Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
  
  
  
  
  
  
  
 
  
  
 
  
  
  
  
  
  
  
  
  
  
 expand section
  
  
  
ཁྱ་དགེ་ལེགས་བཤད་གླིང་གི་རྟེན་ཐོ་བསོད་ནམས་རིན་ཆེན་འདྲེན་པའི་ཤིང་རྟ།
  
  
  


6 occurrences of འ་འུར་
[Clear Hits]

 
previousཁྱ་དགེ་ལེགས་བཤད་གླིང་གི་རྟེན་ཐོ་བསོད་ནམས་རིན་ཆེན་འདྲེན་པའི་ཤིང་རྟ།next

ཁྱ་དགེ་ལེགས་བཤད་གླིང་གི་རྟེན་ཐོ་བསོད་ནམས་རིན་ཆེན་འདྲེན་པའི་ཤིང་རྟ།


GTD008_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱ་དགེ་ལེགས་བཤད་གླིང་གི་རྟེན་ཐོ་བསོད་ནམས་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །
རྒྱལ་ཀུན་མཁྱེན་བརྩེའི་བློ་གྲོས་ཆུ་ཤེལ་ཁམས། །ཐུབ་བསྟན་རྒྱ་མཚོའི་དཔལ་དུ་ཤར་བའི་མགོན། །ཐར་འདོད་ཀུན་དའི་ཚོགས་ཀྱི་གཉེན་གཅིག་པུ། །རྗེ་བཙུན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད། །རིང་ནས་གོམས་པའི་སྨོན་ལམ་རླབས་པོ་ཆེ། །ནོར་བུ་དོན་ཡོད་ཞགས་པའི་འཁྲུལ་འཁོར་གྱིས། །སྲིད་ཞིའི་དཔལ་འབྱོར་མཆོག་གསུམ་རྟེན་གྱི་ཚོགས། །གཅིག་ཏུ་བསྡུས་པའི་ངོ་མཚར་ཨེ་མ་རྨད། །གང་གི་ཐུགས་བསྐྱེད་ལྟེ་བ་ལས་ཐོན་པའི། །བཤད་སྒྲུབ་རྩིབས་སྟོང་རྫོགས་པའི་གདུགས་དཀར་པོ། །སྲིད་ཞིའི་བླ་ན་ཕན་བདེའི་བསིལ་སྦྱིན་མཁན། །ལེགས་བཤད་གླིང་ཞེས་གྲགས་པའི་གཡེར་ཁ་འཁྲོལ། །གང་དུ་སྐྱེ་དགུའི་བསོད་ནམས་ཞིང་གི་མཆོག །བྱིན་རླབས་མི་ཟད་འདོད་པ་འཇོ་བ་ཡི། །མཆོག་གསུམ་རྟེན་གྱི་སྙེ་མ་གཡུར་ཟ་བའི། །ངོ་མཚར་བཀོད་པ་མདོ་ཙམ་སྤེལ་བར་བྱ། །དེའང་བློ་བཟང་རྒྱལ་བ་གཉིས་པའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་མདོ་སྨད་ལྷོ་རྒྱུད་ཀྱི་ལྗོངས་འདིར་སྤེལ་བ་ལ་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་གྲུབ་པ་ལུང་དང་རྟོགས་པའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏུ་སོན་ཡང་སྦས་པའི་བརྟུལ་ཞུགས་ལྷུར་མཛད་དེ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་རྣམ་ཐར་གཙང་མའི་སྒོ་ནས་གདུལ་བྱ་མཐའ་དག་སྨིན་གྲོལ་གྱི་ལམ་ལ་སྦྱོར་བ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་སྒྱུ་འཕྲུལ་རྗེ་བཙུན་བླ་མ་དམ་པ་བློ་གྲོས་རྒྱ་མཚོ་དཔལ་བཟང་པོ་ཞེས་གྲགས་སྙན་སྲིད་པ་གསུམ་ན་གཡོ་བ་དེ་ཉིད་ཀྱི་གདན་ས་འཁོར་ལོ་གསུམ་གྱི་སྒོ་ནས་ཐུབ་བསྟན་རིན་པོ་ཆེའི་རྒྱན་དུ་གྱུར་པའི་ཆོས་སྡེ་ཆེན་པོ་ཁྱ་དགེ་ལེགས་བཤད་གླིང་ཞེས་གྲགས་པ་འདིར་བླ་མ་


GTD008_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་ཀྱི་ཐུགས་བསྐྱེད་ལ་བརྟེན་ནས་འདུས་པའི་མཆོག་གསུམ་གྱི་རྟེན་དང། རིང་བསྲེལ་རྣམ་བཞིའི་ཕུང་པོ་མཐའ་ཀླས་པར་བཞུགས་ནའང། གཙོ་བོར་གྱུར་པ་ནི་ས་གསུམ་ཡིད་བཞིན་ནོར་བུ་གཅིག་པུ་གདུལ་བྱའི་བསོད་ནམས་ཀྱི་ཞིང་དམ་པར་རྒྱལ་བ་རྡོ་རྗེ་འཆང་གིས་ཆེད་དུ་བསྔགས་པ་ནི་བླ་མའི་གདུང་རྟེན་ཡིན་པས། མགོན་པོ་དེ་ཉིད་ཀྱི་སྐུ་གདུང་རིན་པོ་ཆེ་བཞུགས་པའི་ཕོ་བྲང་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ནང་རྟེན་གྱི་རིམ་པ་ནི། ཐུབ་པའི་དབང་པོའི་འཕེལ་གདུང་གསུམ། སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང་གཅིག །མི་འཁྲུགས་པའི་སྐུ་སྟོང། སྨན་བླའི་སྐུ་ཉིས་སྟོང། བདེ་གཤེགས་བརྒྱད་ཀྱི་སྐུ་ཉིས་སྟོང། རྒྱལ་བ་རིགས་ལྔ་ལ་སོགས་པའི་སངས་རྒྱས་བྱང་སེམས། བླ་མ་ཡི་དམ་སོགས་ཀྱི་སྐུ་འདྲ་ཁྱོན་བསྡོམས་ན་ཁྲི་ཕྲག་གཉིས་དང་སྟོང་ཕྲག་དྲུག་ལྷག །ཐུབ་དབང་བྱམས་པ་སོགས་ཀྱི་ལི་སྐུ་རེ། བདེ་གསང་གཉིས་ཀྱི་རྩ་རྒྱུད། འཇམ་སྡུད་བཟང་གསུམ། སྨན་མདོ་བརྒྱད་བརྒྱ་པ། སྤྱོད་འཇུག །རྗེའི་ལམ་རིམ་སྔགས་རིམ། གསལ་སྒྲོན། བསླབ་བྱ་ཆེན་མོ་ལ་སོགས་པའི་བཀའ་དང་བསྟན་བཅོས་ཀྱི་པོ་ཏི་མང་པོ། རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ཀྱི་གཟུངས་སྔགས་རིན་པོ་ཆེས་བྲིས་པ་དང་པར་བ་མང་པོ། བཀའ་གདམས་མཆོད་རྟེན། འབྲོམ་སྟོན་པའི་དབུ་སྐྱེས། པཎ་ཆེན་ཤཱཀྱ་ཤྲཱི་དང། བུ་སྟོན་རིན་པོ་ཆེ། རྗེ་བཙུན་རྒ་ལོ་སོགས་ཀྱི་ན་བཟའི་དུམ་བུ་རེ། རྗེ་ཙོང་ཁ་པའི་གསང་ཆབ་རིལ་བུ། ན་བཟའི་ཚལ་བུ། པཎ་ཆེན་སྐུ་གོང་མའི་ཕྱག་སེན། སྐུ་མཚལ། ན་བཟའ། རྒྱལ་དབང་ལྔ་པའི་ན་


GTD008_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ། ཤངས་ཁྲག །པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དབུ་སྐྲ་དང་གསང་ཆབ་རིལ་བུ། ན་བཟའ། འཇམ་དབྱངས་བཞད་པའི་རྡོ་རྗེའི་དབུ་སྐྲ་ན་བཟའ། ཕྱག་འཕྲེང། སྒྲུབ་ཁང་དཔོན་སློབ་དང། མཁར་རྡོ་དཔོན་སློབ་ཀྱི་ན་བཟའི་ཚལ་བུ། གླིང་དཔོན་པའི་དབུ་ཐོད། ར་རིང་ཆོས་གྲགས་དང། རྗེ་ཆོས་སྐྱོང་རྒྱ་མཚོའི་གདུང་རུས། ཀླུ་འཇིམ་ལས་གྲུབ་པའི་རྒྱལ་བ་རིགས་ལྔ། སྨྲྀ་ཏི་དང་པཎ་ཆེན་རིན་པོ་ཆེའི་ཕྱག་ཚ། ཤར་འབུམ་པའི་དུང་རང་བྱོན་སོགས་བྱིན་རྟེན་རྣམས་སོ་སོར་དངོས་སུ་བཞུགས་ལ། རྟེན་རྙིང་མང་པོའི་ཕབ་རྒྱུན་འཁྲུལ་མེད་ཅིག་ཀྱང་གཟུངས་གཞུག་ཏུ་ཕུལ་ཡོད་པ་དེའི་ནང་དུ་བསྲེས་པའི་རྟེན་གྱི་རིམ་པ་ནི། ཤཱ་རིའི་བུ་དང། ཕ་དམ་པ་རྒྱ་གར་གྱི་རིང་བསྲེལ། ཨོ་རྒྱན་རིན་པོ་ཆེ། བན་དེ་ཡེ་ཤེས་སྡེ། ཁྲི་སྲོང་ལྡེ་བཙན། མ་ཅིག་ལབ་སྒྲོན་སོགས་ཀྱི་དབུ་སྐྲ། ཆོས་འཕགས་དང་ཞང་པྲཛྙཱ་གུ་རུའི་ཚེམས། ཇོ་བོ་རྗེ། ཤ་པོ་སྒང་པ། དགྱེར་སྒོམ་ཞབས། གྲུབ་ཆེན་ཁྱུང་པོ། དྭགས་པོ་ལྷ་རྗེ། ཕག་མོ་གྲུ་བ། ལྷ་ལུང་དཔལ་རྡོར། བུ་སྟོན་རིན་པོ་ཆེ་སོགས་ཀྱི་གདུང་རུས། ལྷོ་བྲག་མར་པ། རྗེ་བཙུན་མི་ལ། རས་ཆུང་རྡོར་གྲགས། རྔོག་ལེགས་པའི་ཤེས་རབ་སོགས་ཀྱི་དབུ་ལོ། རྔོག་བློ་ལྡན་ཤེས་རབ། རྗེ་བཙུན་རེད་མདའ་བ། རྗེ་ཙོང་ཁ་པ། འདུལ་འཛིན་གྲགས་རྒྱན། མཁས་གྲུབ་རིན་པོ་ཆེ། འཇམ་དབྱངས་ཆོས་རྗེ་དབེན་ས་པ། མཁས་གྲུབ་སངས་རྒྱས་ཡེ་ཤེས། རྒྱལ་སྲས་རིན་པོ་ཆེ། དེ་མོ་སྤྲུལ་སྐུ། མངའ་རིས་སྤྲུལ་སྐུ། གཟིམས་ཁང་སྤྲུལ་སྐུ། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། འཇམ་དབྱངས་གྲགས་པ། རོང་པོའི་སྐལ་ལྡན་རྒྱ་མཚོ་སོགས་ཀྱི་ན་བཟའི་


GTD008_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་བུ། རྒྱལ་དབང་གོང་མ་ལྔའི་དབུ་སྐྲ། ས་ཆེན་ཀུན་སྙིང། གྲགས་པ་རྒྱལ་མཚན། ས་པཎྚི་ཏ། བླ་མ་འཕགས་པ་སོགས་ཀྱི་དབུ་ལོ་དང་ན་བཟའ། ཀརྨ་རབས་བདུན་གྱི་དབུ་སྐྲ། ན་བཟའ། ཀུན་མཁྱེན་ལེགས་པ་དོན་གྲུབ་དང། སྐྱེ་བ་བདུན་པའི་སྐུ་ཤ །བོ་དོང་བ་ཕྱོགས་ལས་རྣམ་རྒྱལ་དང། ཞྭ་ལུ་ལོ་ཙྪ་བ་ཆོས་སྐྱོང་བཟང་པོའི་ན་བཟའ་སོགས་བཞུགས་པར་གསུང་བའང་འཁྲུལ་མེད་དངོས་དག་ཁོ་ན་ཡིན། གཞན་ཡང་རྒྱ་གར་རྒྱ་ནག་བལ་བོད་སོགས་ཀྱི་ས་སྣ་རྡོ་སྣ་སོགས་བྱིན་ཅན་མང་པོ་བཞུགས་ཤིང། རིན་པོ་ཆེ་སྣ་ཚོགས། དྲི་བཟང་སྣ་ཚོགས་ཀྱི་ཐུམ་བུ་དུ་མ་དང་བཅས་པས་གོ་མཚམས་མེད་པར་གཏམས་པའི་སྙིང་པོར་སྐུ་གདུང་ཡིད་བཞིན་ནོར་བུ་སྒོམ་ཆེན་རིན་པོ་ཆེའི་ཐབས་མཁས་ཀྱི་མཛད་པ་ལ་བརྟེན་ནས་ཅུང་ཟད་ཀྱང་མ་ཉམས་པ་ཕྱག་གཉིས་ཀྱིས་རྡོར་དྲིལ་བསྣམས་ཤིང་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་ལ་སྨན་འདམ་དང་གསེར་སྦྱང་གིས་བྱུགས་ཏེ་གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་པར་བྱས་ཏེ་མཐོང་ཐོས་དྲན་རེག་མ་ལུས་པ་མངོན་མཐོ་ངེས་ལེགས་ཀྱི་དཔལ་ལ་སྦྱོར་བའི་བྱིན་རླབས་ཀྱི་གཟི་འོད་འཕྲོ་བཞིན་པར་བཞུགས་སོ། །ཕལ་པའི་ས་བོན་ཅུང་ཟད་བཏབ་པས་ཀྱང། །དོན་གཉིས་གསེར་གྱི་སྙེ་མ་འདོད་དགུ་རུ། །སྐྱེ་བའི་ཞིང་མཆོག་ལག་ཏུ་ཆུད་པའི་ཚེ། །འབད་པས་སྙིང་པོ་ལོངས་ཤིག་ཤེས་ལྡན་དག །ཕྱག་འཚལ་ལུས་ཀྱིས་ནོན་སའི་རྡུལ་གྲངས་ཀྱི། །འཁོར་སྒྱུར་གྲངས་མེད་འཐོབ་པར་རྒྱལ་བས་གསུངས། །དེ་ལྟར་རྣམ་དཀར་ལས་ལ་མ་འབད་ན། །དལ་འབྱོར་རྟེན་བཟང་ཐོབ་པ་དོན་རེ་ཆུང། །གང་གི་བ་སྤུའི་བུ་ག་གཅིག་ཙམ་ཡང། །བསོད་ནམས་ཞིང་གི་དམ་པར་


GTD008_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་དེའི། །རགས་པའི་གཟུགས་སྐུ་ཚང་བར་བསོད་ནམས་ཀྱི། །ཞིང་དུ་ཐོས་པ་སྐལ་བཟང་ཨེ་མ་རྨད། །དཔལ་ལྡན་བླ་མ་དེ་ཉིད་ཀྱི་ཐུགས་ཀྱི་སྲས་པོ་མཁས་ཤིང་གྲུབ་པའི་དབང་ཕྱུག་སྒོམ་ཆེན་རིན་པོ་ཆེ་བློ་བཟང་བཀྲ་ཤིས་ཀྱི་སྐུ་གདུང་མཆོད་རྟེན་གྱི་ནང་དུ་བཞུགས་པའི་རྟེན་གྱི་རིམ་པ་ནི། སངས་རྒྱས་ཀྱི་འཕེལ་གདུང་འཁྲུལ་མེད། ཇོ་བོ་རྗེའི་དབུ་ལོ་དང་ན་བཟའ། ས་པཎ་དང་ཆོས་རྗེ་དོན་གྲུབ་རིན་པོ་ཆེའི་ན་བཟའ། རྗེ་བདག་ཉིད་ཆེན་པོའི་དབུ་ལོ། ན་བཟའ་གདུང་རས། ལྷོ་བྲག་གྲུབ་ཆེན་གྱི་ན་བཟའ། རྭ་ལོའི་ན་བཟའ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་དབུ་ལོ་དང་ན་བཟའ། རྒྱལ་ཚབ་རྗེའི་ན་བཟའ། མཁས་གྲུབ་རྗེའི་ན་བཟའ་དང་དབུ་ལོ། འདུལ་འཛིན་པའི་ན་བཟའ། བ་སོ་ཆོས་རྒྱན་གྱི་དབུ་ལོ་དང་ན་བཟའ། རྒྱལ་བ་དགེ་འདུན་རྒྱ་མཚོའི་དབུ་ལོ། རྒྱལ་བ་བསོད་ནམས་རྒྱ་མཚོའི་ན་བཟའ། རྒྱལ་བ་ཡོན་ཏན་རྒྱ་མཚོའི་དབུ་ལོ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དབུ་ལོ། ཕྱག་དཔེ། ན་བཟའ། རྒྱལ་དབང་ལྔ་པ་ཆེན་པོའི་དབུ་ལོ་དང་ཕྱག་སེན། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ན་བཟའ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དབུ་ལོ་དང་ན་བཟའ། རོང་པོ་ཆོས་པ་རིན་པོ་ཆེ་དང། སྐལ་ལྡན་རྒྱ་མཚོའི་ན་བཟའ། འཁོན་སྟོན་གྱི་ན་བཟའ། ཀུན་མཁྱེན་འཇམ་དབྱངས་བཞད་པ། དཔོན་སློབ་བྱམས་པ་རིན་པོ་ཆེ། མཁར་རྡོ་བཟོད་པ་རྒྱ་མཚོ། ཁྲི་ཆེན་རྒྱལ་མཚན་སེང་གེ །དུང་དཀར་འབྲུག་གྲགས། བྱ་ཁྱུང་མཁན་པོ་སོགས་ཀྱི་ན་བཟའ། ལྕང་སྐྱ་རོལ་བའི་རྡོ་རྗེ། བཀའ་འགྱུར་བ་ནོ་མོན་ཧན། གྲུབ་དབང་སྟོབས་ལྡན་རིན་པོ་ཆེ། ཀུན་མཁྱེན་འཇིགས་མེད་དབང་པོ།


GTD008_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ཆེན་ངག་དབང་བཀྲ་ཤིས། ཆས་པ་སྤྲུལ་སྐུ་རྣམས་ཀྱི་དབུ་ལོ། སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་དང། སྒོམ་ཆེན་རིན་པོ་ཆེ་ཉིད་ཀྱི་དབུ་སྐྲ། རྗེ་ཆོས་སྐྱོང་རྒྱ་མཚོ་དང། ཁྲི་ནམ་མཁའ་བཟང་གི་གདུང་རུས། གྲུབ་པའི་དབང་ཕྱུག་ཉིད་ཀྱི་པུར་ཚྭ་རྗེ་བླ་མའི་སྐུ་སྟོང་ཕྲག་བཞི། སྨན་བླའི་སྐུ་སྟོང་ཕྲག་བཞི། ཚེ་དཔག་མེད་དང་སྒྲོལ་མའི་སྐུ་སྟོང་ཕྲག་རེ། བདེ་གཤེགས་བརྒྱད། འོད་དཔག་མེད། འཇམ་དབྱངས། སྤྱན་རས་གཟིགས། འཇིགས་བྱེད། རྣམ་རྒྱལ་མ་སོགས་ཀྱི་སྐུ་སྟོང་ཕྲག་ལྷག་ཙམ། འཕགས་བོད་ཀྱི་རྟེན་སྣ་དུ་མ་བསྡུས་པའི་རིལ་རྒྱུན་མང་པོ། རྒྱ་གར་རྒྱ་ནག །མངའ་རིས། བལ་པོ། དབུས་གཙང། མདོ་སྨད་སོགས་ཀྱི་གནས་ཆེན་དུ་མའི་ས་སྣ་ཆུ་སྣ་གནས་རྡོ་ཤིང་སྣ་སོགས་དང། གཞན་ཡང་དྲི་བཟང་པོའི་སྨན་དང། སྤོས་ཀྱི་རིགས། རིན་པོ་ཆེའི་ཕྱེ་མ་སོགས་གོས་དར་སྣ་ཚོགས་པའི་ན་བཟའ་དང་བཅས་གོ་མཚམས་མེད་པར་བསྒྲིགས་པས་ཡོངས་སུ་གཏམས་ཤིང། སྙིང་པོར་གྱུར་པ་རིང་བསྲེལ་རྣམ་བཞིའི་གཙོ་བོ་ཆོས་སྐུའི་རིང་བསྲེལ་ཞེས་གྲགས་པ་སྟོད་སྨད་བར་གསུམ་གྱི་གཟུངས་འཇུག་ཆ་ཚང་བ་སོགས་བྲི་བསྒྲུབས་ཚུལ་བཞིན་དུ་བགྱིས་པའི་གཟུངས་ཀྱི་རིགས་མཐའ་ཡས་པ་བཞུགས་སོ། །བློ་བཟང་རྒྱལ་ཀུན་མཁྱེན་བརྩེ་ཡིད་བཞིན་ནོར། །གང་ལ་བརྟེན་པའི་གཟུགས་སྐུའི་ཟ་མ་ཏོག །བྱིན་རླབས་བཀྲ་ཤིས་གཟི་འོད་སྟོང་འབར་བས། །ས་གསུམ་དགེ་ལེགས་སྣང་བས་ཡོངས་སུ་ཁྱབ། །གསང་གསུམ་སྒྱུ་འཕྲུལ་འདབ་བརྒྱའི་སྙིང་པོ་ལས། །བྱིན་རླབས་སྦྲང་རྩིའི་ཟིལ་མངར་འབུམ་འཛག་པས། །ལམ་བཟང་ལུས་སྟོབས་རྒྱས་པའི་བྷྲ་མ་རཿ །


GTD008_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ལེགས་ཀུན་དགའི་ར་བར་རྩེན་གྱུར་ཅིག །དཔོན་སློབ་རིན་པོ་ཆེ་ནས་བཞེངས་པར་མཛད་པ་འདུ་ཁང་ཕུའི་དྲི་གཙང་ཁང་གི་རྟེན་གཙོ་ཐུབ་པའི་དབང་པོ་དང་བཅས་བཀའ་གདམས་ལྷ་བཞི། རིགས་གསུམ་མགོན་པོ་སོགས་ཞི་དྲག་གི་སྐུ་མང་དུ་བཞུགས་པ་རྣམས་ཀྱི་ནང་རྟེན་རིང་བསྲེལ་རྣམ་བཞིའི་ཚོགས་ཇི་སྙེད་ཅིག་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ་བཀོད་ན། འཕེལ་གདུང་འཁྲུལ་མེད་བཅོ་ལྔ། ལྗོན་དམར་ལས་གྲུབ་པའི་བྱམས་པ། རྡོ་ནག་ལས་གྲུབ་པའི་ཛམ་ལྷ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་སྐུ་འདི་གསུམ་གའང་རིང་བསྲེལ་བཞེས་པའི་བྱིན་ཅན་འཁྲུལ་མེད་ཡིན། གཞན་ཡང་རྟེན་འདམ་སྣ་ཚོགས་ལས་གྲུབ་པའི་ཐུབ་པ་དང་མགོན་པོའི་སྐུ་བྱིན་ཅན། པཎ་ཆེན་སྨྲྀ་ཏི། རྗེ་རིན་པོ་ཆེ། རྒྱལ་དབང་པཎ་ཆེན་སོགས་ཀྱི་ཕྱག་ཚྭ་ཅི་རིགས། རྗེ་རིན་པོ་ཆེ་དང། འཇིགས་བྱེད་ཀྱི་སྐུ་མེ་འཛིན་མ། འཇམ་དབྱངས་ཀྱི་ཕྱག་ཞབས་ཀྱི་རྗེས་དང། ཚེམས་པར་མ། ཤ་བ་རི་དབང་ཕྱུག །ཇོ་བོ་རྗེ། རྗེ་བླ་མ། ཐང་སྟོང་རྒྱལ་པོ། རྒྱལ་དབང། པཎ་ཆེན། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་མཁས་གྲུབ་མང་པོའི་དབུ་ལོ་དང་ན་བཟའ། འཇམ་སྡུད་བཟང་གསུམ། གསང་འདུས་ཀྱི་རྒྱུད་སོགས་དམ་པ་མང་པོའི་ཞལ་འདོན་ཕྱག་དཔེ་པོ་ཏི་དུ་མ། གསེར་དངུལ་ཟངས་གསུམ་སོགས་ཀྱིས་བྲིས་པའི་གཟུངས་གཞུག་ཆ་ཚང་བརྒྱ་ཕྲག་མང་པོ། ཁྱད་པར་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་པཎ་ཞྭ་དང་སྐུ་འགག །རྒྱུན་བསྣམས་ཀྱི་ཌཱ་མ་རུ་དང་རྡོར་དྲིལ། རྗེ་ལུང་རིགས་རྒྱ་མཚོ་དང། དཔོན་སློབ་རིན་པོ་ཆེ་རྣམ་གཉིས་ཀྱིས་གསོལ་བའི་སྣམ་སྦྱར་དང་རིགས་ལྔ། དཔོན་སློབ་རང་ཉིད་ཀྱིས་རྒྱུན་དུ་འཆང་བའི་དམ་


GTD008_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་རྡོར་དྲིལ། ལྗོན་དམར་ལས་གྲུབ་པའི་དབང་དྲིལ་སོགས་རྡོར་དྲིལ་བྱིན་ཅན་འགའ་རེ། གདུང་རུས་ལས་གྲུབ་པའི་ཨོཾ་རང་བྱོན། རྗེ་དགེ་འདུན་གྲུབ་པ་དང། འདུལ་འཛིན་ཐག་མ་པ་སོགས་ཀྱི་གདུང་རུས་དང་གངས་ཐིགས་མང་པོ། རྟེན་བསྡུས། སྐྱེ་བདུན། བདུད་རྩི་རིལ་བུ་སོགས་རིལ་བུའི་རིགས་སྣ་ཚོགས། རིན་པོ་ཆེའི་ཕྱེ་མ་དང། དྲི་བཟང་སྣ་ཚོགས་ཀྱིས་བྱུར་བུར་གཏམས་ཤིང། སྐུ་རྣམས་ཀྱི་ཆ་ཚད་དང་རྟེན་རྣམས་ཀྱི་བཞུགས་ཚུལ། གཏེར་འཁོར་གྱི་སྒྲུབ་ཚུལ་དང་རབ་གནས་སོགས་རང་རང་གི་གཞུང་ནས་འབྱུང་བ་བཞིན་རྒྱུད་སྡེའི་དགོངས་པ་དང་མཐུན་པར་ལེགས་པར་བསྒྲུབས་ཏེ་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་དམ་པར་བྱིན་རླབས་ཀྱི་གཟི་འོད་འཕྲོ་བཞིན་པར་བཞུགས་སོ། །ཚོགས་གཉིས་ས་བོན་དུས་སུ་སྨིན་པ་ལས། །མཐོང་ཐོས་དྲན་རེག་དོན་ལྡན་ཆོས་ཀྱི་སྐུས། །རབ་ཏུ་ཕྱེ་བའི་ངོ་མཚར་རྟེན་གྱི་ཕྲེང། །སྒྲིབ་བྲལ་ལྷ་ཡི་ལམ་དུ་སྐར་ཚོགས་བཞིན། །བསོད་ནམས་ཞིང་ས་གཤིན་པོ་འདི་འདྲ་ལ། །ཕྱག་མཆོད་རྣམ་དཀར་ས་བོན་ཅི་ཐེབས་ཀྱིས། །དོན་གཉིས་འབྲས་བཟང་སྨིན་པའི་དགའ་སྟོན་ལ། །འདོད་དགུར་ལོངས་སུ་སྤྱོད་ཅིག་ཤེས་ལྡན་དག །འདུ་ཁང་སྟེང་གི་ལི་མ་ཁང་དུ་ཡང། ཐུགས་ཀྱི་གསང་བ་ཟབ་མོ་སྟོབས་དང་མི་འཇིགས་པ་སོགས་ཀྱི་བདག་ཉིད་ཆོས་སྐུའི་རྟེན་དུ་གྲགས་པ་མཆོད་རྟེན་བརྒྱད་ཀྱི་ནང་བཞུགས་ནི། མཆོད་རྟེན་རེ་རེའི་ནང་དུ་སངས་རྒྱས་ཀྱི་འཕེལ་གདུང་གཉིས་རེ། དཔལ་ཨ་ཏི་ཤའི་དབུ་སྐྲ་དང། རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་དབུ་སྐྲ། ལྷོ་བྲག་ཕྱག་རྡོར་གྱི་ན་བཟའ། རྗེ་ཙོང་ཁ་པ་ཆེན་པོའི་དབུ་ལོ་ན་


GTD008_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ། གསང་ཆབ་རིལ་བུ། རྒྱལ་ཚབ་རྗེའི་དབུ་ལོ། མཁས་གྲུབ་རྗེའི་དབུ་ལོ། རྗེ་བློ་བཟང་དོན་གྲུབ་ཀྱི་ན་བཟའ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ན་བཟའ་དང་དབུ་ལོ། རྗེ་དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ་རྣམ་གསུམ་གྱི་དབུ་སྐྲ། རྒྱལ་དབང་བློ་བཟང་རྒྱ་མཚོའི་དབུ་སྐྲ་དང་ན་བཟའ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དབུ་ལོ་དང། ན་བཟའ། རྗེ་དྲུང་རིན་པོ་ཆེའི་དབུ་སྐྲ་དང་ན་བཟའ། འཇམ་དབྱངས་བཞད་པའི་རྡོ་རྗེའི་དབུ་ལོ་དང། ན་བཟའ། མངའ་རིས་སྤྲུལ་སྐུའི་དབུ་སྐྱེས། ཞང་པ་དམ་ཆོས་དཔལ་འབར་བའི་ཚེམས་ཀྱི་དུམ་བུ། དྭགས་པོ་བསོད་ནམས་རིན་ཆེན་གྱི་གདུང་རུས། ལྷ་རྗེ་དགེ་བ་འབུམ་གྱི་དབུ་ཐོད། གྲུབ་ཆེན་དཔལ་འབར་བའི་ཚེམས། རྗེ་བློ་གྲོས་བཟང་པོའི་གདུང་རུས། གྲུབ་ཆེན་ན་ག་པའི་ཚེམས། བྱང་པ་འཇམ་དབྱངས་བཤེས་གཉེན་གྱི་གདུང་རུས། གྲུབ་ཆེན་དཀའ་བཅུ་བསོད་ནམས་དར་རྒྱས་ཀྱི་ཚེམས། ཆོས་རྗེ་བློ་བཟང་དར་རྒྱས་ཀྱི་གདུང་རུས། ཁྲི་ཆེན་བློ་བཟང་ཆོས་འཕེལ་གྱི་གདུང་རུས། བྲམ་ཟེ་སྐྱེ་བ་བདུན་པའི་གདུང་རུས་སོགས་གདུང་རུས་མང་པོ། ཨོ་རྒྱན་རིན་པོ་ཆེའི་ན་བཟའི་ཚལ་བུ། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་དབུ་སྐྲ། ས་སྐྱ་པཎ་ཆེན་གྱི་ན་བཟའ། ལྕགས་ཟམ་སྤྲུལ་སྐུའི་དབུ་སྐྲ །དུང་དཀར་འབྲུག་སྒྲའི་ན་བཟའ། རྗེ་པདྨ་འཕྲིན་ལས་ཀྱི་དབུ་སྐྲ། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ཀྱི་ན་བཟའ། སྒྲུབ་ཁང་དཔོན་སློབ་ཀྱི་ན་བཟའ། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་ན་བཟའ་སོགས་དམ་པ་མང་པོའི་ན་བཟའི་ཚལ་བུ། གསེར་དངུལ་ལས་བཞེངས་པའི་པོ་ཏི་མང་པོ། རྒྱུད་སྡེ་བཞིའི་གཟུངས་རིགས་སྣ་ཚོགས་དང་སྐུ་པར་


GTD008_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ། སངས་རྒྱས་བྱང་སེམས་མང་པོའི་གདུང་རུས་ལས་གྲུབ་པའི་རིལ་བུ་སྣ་ཚོགས། དབུ་སྐྲ་སྣ་ཚོགས་དང་ན་བཟའ་སྣ་ཚོགས་བསྲེས་པའི་ཕྱེ་མ། སིནྡྷུ་རའི་རིགས་སྣ་ཚོགས། གངས་ཐིགས་མང་པོ། སྐྱེ་བདུན་རིགས་མི་འདྲ་བ་མང་པོའི་རིལ་བུ། རྒྱ་གར་ནག་བལ་བོད་སོགས་ཀྱི་གནས་ཆེན་མང་པོའི་ས་རྡོ་བྱིན་ཅན་སྣ་ཚོགས། ཛམ་འཁོར་དང་ཚོགས་བདག་འཁོར་ལོ་སོགས་བྱིན་རླབས་ཅན་དུ་བསྒྲུབས་ཤིང། དེ་དག་གི་བར་བར་དུ་དྲི་བཟང་སྣ་ཚོགས་དང། རིན་པོ་ཆེ་སྣ་ཚོགས་དང། བཟང་སྨན་སྣ་ཚོགས་ཀྱིས་ལེགས་པར་བཀང་ཞིང། གསེར་ཚོན་མཛེས་པར་གསོལ་ནས་སྤྱན་དབྱེའི་ཆོ་ག་རྒྱུད་སྡེའི་དགོངས་པ་བཞིན་ཕྱག་ལེན་དུ་བསྟར། གོས་དར་སོགས་ཀྱི་ན་བཟའ་དང། མཆོད་པའི་བྱེ་བྲག་མཐའ་ཡས་པ་ཕུལ་ནས་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་དམ་པར་བཞུགས་སོ། །ལས་ཉོན་མི་བཟད་གདུག་པའི་མཁའ་ལྡིང་གི །ཕན་བདེའི་སྲོག་དང་བྲལ་བའི་ཀེང་རུས་ཀྱང། །གསོས་ནས་མངོན་མཐོ་ངེས་ལེགས་བདེ་དགའ་ལ། །སྦྱོར་བྱེད་སྔགས་ཀྱི་མཆོད་སྡོང་ཨེ་མ་རྨད། ། ༈ ཡང་དམིགས་བརྩེ་མའི་ལྷ་ཁང་དུ་བཞུགས་པའི་འཇམ་མགོན་རྒྱལ་བ་གཉིས་པ་དང། བཅོམ་ལྡན་འདས་མི་འཁྲུགས་པ། སངས་རྒྱས་མཚན་ལེགས་གསུམ་གྱི་སྐུའི་ནང་བཞུགས་ནི། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་གནང་བའི་དགེ་འདུན་འདུ་བའི་འཁོར་ལོ། དབུ་སྐྲ་དང་ན་བཟའ། ཤངས་མཚལ་རིལ་བུ། རྗེ་སྐལ་ལྡན་རྒྱ་མཚོས་ཕྱག་བཟོ་མཛད་པའི་རྗེ་རིན་པོ་ཆེའི་རྡོ་སྐུ། པཎ་ཆེན་སྐུ་གོང་མའི་ཕྱག་ཚྭ་པཎ་ཆེན་ཉིད་ཀྱི་སྐུ །སྐུ་


GTD008_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ཕྱག་ཚྭ་བཀའ་གདམས་ལྷ་བཞི། གཞན་ཡང་སྟོན་པ་ཡབ་སྲས་གསུམ་གྱི་སྨན་སྐུ་སོགས་དང་སཱཙྪ། རྗེ་རིན་པོ་ཆེ་དང། རྒྱལ་དབང་གོང་མ་རྣམས་ཀྱི་ན་བཟའི་ཚལ་བུ་འཕེལ་གདུང་སོགས་རྟེན་སྣ་ཚོགས་ལས་གྲུབ་པའི་རིལ་བུའི་ཚོགས་མང་པོ། བླ་གཟུངས་དང་རྒྱུད་སྡེ་བཞིར་བཤད་པའི་གཟུངས་གཞུག །ནོར་རྒྱུན་འཁོར་དང་བཅས་པ། རྭ་ལོ་སྤྲུལ་སྐུའི་ཕྱག་འཕྲེང། དཔོན་སློབ་རིན་པོ་ཆེའི་སྐུ་ཆོས་དང་དབུ་པཎ། གནས་ཆེན་མང་པོའི་ས་སྣ་སོགས་བྱིན་རླབས་ཀྱི་རྟེན་དང། བཀྲ་ཤིས་པའི་རྫས་མཐའ་ཀླས་པས་གཏམས་ཤིང་དམ་ཡེ་དབྱེར་མེད་དུ་བསྒྲུབས་པས་གཟི་བྱིན་ལྷམ་མེ་བར་བཞུགས་སོ། ། ༈ ཡང་དབྱེན་ཟླུམ་མཆོད་རྟེན་གྱི་ནང་རྟེན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཕེལ་གདུང། ཇོ་བོའི་ཕྱག་ནས། རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་དབུ་སྐྲ །དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱི་གདུང་རུས་དང་ན་བཟའ། རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་ཆིབས་བསྔགས་ལྡན་གྱི་ཚེམས། སྨྲི་ཏིའི་ཕྱག་ཚྭ་ཐུབ་པའི་སྐུ། དགེ་བ་འབུམ་གྱི་གདུང་རུས། ལྷོ་བྲག་ཕྱག་རྡོར་གྱི་ཤངས་ཕྱིས། རྗེ་ཙོང་ཁ་པའི་དབུ་སྐྲ་དང་ན་བཟའ་སྣ་ཚོགས། གསང་ཆབ་རིལ་བུ། བྱང་ཆུབ་ཤིང་གི་རང་བྱོན། རྗེའི་ཕྱག་ཚྭ་མི་འཁྲུགས་པའི་སྐུ། རྒྱལ་ཚབ་དར་མ་རིན་ཆེན་གྱི་དབུ་སྐྲ །མཁས་གྲུབ་ཐམས་ཅད་མཁྱེན་པའི་དབུ་ལོ་དང་ན་བཟའ། བྱང་བ་འཇམ་དབྱངས་བཤེས་གཉེན་གྱི་གདུང་རུས། གྲུབ་ཆེན་དང་ལ་འབར་བའི་གདུང་རུས། འབྲི་གུང་ཞབས་དྲུང་གི་དབུ་ལོ། རྗེ་དགེ་འདུན་གྲུབ་ཀྱི་གདུང་རུས་དང་ན་བཟའ། རྒྱལ་བ་དགེ་འདུན་རྒྱ་མཚོའི་དབུ་སྐྲ་དང་


GTD008_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཟའ། རྒྱལ་བ་བསོད་ནམ་རྒྱ་མཚོའི་དབུ་སྐྲ་དང་ན་བཟའ། རྒྱལ་བ་ཡོན་ཏན་རྒྱ་མཚོའི་དབུ་སྐྲ་དང་ན་བཟའ། རྒྱལ་དབང་བློ་བཟང་རྒྱ་མཚོའི་དབུ་སྐྲ་དང་ན་བཟའ། གསང་ཆབ་རིལ་བུ། དུང་དཀར་འབྲུག་སྒྲའི་སྐུ་རགས། རྗེ་དྲུང་རིན་པོ་ཆེའི་སྐྲ་ལོ་དང་ན་བཟའ། རྒྱལ་བ་བློ་བཟང་དོན་གྲུབ་ཀྱི་ན་བཟའི་ཚལ་བུ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དབུ་ལོ་དང་ན་བཟའ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དབུ་ལོ་དང་ན་བཟའ། གསང་ཆབ་རིལ་བུ། གཙང་དཀའ་ཆེན་རིན་པོ་ཆེའི་དབུ་ལོ་དང་ན་བཟའ། ཁྲི་ཡང་སྟེང་བའི་གདུང་རུས་དང་ན་བཟའ། རྒྱལ་སྲས་སྤྲུལ་སྐུའི་སྐྲ་ལོ། སྒྲུབ་ཁང་དཔོན་སློབ་དགེ་ལེགས་རྒྱ་མཚོའི་དབུ་སྐྲ་དང་ན་བཟའ། མངའ་རིས་སྤྲུལ་སྐུའི་དབུ་ལོ། སེམས་དཔའ་སྤྲུལ་སྐུའི་སྐྲ་ལོ། སྟོང་སྐོར་རིན་པོོ་ཆེའི་དབུ་སྐྲ །འཇམ་དབྱངས་བཞད་པའི་རྡོ་རྗེའི་ཕྲེང་བ། ཕྱག་མདུད། དཔོན་སློབ་རིན་པོ་ཆེའི་མེ་ཆ། ཕྱག་ཕྲེང། ཁྲི་རིན་པོ་ཆེ་འགའ་ཡི་ན་བཟའ། ཆོས་རྗེ་བློ་བཟང་སྦྱིན་པའི་དབུ་སྐྲ། དགེ་སློང་ཨ་རིགས་པའི་དབུ་ཐོད། པུར་ཚྭའི་ས། གདུང་རུས་སྣ་ཚོགས་དང། ན་བཟའ་སྣ་ཚོགས་བསྲེས་པའི་ཕྱེ་མ། རྟེན་འདུས་རིལ་བུ་དང། བདུད་རྩི་རིལ་བུ་སོགས་རིལ་བུ་སྣ་ཚོགས། གསང་བདེ་འཇིགས་གསུམ་དང། དུས་གསུམ་སངས་རྒྱས། ཆོས་སྐྱོང་འགའ་རེའི་སྐུ་བརྙན་སོགས་སྐུ་པར་དུ་མ། རྒྱུད་སྡེ་བཞིའི་སྙིང་པོ་དང། གཟུངས་ཆེན་སྡེ་ལྔ་སོགས་གཟུངས་རིགས་སྣ་ཚོགས། བཟང་སྤྱོད་དང་གདུགས་དཀར་མང་པོ། ཚོགས་བདག་འཁོར་ལོ་སོགས་དང། དྲི་


GTD008_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་སྣ་ཚོགས། གནས་ཆེན་མང་པོའི་ས་སྣ་ཆུ་སྣ་དང། བཀྲ་ཤིས་པའི་རྟེན་རྫས་དུ་མ་དང་བཅས་འགྲོ་བའི་ཞིང་ས་དམ་པར་བཞུགས་སོ། ། ༈ བྱམས་མགོན་ཐུགས་རྗེའི་སྒྱུ་འཕྲུལ་དུས་ཀྱི་མཐར། །བློ་བཟང་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཕྱིར། །མཁས་ཤིང་གྲུབ་བརྙེས་བསྟན་འཛིན་སྐྱེས་མཆོག་གི །རྣམ་རོལ་བླ་མ་ཡབ་སྲས་ཞབས་ལ་འདུད། །གཞན་ཕན་རྨད་བྱུང་ཐབས་མཁས་མཛད་བཟང་གིས། །འགྲོ་རྣམས་དགའ་ལྡན་ཞིང་དུ་འཁྲིད་པའི་ཕྱིར། །སྣང་བརྙན་མཐོང་བ་དོན་ལྡན་བཞེངས་པ་ཡི། །དགོས་དོན་བཞེད་པ་ཇི་བཞིན་འགྲུབ་གྱུར་ཅིག །ཕྱིས་སུའང་མཁས་གྲུབ་གཉིས་འཛོམ་གྱི་སྐྱེས་ཆེན་དམ་པ་ཁ་དྲོའི་དཔོན་སློབ་བློ་བཟང་བསྟན་འཛིན་དང། བསྟན་པའི་རྩ་ལག་ཆེན་པོ་མཁས་གྲུབ་བསྟན་འཛིན་རྣམ་གཉིས་ནས་སྔོན་སྒོམ་ཆེན་རིན་པོ་ཆེས་ལུང་བསྟན་དང་བཀའ་ཕེབས་ཀྱི་དོན་བཞིན་ཇོ་བོའི་ལྷ་ཁང་དུ་གསར་དུ་བཞེངས་པ་རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་མཐོང་བ་དོན་ལྡན་གྱི་ནང་རྟེན་ནི། ཐུབ་པའི་དབང་པོའི་འཕེལ་གདུང་གསུམ། ཇོ་བོ་རྗེ་དང། འབྲོམ་རིན་པོ་ཆེ། རྔོག་ལེགས་པའི་ཤེས་རབ། ལྷོ་བྲག་གྲུབ་ཆེན། རྗེ་བཙུན་རེད་མདའ་བ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དབུ་སྐྲ། མཁས་གྲུབ་ཁྱུང་པོ་དང། ཆོས་རྗེ་སྒམ་པོ་བ་རྣམ་གཉིས་ཀྱི་གདུང་རུས། རྒྱལ་བ་ཙོང་ཁ་པ་ཆེན་པོའི་དབུ་ལོ་དང། ན་བཟའ། གསང་ཆབ་རིལ་བུ། བྱམས་ཆེན་ཆོས་རྗེ་དང། འཇམ་དབྱངས་ཆོས་རྗེ་དང་གཉིས་ཀྱི་དབུ་སྐྲ་དང། ན་བཟའ། རྒྱལ་ཚབ་རིན་པོ་ཆེ་དང། མཁས་གྲུབ་ཐམས་ཅད་མཁྱེན་པ་རྣམ་གཉིས་ཀྱི་དབུ་ལོ། རྗེ་དགེ་འདུན་གྲུབ་ཀྱི་གདུང་རུས། རྒྱལ་བ་བློ་བཟང་དོན་གྲུབ།


GTD008_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཆོས་རྡོ་རྗེ། མཁས་གྲུབ་སངས་རྒྱས་ཡེ་ཤེས་རྣམ་གསུམ་གྱི་ན་བཟའ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས་དབང་པོ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་རྣམ་གསུམ་གྱི་དབུ་སྐྲ། ན་བཟའ། གསང་ཆབ་རིལ་བུ། རྒྱལ་བ་དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་ལྔ་པ་ཆེན་པོ། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། རྒྱལ་བ་འཇམ་དཔལ་རྒྱ་མཚོ་རྣམས་ཀྱི་དབུ་སྐྲ་དང་གསང་ཆབ་རིལ་བུ། རོང་བོ་སྐལ་ལྡན་རྒྱ་མཚོ། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན། ཀུན་མཁྱེན་འཇམ་དབྱམས་བཞད་པའི་རྡོ་རྗེ། ཁྲི་ཆེན་དགེ་འདུན་ཕུན་ཚོགས། ཁྲི་རྒྱལ་མཚན་སེང་གེ །ཁྲི་ངག་དབང་མཆོག་ལྡན། དཔོན་སློབ་བྱམས་པ་རིན་པོ་ཆེ། ལྕང་སྐྱ་རོལ་བའི་རྡོ་རྗེ། ཀུན་མཁྱེན་འཇིགས་མེད་དབང་པོ། དཔོན་སློབ་རིན་པོ་ཆེ། སྔགས་འཆང་སྟོབས་ལྡན་རྒྱ་མཚོ། རྗེ་བཙུན་གྲགས་པ་བཤད་སྒྲུབ། སྒོམ་ཆེན་བློ་བཟང་བཀྲ་ཤིས། ཆས་པ་བློ་བཟང་འཕྲིན་ལས། མོ་ནེ་དཔོན་སློབ་སངས་རྒྱས་དཔལ་བཟང། ཀིརྟི་བློ་བཟང་བསྟན་པའི་རྒྱལ་མཚན། ཀྱོ་གྱ་དཔོན་སློབ། དགོན་ལི་མཁས་མཆོག །བེ་རུ་དཔོན་སློབ་མཐུ་སྟོབས་རྒྱལ་མཚན་སོགས་ཁོང་རྣམ་གཉིས་ནས་ཆོས་འབྲེལ་མནོས་པའི་བླ་མ་རྣམས་ཀྱི་དབུ་སྐྲ་དང་ན་བཟའ། སྲོག་ཤིང་གི་ངོས་བཞིར་གཟུངས་ཆེན་སྡེ་ལྔ་གསེར་ཞུན་གྱིས་བྲིས་པ། རྒྱུད་སྡེ་བཞིའི་སྙིང་པོ། སངས་རྒྱས་རབས་བདུན་གྱི་གསོ་སྦྱོང་ཚར་ཤིན་ཏུ་མང་པོ་སོགས་ཆོས་སྐུའི་རིང་


GTD008_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེལ་འདྲི་བར་གྲངས་ལས་འདས་པ་བྲི་བསྒྲུབ་དང། གོས་དར་གྱི་ན་བཟའ་བརྩེགས་མ་མང་བོ་ཕུལ་ཏེ་གོ་རིམ་མ་འཁྲུགས་པར་བཞུགས་པའི་བར་མཚམས་དྲི་བཟང་སྣ་ཚོགས་ཀྱི་ཕྱེ་མས་གཏམས་པ། བྲིས་འབུར་ཅི་རིགས་པའི་སྐུ་བརྙན་གྱི་རིམ་པའང་རྒྱལ་བ་ཚེ་དཔག་མེད། ཐུབ་དབང། མི་འཁྲུགས་པ། སྨན་བླ་བདེ་གཤེགས་བརྒྱད། རྒྱལ་བ་རིགས་ལྔ། སངས་རྒྱས་སུམ་ཅུ་སོ་ལྔ། དུས་གསུམ་སངས་རྒྱས། བཀའ་གདམས་ལྷ་བཞི། བྱམས་པ། བཅུ་གཅིག་ཞལ། སྒྲོལ་དཀར་ལྗང། རིགས་གསུམ་མགོན་པོ། རྗེ་ཡབ་སྲས། ལམ་རིམ་བརྒྱུད་པ། ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག །ཛཾ་དཀར། ནོར་ལྷ། མགོན་ཆོས་རྣམ་སྲས་སོགས་ཀྱི་སྐུ་བརྙན་མང་པོ་དང། གཞན་ཡང་བྱིིན་རྟེན་སྐུ་འབུམ་ཙན་དན་ཤིང་གི་ཆ་ཤས་ལོ་མ། རྟེན་བསྡུས་རིལ་བུ། བདུད་རྩི་རིལ་བུ། སྐྱེ་བདུན་དང། མ་ཎི་དུང་ཕྱུར་མང་པོ་བསྒྲུབས་ཟིན་གྱི་རིལ་བུ་སོགས་དང། རྒྱ་གར་ནག་བལ་བོད། ཙཱ་རི། རི་བོ་རྩེ་ལྔ་སོགས་གནས་འགངས་ཆེ་མང་བོའི་ས་སྣ་ཆུ་སྣ་རྡོ་སྣ་བཀྲ་ཤིས་པའི་རྟེན་རྫས་དུ་མ་དང། ཛཾ་དཀར་དང། ཚོགས་བདག་གི་གཏེར་འཁོར་སོགས་སྟོད་སྨད་བར་གསུམ་དུ་བཞུགས་རྒྱུའི་གཟུངས་གཞུག་གི་རིམ་པ་པཎ་ཆེན་རིན་པོ་ཆེ་དང། རྒྱལ་དབང་གི་གཟུངས་གཞུག་གི་རྣམ་གཞག་དང་མཐུན་པར་བསྒྲུབས་ཏེ། རྒྱུད་སྡེ་དང་མཐུན་པའི་རབ་གནས་ཀྱི་ཆོ་ག་དམ་པའི་ཕྱག་བཞེས་ཉམས་པ་མེད་པར་བསྒྲུབས་ཏེ། འགྲོ་བའི་བསོད་ནམས་ཀྱི་ཞིང་ས་བླ་ན་མེད་པར་བཞུགས་སོ། ། ༈ སྐོར་ཚད་ནི་རྟེན་གཙོ་ལ་གཞལ་ཏེ། དེ་ལ་


GTD008_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་གཅིག་འགྲོ་བའི་ཚོད་ལ་སྐོར་འབུམ་ཞེས་བརྩི་བའི་སྲོལ་འདུག་པ་བཞིན། སྐུ་གདུང་ཡིད་བཞིན་ནོར་བུའི་མཆོད་རྟེན་རྣམ་གཉིས་ལ་གཞལ་བའི་དབང་དུ་བཏང་ན་ནང་སྐོར་ཁྲི་ཚོ་གཅིག །དགོན་པའི་ཕྱི་སྐོར་ལ་སྟོང་ཚོ་གཉིས་དང་ལྔ་བརྒྱས་གྲངས་ལེགས་པར་འགྲོ་ཞིང། སྐོར་བ་བྱེད་ཚུལ་དང། ཕྱག་མཆོད་སྐོར་བ་རྣམས་ཀྱི་ཕན་ཡོན་སོགས་ནི་དམ་པ་གོང་མ་རྣམས་ཀྱི་གསུང་ལས་འབྱུང་བ་དང། ཁོ་བོའི་མཆོད་རྟེན་མཐོང་གྲོལ་ཆེན་མོའི་དཀར་ཆག་ཏུ་བྲིས་ཡོད་པ་སོགས་ལས་ཤེས་པར་བྱའོ། །མ་འོངས་སྐྱེ་དགུ་ཚེ་ལོ་བརྒྱད་ཁྲིའི་ཚེ། །མ་ཕམ་བསྟན་པའི་རྒྱ་མཚོར་འཇུག་འདོད་རྣམས། །རྣམ་འདྲེན་དེ་ལ་བརྟེན་པའི་ལེགས་བྱས་ཀྱི། །བསོད་ནམས་གྲུ་གཟིངས་ཚགས་སུ་ཚུད་པར་གྱིས། །དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །རླབས་ཆེན་བསོད་ནམས་ཞིང་གིས་མི་ཕོངས་པ། །འདི་འདྲའི་རྟེན་འབྲེལ་ལེགས་པར་འགྲིག་པའི་དུས། །དོན་མེད་གྱི་ནར་སྡོད་རྣམས་ཀྱེ་མ་ཧོ། །ཕྱག་མཆོད་སྐོར་བ་ལ་སོགས་ལུས་ཀྱི་ལས། །བཟླས་བརྗོད་གསོལ་འདེབས་ཆད་མེད་ངག་གི་ལས། །རྩེ་གཅིག་མོས་གུས་བསྒོམ་པའི་ཡིད་ལས་རྣམས། །རྟག་ཏུ་སྒྲུབ་པས་དལ་འབྱོར་དོན་ཡོད་མཛོད། །དེ་ལྟའི་རྣམ་དཀར་ལྷུར་ལེན་སྐྱེ་བོ་རྣམས། །དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་དངོས། །བླ་མ་ཡབ་སྲས་ཐུགས་རྗེའི་ཀྱོ་བ་ཡིས། །ནམ་ཡང་མི་གཏོང་སྲིད་ལས་འདྲེན་པར་ངེས། །མཆོག་གསུམ་རྟེན་དང་བརྟེན་པ་འདི་དག་ལ། །གུས་པ་ལྷུར་ལེན་འབྲེལ་ཐོགས་སྐྱེ་བོ་ཀུན། །མི་ཁོམ་གནས་སུ་ནམ་ཡང་


GTD008_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱེ་བར། །དལ་བའི་རྟེན་ལ་ལམ་བཟང་བགྲོད་གྱུར་ཅིག །གང་གི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས། །དགོན་གནས་འདིར་ཡང་ཁྲིམས་ལྡན་འདུས་པའི་ཚོགས། །བཤད་སྒྲུབ་དང་བཅས་དབྱར་མཚོ་བཞིན་འཕེལ་བས། །དགེ་ལྡན་ལུགས་བཟང་ཡུན་དུ་སྐྱོང་གྱུར་ཅིག །རྩ་བརྒྱུད་བླ་མ་རྣམས་ཀྱི་སྤྱན་སྔ་རུ། །རྡོ་རྗེའི་གཡར་དམ་ལྷུར་བཞེས་སྲུང་ཚོགས་ཀྱིས། །མཆོག་གསུམ་རྟེན་དང་དཔོན་སློབ་ཡོན་མཆོད་ཀུན། །རྟག་ཏུ་སྲུང་སྐྱོབ་བྱ་ར་མ་གཡེལ་མཛོད། །མདོར་ན་བསྟན་འཛིན་ཚོགས་རྣམས་ཞབས་པད་བརྟན། །བློ་བཟང་རྒྱལ་བའི་བསྟན་པ་དར་ཞིང་རྒྱས། །འགྲོ་ཀུན་ཆོས་འབྱོར་བདེ་དགེས་འཚོ་བ་ཡི། །དགེ་ལེགས་རྒྱ་མཚོས་ནོར་འཛིན་ཁྱབ་གྱུར་ཅིག །ཅེས་ཁྱ་དགེ་ལེགས་བཤད་གླིང་གི་རྟེན་རྣམས་ཀྱི་དཀར་ཆག་ཕྱོགས་བསྡེབས་སུ་བྱས་པ་འདི་ནི། སྔ་མའི་དཀར་ཆག་ལྡེབས་རིས་སུ་བཞུགས་པ་རྣམས་ཧ་ཅང་བགྲེས་སྐྱོན་གྱིས་ནུབ་པར་ཉེ་བར་སྐྱེ་བོ་རྣམས་ཀྱི་དད་པའི་གསོས་སུ་འདི་འདྲ་ཞིག་དགོས་ཞེས་དད་བརྩོན་ལྡན་པ་དགེ་སློང་དཀོན་མཆོག་དར་རྒྱས་ཀྱིས་བསྐུལ་བའི་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དགོན་གསར་དགའ་ལྡན་རབ་རྒྱས་གླིང་དུ་བྲིས་པའོ།། །།


previousཁྱ་དགེ་ལེགས་བཤད་གླིང་གི་རྟེན་ཐོ་བསོད་ནམས་རིན་ཆེན་འདྲེན་པའི་ཤིང་རྟ།next