཆོས་ཐམས་ཅད་རྟེན་འབྲེལ་གི་རང་བཞིན་ཡིན། ཨཱོ་ད། ཐོག་མ་རང་ལ་རྗེ་བཙུན་རིན་པོ་ཆེས། འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་ཡིན། །གསུང་བ་འདི་ཆོས་པ་འཇིག་རྟེན་པ་ཚང་མས་གོ་དགོས་ནི་ཟིག་ཡིན། དེང་སང་ཐོས་བསམ་སྒོམ་སྒྲུབ། སྦྱིན་གཏོང། ཆི་ཡས་ན་ཞེ་ཕུགས་དེ་ཁོ་བཟང་གི་ཨེ་ཟེར་སྙམ། བླང་བྱ་ཅིག་ག་མེད་ནི་ས་གྲགས་པ་སྐམ་པོ་ཟིག་ག་རེ་བ་ཡེད་ནི་པོ་འདི་རང་གི་དགེ་བ་ཕྲན་ཚེགས་པོ་འཇིག་རྟེན་ཆོས་བརྒྱད་ད་སྦགས་ནས་ཆུད་


GTD008_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་ཨཱ་གཏོང་སྤྱད་པོ་ཡིན། སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཟེར། རང་གི་བསོད་ནམས་གི་ཕྱེ་རེ་འབྲུས་ཆུང་པོ། གྲགས་སྐམ་གི་རླུང་ང་ཕྱར་བཏང་ནི་ཆི་ལེན་གྱི་ཡིན། དེ་དགའ་གྱི་མེད། འཇིག་རྟེན་གཏམ་དཔཱེ། མྱི་པོ་ཀྱག་ན་འཆི་རན། རྟ་པོ་ཀྱག་ན་བཙོང་རན་ཟེར་ར། ཨཱོ་དཻ་འཕྲོ། འཇའ་ཁ་དོག་ལེགས་ཀྱང་ཡལ་ནས་འགྲོ། །འཇིག་རྟེན་ཉམས་སུ་དགའ་ཡང་རྨི་ལམ་ཙམ། །འདོད་ཡོན་བདེ་བ་ཆེ་ཡང་སྡིག་པའི་རྒྱུ། །གསུང་ཟིག །ཨཱེ་རྗེ་བཙུན་ཐུགས་རྗེ་ཅན་གི་གསུང་འདི་ཆི་མ་བདེན་ནཱ། འདི་ན་ལ་ལས། ཁང་པ་ཡར་འཁོར་མར་འཁོར་རིགས་མི་གཅིག་པ་ཚོ་ཕུགས། རྒྱ་ནོམ་བོད་ནོམ་ཁྱ་ཁྱ་རུག་རུག་ཚོ་བཤམ། ཕྱི་ཟོག་ནང་རྫས་ཨུག་དམར་གི་ཚང་བསོག་བསོག་ཡས་ནེས་ནང་ན་ཉམས་དགའ་ནིས་མི་ཚད་རང་རང་ང་རང་ཐིག་ནས་འགྱང་བསྡད་ཡོད་ཐོག་ག །འཆི་བདག་རྒྱལ་པོ་རྩེབ་ནས་བྱིས་ཐི་ཁྲས་འཛིན་འཛིན་ཡས་ཁྱེར་དུས། ཚེ་བསོག་པོ་སྐྱག་གེས་སྡོང་མགོ་ཁྱེར་ར། ཕོ་རོག་གིས་སྡོང་རྩ་ཁྱེར་ར། རང་ང་འཛིན་རྒྱུ་ཁབ་སྐུད་པ་ཟིག་གི་མེད། དེ་མེད་ན་མེད་མོ། དེའི་དོན་འདག་ག་བསགས་ནེས་སྡིག་པ་ཐམས་ཅད་བོ་གཉའ་ཡ་ཁུར་རིས་འགྱོ་དགོས། ཚེ་འདི་ཨེ་སྐྱིད་བརྒྱབ་ནི་བོ་རྨི་ལམ་ཟིག་རྨིས་ནིས་སད་བཏང་ནི་ར་ཁྱད་མེད། སྙིང་པོ་མེད་ནི་བོ་དེ་དུས་ཤེས་ཨཱ། འགྱོད་པ་རྟས་མི་ཟིན་ནི་པོ་དེ་དུས་ཡོང་དཱར། དོན་འདག་ཚང་སོང་ནི་ཡིན། ད་ང་ཕྱིར་སོང་ནི་ཆོས་བཅའ་ཡེ་བརྫེས་རུང་ལས་ཀི་གཤིན་རྗེས་མི་གཏོང། ཆོས་བཅའ་ན་བཅའ་དུས་དེང་སང་ཡིན། དེ་རིང་ནང་སྔ་གཉིས་ཀའི་ར་གང་སྔ་ལ་གཟིག་མ་བརྩད་ན། ཕུགས་རིང་པོའི་བློ་རྩེ་ཅི་ཡོད། དེའི་སྟབས་ཀི་རྗེ་བཙུན་རིན་པོ་ཆེས། དེའི་འཕྲོ་འཕྲོ་ན། འདུས་བྱས་རྟག་རྟག་འདྲ་ཡང་མྱུར་དུ་འཇིག །རྫས་ཁ་སང་ཡོད་པ་དེ་རིང་མེད། །མི་


GTD008_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནིང་ཡོད་པ་ད་ལོ་ཤི །གྲོགས་བཟང་པོ་ཡོད་པ་དགྲ་རུ་སྡང། །ཟས་ཕན་པར་ཟོས་པ་དུག་ཏུ་འགྲོ། །དྲིན་བཟང་པོ་བསྐྱངས་པ་ཁ་འགྱོད་ཆེ། །གསུང་ནི་རེད་ད། འདི་སོ་ལྷག་པ་བཤད་ཀི་ཆི་འདུག །ཚང་མས། ཨ་མ་ཨ་མ་ཁིས་ཉིན་པར་འཚམ་པོར་ཡིན་ཐཱ། ཨ་མ་ཁར་རྩང་ཅིག་ན་འགྱོ་ཐཱ་ར་མདང་ཤི་སོང་ཟིག །ཨ་མ་ན་ནི་ང་རྒྱུ་བཟང་ཐཱ་ར། དོ་ཟིག་ཅང་མེད་ཀི་བརྫེས་ཁཱ་འདྲ་འདྲ། ཉིན་ཉིན་ཁས་བཤད་ཀི །མངོན་སུམ་མ་རིག་གི །དམར་ཁྲིད་འདེབ་གི་ལ་ཡོད་ནི་བོ་དེ་རེད། མྱིག་ད་རྣ་གིས་མ་རིག་མ་གོ་ནི་མ་རེད་ད། སེམས་འདི་ཨཱ་དཀར་སཱ་ཟིག་མ་བརྒྱུས་ནི་རེད། རང་ཐོག་ག་ཁ་ཟིག་མ་བསྐོར་ནི་བོ་འདིས་མ་ཉན་ནི་རེད། ད་རང་གིས་རང་ང་སྙིང་ཟིག་རྗེ་དགོ་རྒྱུ་རེད་ཨཱ། ཚེ་ཐུང་འདིའི་སྐྱིད་ནཱ་སྐྱིད་ཁོམ་ཆི་ཡོད། སྡུག་ནཱ་སྡུག་ཁོམ་ཆི་ཡོད། དབུགས་རྟ་རྔ་ཙམ་པ་འདི་སོང་དུས་སེམས་མ་འཛིན་རྒྱུ་ཟིག་མེད་ན་མི་ལུས་ཐོབ་པཱ་ཟེར་ར་མ་ཐོབ་ཟེར། ད་འོག་གསུང་ཐཱ་ནེ་མིན་ནེ། སྡིག་སྡུག་རང་གིས་བྱས་པ་རང་ལ་གནོད། །ཁྱོད་མགོ་བརྒྱའི་ནང་ནས་རང་མགོ་གཅེས། །ཕྱག་སོར་མོ་བཅུ་ལ་གང་བཅད་ཚ། །བཟའ་མང་ནང་ནས་རང་ཉིད་གཅེས། །རང་མགོ་འདོན་པའི་དུས་ལ་བབ། །ཚེ་འདི་མི་རྟག་མྱུར་དུ་འཆི། །ཆོས་ལ་ཕྱི་བཤོལ་བྱར་མི་རུང། །བརྩེ་བའི་གཉེན་གྱིས་འཁོར་བར་འཕེན། །ཨཽ་གཉེན་ཟེར་རྒྱུ་མེད། དེང་སང་ཕན་འདོགས་གཱ་ཟེར་མཁན་ཕལ་ཆེར་གི །ཁ་གི་ཐོང་ཆོས་མ་ཡེད་མ་བརྫེས་རུང། རྒྱང་བསྐོར་ནི་རྒྱུ་ནོམ་ཕ་དགོ་ཚུས། ཚོང་ཁ་བུ་ལོག་ཡེད་ཚུས། དེ་ཆོས་གི་


GTD008_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་རྐྱེན་ཡིན་ཐང། འདྲ་འདྲ་འགྲིག་འགྲིག་ཚོ་བཤད་ནས། ཁ་འཇིག་རྟེན་གི་གཏིང་ང་བསྐོར། བག་མེད་གི་བྱ་བ་ངན་པ་ཆོས་ནས་བཀག་ཡོད་ཚད་བོ། ཨྰ་ཚང་མས་དེ་བཅའ་གི་ཡོད་གི །འདུལ་བ་ཡུལ་དུས་ཡིན་ཟེར། སྤྱོད་ངན་རང་གིས་བྱས་ཁག་ངན་དུས་ཨ་འཇོག་ནི་པོ། དེའི་མྱིང་ང་སྡིག་པའི་གྲོགས་པོ་ཟེར་ར། བདུད་དགའ་རབ་དབང་ཕྱུག་ཡིན་བརྫེས་ན་ཆོག །རོག་པ་ཡོད་ནི་ཆེ་ཨཱ་ཕན་ནི་རེད། མྱི་མང་བོ་ཡོད་སཱ་མྱེ་ཤོར་ན་རང་རང་ཨེ་ཐར་ལྟ་ན་མིན་གི །རོག་པ་ཡཱོ་གི་ཟེར་བསྡད་འཇོག་ཚུས་མེད་ཨཱ། མྱི་མང་རུང་རྣམ་སྨིན་མྱོང་དུས་རང་རང་གི་མགོ་ཡིན། མྱི་མང་བར་ནས་ལུས་མི་འགྱོ་ར། སུས་མྱོང་རོག་གླ་མི་ཡེད། ད་ངེས་ངེས་གི་ད་རེ་བ་ད་རང་མགོ་ཟིག་འདོན་དགོ་རྒྱུ་རེད། ནོས། ཨ་རྒྱ་ཁ་ལོ་ནམ་ཚ་འདི་ཨཱ་ཐོན་རག་ག་རང་མགོ་ཐོན་ནིས་སོང་ནི་ཡིན། ང་ལྷག་པ་ཆི་འདོན་རྒྱུ་ཡིན། ཁོས། ཡཱ། བྱ་བྱིས་ཚོས་འབའ་འབུ་ཐུས་ཡི་ཁ་གསོས་འགྱོ་གི་ར། དེ་རང་མགོ་ཐོན་བརྫེས་ནི་མ་རེད། ད་སྡི་བཅས་ཚད་པོ་མྱི་ཚེ་སྟོང་ཟད་རེད། རང་མགོ་འདོན་ན། བླ་མ་བསྟེན་པའི་དུས་ལ་བབ། །ཚེ་འདི་རུ་བདེ་ལ་ཕྱི་མར་སྐྱིད། །དམ་ཆོས་བྱེད་པའི་དུས་ལ་བབ། གསུང་ཐཱ་ཨ། དང་པོ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་འདི་ཨཱ་རྟེན་འབྲེལ་མ་འཆུག་པ་ཟིག་དགོ་ནི་རེད། དེ་འཕྲོ་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཚོ་རིམ་པས་སློབ་ཚུལ་མང་རྒྱུ་རེད་ད། དེ་རིང་བཤད་ནིས་ཐག་མི་ཆོད། ང་རུག་ཚོ་རྗེ་བཙུན་རིན་པོ་ཆེའི་ཞབས་ཕྱི་ཨ་འགྱོ། སྒོམ་རེ་རྒྱག་ད། ཉམས་དང་རྟོགས་པ་ནང་ནས་ཤར་གི་ཤར་གི་ཡོང་དུས་མདོ་སྔགས་ཐམས་ཅད་གདམས་པར་ཤར་


GTD008_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཏན་གི་བདེ་སྐྱིད་མགོ་ཚུགས་ཡོང། དེ་དུས་རང་མགོ་ཐོན་ནི་ཡིན་ད། གཞན་གི་མགོ་ཐོན་ནི་དོན་གཉིས་ལྷུན་གྱིས་གྲུབ་པ་བརྫེས་ནི་བོ་དེ་ཡོང་རྒྱུ་རེད། ཁ༈ མགོན་པོ་རྡོ་རྗེའི་ཇ་མཆོད་ནི། ཨཻ་ཨ་རྒྱ། མྱེ་མ་བུས། དཱོ་མ་ཡོང་ང་ཇ་ཁོའུ་བཞག་ཟིག་རེམ་མ་གཅིག་འཐུང་ད། ཀ༈ ང་མྱི་རྒན་གི་ཇ་འདི་བསྐོས་ནི་ཁོའུ་སྒོ་ར། ཁྱོས་དེ་བདེན་ན་དཀོན་མཆོག་གི་ཐུགས་རྗེ་ཡིན་རྒྱུ་རེད། དེ་ཡིན་དུས་དཀོན་མཆོག་ག་མཆོད་ཁ་ཟིག་མ་འཕང་འཐུང་ན་ལས་འབྲས་ཨེ་མི་ཉན་ཨཱ། ཁ༈ ཨ་རྒྱ་མཆོད་སུས་འཕེན། ཀ༈ ཧ་ཧ། ང་རྒྱ་བོད་ཧོར་གསུམ་འགྲིམ་གི་མྱི་རྒན། བཟང་ངན་བར་གསུམ་རིག་གི་གོམས་རྒན། ཆོས་འཇིག་རྟེན་གཉི་གའི་ཕར་སྣེ་བུད་གི །ཚུར་སྣེ་བུད་ནི་པོ་ཡིན་དུས་མཆོད་ངས་འཕེན། ཨཽ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་དབུ་མཛད་དྲིན་ཅན་རྩ་བརྒྱུད་ཀྱི་བླ་མ་རྣམས་མཆོད། དེ་ཡིན་ཨཱ། ཁ༈ བུ་རྒོད་པོ། ལོས་ཟིག །རྟེན་འབྲེལ་བསྒྲིག་ན་མགོ་འཛུགས་པོ་བླ་མ་ཡིན་མོ། རྗེ་བདག་ཉིད་ཆེན་པོས་ར། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ། གསུང་ཡཱོད་ཀི་མོ། དེའི་འཕྲོ་ཡཱ། ཀ༈ ཨོ་གྲྭ་ཚང་རྒྱ་མཚོ་ལྟ་བུའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན། མཁས་བཙུན་བཟང་གསུམ་འཛོམ་པ། རྡོའུ་བྱུ་རུ་རུ་པོ་ཏི་ལྔ་འདོམ་མཱ་འཇཱ་མཁན། སྣུམ་ཙི་རི་རི་རྒྱུད་སྡེ་བཞི་དབྱངས་ང་གྱེར་མཁན། དམར་ལྡེམ་ལྡེམ་ལྡེམ། སེར་ལྗིག་


GTD008_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལྗིག་ལྗིག །ས་ཐོག་ཐམས་ཅད་གང་ཡོད་ནི་བོ་འདི་མཆོད། ཁ༈ ཡིན་ན་ཡིན་ན་དེ་ཡིན། མཆོད་ས་པོ་དགེ་འདུན་ཡིན་མོ། ཡིན་ནེས་མི་ཚད། དགེ་འདུན་འདྲ་བའི་སྣོད་མེད་དེ། བརྫེས་དུས་ཨེ་ཟིག་འགྱཱོ་ར་འགྱཱོ། ཀ༈ ཧི་ཧི་ ཁྱོས་བཤད་ཚོའུ་ཨ་བལྟས་ན་ཁྱོའུ་དེའི་དོན་མ་གོ་ཟིག །དགེ་འདུན་འདྲ་བའི་སྣོད་མེད་བརྫེས་ནི་པོ། ཚུལ་ཁྲིམས་རྣམ་པར་དག །ཐོས་བསམ་སྒོམ་གསུམ་ཡས་ནི། རང་གི་སེམས་ན་ཟས་ནོར་ར་སྲེད་པ་སྤུ་ཙམ་ཟིག་མེད་རུང། ཆོས་སྐྱོང་སྲུང་མས་གྲོགས་ཡས། དཀར་ཕྱོགས་ལྷས་མཐུན་རྐྱེན་བསྒྲུབས་ནི་ཟས་ནོར་ཆར་འབབ་འབབ་ཡས། ཡོན་བདག་དད་པ་ཅན་གི་བསོད་ནམས་གི་ཚོགས་རྫོགས་ནི་བོ་དེ་རེད། མང་ཇ་ཨེ་ཡཱོད་ཀི་ཐུག་པ་ཨེ་ནུར་གི་ཕོགས་ཨེ་ཆེ་གེ་ཟེར་རིས་ཁ་ཟེད་ཟེད་ང་འདུག་ནི་ཚོ་སྣོད་ཡིན་བརྫེས་ནི་མ་རེད། ཁ༈ ཨ་རྒྱ་ཆོས་བཤད་བཟང་གི་ར་ཨུ་གུའི་དབྱུག་པ་འདི་ཕྱིར་རེ་རེ་འཁོར་མི་གཏོང་མོ་ཨ། ཀ༈ དྲག་དྲག་དྲ་མ་དྲི་མ་མཚན་ཉིད་པཱ་ཁྱབ་འགྲིག་ཟེར་གྱི་ཟིག་གཱ་ཡོད། སྔགས་པཱ་ཕྱིར་བཟློག་ཟེར་གྱི་ཟིག་གཱ་ཡོད། ཡིན་རུང་བདེན་པ་ངས་དེ་ཁྲིག་ཁྲིག་ཡིན། ད་ཁྱོད་བཤད་ཀྱི་མ་མང། ངས་མཆོད་གི་འཕྲོ་འཕེན་ཡཱ། མགོན་ཆོས་རྒྱལ་གཉིས་ལ་སོགས་པ་གྲ་དཔོན་སློབ་ཐམས་ཅད་ཀིས་སྒྲུབ་སྒྲུབ། བསྟེན་བསྟེན། མཆོད་མཆོད། བཀུར་བཀུར། བཀྱག་བཀྱག་པའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་ལྡན་ཐམས་ཅད་མཆོད། ཁ༈ བཟང་ཡཱ་སྣ་ཚོགས་འཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །བརྫེས་དུས་ཁོང་རྣམ་ཚོ་གཅིག་མཆོད་ན་ཁོང་


GTD008_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པས་ར་འཕྲིན་ལས་ཚུལ་བཞིན་དུ་སྒྲུབ་རྒྱུ་རེད། དེ་ཡས་ན། སྐུ་ཕྱོགས་ཐམས་ཅད་མཁྱེན་པ་སྐུ་ཚེ་ཞབས་པད་རི་རྒྱལ་ལྷུན་པོ་བཞིན་དུ་བརྟན། མཛད་པ་འཕྲིན་ལས་གིས་ས་སྟེང་ཁྱབ། དགེ་འདུན་གི་ཆོས་འཆད་ཉན་ཡར་ཟླ་བཞིན་འཕེལ། ཡུལ་ཕྱོགས་སུ་བཀྲ་ཤིས། ལོ་ལེགས། བཟང་བཟང། བརྒྱན་བརྒྱན། བསམ་བསམ། འདོད་འདོད་ཐམས་ཅད་པོ་འགྲུབ་རྒྱུ་བོ་ལོས་ཡིན། ཀ༈ ཐག་གི་ཆོད་པ་དེ་ཡིན། དེ་ཐང་མོ་སྣེས་བཟུང་དེ་མཆོད་འཕེན་ཡ་ཨེ་རིས་མཆོད་མཆོད་མཆོད་མཆོད་མཆོད་མཆོད་མཆོད་མཆོད་མཆོད་མཆོད། བརྒྱ་མཆོད། སྟོང་མཆོད། ཁྲི་མཆོད། འབུམ་མཆོད། ཇེ་མཐོ་རྒྱ་ཡར་ཡར་མཆོད། ལྷ་རྒྱལ་ལོ། །ཕཊ། ༈ མཆོད་ འདོད་དགུའི་ཆར་བ་འབེབ་བླ་མ་ཡི་དམ་ལྷ། འདོད་ཁམས་དབང་ཕྱུག་ཆོས་སྐྱོང་སྲུང་མའི་ཚོགས། །འདོད་ཡོན་སྣ་ལྔའི་མཆོད་པ་འདི་བཞེས་ལ། །འདོད་པའི་ད་ཡང་གཱ་རེ་ལ་དོན་ཀུན་འགྲུབ་པའི་འཕྲིན་ལས་མཛོད་མཛོད་མཛོད། དེ་ཇ་མཆོད་གི་མདོར་བསྟན་རེད། རྒྱས་བཤད་ཡས་ན། བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས། འཛམ་གླིང་རྒྱན་དྲུག་མཆོག་གཉིས། ཇོ་བོ་ཡབ་སྲས། རྗེ་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོ་ཡབ་སྲས། རྒྱལ་དབང་ཐམས་ཅད་མཁྱེན་པ། པཎ་ཆེན་སྣང་བ་མཐའ་ཡས། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་དཔལ་ལྡན་བླ་མ་དམ་པ་རྣམས་མཆོད་མདོར་ན་ཉིན་མཚན་མེད་པར་སངས་རྒྱས་ཀྱི་བསྟན་


GTD008_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐུགས་ལ་བཅང་མཁན། རྗེས་སུ་ཞུགས་ཚད་ཀི་བློ་སྣ་ཆོས་ལ་སྐོར་མཁན། མདོ་རྒྱུད་གསུང་རབ་ཀུན་ལ་ནང་བྱན་ཆུད་མཁན། ཐོས་དོན་སྒྲུབ་པས་ཉམས་སུ་ལེན་མཁན་གི་བླ་མ་སྐྱེས་བུ་དམ་པ་གང་ན་སུ་བཞུགས་བོ་མཆོད། དཱ་འཕྲ་འཕྲོ་རེ་ཡོ་ཁི་ན། དབྱར་ཚ་རྒྱུ་མེད། དགུན་འཁྱག་རྒྱུ་མེད་དཱ་གྲོང་ཆོག་བརྡས་ནས་ལུང་སྐྱོག་རཱེ་དགོན་པ་བག་བུག་རེ་གསོ་གི་ཡོད་མཁན་གི་བླ་མ་ཚཱོ་ར་མཆོད་ཁཱ་རེ་ཤིས། ཡི་དམ་བདེ་གསང་འཇིགས་གསུམ། དུས་ཀྱི་འཁོར་ལོ། ཀུན་རིག་རྣམ་པར་སྣང་མཛད་སོགས་རྒྱུད་སྡེ་བཞིའི་ལྷ་ཚོགས་ཐམས་ཅད་མཆོད། མགོན་ཆོས་རྒྱལ་གཉིས་ཀྱིས་གཙོས་པའི་ཆོས་སྐྱོང་སྲུང་མ་མཆོད། ཆི་གི་མཆོད་ན་འདོད་ཡོན་ལྔ་ལྡན་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་གི་མཆོད། ༈ ཁོས་བདུད་རྩིའི་རྒྱ་མཚོ་ཁྱ་ཤག་ཤག་ཤག་ཡེད་ཁི་ཨཱ། ༈ ཁྱོ་སྡོད་སྡོད་དཱ་འཕྲིན་བཅོལ་ཡེད་ཁི་ཆུག །འདོད་པའི་དོན་ཀུན་བརྫས་དུས་ཆོས་འཆད་ཉན། འགྲིག་ལམ་ཀུན་སྤྱོད། མངའ་ཐང་སྙན་གྲགས། ལྐོག་གཏམ་པ་ལ་འགྱེད་ཕོགས་མང་ཇ་སོགས་ཆོས་སྲིད་གི་ལེགས་ཚོགས་ཐམས་ཅད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། དཱ་དེའི་ནང་དཱ་མ་འདུས་ནི་ཟིའི་གི་མེད་མོ། ཨ་ཙ་ཙ།


previousཕལ་སྐད་ཚུལ་དུ་གནང་བའི་ཟབ་ཆོས།next