Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
བསྔོ་བ་དགེ་ཚོགས་རྒྱ་མཚོའི་འཇུག་ངོགས།
   


 
previousབསྔོ་བ་དགེ་ཚོགས་རྒྱ་མཚོའི་འཇུག་ངོགས།next

བསྔོ་བ་དགེ་ཚོགས་རྒྱ་མཚོའི་འཇུག་ངོགས།


GTD008_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བ་རྒྱས་པ་དགེ་ཚོགས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །


GTD008_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པའི་དགེ་འདུན་པ་རྣམས་ཀྱིས་བསྔོ་བའི་དབང་པོ་དང་སྨོན་ལམ་གྱི་མཐུན་འགྱུར་ཐུགས་རྗེས་འཛིན་པར་ཞུ། རབ་འབྱམས་རྒྱ་མཚོའི་རྡུལ་གྲངས་སྙེད་ལས་འདས་པའི་ཞིང་ཁམས་མཐའ་ཡས་ཤིང་མུ་མེད་པ་ན་བཞུགས་པའི་སྟོན་པ་བདེ་བར་གཤེགས་པ་འཁོར་རྒྱལ་སྲས་དཔའ་བོ་ཉན་རང་སློབ་མར་བཅས་པ་ཐམས་ཅད་དངོས་ཀྱི་སྦྱིན་པའི་བདག་པོ་རྣམས་ཀྱིས་ཐོག་དྲངས་བདག་སོགས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་དགོངས་སུ་གསོལ། རང་ཅག་རྣམས་ཀྱིས་འདི་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་འདི་ཉིད་མཚོན་བྱེད་དུ་བྱས་རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པ་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ། སྒོམ་པ་ལས་བྱུང་བ་བསོད་ནམས་བྱ་བའི་དངོས་པོ་རྣམ་པ་གསུམ་གྱིས་བསྡུས་པའི་དགེ་བའི་ཚོགས་ཇི་སྙེད་ཅིག་མཆིས་པ་མཐའ་དག་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུ་ལ་བརྟེན་ནས་ལུས་ཅན་ཡོངས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་གི་ནད་མ་ལུས་པ་སེལ་བའི་སྨན་གཅིག་པུ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་དགེ་མ་ལུས་པའི་འབྱུང་གནས་ཀུན་མཁྱེན་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང༌། བྱེ་བྲག་ཏུའང་དཔལ་ཨ་ཏི་ཤ་དང་འཇམ་མགོན་བླ་


GTD008_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཙོང་ཁ་པ་ཆེན་པོ་རྣམ་གཉིས་ཀྱིས་ལུང་དང་རིགས་པ་དྲི་མ་མེད་པའི་སྒོ་ནས་དག་ཐེར་མཛད་དེ་འཁྲུལ་པའི་དྲི་མ་ཐམས་ཅད་དང་བྲལ་བ་གསེར་སྦྱང་བཙོ་མ་ལྟ་བུ་མདོ་སྔགས་བཤད་སྒྲུབ་ཟུང་དུ་འཇུག་པའི་ལུགས་མཆོག་རྨད་དུ་བྱུང་བ་འདི་ཉིད་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སྟོན་པ་མཉམ་མེད་སྟོབས་བཅུ་མངའ་བ་རྣམ་འདྲེན་ཤཱཀྱ་སེང་གེ་དེ་ཉིད་ནས་ཉེ་བར་བཟུང་འོད་སྲུང་ཆེན་པོ་སོགས་བསྟན་པའི་གཏད་རབས་བདུན་དང། ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་སྲོལ་འབྱེད་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱིས་གཙོས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས་ལ་སོགས་པ་འཕགས་ཡུལ་པཎ་གྲུབ་གསེར་གྱི་རི་བོའི་ཕྲེང་བ་ལྟ་བུ་རིམ་པར་བྱོན་པ་ཐམས་ཅད་དང༌། བོད་ཡུལ་མུན་པའི་སྨག་རུམ་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་གསལ་བར་མཛད་པ་རིགས་གསུམ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཆོས་རྒྱལ་ལོ་པཎ་གོང་མ་བཀའ་དྲིན་ཅན་རྣམས་དང༌། ཁྱད་པར་དུའང་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྷ་ཅིག་དཱི་པཾ་ཀཱ་ར། བཀའ་གདམས་བསྟན་པའི་སྲོག་ཤིང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། སྲས་ཀྱི་ཐུ་བོ་སྐུ་མཆེད་རྣམ་པ་གསུམ་ལ་སོགས་པ་ལྷ་ཆོས་བདུན་ལྡན་གྱི་རྣམ་ཐར་གཙང་མའི་སྲོལ་འཛིན་པའི་བཀའ་གདམས་གོང་


GTD008_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིམ་བྱོན། སྒྲུབ་རྒྱུད་ཀྱི་བསྟན་པའི་རྩ་ལག་མར་པ་མི་ལ་སོགས་བཀའ་བརྒྱུད་གོང་མ་རྣམས་དང༌། ས་ཆེན་ཀུན་དགའ་སྙིང་པོ་ཡབ་སྲས། འཆད་ཉན་གྱི་སྲོལ་བཟང་པོ་དར་རྒྱས་སུ་མཛད་པ་ལོ་ཙཱ་བ་བློ་ལྡན་ཤེས་རབ། འཇམ་མགོན་ས་སྐྱ་པཎ་ཆེན། ཕྱ་པ་ཆོས་ཀྱི་སེང་གེ །སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་པ་སོགས་དང༌། བྱེ་བྲག་ཏུ་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ཉིད་དང་དབྱེར་མ་མཆིས་པ་སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་དང༌། རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན། འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ། འཇམ་དབྱངས་ཆོས་ཀྱི་རྗེ་བཀྲ་ཤིས་དཔལ་ལྡན། གངས་ཅན་བསྟན་པའི་སྒྲོན་མེ་པཎ་ཆེན་དགེ་འདུན་གྲུབ་པ་ནས་བཟུང་རྒྱལ་དབང་ཕྱག་ན་པདྨ་རྗེ་བཙུན་བློ་བཟང་འཇམ་དཔལ་རྒྱ་མཚོ་ལ་ཐུག་གི་བར་རྒྱལ་བ་གོང་མ་བརྒྱད་དང༌། པཎ་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་སོགས་པཎ་ཆེན་ཐམས་ཅད་མཁྱེན་པ་གོང་མ་གསུམ་དང༌། མཁས་གྲུབ་བྱེ་བའི་གཙུག་རྒྱན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ། སྙན་བརྒྱུད་བསྟན་པའི་མངའ་བདག་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྗེ་བཙུན་ཡེ་ཤེས་རྒྱལ་མཚན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་རིན་པོ་ཆེ་ཡོངས་རྫོགས་བསྟན་པའི་མངའ་བདག་ཁམས་གསུམ་འགྲོ་


GTD008_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བླ་མ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་ཆེན་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་དང༌། དཀྱིལ་འཁོར་རྒྱ་མཚོ་སྤྲོ་ཞིང་སྡུད་པའི་བདག་ཉིད་ཅན་རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མའི་ཞལ་སྔ་ནས་ལ་སོགས་པ་རང་ཅག་རྣམས་ཀྱི་བླ་མ་དམ་པ་གོང་མ་གཟུགས་སྐུའི་བཀོད་པ་ཉེར་ཞིའི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་རྣམས་ཐུགས་ཟག་པ་མེད་པའི་དགོངས་པ་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །ད་ལྟ་བསྟན་འགྲོའི་དཔལ་དུ་ཞལ་བཞུགས་པ་རྣམས་ཀྱི་གཙུག་ན་མངོན་པར་མཐོ་བ་རྒྱལ་དབང་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་དང༌། སྣང་བ་མཐའ་ཡས་ངུར་སྨྲིག་གར་གྱིས་རོལ་པ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་ཞལ་སྔ་ནས་དང༌། ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་ཆེན་པོ་ཐུབ་བསྟན་ཡོངས་ཀྱི་རྩ་ལག་སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་ཞལ་སྔ་ནས་ལ་སོགས་པ་རང་ཅག་རྣམས་ཀྱི་བླ་མ་དམ་པ་བསྟན་འགྲོའི་དཔལ་དུ་ཞལ་བཞུགས་པ་རྣམས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། བསྟན་འགྲོའི་གསོས་སུ་གྱུར་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་རྨད་དུ་བྱུང་བ་རྣམས་དབྱར་གྱི་ཆུ་གཏེར་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་འདིས་མཚོན་གདན་ས་ཆེན་པོ་བཞི་ལ་སོགས་པ་ཕྱོགས་བཅུའི་


GTD008_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་རྣམས་ཀྱང་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་སྒོ་ནས་ལམ་བསླབ་པ་གསུམ་གྱི་ཉམས་ལེན། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། གསང་ཆེན་རྒྱུད་སྡེ་བཞིའི་བཤད་སྒྲུབ་ལ་སོགས་པ་འཁོར་ལོ་གསུམ་གྱིས་བསྡུས་པའི་ལུང་རྟོགས་ཀྱི་བསྟན་པའི་བྱ་བ་རྒྱ་ཆེན་པོ་རྣམས་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །སྐྱབས་གནས་བསླུ་བ་མེད་པ་དེ་དག་གི་ཐུགས་རྗེ་དང༌། རང་ཅག་རྣམས་ཀྱིས་དངོས་དང་བརྒྱུད་པའི་སྒོ་ནས་བསགས་པའི་དགེ་ཚོགས་རྣམས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་བསྟན་པ་བསྟན་འཛིན་དང་བཅས་པ་གུས་ཞབས་ཀྱི་སྒོ་ནས་མཆོད་པར་བྱེད་པའི་བསྟན་པའི་སྦྱིན་བདག་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་ལ་སོགས་པ་རྣམས་ཀྱིས་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་ལས་ངན་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་སྟེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་མ་རྒྱས་པའི་ཚེ་རབས་ཐམས་ཅད་དུའང་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སྐྱེ་གནས་ངན་པ་རྣམས་སུ་དུས་སྐད་ཅིག་ཙམ་ཡང་མི་སྐྱེ་བར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་རྟེན་བཟང་པོ་བརྒྱུད་མར་འཐོབ་ཅིང༌། རྟེན་དེ་དག་ལའང་གཞོན་ནུ་ཉིད་ནས་རབ་ཏུ་བྱུང་སྟེ་མཁན་སློབ་ཀྱི་སྤྱན་སྔར་ཁས་བླངས་པའི་དམ་ཚིག་མཐའ་དག་མིག་གི་འབྲས་བུ་བཞིན་དུ་བསྲུང་བའི་སྟེང་ནས་ལམ་ཐུན་མོང་བ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་ཞི་ལྷག་གི་བར་གྱི་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྣམས་སྐྱེ་བའི་སྐལ་བ་དང་ལྡན་


GTD008_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །དེ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་པ་སྔོན་དུ་བཏང་ནས་ཐུན་མོང་མ་ཡིན་པ་གསང་ཆེན་རྡོ་རྗེ་ཐེག་པའི་འཇུག་སྒོ་དབང་རྣམ་པར་དག་པ་མནོས། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང༌། སྨིན་བྱེད་བསྐྱེད་པའི་རིམ་པ་དང་གྲོལ་བྱེད་རྫོགས་པའི་རིམ་པ་སྟེ་ལམ་རིམ་པ་གཉིས་ཀྱི་བགྲོད་པ་ལ་བརྟེན་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བསྟན་པའི་སྦྱིན་བདག་ཚེ་དང་ལྡན་པ་ཆེ་གེ་མོ་ཞེས་བགྱི་བ་ལ་སོགས་པ་རྣམས་ཀྱི་སྔོན་ལས་དང་འཕྲལ་རྐྱེན་ལས་བྱུང་བའི་ཕྱི་ནང་གི་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །མཐུན་པའི་རྐྱེན་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་མངའ་ཐང་རིགས་རྒྱུད་སྙན་པ་དང་གྲགས་པ་སོགས་ལེགས་པའི་ཚོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་དྲུག །དམ་ཅན་ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ། དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་སོགས་པ་རྒྱལ་བ་རྡོ་རྗེ་འཆང་གིས་བཀའ་བསྒོས་ཤིང་དམ་ཚིག་གཉེར་དུ་གཏད་པའི་ཆོས་སྲུང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་དེ་དག་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་སྐད་ཅིག་ཀྱང་གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་པར་གྱུར་ཅིག །ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་བོ་ལ་སོགས་པ་སྟོན་པའི་ཞལ་མཐོང་ཞིང་བསྟན་ལ་


GTD008_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་དཀར་ཕྱོགས་ཀྱི་ལྷ་ཀླུ་སྤྱི་དང༌། ཁྱད་པར་དུའང་ས་ཕྱོགས་ཡུལ་རིགས་དགོན་གནས་དགེ་འདུན་གྱི་སྡེ་གཙུག་ལག་ཁང་སྲུང་ཞིང་སྐྱོང་བར་བྱེད་པའི་གཞི་བདག་གནས་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱི་དཀར་ཕྱོགས་སྐྱོང་བའི་མཐུ་སྟོབས་གཟི་བརྗིད་ནུས་པ་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ནག་པོའི་ཕྱོགས་ལ་དགའ་བའི་འབྱུང་པོ་ལས་ངན་སྡིག་ཅན་མི་དང་མི་མ་ཡིན་པ་རྣམས་ཀྱི་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་ནས་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་འདིས་མཚོན་ཡངས་པའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་ལ་སོགས་པ་མི་འདོད་པའི་ཉེར་འཚེ་རྒུད་པའི་རིགས་མཐའ་དག་ལྷག་མེད་དུ་ཞི་ནས་ཆར་ཆུ་དུས་སུ་འབབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་བཀྲ་ཤིས་དང་དགེ་མཚན་གྱི་དཔལ་རྒྱ་ཆེན་པོ་རྒྱུན་མི་འཆད་དུ་འབྱུང་བར་གྱུར་ཅིག །མདོར་ན་བདག་སོགས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བྱང་ཚོགས་གཉིས་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །འཇམ་དཔལ་དཔའ་བོ་ཞེས་སོགས་སམ། དུས་གསུམ་གཤེགས་པའི་རྒྱལ་བ་ཞེས་སོགས་བྱ། འདིའང་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཚོགས་ཆོས་སོགས་ཀྱི་མཇུག་ཏུ་ངག་ལམ་ནས་གང་ཐོན་གྱིས་བསྔོ་བ་རྒྱས་པར་བྱས་པ་དེ་བཞིན་ཡི་གེར་འཁོད་པ་


GTD008_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དགོས་ཞེས་ཧར་ཆེན་རཱ་ཛ་སག་གི་ཤོག་ནས་དད་བརྩོན་ལྡན་པ་དཀོན་མཆོག་དར་རྒྱས་ཀྱིས་བསྐུལ་བའི་ངོར་བྲིས་པའོ། །དགེ་ལེགས་འཕེལ། །


previousབསྔོ་བ་དགེ་ཚོགས་རྒྱ་མཚོའི་འཇུག་ངོགས།next