Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
བཤད་པ་སྣ་ཚོགས།
   
   


 
previousབཤད་པ་སྣ་ཚོགས།next

བཤད་པ་སྣ་ཚོགས།


GTD008_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་སྣ་ཚོགས་ཕྱོགས་བསྡུས་བཞུགས་སོ། །


GTD008_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཇི་སྐད་དུ། ངོ་མཚར་གྲགས་སྙན་འབྲུག་གི་སྒྲ་ལྡན་པ། །ཕུལ་བྱུང་ཡོན་ཏན་བྱེ་བའི་ཆུ་ཁུར་ཅན། །དཔལ་ལྡན་བླ་མའི་འཕྲིན་ལས་གྲུ་ཆར་གྱིས། །བསྟན་འགྲོའི་བདེ་སྐྱིད་སྙེ་མ་རྒྱས་གྱུར་ཅིག །ཅེས་ཤིས་པར་བརྗོད་པའི་ཚིག་གིས་སྔོན་བསུས་ཏེ། སྲིད་གསུམ་སྐྱེ་འགྲོ་ཡོངས་ཀྱི་བླ་མ། ཐར་འདོད་ཐར་པར་འཁྲིད་པའི་ས་མཁན། ཤཱཀྱའི་རྒྱལ་པོའི་ཆོས་ཀྱི་རྒྱལ་ཚབ། དགེ་ལྡན་བསྟན་པའི་གདུགས་དཀར་གྱེན་དུ་འདེགས་པའི་སྲོག་ཤིང༌། དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་གྱི་དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པའི་བླ་མ་རྡོ་རྗེ་འཆང་ཆེན་པོའི་ཞབས་ཀྱི་པདྨོ་ལ་སྤྱི་བོས་ཉེ་བར་བཏུད་དེ། སྐབས་དོན་གསོལ་བ་འདེབས་པའི་དོན་གྱི་སྙིང་པོ་ནི། པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས། མཐའ་དག་འགྲོ་བའི་བདེ་ལེགས་རྩ་བ་ཀུན། །རྒྱལ་བསྟན་ཕྱོགས་བཅུར་རྒྱས་ལ་རག་ལས་པས། །


GTD008_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་བསྟན་པའི་རྩ་བ་འཛིན་བྱེད་ཁྱོད། །འགྱུར་མེད་རྡོ་རྗེའི་ཁྲི་ལ་བཞུགས་སུ་གསོལ། །ཞེས་གསུངས་པ་ལྟར། མཐའ་ཀླས་ལུས་ཅན་ཀུན་གྱི་གནས་སྐབས་མངོན་པར་མཐོ་བ་དང༌། མཐར་ཐུག་ངེས་པར་ལེགས་པའི་བདེ་དགེ་མ་ལུས་པའི་འབྱུང་གནས་ཉག་གཅིག་པུར་གྱུར་པ་ནི། སྟོན་པ་ཐུགས་རྗེའི་བདག་ཉིད་ཅན་དེས། མ་བུ་གཅིག་པ་ལྟ་བུའི་བརྩེ་བ་ཆེན་པོའི་སྒོ་ནས་འདོམས་པར་མཛད་པའི་ལུང་གི་བསྟན་པ་རིན་པོ་ཆེ་དང༌། དེ་དོན་ཚུལ་བཞིན་བསྒྲུབ་པའི་རྟོགས་པའི་བསྟན་པ་རིན་པོ་ཆེ་འདི་གཉིས་ལས་མ་འདས་ལ། བསྟན་པ་རིན་པོ་ཆེ་དེ་ཉིད་ཡུན་དུ་གནས་པའང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཉམས་པ་མེད་པར་འཛིན་པའི་སྐྱེས་མཆོག་བསྟན་པའི་བདག་པོ་རྣམས་ཞབས་པད་རིང་དུ་བརྟན་པ་ལ་རག་ལས་ཤིང༌། བསྟན་པ་འཛིན་པའི་སྐྱེས་བུའང་སྤྱིར་གསུང་རབ་ལས་བཤད་པའི་བཤེས་གཉེན་གྱི་མཚན་ཉིད་ཚང་བ་དང༌། ཁྱད་པར་དུ་རྗེ་བཙུན་འཇམ་


GTD008_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱངས་ཀྱི་མན་ངག་ལ་བརྟེན་ནས་རྗེ་བླ་མས་དག་ཐེར་མཛད་དེ་རྒྱལ་བའི་དགོངས་པ་མཐར་གཏུགས་པ་ཟབ་ལམ་དབུ་མའི་ལྟ་བ་དང༌། གསང་ཆེན་རྡོ་རྗེ་ཐེག་པ་ཟུང་འབྲེལ་དུ་བྱས་ཏེ། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཡི་གེ་ན་གཅིག་ཀྱང་འདོར་རྒྱུ་མེད་པར་ཉམས་ལེན་དུ་འཁྱེར་ཤེས་པ། མདོ་སྔགས་གང་གི་ཐད་ནས་ཀྱང་འཁྲུལ་པའི་དྲི་མ་ཅུང་ཟད་ཀྱང་མེད་པའི་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་འཁོར་ལོ་གསུམ་གྱི་སྒོ་ནས་ཚུལ་བཞིན་དུ་འཛིན་པར་བྱེད་པ་ཆེས་ཤིན་ཏུ་ཉག་ཕྲ་བའི་སྐབས་འདིར། རྗེ་བཙུན་བླ་མ་ཉིད་ནི་ངེས་པའི་དོན་དུ་འཇམ་མགོན་ཙོང་ཁ་པ་ཆེན་པོ་དེ་ཉིད་རང་གིས་ཕྱེ་བའི་ལམ་སྲོལ་བཟང་པོ་སྲིད་མཐར་སྤེལ་བའི་ཕྱིར་དུ་བསམ་བཞིན་མིའི་སྲིད་པ་བཟུང་བ་ཡིན་ནའང༌། དོན་མཐུན་པའི་སྒོ་ནས་སྙིགས་དུས་ཀྱི་གདུལ་བྱ་རྣམས་རང་ཉིད་གཤེགས་པའི་ལམ་བཟང་པོ་དེར་འཁྲིད་པའི་སླད་དུ་ཐུན་མོང་སྣང་ཚོད་དང་མཐུན་པར་གཞོན་ནུ་ནས་རབ་ཏུ་བྱུང་ཞིང༌། བཤེས་གཉེན་དམ་པ་དུ་མ་རིགས་ཀྱི་ཅོད་པན་དུ་བཞེས་ཏེ་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་ཅིང་གསུང་རབ་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལྷག་མ་མེད་པར་བཅད། དེ་ནས་ཡང་དཔལ་གསང་བ་འདུས་པ་ལས། དགོན་པ་ཆེན་པོའི་ས་ཕྱོགས་སུ། །ཞེས་སོགས་ཀྱི་དགོངས་པ་དང་མཐུན་པ་སྔོན་གྱི་རྗེ་བཙུན་མི་ལ་སོགས་གྲུབ་པའི་དབང་ཕྱུག་དུ་མའི་སྒྲུབ་གནས་དབེན་པའི་རི་སུལ་གཡའ་ཁྲོད་དང་གངས་ཁྲོད་རྣམས་སུ་བྱོན་ཞིང༌། མཐོ་མཐོ་རླུང་ལ་


GTD008_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། དམའ་དམའ་ཆུ་ལ་བསྐུར་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་འཁྲི་བ་དྲུངས་ཕྱུང་སྟེ། ཇི་སྐད་དུ། མདོ་སྡེ་རྒྱན་ལས། བྱིས་པ་ཤིན་ཏུ་གོས་བཟང་གྱོན་ཡང་ནི། །ཁྲེལ་དང་བྲལ་ཕྱིར་ཉེས་པའི་དྲི་མ་ཅན། །རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། །དགབ་པ་མེད་ཀྱང་ཉེས་པའི་དྲི་མ་བྲལ། །ཞེས་གསུངས་པ་ལྟར། གོས་ཕྱག་དར་ཁྲོད་དང༌། འཚོ་བ་དཀའ་ཐུབ་ཙམ་ལ་བརྟེན་ནས་སྐུ་དང་སྲོག་ལའང་ལྟོས་པ་མེད་པར་མཛད་དེ་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་ཐུགས་ཉམས་སུ་བསྟར་བ་ལས། ལུང་གི་བསྟན་པ་ཀ་རཱི་ཀ་ལྔ་བཅུ་པ་ནས་རྒྱུད་རྒྱལ་གསང་བ་འདུས་པའི་བར་དང༌། རྟོགས་པའི་བསྟན་པ་རུང་ཆུ་འདེབས་པ་ཚུན་ཆོད་ཀྱི་འདུལ་བའི་བཅས་རྐྱང་ཕྲ་མོ་ནས་བཟུང་བདེན་གཉིས་ཟུང་འཇུག་གི་བར་མཐའ་དག་རང་གིས་ཐུགས་སུ་ཆུབ་ཅིང༌། དོན་དེ་ཉིད་གདུལ་བྱ་རྣམས་ལའང་འདོམས་པར་མཛད་པ་སོགས་ཀྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེའི་རྩ་ལག་དམ་པར་འཚོ་ཞིང་གཞེས་པའི་བཀའ་དྲིན་བླ་ན་མེད་པ་ནི་ཀུན་གྱི་མངོན་སུམ་དུ་གྲུབ་པ་འདི་བཞིན་ལགས་ལ། ཁྱད་པར་དུ་ད་རེས་ཀྱང་རང་ཅག་འདིར་འཚོགས་པ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་ཟླ་བ་ཕྱེད་གཉིས་ཙམ་གྱི་བར་དུ་ཐོག་མར་ཐུན་མོང་ལམ་སྦྱངས་རིམ་པ་སྔོན་དུ་བཏང་ནས། དེའི་འོག་ཏུ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀྱི་བཅུད། གསང་ཆེན་རྒྱུད་སྡེ་ཀུན་གྱི་བླ་མ། དོན་དམ་འོད་གསལ་གྱི་རིམ་པ་གཙོ་བོ་སྟོན་པའི་རྣལ་འབྱོར་མ་རྒྱུད་དུང་ཕྱུར་ཕྲག་གཅིག་


GTD008_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱེ་བ་དྲུག་གསུངས་པའི་ཡང་རྩེ། ཟབ་པ་ལས་ཀྱང་ཟབ་པ། གསང་བ་ལས་ཀྱང་གསང་བ། བླ་མ་གོང་མ་རྣམས་ཀྱི་རིམ་པ་བཞིན་དུ་སྙན་ནས་སྙན་དུ་བརྒྱུད་ཅིང༌། ཞལ་ནས་ཞལ་དུ་བརྒྱུད་པའི་མན་ངག་མཁའ་འགྲོའི་ཁ་རླངས་ཐོལ་ལེ་བ། དཔལ་འཁོར་ལོ་སྡོམ་པའི་ལམ་རིམ་པ་གཉིས་ཀྱི་དམར་ཁྲིད་ཟབ་མོ་དགྱེས་བཞིན་ལྷུག་པར་སྩལ་བའི་བཀའ་དྲིན་བསབ་ཕྱིར་མཚོན་བྱེད་དང༌། ཆེད་དོན་མདོ་སྡེ་རྒྱན་ལས། དེ་ཡི་ཆོས་ཀུན་སྒྱུ་མ་ལྟ་བུ་དང༌། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་པའི་དུས་སམ་རྒུད་པའི་དུས་ན་ཡང༌། །སེམས་ཅན་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཅེས་དང༌། ཚད་མ་རྣམ་འགྲེལ་ལས། སྙིང་རྗེ་དམན་པ་ཉིད་ཕྱིར་ཡང༌། །གནས་པའི་འབད་རྩོལ་ཆེན་པོ་མེད། །གང་དག་བརྩེ་བ་ཆེན་པོ་པ། །གཞན་གྱི་ངོར་ནི་བཞུགས་པ་ཡིན། །ཞེས་གསུངས་པ་ལྟར། ད་ལྟ་སྙིགས་མ་ལྔ་ཤིན་ཏུ་བདོ་བའི་དབང་གིས་འགྲོ་བ་རྣམས་དམུ་རྒོད་འདུལ་བར་དཀའ་ཞིང༌། དྲིན་ལན་ལོག་པར་འཇལ་བ་མང་མོད་ཀྱང༌། དེ་དག་ལ་ཁྲེལ་བའི་ཚུལ་མི་མཛད་པར་མ་ཟད། ལྷག་པར་ཡང་ཐུགས་བརྩེ་བ་ཆེན་པོའི་གཞན་དབང་དུ་གྱུར་ཏེ། དཔེར་ན་བུ་ཆུང་སྨྱོས་པས་བྱེད་པ་ངན་པ་ཇི་འདྲ་ཞིག་བྱས་ཀྱང་ཕ་མས་འབྲོག་དགོན་པ་འཇིགས་སུ་རུང་བ་ནས་ཡལ་བར་འདོར་བ་ནམ་ཡང་མི་སྲིད་པ་བཞིན་དུ། རང་ཅག་རྣམས་ཀྱི་མགོན་དང༌། སྐྱབས་དང༌། གླིང་དང༌། དཔུང་གཉེན་དམ་པར་མི་འཇིགས་གདོང་ལྔས་བཏེག་པའི་ཁྲི་འཕང་མཐོན་པོར་ཞབས་པད་བསྐལ་པ་རྒྱ་མཚོའི་བར་དུ་བརྟན་པར་བཞུགས་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་དུ་བསྐོར་དུ་གསོལ་ཞེས། ཇི་སྐད་དུ་མདོ་ལས། དངོས་པོ་


GTD008_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དམན་ཡང་བསམ་པ་དག་པ་ཡིས། །རྒྱལ་བ་མཆོད་པའི་ཡོན་ནི་གཞལ་དུ་མེད། །ཅེས་གསུངས་པ་ལྟར་རིན་ཆེན་མཎྜལ་བཟང་པོས་ཐོག་དྲངས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པའི་ཚོགས་དང་བཅས་ཏེ། རང་ཅག་འདིར་འཚོགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་སྒོ་ནས་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན། རེ་འབྲས་དོན་སྨིན་གྱི་ཞལ་བཞེས་བཟང་པོ་སྤྱི་བོར་སྩོལ་བ་མཁྱེན་མཁྱེན་ལགས། ཞེས་པ་འདི་ནི་དཔལ་ལྡན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་ཆོས་འཁོར་ལྷ་སར་དགེ་འདུན་སུམ་སྟོང་ལྷག་ཙམ་ལ་ཆོས་བཀའ་ཟླ་བ་ཕྱེད་གཉིས་ཀྱི་བར་དུ་གནང་བའི་གཏང་རག་གི་སྐབས་སུ་གང་གི་སློབ་མའི་ཐ་ཤལ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་གུས་པ་ཆེན་པོས་ཕུལ་བའོ། །༈ ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཞལ་ནས། དྲི་མེད་ལུང་རིགས་སྒྲ་སྙན་སྒྲོགས་པའི་ཚལ། །རྨད་བྱུང་ཐོས་བསམ་གླིང་གི་སྡེ་ཆེན་འདིར། །རྒྱན་དྲུག་མཆོག་གཉིས་ལྟ་བུའི་མཁས་མང་གིས། །ཡོངས་གང་བཤད་སྒྲུབ་རྒྱལ་མཚན་འཛིན་པར་ཤོག །ཅེས་གསུངས་པ་ལྟར། མདོ་རྒྱུད་ཚད་མའི་ལུང་དང་དཔྱད་གསུམ་དག་པའི་རིགས་ལམ་གྱི་དབྱངས་སྙན་སྐལ་བཟང་རྣ་བའི་བདུད་རྩིར་སྤྲོ་ཞིང༌། ཐུབ་བསྟན་མི་ནུབ་པའི་རྒྱལ་མཚན་བསྒྲེང་བར་མཛད་པ་རྒྱན་དྲུག་མཆོག་གཉིས་ལྟ་བུའི་མཁས་མང་འདུས་པ་རྒྱ་མཚོའི་སྙན་དབང་ཟབ་མོའི་དྲུང་དུ་གང་ཞུ་ན། རྒྱལ་


GTD008_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་ཡི་ཉི་མ་རྣམ་འདྲེན་ཤཱཀྱ་སེང་གེ་དེ་ཉིད་སྐྱེ་རྒུ་ཚེ་ལོ་བརྒྱ་པའི་དུས་སུ་བྱོན་ཏེ། མཆོག་གི་སྤྲུལ་སྐུའི་མཛད་པའི་གཙོ་བོ་ནི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་འདི་ཡིན། དེའང་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱིས་མཛོད་དང་འདུལ་བ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱིས་དབུ་མ་དང་ཕར་ཕྱིན། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱིས་རྣམ་རིག་པའི་ལུགས་རྣམ་འགྲེལ་ལྟར་གསུངས་པ་ཡིན་པས། ཆོས་འཁོར་གསུམ། གསུང་རབ་ཡན་ལག་བཅུ་གཉིས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཟེར་བ་ཐམས་ཅད་ཀྱིས་བཀའ་པོད་ལྔ་པོ་འདི་གསུངས་པ་ཡིན། སངས་རྒྱས་ཀྱི་བསྟན་པའང་ལུང་རྟོགས་གཉིས་ལས་མ་འདས་ཤིང༌། རྟོགས་པའི་བསྟན་པ་བསླབ་པ་གསུམ་དུ་གྲངས་ངེས། ལུང་གི་བསྟན་པ་སྡེ་སྣོད་གསུམ་དུ་གྲངས་ངེས། དེས་ན་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་བྱེད་འདུལ་བ་ཡིན། ཏིང་ངེ་འཛིན་གྱི་བསླབ་པ་སྟོན་བྱེད་མདོ་སྡེ་ཀུན་གྱི་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། ཤེས་རབ་ཀྱི་བསླབ་པ་སྟོན་བྱེད་མངོན་པ་གཉིས་ཡོད་པས་མངོན་པ་མཛོད། མངོན་པ་གོང་མ་དབུ་མ། རིགས་པའི་མངོན་པ་རྣམ་འགྲེལ་ཡིན་པས་འདི་ལྔའི་ཚིག་དོན་ལ་མ་འདུས་པའི་སངས་རྒྱས་ཀྱི་བསྟན་པ་ཞིག་མེད། རྒྱ་གར་པཎ་གྲུབ་གནམ་གྱི་སྐར་མ་ལྟ་བུ་བྱོན་པའི་ནང་ན་ཉི་ཟླ་ལྟར་གྲགས་པ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཡིན། དེའི་ནང་ནས་ཀླུ་སྒྲུབ་ཡབ་སྲས་གཉིས་ཀྱིས་དབུ་མ། ཐོགས་མེད་སྐུ་མཆེད་གཉིས་ཀྱིས་ཕར་ཕྱིན་དང་མཛོད། ཕྱོགས་གླང་ཆོས་གྲགས་གཉིས་ཀྱིས་གཏན་ཚིགས་གསུམ་དང་བློ་རིག་བདུན་སོགས་ཚད་མའི་སྐོར། ཡོན་ཤཱཀ་གཉིས་ཀྱིས་འདུལ་


GTD008_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགོངས་དོན་བཀྲལ་ཏེ་རྒྱ་གར་ཆོས་ཀྱི་འབྱུང་གནས་ཟེར་བ་དེ་བྱུང་བ་ཡིན། དེའི་རྒྱུན་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདིར་སྤྱན་དྲངས་ཏེ་མཁས་པ་རྣམས་ཀྱིས་བཤད་སྒྲུབ་གཉིས་ཀའི་སྒོ་ནས་སྤེལ། ཁྱད་པར་མཉམ་མེད་ཇོ་བོ་ཆེན་པོས་ལུང་བསྟན་ཏེ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ནེའུ་ཐོག་བཏབ་ནས་རྩོད་གྲྭའི་སྲོལ་བཙུགས། ཕྱ་པ་ཆོས་ཀྱི་སེང་གེ་སོགས་ཀྱིས་ཇེ་རྒྱས་སུ་བཏང༌། ལྷག་པར་འཇམ་མགོན་རྒྱལ་བ་གཉིས་པ་ཡབ་སྲས་ཀྱིས་གདན་ས་ཆེན་པོ་གསུམ་ལ་སོགས་པ་བཏབ་ནས་བཀའ་པོད་ལྔའི་འཆད་ཉན་གྱི་རྒྱལ་མཚན་བསྒྲེངས། མདོ་ལས་བསྟན་པ་བྱང་ནས་བྱང་དུ་དར་བར་གསུངས་པ་དང༌། བཀའ་གདམས་གླེགས་བམ་ལས། བོད་བྱང་གི་ཕྱོགས་ནས་བྱང་ཕྱོགས་སུ། །མི་ཁྱོད་ཀྱི་སྤྲུལ་བ་དམ་པ་ཞིག །ཅེས་སོགས་ཀྱི་ལུང་བསྟན་དུས་ལ་བབ་པ་ན་བཤད་གྲྭ་ཀུན་གྱི་ཆུ་མགོ་གངས་ལ་ཐུགས་པ་ལྟ་བུ་གསང་ནེའུ་ཐོག་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ཉིད་ལ། ཉིད་ཀྱི་ལེགས་པར་བཤད་པས་ས་སྟེང་ཁྱབ་པར་ལུང་བསྟན་བྱུང་བ་བཞིན། སྔོན་མེད་ཀྱི་ལེགས་བཤད་བཀའ་པོད་ཆེན་པོ་ལྔ་མཛད་པས་དེང་སང་སྟོད་ཛ་ཏིའི་མེ་ཏོག་བཀྲ་བ་ནས་ཤར་རྒྱ་མཚོའི་མཐའི་བར་དུ་ཐོས་བསམ་རྣལ་མ་ཞིག་བྱེད་འདོད་པ་ཀུན་གྱི་མིག་གཅིག་པུར་གྱུར་པ་འདི་བྱུང་བ་ཡིན། དེའི་ནང་ནས་ཀྱང་ཐུགས་བསྐྱེད་ཀྱི་བཀའ་བབ་པ་དང༌། བྱིན་རླབས་ཀྱི་བཅུད་འཁྱིལ་བ་ནི་གོང་གི་ལུང་བསྟན་བཞིན་བོད་ཆེན་པོ་མདོ་ཁམས་སྨད་ཀྱི་བསྟན་པའི་འབྱུང་གནས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་


GTD008_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་འདི་ཉིད་དང༌། དེའི་ནང་ནས་ཀྱང་གྲྭ་ཚང་ཐོས་བསམ་གླིང་འདི་ཉིད་ཡིན། དེའི་རྒྱུ་མཚན་གྱིས་གྲྭ་ཚང་འདིའི་ཆོས་འཆད་ཉན། བསྒྲིག་ལམ་ཀུན་སྤྱོད་སོགས་གྲ་མ་ཆག །གྲུ་མ་ཉམས་པ་ཞིག་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་རྩ་བར་གལ་ཆེ་བས། ཁུར་ལེན་གནས་སྐབས་ཀྱི་ལས་སྣེ་རྣམས་ཀྱིས་བྱེད་དགོས་སྟབས་དབྱར་ཆོས་དགུན་ཆོས་གཉིས་ཀྱི་མཚམས་སུ་དགེ་བསྐོས་གསར་པ་ལང་སྐབས་བཅའ་ཡིག་གི་སྟེང་ནས་ཚོགས་གཏམ་རྒྱས་པ་རེ་འབུལ་བའི་སྲོལ་ཡོད་པ་བཞིན་ཞུ་བ་ལ། ༈ འོ་ལགས་སོ། །མདོ་རྒྱ་ཆེན་རོལ་པ་ལས། འཆི་དང་འཕོ་དང་འཆི་འཕོ་དུས་བྱེད་པ། །ཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་འབྲལ། །ཕྱིར་མི་འོང་ཞིང་འཕྲད་པར་འགྱུར་མ་ཡིན། །ཤིང་ལས་ལོ་འབྲུལ་འདྲ་ཞིང་ཀླུང་རྒྱུན་མཚུངས། །ཞེས་གསུངས་པ་ལྟར། སྔོན་འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་འཁོར་བ་འདིར་ལས་ཀྱི་རླུང་གིས་བདས་ཏེ་གནས་མཐོ་དམན་སྣ་ཚོགས་པར་ལུས་བཟང་ངན་ཅི་རིགས་པ་རེ་བླངས། ལུས་རེ་རེ་བླངས་པའི་སྐབས་སུ་དེའི་མིང་ལ་ཚེ་འདི་ཞེས་བཏགས་ནས་དེར་ཡུན་རིང་ཞིག་སྡོད་རྒྱུའི་གྲབ་ཤོམ། དགྲ་འདུལ་གཉེན་སྐྱོང་ལ་སོགས་པ་དོན་མེད་པའི་བྱ་བ་མང་པོ་ཞིག་ལ་མགོ་འཁོར་ནས་བསྡད་ཡོད་པའི་ཐོག་ཏུ་འཆི་བདག་གི་ཕོ་ཉས་སླེབས་ཏེ། ཚེ་དེའི་ལུས་ལོངས་སྤྱོད་གཉེན་ཉེ་དུ་གྲོགས་མཛའ་བཤེས་ཐམས་ཅད་ཤུལ་དུ་བཞག །རང་ཉིད་གཅིག་པུ་མར་ནང་ནས་སྤུ་བཏོན་པ་བཞིན་འཇིག་རྟེན་ཕྱི་མའི་གནས་སུ་འགྲོ་དགོས་པ་ནི་མཐོ་ཚངས་པ་དང་བརྒྱ་བྱིན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཚུན་ཆད་ནས། དམའ་འབུ་སྲིན་ཕྲ་མོ་ཡན་ཆད་ཀྱི་སྟེང་དུ་


GTD008_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མེད་པར་འབབ་ངེས་པ་ཡིན། དེ་ཐོག་ཏུ་བབས་པའི་ཚེ་ན་ཐབས་གང་གིས་ཀྱང་བཟློག་ཏུ་མེད་པ་པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས། མགྱོགས་པོའི་འགྲོས་དང་སྟོབས་ཀྱིས་བཟློག་ཏུ་མེད། །ཟས་ནོར་སྨན་དང་སྔགས་ཀྱིས་བཟློག་ཏུ་མེད། །གསུངས་པ་ལྟར་ཡིན། དེ་ལྟ་བུའི་ཟློག་མེད་ཀྱི་འཆི་བ་དེ་ཆེ་ཆུང་རྒན་གཞོན་ཐམས་ཅད་ཀྱི་སྟེང་དུ་གོ་རིམ་ངེས་པ་མེད་པར་གནམ་རྡོ་བཞིན་དུ་བབ་པ་ལས་ད་ལན་ཁྱོད་ཀྱི་ཐོག་ཏུ་བབས་པ་ཡིན། དེ་ལ་འགྱོད་པ་དང་སྐྲག་པས་གོ་མི་ཆོད། འཇིགས་པའི་འཕྲང་འདི་ནས་ཐར་པ་དང་ཕྱི་མར་བདེ་བ་ནས་བདེ་བར་འགྲོ་བའི་ཐབས་ཤིག་བྱེད་དགོས། དེའི་ཐབས་ཉེ་འབྲེལ་ཤུལ་ན་ཡོད་པ་རྣམས་ཀྱིས་དགེ་རྩ་སྡིག་དང་མ་འདྲེས་པ་ཞིག་བྱས། ངེང་ཅག་ལའང་རང་ངོས་ནས་ནུས་པ་མེད་རུང་བླ་མ་དཀོན་མཆོག་ལ་བློ་བཀལ་ཏེ་ཆོ་ག་ཚུལ་དང་མཐུན་པར་བྱས། གཙོ་བོར་དུས་ཀྱི་ཆོས་ཉིད་དུ་གྱུར་པ་ཁྱོད་རང་གིས་སེམས་འཇིགས་སྐྲག་འཁྲུལ་སྣང་ལ་སོགས་པའི་དབང་དུ་མ་བཏང་བར། སྐབས་འདི་ཡར་འགྲོ་མར་འགྲོའི་སོ་མཚམས། སྐྱིད་སྡུག་ལེགས་ཉེས་ཐམས་ཅད་བླ་མ་དཀོན་མཆོག་ལ་གཏད་དགོས་པའི་དུས་སུ་འདུག་སྙམ་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་ཐུབ་ན། བླ་མ་དཀོན་མཆོག་གི་ངོས་ནས་ཐུགས་རྗེས་གཟིགས་པ་སྐད་ཅིག་ཀྱང་དུས་ལས་ཡོལ་མི་སྲིད་པས། ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་འཛོམ་ལུགས་འདིས་གཏན་དུ་སྐྱིད་པའི་མགོ་ཞིག་ཚུགས་ཐུབ་པར་འདུག་སྙམ་དུ་དགའ་བ་སྐྱེད་དགོས། ད་ལྟ་ཆགས་སྡང་རྨོངས་གསུམ་གྱིས་རྐྱེན་བྱེད་པའི་སྣང་བ་ཡིད་དུ་འོང་མི་འོང་སྣ་ཚོགས་


GTD008_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཆར་མོད་ཀྱང༌། གསོན་པའི་དུས་ན་རྨི་ལམ་རྨིས་པ་དང་འདྲ་བས་དེ་ལ་དགའ་བས་ཆགས་པ་སྐྱེ་དོན་དང༌། མི་དགའ་བས་འཇིགས་སྐྲག་སྐྱེ་དོན་གང་ཡང་མེད། དེར་ཆགས་སྡང་གི་བློ་སྐྱེས་ན་སླར་ཡང་མ་དག་པའི་སྐྱེ་གནས་དམན་པ་རྣམས་སུ་འཁྲིད་པའི་ཉེན་ཡོད་པས། དྲན་ཤེས་བཞིན་ཤུགས་དྲག་ཏུ་བསྟེན་ནས་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་ངེས་པ་ཞིག་བྱེད་དགོས། དེས་ན་ངེད་ཀྱིས་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་འཁོར་ལོའམ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་ཞལ་ཕྱེ་སྟེ་ཆོ་ག་ཚུལ་བཞིན་དུ་བསྒྲུབས། ཉམ་ཐག་ལུས་ཅན་རྣམས་ཀྱི་མགོན་སྐྱབས་སུ་སྨོན་ལམ་གྱི་མཐུ་ལྷག་པར་བཙན་པས་མཚན་ཐོས་པ་ཙམ་གྱིས་ཀྱང་ངན་སོང་ངན་འགྲོའི་སྐྱེ་སྒོ་མཐའ་དག་བཀག་ནས་ཞིང་མཆོག་བདེ་བ་ཅན་དུ་འཁྲིད་པའི་ས་མཁན་བླ་ན་མ་མཆིས་པ་མགོན་པོ་འོད་དཔག་མེད་ཉེ་བའི་སྲས་དང་བཅས་པ་སྤྱན་དྲངས་ཏེ་མདུན་དུ་བཞུགས་ཡོད་པས། ངེད་ཀྱིས་གསོལ་འདེབས་ཀྱི་ཚིག་བརྗོད་པའི་རྗེས་སུ་འབྲངས་ཏེ་རེ་ས་གཞན་ན་མེད་པའི་དད་གདུང་ཤུགས་དྲག་པོ་བསྐྱེད་པར་མཛོད། ༈ འོ་དེའང་རྣམ་སྣང་མངོན་བྱང་ལས། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་བྱས་པ་ཡང༌། །འདི་འདྲའི་དཀྱིལ་འཁོར་མཐོང་བ་ཡིས། །དེ་མ་ཐག་ཏུ་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་བརྟེན་ན་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། འཁོར་བ་ཕྲ་རགས་ཀྱི་མཚོ་ལས་རྒལ་བར་བྱེད་པའི་ཐབས་ལ་གསང་སྔགས་རྡོ་རྗེ་ཐེག་པ་ལས་ཟབ་པ་མེད་ཅིང༌། གསང་སྔགས་རྡོ་རྗེ་ཐེག་པ་དེ་ལ་སྤྱོད་པའི་ཚུལ་དཔུང་


GTD008_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གི་རྒྱུད་ལས། སྔགས་ཀྱི་རྩ་བ་དང་པོར་ཚུལ་ཁྲིམས་ཏེ། །ཞེས་དང་པོར་དབང་རྣམ་པར་དག་པ་ཐོབ། དེ་ནས་དམ་ཚིག་ཚུལ་བཞིན་དུ་བསྲུང་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེ་གཅིག་ཉིད་ལ་བདེ་བླག་ཏུ་འགྲུབ་ནུས་ཤིང༌། ཐ་ན་དད་པ་བཅོས་མ་ཙམ་གྱི་སྒོ་ནས་དཀྱིལ་འཁོར་ལན་གཅིག་མཐོང་བ་ཙམ་གྱིས་ཀྱང་བསྐལ་པ་དུ་མར་བསགས་པའི་སྡིག་ལྟུང་མཐའ་ཡས་པ་སྐད་ཅིག་ཉིད་ལ་སྦྱོང་ནུས་པ་ཡིན། འཇམ་དཔལ་རྩ་རྒྱུད་ལས་ཀྱང། རས་བྲིས་མཐོང་བ་ཙམ་གྱིས་ཀྱང༌། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །ཞེས་མངོན་མཐོའི་རྟེན་ཁྱད་པར་ཅན་ཐོབ་པ་དང༌། མདོ་ཏིང་ངེ་འཛིན་རྒྱལ་པོར། འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང༌། །དེ་དག་གིས་ཀྱང་བྱང་ཆུབ་མཆོག་འདི་འཐོབ། །ཅེས་མཐར་ཐུག་ངེས་ལེགས་ཐོབ་པར་གསུངས་པ་སོགས་ཕན་ཡོན་མཐའ་ཡས་པ་བརྗོད་ཀྱིས་མི་ལང༌། དབང་ཆོག་འདི་ནང་དུའང༌། ཚེ་འདིའི་བདེ་བ་མ་ལུས་དང༌། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང༌། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་མིའི་བདེ་བ་སྨོས་ཅི་དགོས། །ཞེས་གནས་སྐབས་མཐར་ཐུག་གི་དགོས་དོན་ཐམས་ཅད་སྒྲུབ་ནུས་པར་གསུངས་ཡོད་པ་འདི་ཡིན། དབང་བསྐུར་བ་ལ་གྲུབ་ཆེན་དྲིལ་བུ་ཞབས་ཀྱིས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་དཀྱིལ་འཁོར་དུ་བཅུག་ཅིང་ལྷ་ངོ་སྟོན་པ་སོགས་སྔོན་དུ་བྱེད་དགོས། དཀྱིལ་འཁོར་སྟོན་པའི་རིམ་པའང་ཕྱི་རིམ་དང་ནང་རིམ་ནས་སྟོན་ཚུལ་རྒྱུད་དང་གྲུབ་ཆེན་གྱི་བཞེད་སྲོལ་སྣ་ཚོགས་པ་ཡོད་


GTD008_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། སྐབས་འདིར་རྒྱུད་རྡོ་རྗེ་རྩེ་མོ་ལས། སྒོ་བ་རྡོ་རྗེ་ལྕགས་ཀྱུ་ནས་བཅོམ་ལྡན་འདས་ལ་ཐུག་གི་བར་དུ་བསྟན་ཏོ། །ཞེས་གསུངས་ཤིང༌། རྡོ་རྗེ་འབྱུང་བ་ལས་ཀྱང་དེ་ལྟར་གསུངས་པས་ཕྱི་རིམ་ནས་སྟོན་དགོས། དེའང་འབྱུང་བཞི་རིམ་བརྩེགས་སྲུང་བའི་འཁོར་ལོ་མེ་རི་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རིམ་པ་གཉིས་སུ་ཡོད་པའི་ནང་མའི་ཤར་སྒོར་རྡོ་རྗེ་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག །བྱང་སྒོར་རྡོ་རྗེ་འབེབས་པ། ཕྱིའི་ཤར་ལྷོར་བདུག་སྤོས་མ། ལྷོ་ནུབ་ཏུ་མེ་ཏོག་མ། ནུབ་བྱང་དུ་མར་མེ་མ། བྱང་ཤར་དུ་དྲི་ཆབ་མ། ནང་གི་ཤར་ལྷོར་སྒེག་མོ། ལྷོ་ནུབ་ཏུ་ཕྲེང་བ་མ། ནུབ་བྱང་དུ་གླུ་མ། བྱང་ཤར་དུ་གར་མ། ཤར་གྱི་རྩིབས་དང་པོ་ལ་རྡོ་རྗེ་སེམས་དཔའ། གཉིས་པ་ལ་རྡོ་རྗེ་རྒྱལ་པོ། གསུམ་པ་ལ་རྡོ་རྗེ་ཆགས་པ། བཞི་པ་ལ་རྡོ་རྗེ་ལེགས་པ། ལྷོའི་རྩིབས་དང་པོ་ལ་རྡོ་རྗེ་རིན་ཆེན། གཉིས་པ་ལ་རྡོ་རྗེ་གཟི་བརྗིད། གསུམ་པ་ལ་རྡོ་རྗེ་རྒྱལ་མཚན། བཞི་པ་ལ་རྡོ་རྗེ་བཞད་པ། ནུབ་ཀྱི་རྩིབས་དང་པོ་ལ་རྡོ་རྗེ་ཆོས། གཉིས་པ་ལ་རྡོ་རྗེ་རྣོན་པོ། གསུམ་པ་ལ་རྡོ་རྗེ་རྒྱུ། བཞི་པ་ལ་རྡོ་རྗེ་སྨྲ་བ། བྱང་གི་རྩིབས་དང་པོ་ལ་རྡོ་རྗེ་ལས། གཉིས་པ་ལ་རྡོ་རྗེ་སྲུང་བ། གསུམ་པ་ལ་རྡོ་རྗེ་གནོད་སྦྱིན། བཞི་པ་ལ་རྡོ་རྗེ་ཁུ་ཚུར་རྣམས་དང༌། ཤར་ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀི །ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་སྒྲོལ་མ། ཤར་དུ་ངན་སོང་སྦྱོང་བའི་རྒྱལ་པོ། ལྷོར་རྒྱལ་མཆོག་རིན་ཆེན། ནུབ་ཏུ་ཤཱཀྱ་རིགས་


GTD008_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དབང༌། བྱང་དུ་མེ་ཏོག་ཆེར་རྒྱས། དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་སྤྲོ་ཞིང་སྡུད་པའི་བྱེད་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་དེ་ལྷ་སོ་བདུན་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ཅེས་བརྡ་སྤྲད། ༈ དེའང་ཀུན་མཁྱེན་བླ་མ་མཆོག་གི་ཞལ་གྱི་བུམ་བཟང་ལས། ངག་དབང་ལྷ་མོ་མགྲིན་མཚོར་ཞུགས་པ་ལས། །བློ་བཟང་ལེགས་བཤད་ཆོས་ཀྱི་སྒྲ་དབྱངས་སྒྲོགས། །ཐུབ་ཆེན་བསྟན་པའི་རྒྱལ་མཚན་བསྒྲེང་མཁས་པ། །དཔལ་ལྡན་བླ་མ་ཞེས་གསུངས་པ་ལྟར། ཟབ་ཡངས་ཆོས་ཚུལ་མི་ཟད་ངག་གི་འདོད་པ་འཇོ་བའི་དབྱངས་ཅན་ངང་པའི་བུ་མོ་ལོངས་སྤྱོད་འཁོར་ལོའི་འོ་འཚོར་རྩེ་དགས་རོལ་བའི་གར་དང་ལྷན་ཅིག །བློ་བཟང་རྒྱལ་བ་གཉིས་པའི་ལེགས་བཤད་སྙན་པའི་རྫ་རྔ་ཕྱོགས་བརྒྱར་འཁྲོལ་བའི་ཁྲི་ཆེན་མཆོག་གི་སྤྲུལ་བའི་སྐུ་ངག་དབང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱི་དུས་མཆོད་དང་འབྲེལ་བར་རྣམ་ཐར་ལོ་རྒྱུས་ཅུང་ཟད་ཞུ་བར་བྱེད་པ་ལ། དེའང་ཁྲི་ཐོག་ལྔ་བཅུ་པ་རྗེ་བཙུན་ཤེས་རབ་སེང་གེའི་རྣམ་འཕྲུལ་དུ་ལྷ་དང་བླ་མའི་ལུང་གིས་ཟིན་པའི་སྐྱེས་མཆོག །མདོ་སྔགས་བསྟན་པ་ཡོངས་ཀྱི་མངའ་བདག །ཁྲི་ཆེན་དགེ་འདུན་ཕུན་ཚོགས་དཔལ་བཟང་པོ་དེ་ཉིད་མདོ་སྨད་ཀྱི་ཡུལ་འདིར་སྐུ་འཁྲུངས། དབུས་གཙང་དག་པའི་ཞིང་དུ་ཕེབས་ནས་ཐོས་བསམ་མཐར་ཕྱིན་ཏེ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ནང་གི་


GTD008_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྲས་གཅིག་པུར་གྱུར། རྒྱུད་སྨད་ཀྱི་མཁན་པོར་ཕེབས་ནས་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་འཆད་ཉན་རྨང་བཙུགས་ཤིང༌། འགྲེལ་པ་བཞི་སྦྲགས་ཀྱི་ཚིག་དོན་ཀུན་ལ་རྗེ་བླ་མའི་དགོངས་པ་ལྟར་གྱི་དག་ཐེར་མཛད་དེ་པར་དུ་བསྐྲུན་པས་ཕྱི་རབས་ཀྱི་བླ་གྲྭ་ཐམས་ཅད་ལེགས་པའི་ལམ་དུ་དབུགས་དབྱུང༌། རྒྱུད་ཁང་གསུམ་དང་གཞིས་ཀ་མང་པོ་སོགས་བྱ་བ་ལས་ཀྱི་འཁོར་ལོའི་སྒོ་ནས་རྒྱ་ཆེར་བསྐྱངས་ཏེ། དགའ་ལྡན་ཁྲིར་ཕེབས། རྗེ་བླ་མའི་གསེར་གདུང་ཆེན་མོ་བཞེངས་ཤིང༌། གདན་ས་ཆེན་པོ་བཞིའི་ཆོས་སྲིད་ཀྱི་ཁུར་མ་ལུས་པ་བཞེས་ཏེ་རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར། རྒྱལ་དབང་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱ་མཚོ་དང༌། ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཆོག་ལྡན་སོགས་གསུང་ལས་སྐྱེས་པའི་བུ་སློབ་ཀྱིས་ནོར་འཛིན་ཡོངས་སུ་ཁྱབ། མཐར་མྱ་ངན་ལས་འདས་པའི་སྐུ་གདུང་ཞུགས་ལ་ཕུལ་བར་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་སྐུ་རང་བྱོན་དུ་ཕེབས། དེ་ནས་མི་རིང་བར་དགའ་ལྡན་ཤོད་དུ་སྐུ་འཁྲུངས། ལྷན་སྐྱེས་དམ་པའི་རང་བཞིན་དང༌། འཁྲུལ་བྲལ་ལུང་གི་གཏན་ཚིགས་ལ་བརྟེན་ནས་གདན་སར་བཀོད། དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཕེབས་ཡོད་པའི་སྐབས་སྡེ་ཁྲི་རིན་པོ་ཆེ་སོགས་ནས་འཆར་བསྟན་པ་ལྟར། ཡུལ་མདོ་སྨད་ཀྱི་མ་ག་དྷ་བཟང་མོ་དཔོན་མོ་རྣམ་རྒྱལ་སྒྲོལ་མས་གཞུང་ས་དགའ་ལྡན་ཕོ་བྲང་དུ་ཞུས་ཏེ་མཆོད་གནས་སུ་གདན་དྲངས། གདན་ས་ཆེན་པོ་འདི་ཀ་རང་དུ་གསན་སྦྱོང་མཐིལ་ཕྱིན་པ་མཛད་པས། མདོ་སྔགས། སྒྲ་སྙན། སྨན་རྩིས་སོགས་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན། ྋགོང་ས་ཐམས་ཅད་མཁྱེན་པ་


GTD008_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་སོགས་དམ་པ་དུ་མ་ལས་ཆོས་ཀྱི་བདུད་རྩི་ངོམས་མེད་དུ་བཞེས་པས་དབང་ལུང་ཁྲིད་མན་ངག་ཕྱག་བཞེས་སོགས་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་ཡོངས་ཀྱི་གཏེར་དུ་གྱུར། བྱམས་སྙིང་རྗེ་མཚུངས་པ་མེད་པའི་རང་བཞིན་མངོན་དུ་གྱུར་པས་སྐལ་ལྡན་རྣམས་ལ་མོས་པ་བཞིན་དུ་ཆོས་ཀྱི་བདུད་རྩིའི་དགའ་སྟོན་འདོད་དགུར་སྩལ་བས་མཐའ་འཁོབ་འདི་ཡང་ཆོས་ཀྱི་འབྱུང་ཁུངས་ལྟ་བུར་མཛད། ལྷག་པར་སྐྱབས་མགོན་རྡོ་རྗེ་འཆང་དང་སྔར་ནས་ཐུགས་བསྐྱེད་སྨོན་ལམ་ལུ་གུ་རྒྱུད་དུ་འབྲེལ་བའི་རྟེན་འབྲེལ་གྱི་དབང་གིས་རྡོ་རྗེ་འཆང་དབུས་གཙང་ཕྱོགས་སུ་ཕེབས་ནས་དགོན་པར་ཕྲ་ཉག་གི་སྐབས་སུ་གདན་སའི་འཛིན་སྐྱོང་ལན་གཉིས་མཛད་དེ་ཆོས་སྲིད་ཟུང་འབྲེལ་གྱི་སྒོ་ནས་བསྐྱངས་པ་སོགས་བཀའ་དྲིན་བསམ་ལས་འདས། དེ་ནས་དབེན་གནས་ཡིད་དགའ་ཆོས་འཛིན་གྱི་རི་ཁྲོད་བཏབ་སྟེ་ལམ་ཐུན་མོང་བ་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་དང༌། གསང་ཆེན་རྡོ་རྗེ་ཐེག་པའི་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས་བསྟན་པའི་གནད་ཀུན་རྫོགས་པའི་ཉམས་བཞེས་ལྷུར་མཛད་དེ་སྒྲུབ་པའི་རྒྱལ་མཚན་བསྒྲེངས། དེ་ནས་སྙན་གྲགས་ཀྱི་བ་དན་དཀར་པོས་ས་སྟེང་ཀུན་ཏུ་ཁྱབ་པར་གྱུར་ཏེ། འཇམ་དབྱངས་གོང་མ་ཆེན་པོས་ཀྱང་གསེར་གྱི་རྒྱལ་ཁབ་ཆེན་པོར་གདན་དྲངས་ནས་བཀུར་གཟོས་བླ་ན་མེད་པ་མཛད། དེ་ནས་གདུལ་བྱའི་ཐ་མ་མཧཱ་ཙི་ནའི་ཡུལ་གྱི་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དེ་དགུང་ལོ་སོ་གསུམ་པ་ས་མོ་ཡོས་ཀྱི་ལོ་རྒྱལ་གྱི་ཟླ་བའི་ཡར་ཚེས་བཅུ་གསུམ་གྱི་ཉིན་གཟུགས་སྐུའི་བཀོད་པ་ཉེར་ཞིའི་དབྱིངས་སུ་བསྡུས་ཏེ་དགའ་


GTD008_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཡིད་དགའ་ཆོས་འཛིན་དུ་བློ་བཟང་འཇམ་དཔལ་སྙིང་པོའི་མདུན་སར་ཕེབས་པའི་དུས་ཆེན་ཁྱད་པར་ཅན་ཡིན་པས་ཐམས་ཅད་ཀྱིས་དེ་དོན་ཐུགས་ལ་བཞག་ནས་བླ་མའི་ཡོན་ཏན་ཤེས་པའི་དད་པ། བཀའ་དྲིན་རྗེས་སུ་དྲན་པའི་གུས་པ། དངོས་བཤམས་ཡིད་ཀྱིས་སྤྲུལ་བའི་མཆོད་པ། རྟ་འདུར་དབྱངས་དང་བཅས་པའི་ཞལ་འདོན། བསླབ་གསུམ་རྣམ་པར་དག་པའི་ཀུན་སྤྱོད། རྒྱ་ཆེན་ཐོས་བསམ་བསྒོམ་པའི་བྱ་བ། ལམ་གྱི་གཙོ་བོ་གསུམ་གྱི་ཉམས་ལེན། མཚན་བཅས་མཚན་མ་མེད་པའི་རྣལ་འབྱོར། གསང་ཆེན་རིམ་གཉིས་ཟབ་མོའི་ཏིང་འཛིན། དགེ་ཚོགས་གོང་དུ་སྤེལ་བའི་བསྔོ་སྨོན་སོགས་སྒོ་ཐམས་ཅད་ནས་ཐུགས་ཡེངས་སྤྱན་ཡེངས་སུ་མ་སོང་བས་བླ་མའི་དགོངས་པ་རྫོགས་ཐབས་གནད་དུ་འགྲོ་ངེས་ཤིག་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། ༈ དེའང་ཇི་སྐད་དུ། སྐྱབས་མགོན་ཐམས་ཅད་གཟིགས་པ་ཆེན་པོའི་ཞལ་ནས། སྐྱེ་དགུའི་བདེ་སྐྱིད་མ་ལུས་འབྱུང་བའི་གནས། །ཞེས་པ་ནས། རྒྱལ་ཚབ་དམ་པར་འདུད། །ཅེས་གསུངས་པ་ལྟར། ལྷར་བཅས་སྐྱེ་དགུ་ཡོངས་ཀྱི་ཕན་བདེ་མ་ལུས་པའི་འབྱུང་གནས། དཔལ་ལྡན་སྟོབས་བཅུ་མངའ་བ་རྣམ་འདྲེན་ཤཱཀྱ་སེང་གེའི་བསྟན་པ་སྤྱི་དང༌། ཁྱད་པར་བློ་བཟང་འཇམ་དཔལ་སྙིང་པོའི་རིང་ལུགས་མདོ་སྔགས་ཟུང་དུ་འཇུག་པ་འདི་ཉིད་ཕྱོགས་བརྒྱར་སྤེལ་བ་ལ་ཐུགས་བསྐྱེད་དང་རྣམ་དཔྱོད་མཚུངས་ཟླ་མེད་པའི་གྲགས་པ་ལྷའི་རྔ་བོ་ཆེའི་དབྱངས་སྙན་འཇིག་རྟེན་གསུམ་དུ་ཁྱབ་པ་ཁྲི་ཆེན་དཔལ་ལྡན་གྲགས་པ་ཞེས་བསྟན་འགྲོའི་དཔུང་གཉེན་བླ་ན་མེད་པར་གྱུར་


GTD008_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་ཡུལ་མདོ་སྨད་ཀྱི་ལྗོངས་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་རྒན་གྱའི་བྲག་དཀར་གྱི་ཉེ་འདབས་གཉན་ཆེན་སྔོ་ལ་གཡུ་རྩེའི་ལྷ་ཞོལ་ཧོར་ཚང་ཀོ་ཉིན་གྱི་ལུང་པའི་དཔོན་ས་སེངྒེ་བཅོ་བརྒྱད་སོགས་རིམ་པར་འོང་བའི་བརྒྱུད། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་ཤིང་སཱ་ལ་ཆེན་པོ་ལྟ་བུར་ཡབ་མགོན་པོ་སེང་གེ་དང་ཡུམ་སྐྱིད་མོ་ཡག་གཉིས་ཀྱི་སྲས་སུ་དགེ་མཚན་དུ་མའི་ལྟས་དང་བཅས་ཏེ་འཁྲུངས། གཞོན་ནུ་ནས་ཐེག་མཆོག་རིགས་ཀྱི་ནུས་པ་ཡོངས་སུ་སྨིན་པས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་བསྐུལ་ཏེ་རབ་ཏུ་བྱུང་ཞིང་དབུས་གཙང་ཆོས་ཀྱི་མདུན་སར་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཕེབས། རིགས་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་བཀའ་པོད་ཆེན་པོ་ལྔ་ལ་སྦྱངས་པས་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་རིགས་ཀྱི་ཅོད་པན་དུ་བཀུར་ཏེ་མདོ་སྔགས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ནས་ཆུ་བཅུ་བ་བཞིན་དུ་བཞེས་པས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་སྟེ་ཆོས་ཀྱི་མཛོད་དུ་གྱུར། ཀུན་མཁྱེན་བླ་མ་མཆོག་ནས་ཀྱང་ཤིན་ཏུ་དགྱེས་པ་ཆེན་པོས་ཕས་བུ་སྐྱོང་བ་བཞིན་སྤྱན་རས་ཀྱིས་བཙའ་བར་མཛད། ཁྲི་རྒྱལ་མཚན་སེངྒེ་ཆོས་གྲྭར་ཞུགས་ཏེ་དམ་པ་འདི་ཉིད་དགེ་རྒན་དུ་བསྟེན་ནས་ཉིན་གཅིག་གསོལ་ཚིགས་ཀྱི་སྙན་གསན་ཕབ་སྟེ་གདན་འདྲེན་ལ་ཕེབས་པའི་ཤུལ་དུ་དམ་པ་འདི་དང་ཡུལ་གཅིག་པའི་དགེ་བཤེས་ཀྱི་མིང་ཅན་ཕྲག་དོག་གིས་རྒྱུད་དཀྲུགས་པ་ཞིག་གིས་བཞེས་པར་དུག་བཏབ། ཕྱི་ཉིན་རྒྱལ་མཚན་སེངྒེ་ཚང་དགེ་རྒན་གྱི་མདུན་དུ་ཕེབས་ནས་མ་བདེ་


GTD008_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཞུས་པས་ང་ཡང་ཁར་སང་ནས་བདེ་རྒྱུ་མི་འདུག་ཅི་ཡིན་མི་ཤེས་པས་ངེད་རང་གཉིས་དཔོན་སློབ་ཀྱི་མདུན་དུ་འགྲོ་ཞེས་ཀུན་མཁྱེན་བླ་མ་མཆོག་གི་སྤྱན་སྔར་ཕེབས། གནས་ཚུལ་ཞུས་པ་ན་ངའི་དགའ་ལྡན་གསེར་ཁྲི་གཉིས་ལ་བསྟན་བཤིག་ཅིག་གིས་བསམ་ངན་བྱས་པ་ཡིན་པར་འདུག་གསུང་སྟེ་ཞར་ལ་རྣམ་པ་གཉིས་ཀ་དགའ་ལྡན་ཁྲིར་ཕེབ་རྒྱུ་ལུང་བསྟན། སྐྱོན་མེད་གསུངས་ནས་བུམ་ཆུ་གནང་བས་ཕྱིར་སྤྱི་ཁང་དུ་ཕེབས་པའི་ལམ་ཁ་དེ་རང་དུ་སྐྱུགས་ཏེ་ཉེར་འཚེའི་གཡུལ་ལས་རྒྱལ་བར་མཛད། སྨོན་ལམ་གྱི་མཚན་བཏགས་གནང་སྟེ་གདན་ས་གསུམ་གྱི་མཁས་པའི་ཚོགས་ལེགས་བཤད་དགའ་སྟོན་སྤེལ་བས་གྲགས་སྙན་དབྱར་རྔ་བཞིན་དུ་ལྡིར། དེ་ནས་རྒྱུད་གྲྭར་ཕེབས་ཏེ་སྔགས་ཀྱི་གསན་སྦྱོང་མཐར་ཕྱིན་མཛད་པས་རྒྱུད་སྟོད་བླ་མ་དབུ་མཛད་དང་རྒྱུད་པ་མཁན་པོ་ཤར་རྩེའི་མཁན་ས་རྣམས་སུ་རིམ་པར་ཕེབས། ཁྲི་ཐོག་ལྔ་བཅུ་པ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་པའི་རྗེས་སུ་ང་གཅིག་པ་རྗེ་འདི་ཉིད་འཇམ་མགོན་བླ་མའི་ཆོས་ཀྱི་ཁྲི་ལ་མངའ་གསོལ་ཏེ་གསེར་མདོག་ཅོད་པན་འཆང་བ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར། དགའ་ལྡན་ནས་ངག་དབང་མཆོག་ལྡན་ཟེར་བ་ཞིག་ལ་རྨ་ཆེན་གྱི་ལྷ་ཐོར་བསང་གཏོང་དུ་བཅུག་སྐབས་ཁོས་གྱོན་པ་ཞིག་བྱུང་ན་སྙམ་འཕྲིན་བཅོལ་བྱས་པ་མངོན་ཤེས་ཀྱིས་མཁྱེན་ཏེ་ཕྱག་མཛོད་ལ་སྟེར་དུ་བཅུག་པ་སོགས་གསང་བའི་རྣམ་པར་ཐར་པའང་ཤིན་ཏུ་མང༌། ཡེར་བའི་རྒྱུད་ཁང་གསར་རྒྱག་དང་དགེ་འདུན་ལ་བསྙེན་བཀུར་སོགས་ཀྱང་རྒྱ་ཆེན་པོ་མཛད། རྒྱལ་དབང་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་མཛད་དེ་དབུ་མའི་གསན་སྦྱོང་སྐབས་ཀྱི་བརྩི་བཞག་འབུལ་


GTD008_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བ་གནང་ཞིང༌། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཞབས་དྲུང་ནས་བསྙེན་རྫོགས་བཞེས་དུས་ལས་སློབ་མཛད། རྒྱལ་བ་མགར་ཐར་དུ་ཆིབས་བསྒྱུར་བའི་ཞབས་ཕྱིར་ཕེབས་ཤིང་དེ་ནས་མྱ་ངན་ལས་འདའ་ཚུལ་བསྟན་པའི་སྐུ་གདུང་ཞུགས་ལ་ཕུལ་བར་འཇམ་དབྱངས་དང་འཇིགས་བྱེད་ཀྱི་སྐུ་རང་བྱོན། སྔགས་ཀྱི་ཡི་གེ་མང་པོ་ཐུགས་ལྗགས་སྤྱན་གསུམ། ཞུན་ཐིགས་ནོར་བུ་དགའ་འཁྱིལ་གྱི་དབྱིབས་ཅན་སོགས་ངོ་མཚར་བའི་རྟེན་མང་པོ་བྱོན་པས་སྐྱེ་བོ་རྣམས་དད་པའི་ས་ལ་བཀོད། དེ་ནས་མ་འགྱང་བར་སྐུ་གོང་མའི་འཁྲུངས་ཡུལ་དེ་ཉིད་དུ་སྐུ་འཁྲུངས། འདིའི་རྒྱུ་མཚན་ནི་ཀུན་མཁྱེན་བླ་མས་ཕར་ཕྱིན་སྐབས་དང་པོའི་བར་སྐབས་ཀྱི་ཚིགས་བཅད་ལས། ད་དུང་ལྔ་ཕྲག་དྲུག་སྐད་བདེན་སྙམ་ནས། །ཐུབ་དབང་འཁོར་གྱི་རྒྱས་སྲས་དཔའ་མང་གིས། །ཐུབ་བསྟན་སྤེལ་བའི་ཐུགས་བསྐྱེད་མི་འདོར་བས། །འདི་ཕྱིའི་སྐལ་མཉམ་ལ་བསམས་གཡར་ཁྲལ་འང་ཡིན། །ཞེས་སྔོན་ཐུབ་པའི་དབང་པོའི་དྲུང་དུ་ཀུན་མཁྱེན་བླ་མ་རང་ཉིད་ནས་ལྔ་བརྒྱ་ཐ་མའི་དུས་སུ་བསྟན་པའི་རྒྱལ་མཚན་བསྒྲེངས་པ་དང༌། རྒྱལ་སྲས་དཔའ་བོ་གཞན་རྣམས་ཀྱིས་ཀྱང་དེའི་འཕྲོ་སྐྱོང་བའི་དམ་བཅའ་མཛད་ཚུལ་ཞལ་གྱིས་བཞེས་པ་དང༌། ཀུན་མཁྱེན་གོང་མ་མདོ་སྨད་དུ་ཕེབས་ཁར་སྒོམ་པ་རིན་ཆེན་བསྟན་འཛིན་གྱིས་མདོ་སྨད་ནས་དགོན་བཏབ་ན་ཉིད་ཀྱི་སྐུ་རིང་ལ་རྒྱས་མོད་ཀྱང་འཕྲོ་ཅི་འདྲ་ཡིན་ཞུས་པར་ངའི་རྗེས་ལ་སངས་རྒྱས་བྱང་སེམས་དུ་མས་བསམ་བཞིན་དུ་སྐྱེ་བ་བཞེས་ནས་བསྐྱང་འོང་གསུང་བའི་གཙོ་བོ་གསེར་ཁྲི་རྣམས་ཡིན་ཞེས་ཀུན་མཁྱེན་སྐུ་བར་མས་


GTD008_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་འདི་ཉིད་ལ་དངོས་སུ་གསུངས། གྲུབ་དབང་སྡེ་ཁྲི་རིན་པོ་ཆེ་ནས་ཚོགས་ཆེན་འདུ་ཁང་དུ་ཀུན་མཁྱེན་བླ་མའི་སྐུའི་གཡས་གཡོན་རྒྱལ་ཚབ་མཁས་གྲུབ་གཉིས་ཀྱི་ཚུལ་དུ་ཁྲི་དགེ་འདུན་ཕུན་ཚོགས་དང་ཁྲི་དཔལ་ལྡན་གྲགས་པ་རྣམ་གཉིས་འབྲི་རྒྱུའི་ཞལ་བཀོད་མཛད་པའང་རྟེན་འབྲེལ་གྱི་སྒོ་དང་མ་འོངས་ལུང་བསྟན་ལྟ་བུ་ཡིན་པས། དམ་པ་འདི་ཉིད་ཧོར་ཚང་དུ་འཁྲུངས་ནས་མ་འགྱང་བར་དགོན་གནས་འདི་ཉིད་དུ་ཡར་ཕེབས། ཁྲི་དགེ་འདུན་ཕུན་ཚོགས་པའི་སྤྲུལ་སྐུ་དབུས་སུ་འཁྲུངས་ཀྱང་དཔོན་མོ་རྣམ་རྒྱལ་སྒྲོལ་མས་གདན་དྲངས་ཏེ་མར་ཕེབས་པས་རྣམ་པ་གཉིས་ཀ་ཞལ་འཛོམ། བགྲེས་གཞོན་གྱིས་འཛིན་གྲྭ་གོང་འོག་ཡོད་ཀྱང་ཆོས་གྲྭ་ལྷན་དུ་འགྲིམ། ལོ་གཅིག་ཐན་པ་ཆེ་བས་ཁོང་རྣམ་གཉིས་གྲྭ་ཚང་དང་བཅས་བྱ་ལ་གལ་ཆར་འབེབ་ཏུ་ཕེབས། ཆར་འབེབ་གནང་ཙམ་ཉིད་ནས་གློ་བུར་དུ་སྤྲིན་བསྡུས་ཏེ་ཆར་དྲག་ཆེན་པོ་བབ་པས། དམ་པ་དེ་ཉིད་ཞབས་ཐང་ཡིན་སྟབས་གུང་ཐང་རིན་པོ་ཆེའི་ཆིབས་པ་ལ་རྣམ་པ་གཉིས་ཀས་བཅིབས་ཏེ་གྲྭ་པ་གཞོན་པ་ཁ་ཤས་དང་བཅས་མགྱོགས་འགྲོས་ཀྱིས་ཕེབས་པ་བཅོས་མའི་མཛེས་ལམ་གྱིས་མ་བསླད་པའི་དམ་པའི་ངང་ཚུལ་དང་ཐུགས་ནང་ཤིན་ཏུ་ཉེ་བའི་རང་རྟགས་ཡིན། རྒྱུས་ཡོད་མེད་ཀྱི་སྐྱེ་བོ་སུས་མཐོང་ཡང་དང་བ་འདྲེན་པ་ཞི་ཞིང་དུལ་བའི་རྣམ་ཐར་བྱམས་སྙིང་རྗེའི་རང་མདངས་མངོན་པར་ཤར་བའི་ཡ་མཚན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་འདུག་ཀྱང་སྡེ་རྒན་རིན་པོ་ཆེ་དག་ཞིང་དུ་ཕེབས་པའི་རྐྱེན་གྱིས་ཐུགས་སྐྱོ་བ་དང་སྐུ་ཚེ་དེའི་དངོས་ཀྱི་འདུལ་སྐལ་རྫོགས་པའི་དབང་གིས་དགུང་ལོ་


GTD008_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བདུན་གྱི་སྟེང་དུ་མྱ་ངན་ལས་འདའ་ཚུལ་བསྟན། མ་འགྱང་བར་ཡང་སྲིད་འབྱོན་རྒྱུའི་ཞལ་བཞེས་གནང་བའི་དོན་བཞིན་དེའི་ལོ་མཇུག་ལ་ཧོར་ཚང་འབྲུ་འདྲེན་གྱི་ལུང་པར་ཁྱུ་མཆོག་གི་རིགས་སུ་འཁྲུངས། དགུང་ལོ་བཞི་པའི་དུས་སྐྱབས་མགོན་རྡོ་རྗེ་འཆང་འཇིགས་མེད་དབང་པོའི་ཞབས་དྲུང་དུ་གཙུག་ཕུད་ཕུལ་ཏེ་མཚན་འཇིགས་མེད་གྲགས་པར་གསོལ། སྐྱབས་མགོན་རྡོ་རྗེ་འཆང་དབུས་ནས་ཕྱིར་ཕེབས་པ་ལ་ཆིབས་བསུ་ཞུ་སྐབས་འདི་ནས་ཆོས་གྲྭར་བཞུགས་དགོས་ཚུལ་གྱི་བཀའ་གནང་བ་བཞིན་སྐྱབས་མགོན་མཆོག་ནས་དགོན་པའི་འཆད་ཉན་གྱི་ཁྲི་མཛད་པའི་ཐོག་མའི་ཉིན་སྡེ་ཁྲི་རིན་པོ་ཆེའི་སྤྲུལ་བའི་སྐུ་དང་རྣམ་པ་གཉིས་ཀ་ཆོས་གྲྭར་ལྷན་དུ་ཞུགས་ཏེ་རིང་མོ་ཞིག་ནས་ཐུགས་བསྐྱེད་སྨོན་ལམ་ལྷན་ཅིག་པའི་འབྲས་བཟང་དུས་སུ་སྨིན་པའི་དགེ་མཚན་གསལ་བར་ཤར། སྐྱབས་མགོན་མཆོག་གི་ཞབས་པད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་འཇིགས་མེད་རིག་པའི་སེངྒེ་ཞེས་ངུར་སྨྲིག་འཆང་བ་ཀུན་གྱི་རྗེ་བོར་མངའ་གསོལ། འདི་ནས་དབུ་མ་མན་ཆད་ལ་གསན་སྦྱོང་གནང་ཞིང༌། དགུང་ལོ་ཉེར་བཞི་པ་ལ་དབུས་སུ་ཕེབས་ཏེ་ལོ་ངོ་བཅུའི་རིང་བཀའ་པོད་ཡོངས་སུ་རྫོགས་པར་ཐུགས་གཉེར་གནང་སྟེ་གཞུང་ལུགས་རྒྱ་མཚོ་ལྟ་བུའི་དགོངས་དོན་མ་ཚང་བ་མེད་པར་ཐུགས་སུ་ཆུད། རྒྱལ་བ་ཡབ་སྲས། ཡོངས་འཛིན་རིན་པོ་ཆེ། རྒྱལ་སྲས་རིན་པོ་ཆེ།


GTD008_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་རྡོལ་གྲུབ་པའི་དབང་ཕྱུག །བྲག་རྒྱབ་བླ་མ། ཉི་མ་ཐང་དགེ་བཤེས་ངག་དབང་དོན་གྲུབ་སོགས་ལས་མདོ་སྔགས་ཀྱི་གདམས་པ་མཐའ་ཡས་པ་གསན། མདོ་སྨད་དུ་ཕེབས་ཏེ་སྐྱབས་མགོན་རྡོ་རྗེ་འཆང་གི་ཞབས་དྲུང་ནས་ཀྱང་དབང་ལུང་ཁྲིད་མན་ངག་སོགས་གདམས་པའི་ནོར་བུས་ཐུགས་ཀྱི་གན་མཛོད་བྱུར་བུར་གཏམས། བྲག་ལུང་གི་སྒྲུབ་སྡེ་འཛིན་སྐྱོང་གནང་ཞིང་དེ་ཕྱོགས་ཀྱི་སྐྱེ་བོ་དཔག་ཏུ་མེད་པའི་དོན་མཛད། དགོན་པའི་ཁྲིར་བཞུགས་ཏེ་ཆོས་འཆད་ཉན་སོགས་ཡར་རྒྱས་ཀྱི་ཟླ་བ་བཞིན་འཕེལ་ཞིང་རིགས་གྲྭ་གསུམ་བཏང་བ་སོགས་ཆོས་སྲིད་གཉིས་ཀའི་སྒོ་ནས་འཛིན་སྐྱོང་བསམ་གྱིས་མི་ཁྱབ་པ་བཀའ་དྲིན་བསྐྱངས། སྐྱབས་མགོན་རིན་པོ་ཆེར་རིན་འབྱུང་གི་རྗེས་གནང་སོགས་ཆོས་བཀའ་མང་དུ་ཕུལ། ཞབས་བརྟན་ལྷ་ཁང་གནས་བརྟན་བྲག་རི་མའི་བཀོད་པ་དང་བཅས་པ་གསར་བཞེངས་ཚ་ཁོའི་ཕྱོགས་སུའང་ཆིབས་བསྒྱུར་ནས་སྐྱེ་བོ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད། མདོར་ན་དགུང་ལོ་བདུན་ཅུའི་བར་དུ་སྐལ་ལྡན་གྱི་གདུལ་བྱ་སོ་སོ་ལ་རང་རང་གི་སྐལ་བ་དང་འཚམ་པར་དབང་ལུང་མན་ངག་སོགས་ཀྱི་ཆར་འབེབས་པས་ཐར་འདོད་ཡོངས་ཀྱི་དེད་དཔོན་དང་འགྲོ་བ་མཆོག་དམན་ཀུན་ལ་ལེགས་ཉེས་བླང་དོར་མ་ལུས་པ་གསལ་བར་སྟོན་པའི་དམིགས་པུར་གྱུར་ཏེ་བསྟན་འགྲོ་ཀུན་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་མཛད་བཟང་ལྷུན་གྱིས་གྲུབ་ནས་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་གཟུགས་སྐུའི་བཀོད་པ་བསྡུས་པའི་དུས་ཆེན་ལ་དམིགས་ཏེ། ཁྱད་པར་དུ་རྗེ་བཙུན་བླ་མ་མཆོག་གི་ཡང་


GTD008_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་འཁྲུལ་པ་མེད་པ་མྱུར་དུ་བྱོན་ཏེ་གདན་སར་མངའ་གསོལ་ནས་རྗེ་གོང་མ་ཇི་ལྟ་བ་བཞིན་མཁས་བཙུན་བཟང་པོའི་རྣམ་ཐར་དང༌། བསྟན་འགྲོར་སྨན་པའི་འཕྲིན་ལས་ཀྱི་གདུགས་དཀར་པོས་ནོར་འཛིན་ཡངས་པའི་ཁྱོན་ཀུན་ཡོངས་སུ་ཁྱབ་པའི་དགའ་སྟོན་ལ་དུས་མྱུར་བ་ཉིད་དུ་ལོངས་སྤྱོད་པའི་སྐྱབས་འཇུག །ཐུགས་སྨོན་རྣམ་པར་དག་པའི་མཚམས་སྦྱོར་སོགས་ནན་ཏན་དུ་མཛད་དགོས་ཅི་ནས་ཀྱང་གཡེལ་བ་མེད་པ་ཞུ་ལགས། ༈ དེའང་ཆོས་ལྡན་གྱི་བྱ་བ་ཁྱད་པར་ཅན་ལ་འཇུག་པའི་ཐོག་མར་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བའམ་མཆོད་པར་བརྗོད་པ་སྔོན་དུ་འགྲོ་དགོས། དེའང་རྩོམ་པའི་མགོ་ཡིན་ན་མཆོད་བརྗོད་དང༌། བཤད་པ་དང་ཚོགས་གླེང་ལྟ་བུའི་སྐབས་གུས་འདུད་ཟེར། བསྟན་པ་སྤྱི་སྐད་ལ་སྐྱབས་འགྲོ་ཟེར་བ་དོན་ལ་ཁྱད་མེད། མཆོད་བརྗོད་བྱས་ནས་ལས་སུ་བྱ་བ་གང་ལ་འཇུག་པ་ཡིན་ཞེ་ན། སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཀྱིས། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང༌། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་ལྡན་ཤཱཀྱ་སེང་གེ་ཞེས་གསུངས་པ་ལྟར། བསྐལ་བཟང་རྣམ་འདྲེན་བཞི་པ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་དང་པོར་ཐེག་པ་མཆོག་གི་རིགས་ཀྱི་ནུས་པ་ཡོངས་སུ་སྨིན་ཏེ་འགྲོ་བ་ཡོངས་སུ་སྒྲོལ་བའི་ལྷག་བསམ་གྱི་གོ་ཆ་བཞེས་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་དག་པ་དང་མ་དག་པའི་སྐྱེ་བ་སྣ་ཚོགས་བརྒྱུད་དེ་ཕྱིན་དྲུག་བསྡུ་བཞིས་བསྡུས་པའི་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་བསླབ་པར་མཛད། མཐར་


GTD008_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མིན་སྟུག་པོ་བཀོད་པར་སྒྲིབ་གཉིས་ཀྱི་འཆིང་བ་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་ནས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་བྱང་ཆུབ་མངོན་དུ་མཛད་དེ་ཞིང་ཁམས་འབྱམས་ཀླས་པར་སྤྲུལ་བའི་བཀོད་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་དོ། །ཁྱད་པར་དུ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ནས་སེར་སྐྱའི་གྲོང་དུ་ཡབ་རྒྱལ་པོ་ཟས་གཙང་དང༌། ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཉེར་དགུའི་བར་དུ་རྒྱལ་སྲིད་བསྐྱངས་ཏེ་མ་རུངས་པའི་སྐྱེ་བོ་དྲེགས་པ་ཅན་རྣམས་སྒྱུ་རྩལ་སོགས་ཀྱི་སྒོ་ནས་འདུལ་བར་མཛད། མཐར་བྱང་ཆུབ་ཀྱི་ཤིང་དྲུང་དུ་ལོ་དྲུག་དཀའ་བ་སྤྱད་དེ་ཤིང་རྟའི་ས་གའི་དུས་ཆེན་གྱི་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག །ཐོ་རངས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུ་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ། །ཞེས་གསུངས་ནས་ཞག་བཞི་བཅུ་ཞེ་དགུའི་བར་དུ་ཆོས་མ་གསུང་བར་བཞུགས། དེ་ནས་ཚངས་པ་ཆེན་པོས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་གསོལ་བ་བཏབ་པ་བཞིན། ཝ་ར་ཎཱ་སིར་ཆུ་སྟོད་ཟླ་བའི་ཚེས་བཞིའམ་ཞིབ་རྩིས་ཀྱིས་ཚེས་དྲུག་ལ་འཁོར་ལྔ་སྡེ་བཟང་པོ་ལ་བདེན་བཞིའི་ཆོས་འཁོར་བསྐོར། དེ་ནས་བྱ་རྒོད་ཕུང་པོའི་རིར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་རམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འཁོར་བསྐོར། དེ་ནས་ཡངས་པ་ཅན་ལ་སོགས་པ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་


GTD008_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཏེ། མདོར་ན་གདུལ་བྱའི་དབང་པོའི་རིམ་པ་དང་བསྟུན་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ངམ་གྲུབ་མཐའ་འོག་མ་ལྟར་ཆོས་ཕུང་བརྒྱད་ཁྲི་གསུངས་པ་ཡིན། དེ་ཐམས་ཅད་ཚུར་བསྡུ་ན། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང༌། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང༌། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་ཕབ་པའི་སྡེ། །ཞེས་གསུངས་པ་ལྟར་གསུང་རབ་ཡན་ལག་བཅུ་གཉིས་དང༌། དེའང་བསྡུ་ན་དགུ་དང༌། དེ་དག་ཀྱང་བསྡུ་ན་མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །ཞེས་གསུངས་པ་ལྟར་མདོ་མངོན་འདུལ་བའི་སྡེ་སྣོད་གསུམ་མམ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་འདུ། དེའང་འདུལ་བའི་སྡེ་སྣོད་ལུང་སྡེ་བཞིའི་བརྗོད་དོན་ནི་སྡོམ་པ་མ་ཐོབ་པ་ཐོབ་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་པ་ཕྱིར་བཅོས་པའི་ཐབས་གསུམ་དུ་བསྡུས་ནས་སྟོན་པ་འདུལ་བ་མདོ་རྩ་བ་ནི་དགོངས་འགྲེལ་ཀུན་གྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟ་བུར་གྱུར་པའི་དབང་གིས་རྗེ་ཡབ་སྲས་ཀྱི་དུས་ནས་བཟུང་ད་ལྟའི་བར་དུ་འདུལ་བའི་འཆད་ཉན་དེའི་སྟེང་ནས་བཤད་པ་ཡིན། མངོན་པའི་སྡེ་སྣོད་ལ་ལུང་གི་མངོན་པ་དང་རིགས་པའི་མངོན་པ་གཉིས་ཡོད། ལུང་གི་མངོན་པ་ལ་མངོན་པ་གོང་འོག་གཉིས་ཡོད། འོག་མ་ནི་མཛོད་རྩ་བ་དགོངས་འགྲེལ་མཐའ་དཔྱོད་ཡན་ལག་དང་བཅས་པ་ཡིན། ཐེག་ཆེན་གྱི་མངོན་པ་ལ་ཀུན་རྫོབ་པ་དང་དོན་དམ་པའི་དབང་དུ་བྱས་པ་གཉིས་ཡོད་པས་དེ་དག་སྟོན་པ་རྩ་འཇུག་བཞི་གསུམ་སོགས་ཡིན། ལྷག་པར་ཆོས་རྣམས་ཀྱི་དོན་དམ་པའི་རང་སྤྱིའི་མཚན་ཉིད་སྟོན་


GTD008_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པས་དབུ་མའི་མཐའ་དཔྱོད་ཐམས་ཅད་ཀྱིས་དབུ་མ་འཇུག་པ་བཤད་གཞིར་བྱས་ནས་གཏན་ལ་ཕབ་པ་ཡིན། རིགས་པའི་མངོན་པ་ནི་སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ། དེའི་དགོངས་འགྲེལ་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་སྡེ་བདུན། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ལས། ལུས་ལྟ་བུ་ཚད་མ་རྣམ་འགྲེལ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་སུམ་རྗེས་དཔག་གི་རིགས་པས་སྒྲུབ་པ་ལ་འགྲན་ཟླ་དང་བྲལ་བས་ན་ནང་རིག་པའི་བསྟན་བཅོས་ཀྱི་གཙོ་བོར་རྗེ་ཡབ་སྲས་ཀྱིས་བཞེད་དོ། །མདོ་སྡེའི་སྡེ་སྣོད་ནི། རྒྱལ་བའི་གསུང་རབ་ཀུན་གྱི་རབ་དང་ཕུལ་དང་གཙོ་བོ་དང་རྩེ་མོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ཡིན་ལ། དེ་ལ་དགོངས་པ་འགྲེལ་པ་རྒྱ་འགྲེལ་ཉེར་གཅིག་ཏུ་གྲགས་པ་སོགས་ཡོད་ཀྱང་མངོན་རྟོགས་རྒྱན་ནི་རྒྱས་འབྲིང་བསྡུས་གསུམ་གྱི་དོན་མ་ཚང་བ་མེད་པར་སྟོན་པ་ལ་འདི་ཉིད་མཆོག་ཏུ་གྱུར་པ་ཡིན་ནོ། །འདིའང་འཇམ་དབྱངས་བླ་མ་དེ་ཉིད་ཀྱི་གསུང་བཤད་དྲི་མ་མེད་པ་ཞལ་ནས་ཐོས་པ་ཇི་ལྟ་བ་བཞིན་ཡི་གེར་བཀོད་པའོ། །


previousབཤད་པ་སྣ་ཚོགས།next