Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
རྟེན་གསུམ་གྱི་དཀར་ཆག་སྐོར།
   
   
   
   


 
previousརྟེན་གསུམ་གྱི་དཀར་ཆག་སྐོར།next

རྟེན་གསུམ་གྱི་དཀར་ཆག་སྐོར།


GTD008_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐོར་བུ་ལས་རྟེན་གསུམ་གྱི་དཀར་ཆག་དང་སྐོར་ཚད་ཀྱི་རིམ་པ་ཕྱོགས་བཀོད་བཞུགས་སོ། །


GTD008_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཐུགས་རྗེའི་བདུད་རྩིའི་གཟེགས་མ་ཙམ། །སྙིང་ལ་ཞུགས་པས་སྲིད་ཞིའི་གདུང་སེལ་བ། །བསླུ་མེད་མཆོག་གསུམ་ཞབས་ཀྱི་པདྨོ་ལ། །གུས་པས་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །རྣམ་དཀར་ལས་ལ་འཇུག་པའི་སྒོ་གསུམ་ལས། །ལུས་ཀྱི་བྱ་བ་ཕྱག་དང་སྐོར་བ་ཡི། །ཕན་ཡོན་མཐོང་སྟེ་འབད་པར་བྱེད་པ་ནི། །རླབས་ཆེན་བསོད་ནམས་སྒྲུབ་པའི་ཐབས་མཆོག་ཡིན། །དེ་ཡི་ཕན་ཡོན་མཆོད་རྟེན་བསྐོར་བའི་མདོ། །པད་དཀར་ཏིང་འཛིན་རྒྱལ་པོ་ཟ་མ་ཏོག །སྤྱན་རས་གཟིགས་དང་གསལ་རྒྱལ་གྱིས་ཞུས་སོགས། །མདོ་དང་དམ་པའི་གསུང་རྒྱུན་མཐའ་ཡས་པ། །ཟུར་ཙམ་གཞན་དུ་བཀོད་ལས་ཤེས་དགོས་ལ། །འདིར་ནི་དེ་དག་རྣམས་ཀྱི་སྙིང་པོའི་དོན། །མཐོང་དང་མ་མཐོང་ཕན་ཡོན་མདོར་བསྡུས་ཙམ། །གཟུང་བདེ་གོ་སླའི་ངག་གིས་རྗོད་བྱེད་ན། །མཆོག་གསུམ་ཞིང་ལ་དད་གུས་རྩེ་གཅིག་གིས། །བཟླས་བརྗོད་དང་བཅས་བསྐོར་


GTD008_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱ་བ་ནི། །ནད་རིམས་དྲི་མ་འཁྲུད་བྱེད་གཙང་མའི་ཆབ། །གདོན་དང་བགེགས་ཀྱིས་མི་ཚུགས་སྲུང་བའི་མཆོག །དུས་མིན་འཆི་བ་འཕྲོག་བྱེད་བདུད་རྩིའི་རྒྱུན། །བག་མེད་བྱ་བའི་རྒྱུན་གཅོད་རལ་གྲི་བཞིན། །སྡིག་ལྟུང་མུན་པ་སེལ་བྱེད་སྒྲོན་མེ་དང། །སྡུག་བསྔལ་ཚ་གདུང་སེལ་བ་ཟླ་བའི་འོད། །དད་པའི་མྱུ་གུ་སྨིན་བྱེད་ཆར་གྱི་རྒྱུན། །བྱིན་རླབས་ཀླུང་རྒྱུན་འབབ་པའི་འཇུག་ངོགས་ཟབ། །ཤེས་རབ་པདྨ་རྒྱས་པའི་ཉིན་མོར་བྱེད། །བསོད་ནམས་རིན་ཆེན་འདྲེན་པའི་ཤིང་རྟ་ཆེ། །འཇིག་རྟེན་ཕ་རོལ་འགྲོ་བའི་ལམ་གྱི་རྒྱགས། །སུས་ཀྱང་འཕྲོག་པར་མི་ནུས་ནོར་གྱི་མཆོག །འབྲས་བུ་ཟད་མི་ཤེས་པའི་དཔག་བསམ་ལྗོན། །རབ་འབྱམས་རྒྱལ་བ་དགྱེས་བྱེད་མཆོད་པའི་སྤྲིན། །མངོན་མཐོའི་ཚལ་དུ་བགྲོད་པའི་བཞོན་པ་དང། །ངེས་ལེགས་ཐར་པར་འཇུག་པའི་ཐེམ་སྐས་ཏེ། །ཚོགས་གཉིས་རྒྱ་མཚོར་བགྲོད་པའི་


GTD008_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་བོ་ཆེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་ནོར་བུ་ཡིན། །མཁའ་ལྟར་རྒྱ་ཆེ་རྒྱ་མཚོ་ལྟ་བུར་ཟབ། །ལྷུན་པོའི་སྤོ་ལྟར་མཐོ་བའི་བསོད་ནམས་ཀྱི། །ཕ་མཐའ་འཕགས་མཆོག་རྣམས་ཀྱང་གཞལ་དཀའ་ན། །བདག་ལྟས་ཇི་བཞིན་བརྗོད་པར་ག་ལ་ནུས། །སྐོར་ཚད་གཅིག་ཏུ་ངེས་པ་མ་མཆིས་ཀྱང། །རྟེན་གཙོར་གཞལ་བའི་འབུམ་ལ་སྐོར་ཚད་དུ། །བྱེད་པར་རྒྱལ་དབང་བདུན་པས་གསུངས་པ་བཞིན། །འགྲོ་བའི་བསོད་ནམས་ཞིང་མཆོག་འདི་ལ་ཡང། །རྟེན་གཙོ་ཇོ་བོའི་སྐོར་ཚད་ཆིག་ཁྲི་དང། །ཆིག་སྟོང་སུམ་བརྒྱ་བྱམས་སྐོར་ཁྲི་ཕྲག་གསུམ། །ཡིན་ཀྱང་བརྒྱ་ཕྲག་ཙམ་རེ་ལྷག་དང་བཅས། །སོང་སྟེ་བསྔོ་བས་རྒྱས་གདབ་བྱས་ན་ལེགས། །རྙེད་པར་དཀའ་བ་དལ་འབྱོར་རྟེན་བཟང་ཐོབ། །མཇལ་དཀའ་མཆོག་གསུམ་རྟེན་དང་མཇལ་བའི་དུས། །དོན་མེད་ལེ་ལོའི་དབང་དུ་མ་བཏང་བར། །མྱུར་བ་མྱུར་བར་སྙིང་པོ་བླངས་ན་ལེགས། །འདི་ཡིས་དགེ་བས་འབྲེལ་ཐོགས་ལུས་ཅན་ཀུན། །མཆོག་གསུམ་ཐུགས་རྗེའི་བྱིན་རླབས་གྲུ་གཟིངས་ལ། །བརྟེན་ནས་ཕྲ་རགས་སྲིད་པའི་མཚོ་བརྒལ་ཏེ། །སྐུ་གསུམ་ནོར་བུའི་གླིང་དུ་ཕྱིན་གྱུར་ཅིག །ཅེས་པ་འདི་ནི་གཞུང་བརྒྱ་སྨྲ་བའི་དབང་པོ་དམུ་དགེའི་སློབ་ཟུར་ལྷ་རམས་པ་ངག་དབང་རྒྱལ་མཚན་གྱིས་དེ་ཀའི་དགོན་པའི་རྟེན་དུ་ཇོ་བོའི་ལྷ་ཁང་གསར་བསྐྲུན་བགྱིས་སྐབས་སྐོར་ཚད་ཕན་ཡོན་དང་བཅས་གོ་བདེ་བ་ཞིག་དགོས་ཚུལ་བྱུང་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་


GTD008_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །། ༈ རྣམ་དག་ཆོས་དབྱིངས་བདེ་བའི་ཀུན་གསལ་ལས། །ཐེག་མཆོག་ལོངས་སྤྱོད་ཆ་ཤས་རྫོགས་པའི་ཟླ། །སྤྲུལ་བའི་འོད་དཀར་བཀོད་པའི་སྣང་བརྙན་བཅས། །སྤྲོས་པས་འཇིག་རྟེན་རྒྱན་གྱུར་དེ་ལ་འདུད། །རྒྱལ་རྣམས་ཐུགས་རྗེ་དབྱར་གྱི་ལང་ཚོ་ཡིས། །ཡོངས་བཟུང་གདུལ་བྱའི་བསོད་ནམས་འཛིན་མ་ལས། །ཇི་ལྟར་འཚམ་པའི་དགེ་ལེགས་རྐང་འཐུང་འཕྲེང། །གཏན་བདེ་འབྲས་བུས་སྤ་བ་ཅི་ཡང་འཆར། །བསླབ་གསུམ་ཆུ་གཏེར་ལུང་གི་རླབས་འཕྲེང་ཅན། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རྒྱ་མཚོ་ཡང། །མཆོག་གསུམ་རྟེན་གྱི་གདེངས་ཅན་དབང་པོའི་བྱིན། །ཉམས་པ་མེད་པའི་རྟེན་འབྲེལ་མཐུ་ལ་རག །དེ་ཕྱིར་མ་འོངས་སྐྱེ་བའི་འཕྲེང་བ་ཀུན། །སྟོན་པ་མཆོག་དེས་འབྲལ་མེད་རྗེས་འཛིན་ཅིང། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་བྱའི་ཕྱིར། །བྱ་བ་ལས་ཀྱི་འཁོར་ལོ་མཆོག་འདི་བརྩམས། །དེ་ཡི་ངོ་མཚར་ཐོག་མ་བར་དང་མཐར། །དགེ་བའི་བརྗོད་པ་ཟད་མི་ཤེས་པ་ལས། །སྙིང་པོ་རིང་བསྲེལ་རྣམ་བཞིའི་ཕུང་པོ་རུ། །བསྒྲུབས་པའི་གླེང་གཞི་མདོ་ཙམ་སྤེལ་བར་བྱ། །དེའང་འཇིག་རྟེན་གསུམ་གྱི་བླ་མ། རྣམ་འདྲེན་སྟོབས་བཅུའི་བདག་ཉིད་མཉམ་མེད་ཤཱཀྱའི་རྒྱལ་པོའི་སྐུ་ལ་འཇམ་མགོན་ཙོང་ཁ་པ་ཆེན་པོས་བསྟན་པ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་དུ་མདོ་ལས་ལུང་བསྟན་པ་བཞིན་


GTD008_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་རྒྱན་ཕུལ་བ་དང་རྣམ་པ་མཐུན་པར་ཇོ་བོ་རིན་པོ་ཆེའི་སྐུ་བརྙན་མཐོང་བ་དོན་ལྡན་འདིའི་ལོ་རྒྱུས་ནི། ༸སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་འཇིགས་མེད་རྒྱ་མཚོའི་གསན་སྦྱོང་སོགས་ཆོས་སྲིད་ཀྱི་ཞབས་འདེགས་སུ་འཇམ་དབྱངས་གོང་མ་ཆེན་པོའི་བཀས་ཨེར་ཏེར་ཐུ་མེར་གེན་མཁན་པོ་ཞེས་བསྐོས་པའི་དོན་བཞིན། ཀུན་གཟིགས་རྒྱལ་བའི་དབང་པོ་མཆོག་ནས་དེ་ལྟར་གཟེངས་བསྟོད་ཅིང། དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཁྲི་ཐོག་ཉེར་ལྔ་པ་གཞུང་ལུགས་རྒྱ་མཚོའི་དོན་ལ་ཐོགས་པ་མེད་པའི་མཁྱེན་རབ་ཀྱི་དབང་ཕྱུག་དཀོན་མཆོག་སེངྒེ་ནས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་འདིས་མཚོན། མཐའ་དབུས་ཀུན་ཏུ་བསྟན་པ་རྒྱས་པ་དང། རང་གཞན་འབྲེལ་ཐོགས་ཀུན་ཀྱང་ཚེ་རབས་ཀྱི་ཕྲེང་བར་བསྟན་པའི་སྙིང་པོ་ཐོས་བསམ་སྒོམ་པས་ཉམས་སུ་བླངས་ཏེ་རྒྱལ་བ་དགྱེས་པར་བྱེད་པའི་རྟེན་འབྲེལ་དུ་དམིགས་ནས་བཞེངས་པའི་འདུན་པ་བསྐྱེད་ཅིང། ལང་ཇུས་ནས་མགར་བ་འདི་ཉིད་འོངས་ཏེ་ངེད་ལ་ལུང་སྟོན་བྱམས་པའི་སྐུ་བཞེངས་པ་ད་ལྟའི་རྒྱ་བོད་ཀྱི་བཟོ་བོ་ཀུན་གྱི་ངང་ཚུལ་ལས་ཆེས་རིང་དུ་འདས་པའི་ངོ་མཚར་ཕུལ་དུ་ཕྱིན་པས་ཀྱང་དམིགས་རྐྱེན་བྱས་ཏེ། རབ་བྱུང་བཅུ་བཞི་པའི་ནང་ཚན་དངོས་པོ་ཞེས་པ་ཤིང་ཕོ་ཁྱིའི་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔར་ལས་མགོ་བརྩམས། དེ་ནས་བཟུང་སྟེ་བར་མ་ཆད་པར་སྒྲུབ་པས་འཛིན་བྱེད་ཅེས་པ་མེ་བྱིའི་དགུན་ལེགས་པར་གྲུབ། ཕྱིའི་རྒྱུ་བཟོ་མཐའ་དག་ཤིན་ཏུ་བཟང་བའི་ཚོད་ཀྱིས་ནང་རྟེན་ཡང་འབད་རྩོལ་ཆེན་པོས་བསྒྲུབས་ཏེ་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་པའི་རིམ་པ་ནི། སྟོན་པ་ཐུབ་པའི་དབང་པོ་དང་སངས་རྒྱས་འོད་སྲུང་གི་འཕེལ་གདུང་མདོ་དབུས་རི་བོ་རྩེ་ལྔ་སོགས་ནས་


GTD008_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་བཅུ་ལྷག །བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས། ཤཱ་རིའི་བུའི་ན་བཟའ། རྒྱ་གར་གྲུབ་ཆེན་དུ་མའི་གདུང་རུས་སྐུ་ཤ །ནག་པོ་སྤྱོད་པའི་རུས་རྒྱན། མ་ཅིག་གྲུབ་པའི་རྒྱལ་མོའི་ཚེམས། ཇོ་བོ་རྗེའི་སྣམ་སྦྱར་དབུ་ཞྭ། མར་པའི་བེར། རྗེ་བཙུན་མི་ལའི་སྒོམ་ཐག་ན་བཟའ། པོ་ཏོ་བའི་དབུ་ཞྭ་ན་བཟའ་གདུང་རུས། སྲས་དར་མ་མདོ་སྡེའི་ན་བཟའ། ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་ཤ །ཕག་མོ་གྲུ་པའི་དབུ་ཞྭ། ཀརྨ་པ་ཀྴིའི་ན་བཟའ། ཡང་དགོན་པའི་དབུ་སྐྲ། པཎ་ཆེན་ཤཱཀྱ་ཤྲཱིའི་ན་བཟའ་སྣམ་སྦྱར། འགྲོ་མགོན་ཆོས་རྒྱལ་འཕགས་པའི་རྡོ་རྒྱུས་ཀྱི་སྒོམ་ཐག །བང་ཁེབས། བུ་སྟོན་རིན་པོ་ཆེའི་ན་བཟའ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྐུ་ཆོས། ལྷོ་བྲག་གྲུབ་ཆེན་གྱི་ཚེམས་གདུང་དྲིལ། ཆོས་རྗེ་དོན་གྲུབ་རིན་པོ་ཆེའི་ཕྱག་ཕྲེང། རྗེ་རིན་པོ་ཆེའི་དབུ་སྐྲ་ན་བཟའ་སྐུ་ཆོས་སྐུ་གཟན་དབུ་ཞྭ་སྣམ་སྦྱར། རྒྱལ་བ་བློ་བཟང་དོན་གྲུབ་ཀྱི་ན་བཟའ་བཞུགས་འབོལ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་དབུ་སྐྲ། ༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཚེམས་དབུ་ལོ་དབུ་ཞྭ་སྐུ་གཟན་བཞེས་ཕྱམ། ཞྭ་ལུ་བསོད་ནམས་མཆོག་གྲུབ་ཀྱི་ན་བཟའ། ༸རྒྱལ་དབང་ལྔ་བའི་མགུལ་སྲུང་ཤངས་མཚལ། གདུང་དྲིལ་ན་བཟའ། གུ་རུ་ཆོས་དབང་གི་ཞབས་བཅག །པོ་པོ་གྲུབ་ཆེན་ཡེ་ཤེས་བཟང་གི་སྐུ་ཆོས། རིག་འཛིན་ངག་དབང་རྡོ་རྗེའི་འགན་སྦྱར། ཁྲ་ཚང་བའི་སྣམ་སྦྱར། བདུད་རྩི་ཆོས་སྨན། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་དབུ་སྐྲ་ན་བཟའ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ན་བཟའ་དབུ་ལོ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་


GTD008_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཟན་དབུ་ལོ། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་དབུ་ཞྭ་ན་བཟའ་གདུང་ཚྭ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དབུ་སྐྲ་སྐུ་ཆོས་སྐུ་གཟན། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་ན་བཟའ། བ་སོ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག་གི་སྐུ་འགག །སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་སྐུ་ཤམ། བ་སོ་སྤྲུལ་སྐུ་ངག་དབང་དཀོན་མཆོག་ཉི་མའི་དབུ་ཞྭ། རྗེ་འཇམ་དབྱངས་བཞད་པའི་ན་བཟའ་ཕྱག་ཕྲེང་གསེར་འཛབ། ཀུན་མཁྱེན་འཇིགས་མེད་དབང་པོའི་ཚེམས་དབུ་ལོ་ན་བཟའ། རྡོར་ཕྲེང་མི་ཏྲ་སོགས་གནང་དུས་ཀྱི་བུམ་ཆུའི་རྒྱུན། གདུང་ཚ། ཁྲི་ཆེན་དགེ་འདུན་ཕུན་ཚོགས། ཁྲི་ཆེན་དཔལ་ལྡན་གྲགས་པ། ཁྲི་ཆེན་ངག་དབང་མཆོག་ལྡན་རྣམས་ཀྱི་ན་བཟའ་གདུང་རུས། དཔོན་སློབ་བྱམས་པ་རིན་པོ་ཆེའི་སྐུ་ཆོས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཚེམས་དབུ་ལོ་ན་བཟའ། གདུང་དྲིལ། སྐུ་ལྕུག །ཀློང་རྡོལ་གྲུབ་དབང་རིན་པོ་ཆེའི་གདུང་དྲིལ་ན་བཟའ། འོན་རྒྱལ་སྲས་རིན་པོ་ཆེའི་དབུ་ལོ་གསང་ཆབ། མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་འཇིགས་མེད་རྒྱ་མཚོའི་ཕྱག་ཕྲེང། སྟོང་སྐོར་རིན་པོ་ཆེའི་ན་བཟའ། ཁྲི་ཆེན་སྤྲུལ་སྐུ་འཇིགས་མེད་རིག་པའི་སེདྒེའི་ན་བཟའ་དབུ་ལོ། སྒོམ་ཆེན་བློ་བཟང་དཀོན་མཆོག་གི་དབུ་སྐྲ། བཀའ་འགྱུར་བ་འཇིགས་མེད་རབ་རྒྱས་ཀྱི་གདུང་རུས། བདེ་མཆོག་རང་བྱོན་གྱི་ན་བཟའ། སྒྲུབ་ཕུག་གི་ས། མར་པའི་བཞུགས་ཁྲི་རྡོ་ཨ་མོ་ལི་ཀའི་དུམ་བུ། རྗེའི་གསོལ་ལྷུང་ནང་གི་ནས། རྩེ་ལྔའི་དཔག་བསམ་ཤིང་གི་ཡལ་ག །སྒོ་མང་མགོན་པོའི་གཏོར་སྤུ། དགའ་ལྡན་ཆོས་རྒྱལ་གྱི་ན་བཟའ་དང་ཞལ་གྱི་ནས། སྐུ་འབུམ་ཙན་དན། ཨ་ར་པ་ཙའི་སྒྲུབ་ཕུག་གི་ས། རྒྱ་གར་རྡོ་


GTD008_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གདན་དང་མཚོ་མ་དྲོས་པའི་བྱེ་མ། གངྒཱའི་ཆབ་རིལ། སྙེ་ཐང་ཇོ་བོའི་ཁྲིའི་ས། མ་ཕམ་གཡུ་མཚོའི་སིནྡྷུ་ར། ཙ་རི་སོགས་དབུས་གཙང་གི་གནས་ཆེན་མཐའ་དག་གི་ས་སྣ་གཞུང་གི་རྟེན་སྣ་འཛོམ་གང་ཆེའི་ཕབ་རྒྱུན། གཙང་དབུས་ཀྱི་རྟེན་བསྡུས་དང་མ་ཎི་རིལ་བུ་ཁག་མང་པོ། གཙང་དང་བྱ་ཁྱུང་ས་སྐྱ་རྣམས་ཀྱི་བདུད་རྩི་རིལ་བུ། ནཱ་ག་ཛུ་ནའི་མི་མཐུན་ཀུན་འཇོམས་སོགས་ཐོར་བུ་སྨོས་ཀྱིས་མི་ལང་ལ། ངེད་ཀྱི་རྟེན་ཞིག་དགོས་ཚུལ་ནན་ཆེ་བར་ཕྲེང་བ་ནི་ལྷའི་བསྐྱེད་ཆོག་བྱས་པ་དང་གཟུངས་སྔགས་བགྲང་བའི་རྟེན་བྱས་པ་དེ་རང་གི་ངོས་ནས་ཀྱང་ཕྱག་མཆོད་ཀྱི་རྟེན་དུ་བྱས་པ་འགལ་བ་མེད་དམ་སྙམ་སྟེ་བཞེད་པ་བཞིན་བྱས་པ་ཡིན། གཟུངས་ཀྱི་རིམ་པའང། གཟུངས་གཞུག་རྒྱས་པ་ཚར་ཉེར་གཅིག །འབྲིང་དང་བསྡུས་པ་ཚར་སྟོང་ཕྲག་རེ། དམིགས་བརྩེ་མ། རིགས་གསུམ་མགོན་པོའི་སྙིང་པོ། རྡོར་སེམས་ཡིག་བརྒྱ། དེ་བཞིན་གཤེགས་པའི་ཡིག་བརྒྱ། གསང་བདེ་འཇིགས་གསུམ་གྱི་སྙིང་པོ། གཙུག་ཏོར་འཁོར་བསྒྱུར་དང་བགེགས་མཐར་བྱེད་གཉིས་ཀྱི་སྔགས། རིག་བྱེད་མའི་སྙིང་པོ། རྟ་མགྲིན་མགོན་པོ་ཆོས་རྒྱལ། ལྷ་མོ། རྣམ་སྲས་རྣམས་ཀྱི་སྙིང་པོ། བྱམས་པས་དམ་བཅའི་གཟུངས། ཐུགས་རྗེ་ཆེན་པོའི་གཟུངས་སོགས་ཁྲི་ཕྲག་རེ་ལས་མི་ཉུང་བ། སྐྱབས་འགྲོ་ཁྲི་ཕྲག་ལྔ། གསང་འདུས་རྩ་རྒྱུད་གཅིག །མཚན་བརྗོད་གདུགས་དཀར་ཚར་མང་པོ། པོ་ཏི་ལྔའི་རྩ་བ་ཚར་རེ། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་རྗེ་བླ་མའི་སྐུ་བྱིན་ཅན། འོད་དཔག་མེད་ཀྱི་སྐུ་སོགས་རྗེའི་ཕྱག་ཚྭ་འགང་ཞིག་དང། ཐུབ་དབང་བྱམས་འཇམ་དབྱངས། ཀླུ་སྒྲུབ་ཐོགས་


GTD008_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མེད། ཇོ་བོ་རྗེ། རྗེ་རིན་པོ་ཆེ། རྡོ་རྗེ་འཆང། རྒྱལ་པོ་ཟླ་བཟང། ཨིནྟྲ་བོ་དྷི། ལཱུ་ཨི་པ། དྲིལ་བུ་པ། ལཱ་ལི་ཏ། སྐྱབས་མགོན་རིན་པོ་ཆེའི་འཁྲུངས་རབས་ཆ་ཚང། འཇིགས་བྱེད་དཔའ་གཅིག །འཇམ་དབྱངས་ཀུན་གཟིགས། འཇམ་དབྱངས་རིགས་ལྔ། དབྱངས་ཅན་མ། རིག་བྱེད་མ་རྣམས་ཀྱི་སྐུ་དྲི་བཟང་བསྒོས་པའི་ཤོག་བུ་ལ་པར་དུ་བཏབ་པ་སྟོང་ཕྲག་རེ། འཇིགས་བྱེད་ཀྱི་སྒོ་ནས་མན་ངག་ལྟར་བྲི་སྒྲུབ་བྱས་པའི་འཁོར་ལོ་བཞི། བགེགས་མཐར་བྱེད་དང་གཙུག་ཏོར་འཁོར་བསྒྱུར་གྱི་འཁོར་ལོ་གཉིས། ཁྲིའི་ནང་དུ་གཏེར་བུམ་གྱི་ཁར་བྲི་སྒྲུབ་བྱས་པའི་གནོད་སྦྱིན་དང་ཚོགས་བདག་འཁོར་ལོ། གཏེར་རྫས་རིན་པོ་ཆེའི་རིགས། འབྲུ་སྣ། གོས་དར། ཟས་སྣ་སོགས་དང། གོང་མ་ཁང་ཤི་རྒྱལ་པོའི་གདན། ཆན་ལུང་རྒྱལ་པོའི་བཞེས་འཕྲོ་ཕྱག་ནས། གོང་མའི་ཕོ་བྲང་གི་མཁར་ས་དང་ཐབ་ས། པི་ཅིང་གི་སྒོ་དགུའི་ས་སོགས་བཀྲ་ཤིས་པའི་རྫས་དང་གཡང་ཆགས་པའི་དངོས་པོ་དུ་མས་དགེ་མཚན་གྱི་གཏེར་ཆེན་པོས་བསྒྲུབས་སོ། །བདེ་གཤེགས་འཕྲིན་ལས་ཟླ་ཟེར་ཕྲ་མོས་ཀྱང། །གདུང་སེལ་བསིལ་བའི་བདེ་དགའ་མཆོག་སྦྱིན་ན། །སྐུ་གསུམ་རྟེན་གྱི་ཆ་ཤས་ཡོངས་གང་བས། །བསིལ་ཟེར་བྱེད་པ་སྙིང་གི་ཐིག་ལེ་ཡིན། །འོན་ཀྱང་ལེགས་བྱས་ཀུ་མུད་བཞད་པ་ལ། །ལོག་རྟོག་རི་བོས་སྒྲིབ་མེད་སྨོས་ཅི་འཚལ། །སོམ་ཉི་ཆུ་འཛིན་དྲ་བ་སེལ་དགོས་པས། །བློ་ལྡན་རྣམས་ཀྱིས་རང་སེམས་བྱི་དོར་གྱིས། །བཞུ་བརྟུལ་ལན་གྲངས་དུ་མར་བྱས་པའི་གསེར་སྦྱངས་ཉི་འོད་འབར་ཞིང། རྡོ་རྗེ་ཕ་ལམ། མུ་ཏིག །སུ་གནྡྷ། གཡུ་བྱི་རུ། རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་པར་བྱས། གདོང་ལྔས་བཏེག་པའི་ཁྲི་དང་རྒྱབ་ཡོལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་མཚོན་པའི་ཁྲི་དྲུག་འགྱོག་


GTD008_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གི་བཀོད་པ་དང་མཐའ་སྐོར་དུ་པ་ཏྲའི་ལྷོངས་ལ་འཕགས་པའི་གནས་བརྟན་བཅུ་དྲུག་དགེ་བསྙེན་དྷརྨ་ཧ་ཤང། རྒྱལ་ཆེན་བཞི་སོགས་ཀྱིས་བསྐོར་ནས་བཞུགས་པ་ཐམས་ཅད་ཀྱང་རྒྱུ་དང་ཚེགས་ལ་མ་གཙིགས་པར་ཤིན་ཏུ་རུང་དངོས་དག་པར་བསྒྲུབ་པས་བཟོ་ཁྱད་ཕུལ་དུ་ཕྱིན་ཅིང་གསེར་འོད་འཁྱུག་པ་མིག་གི་བདུད་རྩི་ལྟ་བུར་བསྐྲུན་པའི་ཐོག་མཐའ་བར་གསུམ་གྱི་རྒྱུ་སོང་རགས་པ་ཕྱོགས་བསྡོམས་སུ་བྱས་པར་དངུལ་རྐྱང་སྲང་དྲུག་བརྒྱ་དང་སོ་ལྔ། དུང་ཙེ་ཁྲོན་ཉིས་སྟོང་བཞི་བཅུ་ཞེ་གཅིག་དང་ལྔ་བརྒྱ་བཅས་སོང། སྒྱུ་མའི་ནོར་རྫས་ཀྱིས་ཕུང་བོ་བསོད་ནམས་མི་ཟད་པའི་གཏེར་དུ་བསྒྲུབས་པ་ཡིན་ཏེ། རྒྱལ་བའི་སྐུ་གཟུགས་བཞེངས་པའི་ཕན་ཡོན་ནི། སྤྱན་རས་གཟིགས་ཀྱི་མདོ་ལས། འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དེ་ནི་མཆོག་གྱུར་སྐྱེས་བུ་མང་མཆོད་འོས། །བློ་ལྡན་ཕྱུག་ཅིང་ཆེ་ཉིད་རྒྱ་ཆེན་ལྡན། །དབང་ལྡན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། །ཞེས་གནས་སྐབས་མངོན་མཐོའི་དཔལ་འབྱོར་ཕུན་སུམ་ཚོགས་པ་དང། ཏིང་ངེ་འཛིན་རྒྱལ་པོ་ལས། འཇིམ་པ་དང་ནི་དེ་བཞིན་རྡོ་བ་དང། །ཤིང་དང་རི་མོར་བྲིས་པའི་སྐུ་གཟུགས་དག །ཤིན་ཏུ་མཛེས་ཤིང་བལྟ་ན་སྡུག་པར་བགྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །ཅེས་དང། པད་དཀར་ལས། གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་རྒྱལ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འདྲི་རུ་བཅུག་ཀྱང་རུང། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་ངེས་ལེགས་བྱང་ཆུབ་ཀྱི་གོ་འཕང་ངེས་པར་ཐོབ་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་ལ། དེའི་རྒྱུ་མཚན་ཡང་སྤྱན་རས་གཟིགས་


GTD008_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚད་མེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བའང་ཚད་མེད་དོ། །མཐའ་ཡས་སོ། །བསམ་གྱིས་མི་ཁྱབ་བོ། །མཚུངས་པ་མེད་དོ། །དཔག་ཏུ་མེད་དོ། །གྲངས་མེད་དོ། །ཞེས་ཞིང་གི་མཐུ་ཡིན་པར་གསུངས་སོ། །འདིར་ཕན་ཡོན་ཟུར་ཙམ་སྨོས་པ་ཡིན་པས་ཞིབ་ཏུ་མདོ་སྡེ་དང། དེ་ལས་བཀོལ་བ་རྗེ་བདག་ཉིད་ཆེན་པོ། ཀུན་མཁྱེན་འཇིགས་མེད་དབང་པོ་རྣམས་ཀྱི་གསུང་འབུམ་དུ་བཞུགས་པ་དང། དེ་དག་ལས་རགས་རིམ་ཙམ་ཁོ་བོས་མཆོད་རྟེན་མཐོང་གྲོལ་ཆེན་མོའི་དཀར་ཆག་ཏུ་བསྡེབས་པ་རྣམས་ལས་ཤེས་པར་བྱའོ། །སླར་ཡང་དགེ་བ་གོང་ནས་གོང་དུ་སྤེལ་ཏེ་བྱང་ཆུབ་མཆོག་གི་རྒྱུར་བསྔོ་བས་རྒྱས་གདབ་པ་ནི། སིདྡྷྱ་ནྟུ། འདིར་འབད་ལས་བྱུང་བསོད་ནམས་འཛམ་བུའི་འབྲས། །བདེ་གཤེགས་ཐུགས་རྗེ་མ་དྲོས་མཚོར་སྨིན་པས། །དོན་གཉིས་ཕུན་ཚོགས་རང་འོད་འབར་བའི་གཟིས། །ས་གསུམ་རྒུད་པའི་མུན་པ་འཕྲོག་གྱུར་ཅིག །རྣམ་སྨིན་ཡོན་ཏན་རི་དྭགས་མཚན་མ་ཅན། །དལ་འབྱོར་ཆ་ཤས་ཡོངས་གང་ཟླ་བའི་ཕྲེང། །ཆད་མེད་མངོན་མཐོ་དགེ་བའི་འོད་དཀར་གྱིས། །ངེས་ལེགས་ཀུན་དའི་སྙེ་མ་འཛུམ་གྱུར་ཅིག །བསམ་སྦྱོར་རྣམ་དག་མཐོན་མཐིང་ཟུར་ཕུད་ལ། །ཐེག་མཆོག་བཤེས་གཉེན་ནོར་བུའི་ཅོད་པན་དང། །རྣ་བར་འབྲལ་མེད་ལེགས་བཤད་འཁྱིལ་བའི་རྒྱན། །རྣམ་དཔྱོད་ལང་ཚོའི་དཔྱིད་དུ་འབར་གྱུར་ཅིག །ཞེན་ལོག་འཁྱག་པས་བཅད་པའི་སྲིད་པའི་མཚོར། །སྲེད་པའི་འདྲེན་བྱེད་ཆ་ཙམ་མི་གཡོ་ཞིང། །བསླབ་གསུམ་གཤོག་རླབས་གཡོ་བའི་ཐར་འདོད་


GTD008_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ངང་མོ་ཞི་བའི་རྒྱ་མཚོར་འཇུག་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རིན་ཆེན་ཁམས་ལས་གྲུབ། །བསྡུ་བ་རྣམ་བཞིའི་བང་རིམ་མངོན་པར་མཐོ། །བྱང་ཆུབ་སེམས་གཉིས་ཉི་ཟླའི་སྣང་བ་ཅན། །ཐེག་མཆོག་ལྷུན་པོའི་རྩེ་མོར་འཛེག་གྱུར་ཅིག །བློ་བཟང་ཐུབ་དབང་གཉིས་པའི་མདོ་སྔགས་བསྟན། །འཛིན་སྐྱོང་སྤེལ་ལ་འཇིགས་བྲལ་སྐྱེས་མཆོག་རྣམས། །ཞབས་པད་བརྟན་ཅིང་མཛད་འཕྲིན་གེགས་མེད་དུ། །རྒྱས་པས་རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཅིག །ལྟོས་བཅས་འབྲེལ་བ་ཐོགས་པ་རྣམས་ཀྱིས་མཚོན། །ནམ་མཁའི་མཐས་གཏུགས་མར་གྱུར་འགྲོ་བ་ཀུན། །བསྟན་ལ་ཐོས་བསམ་སྒོམ་པས་རབ་ཞུགས་ཏེ། །ཡང་དག་ལམ་བཟང་བདེ་བླག་བགྲོད་གྱུར་ཅིག །ལྗོངས་འདིར་ནད་མུག་འཁྲུག་བྲལ་བདེ་འབྱོར་རྒྱས། །སྡེ་འདིར་མདོ་སྔགས་ཆོས་སྲིད་བཤད་སྒྲུབ་འཕེལ། །རྟེན་འདིར་གཏན་གྱི་མདུན་མ་འགྲུབ་པ་སོགས། །དེང་འདིར་སྨོན་པའི་གནས་ཀུན་འགྲུབ་གྱུར་ཅིག །དགེ་བའི་གྲུ་གཟིངས་སྨོན་པའི་བ་དན་ཅན། །མཆོག་གསུམ་ཐུགས་རྗེ་མཐུན་པའི་དྲི་བཞོན་གྱིས། །བསྐྱོད་ནས་ཕྲ་རགས་སྲིད་མཚོའི་ཕ་རོལ་ཏུ། །ཕྱིན་ཏེ་མཁའ་མཉམ་འགྲོ་ཀུན་འདྲེན་གྱུར་ཅིག །ཅེས་པ་འདི་ནི་མཁྱེན་རབ་ཀྱི་དབང་ཕྱུག་ཁྲི་ཟུར་དཀོན་མཆོག་སེངྒེས་ཇོ་བོ་རིན་པོ་ཆེའི་སྐུ་བརྙན་ཁྱད་འཕགས་གསར་བསྐྲུན་གནང་སྟེ་དེ་ལ་དཀར་ཆག་སྨོན་ཚིག་དང་བཅས་པ་ཞིག་དགོས་ཚུལ་གྱི་བསྐུལ་མ་མཛད་པ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousརྟེན་གསུམ་གྱི་དཀར་ཆག་སྐོར།next