Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
རྗེ་བསྟན་པའི་སྒྲོན་མེའི་རྣམ་ཐར་དད་པའི་པདྨོ་བཞད་པའི་ཉིན་བྱེད།


 
previousརྗེ་བསྟན་པའི་སྒྲོན་མེའི་རྣམ་ཐར་དད་པའི་པདྨོ་བཞད་པའི་ཉིན་བྱེད།no next

རྗེ་བསྟན་པའི་སྒྲོན་མེའི་རྣམ་ཐར་དད་པའི་པདྨོ་བཞད་པའི་ཉིན་བྱེད།


GTD008_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲདྡྷཀམལཧསསྱཨྲཧསྐརཎཱམགུརུམཉྫུགྷོཥབྷཊྚརཀརཏྣཤཱསནདཱིཔཾབིམོཀྵབཙནཀཐཱབིཧརཏིསྨ། །
འཇམ་དབྱངས་བླ་མ་རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་པར་ཐར་པ་བརྗོད་པའི་གཏམ་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །


GTD008_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾསྭསྟིགུརྦནཱལམྦྷདཱཡསྱམཧྱཱནིདྷིཿ ཤཱརཎསྠཱསམཱུཧཿ ཡཏེནཔྲྀཡཾ། །
ཨོཾ་སྭ་སྟི། དམིགས་མེད་ཐུགས་རྗེའི་གཏེར་ཆེན་བླ་མ་རྗེ། །སྐྱབས་གནས་ཀུན་འདུས་གང་དེས་དགྱེས་བཞིན་དུ། །


GTD008_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མཉྫོརྒྷོཥཤིརཽགུརུཿ ཧྲྀ དེ། ཨཱུཧཱངྷྱེཥཎཛིཧྭགྷོཥབཱཾ།
སྤྱི་བོར་བླ་མ་སྙིང་ལ་འཇམ་པའི་དབྱངས། །ལྕེ་ལ་དབྱངས་ཅན་བཀོད་དེ་གསོལ་འདེབས་ན། །


GTD008_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པྲཱསམཱ ནྱཱ྅བིཡོགཱནུངྷརྶིདྡྷཡཿ བྲྀཥྚིཛཱཏུཿ ནིརབྷོགསརྦཥྚཡོཿ
འབྲལ་མེད་རྗེས་བཟུང་མཆོག་ཐུན་དངོས་གྲུབ་ཀུན། །ནམ་ཡང་ལྷུན་གྲུབ་འདོད་དགུའི་ཆར་དུ་བསྙིལ། །


GTD008_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བཱཀྤུཥྤཱདྦྷཥབཱདབཻཀཊ། གཱཿ བཻམུཀྟིམདྷོཿ ཏུཥངྐེུརུཿ
འཆད་རྩོད་རྩོམ་པའི་ངག་གི་མེ་ཏོག་ལས། །འགྲོ་ཀུན་རྣམ་གྲོལ་སྦྲང་རྩིས་ཚིམ་པར་མཛོད། །


GTD008_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པད་དཀར་ལྟར་བསྔགས་ཐུགས་བསྐྱེད་ཁམས་ལས་བསོད་ནམས་ཡེ་ཤེས་ཚོགས་གཉིས་རྡུལ་བརྩེགས་སྐུ་བཞིའི་ལྷུན་པོ་ཤཱཀྱའི་ཏོག །མི་ཕམ་འཇམ་དབྱངས་གཏད་རབས་བདུན་དང་ཤིང་རྟ་ཆེ་སོགས་ལུང་རྟོགས་འོད་འབར་འཕགས་ཡུལ་པཎ་གྲུབ་གསེར་རིའི་ཚོགས། །གངས་ཅན་ཕན་བདེའི་རོལ་མཚོ་ཆོས་རྒྱལ་ལོ་པཎ་ལྔ་བརྒྱའི་གཙུག་རྒྱན་ཇོ་འབྲོམ་ཡབ་སྲས་རྣམ་དག་བཀའ་གདམས་བརྒྱུད། །རྒྱལ་བ་གཉིས་པར་སྟོན་པས་ཆེར་བསྔགས་ཉིན་བྱེད་དཔལ་བཅས་བདག་སྙིང་འདབ་བརྒྱའི་དབུས་བཞུགས་སྨིན་གྲོལ་མཆོག་སྩོལ་ཅིག །དུས་ཀྱི་རིམ་པས་བྱང་ནས་བྱང་དུ་རྒྱལ་བསྟན་སྣང་བས་ས་ཀུན་ཁྱབ་མཛད་གངས་ཅན་མགོན་པོ་རྒྱལ་དབང་ཡབ་སྲས་འཕྲེང༌། །ས་བཅུའི་མཐར་སོན་དྲི་མེད་གྲགས་སོགས་མཁས་དང་གྲུབ་པའི་གར་གྱིས་རིམ་བྱོན་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་སྡེ། །ཐུབ་བསྟན་སྤེལ་ལ་ཐུབ་པའི་ཉི་མ་སླར་ཡང་བྱོན་པའི་རྗེས་འགྲོ་དངོས་བརྒྱུད་ཡོངས་འཛིན་ཚད་མའི་སྐྱེས་མཆོག་ཟླ་མེད་རྣམས། །ཚར་དུ་དངར་བཞིན་དང་བའི་ཡིད་མཚོར་གསལ་བར་བཀོད་དེ་ལག་པའི་པདྨོ་མགོ་ལྕོག་ལྡེམ་པས་ལན་བརྒྱར་ཕྱག་བགྱིད་དོ། །མཁྱེན་པའི་ཡེ་ཤེས་འཇམ་དབྱངས་གཞོན་ནུ་བཞིན། །མཐུ་ནུས་བརྩེ་བའི་མཛད་འཕྲིན་ཞི་དུལ་སོགས། །སྟོན་པའི་མཆོག་ཟུང་ཉེ་སྲས་ཀུན་འདུས་པའི། །དཔེར་འོས་བླ་མ་མཆོག་དེས་འབྲལ་མེད་སྐྱོངས། །ཚུལ་ཁྲིམས་རྣམ་དག་འདུལ་བ་ལ་མཁས་གནས་པར་ཕན་འདོགས་འཁོར་ནི་ཡོངས་སུ་དག །སྙིང་བརྩེ་དང་


GTD008_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དུས་སུ་འདོམས་སོགས་སོ་ཐར་ལས་བསྔགས་ཡོན་ཏན་རྒྱ་མཚོའི་མཛོད། །ཞི་དུལ་ཉེར་ཞི་བརྩེ་དང་བརྩོན་བཅས་ལུང་དང་དེ་ཉིད་ལ་མཁས་སྐྱོ་ངལ་སྤངས། །དེ་ཉིད་བཅུ་ཟུང་བྲི་དང་འཆད་མཁས་མཚན་ཉིད་ཀུན་ལྡན་ཟླ་མེད་ཡོངས་འཛིན་ཁྱོད། །དཀོན་མཆོག་ཀུན་དངོས་འཇིགས་མེད་དབང་པོའི་སྡེས། །བཤད་སྒྲུབ་བསྟན་པའི་བདག་པོར་དབང་བསྐུར་བཞིན། །ལུང་རྟོགས་ཉི་ཟླ་ཟུང་གི་སྒྲོན་མེ་ཡིས། །སྐྱེ་དགུའི་རྨོངས་མུན་སེལ་བ་འདི་རྨད་བྱུང༌། །གང་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། །སྐྲ་རྩེས་བླངས་པའི་ཆ་ཙམ་བརྗོད་ཟིན་ཀྱང༌། །རྒྱལ་བའི་ཉི་མ་གཞན་གྱིས་སྤངས་པ་ཡི། །མགོན་སྐྱབས་བྲལ་བའི་སྙིགས་དུས་སྨག་རུམ་འདིར། །སངས་རྒྱས་གྲངས་མེད་བྱོན་ཀྱང་མ་ཐུལ་བའི། །དམུ་རྒོད་འགྲོ་རྣམས་བྱམས་བརྩེའི་མཐུ་ཆེན་པོས། །རྗེས་བཟུང་བཀའ་དྲིན་ཆ་རེའི་ཕྲ་རྡུལ་ཙམ། །བསྐལ་པར་མཆོད་ཀྱང་ཇི་ལྟར་གཞལ་བར་ནུས། །དེ་སླད་བདེ་གཤེགས་ལམ་བཟང་གསལ་ཕྱིར་དང༌། །རང་གཞན་དད་པ་སྤེལ་བར་བྱ་བ་དང༌། །ཆོས་དང་ལྡན་པའི་གཏམ་གྱིས་མགུ་ཕྱིར་དུ། །གསར་པའི་གཏམ་འགའ་འགོད་ལའང་སྤྲོ་བ་སྐྱེ། །ངན་སྤྱོད་རྒྱན་དུ་ངོམས་ལ་སྤོབས་པ་མཐོ། །བླང་དོར་འབྱེད་ལ་རྣམ་དཔྱོད་གོམ་འགྲོས་རྟུལ། །འདི་སྣང་བླུན་གཏམ་ང་རོ་ཆེར་སྒྲོགས་པར། །རང་རིགས་རྨོངས་པས་བཀུར་ལ་མཚར་དུ་ཅི། །ཟང་ཟིང་ཡལ་འདབ་ལང་ལོང་རྣམ་པར་རྒྱས། །དམ་པའི་མཚན་སྙན་མརྒད་ཚོན་བཟང་གིས། །


GTD008_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བཀྲ་ཡང་སྙིང་པོས་དབེན་པ་ལ། །ཐར་འདོད་ངང་པའི་བུ་མོ་ཆགས་བྲལ་འཛིན། །སྒྲ་སྙན་སྡེབ་སྦྱོར་དྲི་ཟའི་དབྱངས་སྙན་པོར། །བསྒྲགས་པས་གཞན་ཡིད་འགུགས་པར་མ་ནུས་ཀྱང༌། །མཉན་འོས་དོན་བཟང་གཟུར་གནས་བདེན་གཏམ་གྱིས། །སྐུ་བཞིའི་ཁམས་ཀྱི་ས་བོན་ཅིས་མི་སྤེལ། །ངོ་མཚར་ཡོན་ཏན་གསལ་བྱེད་སྒྲོན་མེ་དང༌། །བློ་སྣ་ཆོས་ལ་འགུགས་པའི་ལྕགས་ཀྱུ་སྟེ། །ལོག་ལམ་འཕྱན་པ་རྣམས་ལ་དེད་དཔོན་མཆོག །དམ་པའི་རྣམ་ཐར་གཏམ་ལས་གཞན་ཡོད་མིན། །ཆ་ཤས་རེས་ཀྱང་རེ་བ་ཀུན་སྐོང་ཞིང༌། །ལམ་འབྲས་ཡོངས་སུ་རྫོགས་པའི་ནོར་བུའི་མཛོད། །འདྲེན་བྱེད་རྣམ་ཐར་གཏམ་གྱི་གྲུ་བོ་ཆེར། །འཇུག་ལ་མི་སྤྲོ་བློ་ལྡན་སུ་ཞིག་ཡོད། །འཁོར་ལོ་བཞི་ལྡན་ལྗོན་ཤིང་བཟང་པོ་ལ། །ལེགས་བྱས་ཡལ་འདབ་རྣམ་པར་རྒྱས་པའི་རྩེར། །དད་པའི་མེ་ཏོག་བྱང་ཆུབ་སྙིང་པོ་ཅན། །བཞད་པའི་དགའ་སྟོན་དང་དུ་བླངས་པར་རིགས། །དེ་ཡང་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདིར་སྙིང་པོ་ཞིག་ལེན་དགོས་ལ། དེ་ཡང་མཚན་ཉིད་དང་ལྡན་པའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པ་ལ་རག་ལས་པས་ན་ཐེག་པ་མཆོག་གི་བཤེས་གཉེན་གྱི་ཡོན་ཏན་དྲན་ནས་དད་པ་བསྐྱེད་པ་ནི་རང་དང་གཞན་གྱི་ཕན་བདེའི་གཞི་རྩ་རྨད་དུ་བྱུང་བ་ཡིན་ནོ། །དེའི་ཕྱིར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཀྱང་ཁེངས་པ་དང་དྲེགས་པ་སོགས་ཀྱི་དྲི་མ་ཅུང་ཟད་ཙམ་ཡང་མི་མངའ་བར། འགྲོ་བ་རྣམས་བུ་གཅིག་པ་ལྟར་གཟིགས་པའི་སྙིང་རྗེའི་ཤུགས་ཀྱིས་བསྟན་པ་རིན་པོ་ཆེ་ལ་གཅིག་ཏུ་དགོངས་ཏེ་རྒྱལ་བའི་བཅས་མཚམས་ཕྲ་མོ་ལས་ཀྱང་ཅུང་ཟད་ཙམ་ཡང་མི་འདའ་ཞིང་མདོ་དང་


GTD008_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་བསྡུས་པའི་གསུང་རབ་མཐའ་དག་གདམས་པར་ཤར་ཏེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་བའི་རྒྱལ་བའི་རིང་ལུགས་པ་ཆེན་པོ། མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དམ་པ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་བརྩམས་ཏེ་གཏམ་དུ་གླེང་བར་བྱ་བ་ལ། དེ་ཡང་སྤྱིར་རྒྱལ་བ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པའི་ངོ་བོ། སྟོན་པ་རྡོ་རྗེ་འཆང་དང༌། གསང་བ་ཐམས་ཅད་ཀྱི་བདག་པོ་འཕགས་པ་ལག་ན་རྡོ་རྗེའི་སྤྲུལ་བའི་རྣམ་རོལ་རྒྱ་གར་འཕགས་པའི་ཡུལ་དུ་ཏེ་ལོ་ནཱ་རོ་སོགས་དང༌། བོད་ཁ་བ་ཅན་གྱི་ལྗོངས་སུ་འཇམ་མགོན་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་ཆེན་པོ་དང༌། གསང་ཆེན་བསྟན་པའི་མངའ་བདག་རྗེ་བཙུན་ཤེས་རབ་སེངྒེ་སོགས་འཆད་པ་པོ་དང་ཉན་པ་པོ་གཅིག་ལས་དུ་མར་ཤར་བའི་སྒྱུ་འཕྲུལ་གྱི་བཀོད་པ་ཇོ་འབྲོམ་ཡབ་སྲས་ཀྱི་རྣམ་པར་ཐར་པ་དང་མཚུངས་པའི་ལོ་རྒྱུས་དུ་མ་ཡོད་པར་མ་ཟད། སྐུ་ཚེ་འདི་ཉིད་ཀྱི་དབང་དུ་བྱས་ན་ཡང༌། སྒྲོན་གསལ་ལས། ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ །ཞེས་གསུངས་པ་ལྟར། རིན་པོ་ཆེ་ལྟ་བུའི་གང་ཟག་གི་དད་བརྩོན་རྣམ་དཔྱོད་སོགས་རྨད་དུ་བྱུང་བའི་རྒྱུ་རྐྱེན་གྲངས་ཚང་བའི་སྟོབས་ཀྱིས། གོ་འཕང་མཐར་ཐུག་པའི་དགའ་སྟོན་མངོན་དུ་མཛད་པའི་ཚུལ་ལས་བརྩམས་ཏེ་ལུང་དང་རིགས་པས་གྲུབ་པའི་གཏན་ཚིགས་དུ་མ་བརྗོད་དུ་ཡོད་མོད་ཀྱང༌། ཐུན་མོང་གི་སྣང་བ་དང་འཚམས་


GTD008_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པ་དོན་གྱི་སྙིང་པོ་བྱསཏེ་ཅུང་ཟད་ཙམ་ཞིག་བྲི་བར་བྱའོ། །དེ་ཡང་ཕྱོགས་བཅུའི་ཞིང་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེའི་དབང་གིས་སྲིད་པའི་ཟློས་གར་སྣ་ཚོགས་པ་འཛིན་པ་ལ་དེ་དང་མཐུན་པའི་ངོ་མཚར་གྱི་གཏམ་དཔག་མེད་ཡོད་པ་ལས་བདག་ཉིད་ཆེན་པོ་འདི་ཉིད་གང་དུ་སྐུ་འཁྲུངས་པའི་ཡུལ་ནི་སྔོན་གྱི་ལྷ་བཙད་པོ་དག་གི་དུས་སུ་རྒྱ་བོད་ཀྱི་ས་མཚམས་ཕྱེ་སྟེ་རྡོ་རིང་མང་པོ་བཙུགས་པར་བཤད་པའི་རྡོ་རིང་འགའ་དང་ཉེ་ཞིང་མདོ་སྨད་ཀྱི་ཤར་ལྷོར་གཏོགས་པ་མཛོད་དགེ་སྨད་དུ་གྲགས་པའི་སའི་ཆ་ཡིན་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་ཀྱི་དུས་མདོ་སྨད་རྟའི་ཆོལ་ཁར་གྲགས་པ་ལ་ཁྲི་སྲོང་སྡེ་བཙན་གྱིས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ཚེ་བོད་ཀྱི་རུས་ཆེན་རྣམས་ལས་ཁྲལ་བསྡུས་ཏེ་ཡུལ་གྲུ་རྒྱ་ཆེ་ཞིང་བཙན་པར་བྱས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སུ་ཧོར་གོང་མ་སེ་ཆེན་ཧན་གྱིས་མནྫིའི་རྒྱལ་ཁབ་བླངས་པའི་སྡིག་བཤགས་སུ་དགོན་སྡེ་བརྒྱ་རྩ་བརྒྱད་བཏབ་ཅིང༌། ཇུ་ཞག་བསྒྲིགས་པར་བཤད་པ་ལས་འཁྲུངས་ཡུལ་འདི་ནི་ཇུ་ཞག་གི་ནང་ཚན། ཀ་ཇུ། ཐོའུ་ཇུ་གཉིས་ཀྱི་བར་མཚམས་རྒྱ་དང་ཐག་ཉེ་བའི་ཡུལ་ཡིན་ནོ། །ཁྲི་སྲོང་གིས་མཛོད་པའམ་ཕྱག་མཛོད་དགའ་ཡེ་ཤེས་དར་རྒྱས་བོད་ཀྱི་ཁ་འཛིན་ལ་གླིང་ཡུལ་དུ་མངགས་པ་དགེ་སློང་གི་ཆ་བྱད་དུ་ཡོད་པས་མཛོད་དགེར་གྲགས་ཤིང༌། དེ་ལས་འཕེལ་བའི་མི་བརྒྱུད་ཤིས་ཞིན་གྱི་ནང་ཚན་ཞིག་རིམ་གྱིས་ཡུལ་འཕོས་ནས་ཕྱོགས་འདིར་ཆད་དེ་རྒྱ་དང་ཉེ་བའི་སར་བསྡད་པས་མཛོད་དགེ་ཤིས་ཞིན་དུ་ཐོགས། རིམ་གྱིས་བོད་ཀྱི་ས་ཆར་འཕགས་ཏེ་ནགས་ཚལ་གྱི་མདོག་གིས་ས་གཞི་ནག་པོར་སྣང་བའི་ཡུལ་དུ་བསྡད་པས་སམ་སྤྱོད་ལམ་གྱི་དབང་གིས་ཧར་ཤིས་ཞིན་དུ་


GTD008_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། གཟུངས་ཐར་བུ་ལྔར་གྲགས་པ་ལས་མཛོད་དགེ་ཤོག་ལྔར་གྱེས་ཤིང༌། འདི་ཀའི་དབོན་ཤེས་རབ་སེངྒེ་ཞེས་པ་དུག་ནད་སྦྱོང་ཕྱིར་ཀུན་མཁྱེན་གོང་མ་མཇལ་བར་གཏེར་ལུང་དུ་ཕྱིན། གཏེར་ཐོན་པ་དང་མཉམ་དུ་མཇལ་བས་ཀུན་མཁྱེན་རིན་པོ་ཆེ་ཐུགས་དགྱེས་ཤིང་བུམ་ཆུ་སྩལ་བ་ཙམ་གྱིས་བདེ་བའི་དགའ་སྟོན་ཐོབ། རང་ཡུལ་གྱི་གཞི་བདག་གི་བསང་མཆོད་ཞུས་པའི་ནང་དུ་མི་རྣམས་ཆོས་ལ་དཀར་བ་དང༌། བསླབ་གསུམ་འཛིན་པའི་དགེ་འདུན་གྱི་སྡེ་འཕེལ་བ་སོགས་ཀྱི་འཕྲིན་བཅོལ་མཛད་འདུག་པ་དགོངས་གཞི་ཅན་དུ་སྣང༌། གསུང་དེ་ལ་བརྟག་ན་དུས་དེར་མཛོད་དགེ་མར་ཁུ་ཐང་དུ་གྲགས་པའི་ཡུལ་ཕྱོགས་འདི་སྡེ་དཔོན་དེས་བཟུང་ཡོད་པར་མངོན། སྡེ་དཔོན་དེ་ལ་མངའ་རིས་མང་ཙམ་ཡོད་པ་ལས། རྗེ་ཉིད་ཀྱི་གདུང་རུས་ནི། ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་དུས། དེ་ཕུད་གཡག་ཁུར་དུ་གྲགས་པ་རྒྱའི་ཁ་གནོན་དུ་བཞག་སྟེ་མཐེབ་ཇུ་བྲག་དཀར་གཉན་གྱི་ཕོ་བྲང་དུ་ས་མཁར་བཟུང་ནས་བསྡད་པའི་ལྷོ་ཕྱོགས་ཐེ་བོ་སྟོད་སྨད་གཉིས་སུ་གྲགས་པ་ལས་ཐེ་བོ་སྟོད་མ་ཞེས་པ་རི་བྲག་གི་ས་ཆར་གནས་ཤིང་དཔའ་རྩལ་ངོམས་པའི་དུད་ཁྲི་ཕྲག་བརྒལ་བའི་ཡུལ་གྲུ་དེ་ལས་འབྲོང་པ་ཞེས་པ་ཆད་ནས་ཕྱོགས་འདིར་འབྲོག་གཞི་བཟུང་བ་ལ་ཡུལ་ཕྱོགས་ཀྱི་མིང་གིས་འབྲིང་པ་དང༌། ཐེ་བོ་སོགས་ཀྱི་སྡེ་ཚན་མང་ཞིང་ཨ་ཡོན་བུ་ལྔར་གྲགས་པའི་ནང་ནས་ཨ་རོལ་གྱི་བརྒྱུད་པ་ཐེ་བོ་ལྕགས་པོ་བྱམས་ཞེས་བྱ་བ་དཔའ་ཞིང་སྙིང་སྟོབས་ཆེ་བ་དེ་ཉིད་རྗེ་འདིའི་ཡབ་ཡིན་ལ། ཡུམ་ནི་བོ་ཆོག་ཅེས་བྱ་བ་རང་བཞིན་བཟང་ཞིང་ཆོས་ལ་དད་པ། བསོད་ནམས་ཀྱི་དཔལ་དང་ལྡན་ཞིང་ཡོན་ཏན་དུ་མས་


GTD008_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་ཞིག་གོ །དེ་ཡང་མངོན་རྟོགས་རྒྱན་ལས། རིགས་དང་རུས་དང་ཆོ་འབྲང་དང༌། །ཞེས་པའི་ཐད་ཀྱི་མདོ་ལས། དེ་ལ་བྱང་ཆེན་གྱི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆེན་རིགས་མཐོན་པོ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆེན་གྱི་རིགས་ཕུན་ཚོགས་ཡིན་ནོ། །རུས་ཕུན་སུམ་ཚོགས་པ་གང་ཞེ་ན། རིགས་གང་ལས་སྔོན་གྱི་བྱང་ཆེན་དག་བྱུང་བ་སྟེ། དེ་ནི་རུས་ཕུན་ཚོགས་ཡིན་ནོ། །ཞེས་པའི་རྒྱུད་ལས་བྱུང་བ་ནི་རིགས་དང༌། དེར་བྱང་སེམས་གཞན་འཁྲུངས་པའི་ཆ་ནས་རུས་ཕུན་ཚོགས་སུ་བཤད་པས་ཕྱོགས་འདིར་མཛོད་དགེ་རི་ཁྲོད་པ་རྗེ་མཁས་གྲུབ་བསྟན་འཛིན་སོགས་འདུལ་འཛིན་དང་མཁས་གྲུབ་ཆེན་པོ་དུ་མ་དང༌། བཀྲ་ཤིས་འཁྱིལ་ཁྲི་ཆེན་དཀོན་མཆོག་བདེ་ཆེན་པ་སོགས་དམ་པའི་ཡང་སྤྲུལ་བཞི་བཅུ་སྐོར་བྱུང་བར་རྗེ་ཉིད་ཀྱི་ཞལ་ནས་ཐོས་ཤིང༌། དེའི་ཕྱིས་སུ་ཡང་བཅུ་ཕྲག་བརྒལ་བ་བྱུང་བས་དེས་ན་བྱང་ས་ལས། མདོར་བསྡུས་ན་རྣམ་པར་སྨིན་པ་བརྒྱད་དེ་ཚེ་དང་ཁ་དོག་དང་རིགས་ཕུན་སུམ་ཚོགས་པ་དང༌། ཞེས་སོགས་རེ་རེའི་ཡོན་ཏན་སྦྱར་ན་ལེགས་ཀྱང་མང་བས་འཇིགས་ནས་སྐབས་དོན་ལ་འཇུག་སྟེ། དེ་ལྟ་བུའི་ཡབ་ཡུམ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ཟླ་བ་གཉིས་པའི་ཚེས་བཅོ་བརྒྱད་ཀྱི་སྔ་དྲོ་ཉི་མ་རྩེ་ཤར་ལ་སྐུ་བལྟམས། དེ་མ་ཐག་ཙོག་པུར་བཞུགས་པ་དང༌། ཉིན་དེར་ཨ་མ་ཞེས་ལན་གསུམ་འབོད་པ་གནང་བས་ཀུན་ངོ་མཚར་དུ་གྱུར། དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་གྱ་གསུམ་དང༌། རྗེ་བདག་ཉིད་ཆེན་པོ་འདས་ནས་ཉིས་བརྒྱ་གོ་གཅིག་པ་རབ་བྱུང་བཅུ་གཅིག་པའི་ས་བྱི་ལ་ཀུན་མཁྱེན་གོང་མ་སྐུ་འཁྲུངས་ཤིང་རབ་བྱུང་བཅུ་གཉིས་པའི་ལྕགས་


GTD008_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གླང་ལ་སྐུ་འདས། དེ་ནས་བརྩིས་པའི་ལོ་ཞེ་ལྔ་ཀུན་མཁྱེན་སྐུ་འཕྲེང་གཉིས་པའི་དགུང་ལོ་སོ་ལྔ་པ་རབ་བྱུང་བཅུ་གསུམ་པའི་སྣ་ཚོགས་ཞེས་པ་ཆུ་ཕོ་རྟ་ནི་རྗེ་འདིའི་འཁྲུངས་ལོ་ཡིན་པས་བསྟན་པ་ཉིས་སྟོང་ལྔ་བརྒྱ་ཉག་མ་གོ་བདུན་པའི་དུས་སུ་ཤེས་པར་བྱའོ། །ལྷུམས་སུ་ཞུགས་ནས་རིང་པོ་མ་ལོན་པའི་སྐབས་རྗེ་བླ་མའི་བུ་སློབ་བསྟན་པ་ཕྱོགས་མཐར་སྐྱོང་བའི་དར་ཆེན་རོང་པོ་ལྗགས་ནག་པའི་སྐྱེ་བརྒྱུད་ཀིརྟི་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་ཕྱོགས་དེར་ཕེབས་ལམ་ཞིག་ནས་སྦྲ་ནག་ཅན་འདི་སུ་རེད་དྲིས་པར། ཐེ་བོ་དགེ་རྒན་ཚང་ཡིན་ཞུས་པས། ཡ་མཚན། མདང་ངའི་རྨི་ལམ་དུ་རྩེ་དབུས་གསེར་ཁྲི་ཚང་གདུགས་བསྐོར། རྒྱ་གླིང་བཏང་ནས་འདི་པའི་ཁྱིམ་དུ་ཕེབས་པ་རྨིས་གསུངས། ལྷུམས་སུ་ཞུགས་པའི་སྔ་ཕྱིར་ཡབ་ཀྱི་རྨི་ལམ་དུ་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཉིས་བརྩེགས་ཀྱིས་རང་གི་ཁྱིམ་འཁོར་བ་དང༌། ཡུམ་གྱི་རྨི་ལམ་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་གཉིས་ཤར་ཡོད་པར་མི་ཞིག་གིས་ཟླ་བ་རྗེས་མ་དེ་ཁྱེད་ཀྱི་ཟླ་བ་ཡིན་ཟེར་བ་དང་མཉམ་དུ་ཟླ་བ་དེ་རང་གི་པང་ན་ཡོད་པ་དང༌། ནམ་མཁའ་ནས་གསེར་གྱི་རྡོ་རྗེ་ཞིག་རང་གི་པང་དུ་བབས་པ་ཡང་ཡང་རྨིས་ཤིང༌། ཡུལ་མི་དག་ལ་ཡང་ཡབ་ཀྱི་ཁྱིམ་དེར་ལྗོན་ཤིང་སྣ་ཚོགས་སྐྱེས་པའི་རྩེར་རས་རིས་མང་པོ་བཀྲམ་པ་དང༌། ཁྱིམ་དེར་ལྗོན་ཤིང་སྐྱེས་པ་ལ་བཙུན་པ་གསེར་བུམ་ཐོགས་པས་ཁྲུས་གསོལ་བ་དང༌། ཡབ་ཀྱི་སྦྲའི་སྟེང་དུ་དར་ཚོན་སྣ་ལྔས་མཛེས་པའི་མདའ་མང་པོ་བཙུགས་ཡོད་པ་དང༌། ཞྭ་གོས་རིགས་མི་གཅིག་གི་མང་པོས་ཡུལ་འདི་ན་ཁྱེད་ཚོའི་བླ་མ་བཞུགས་ཡོད་པས་དད་གུས་གྱིས་ཞེས་སྦྲ་ལ་བསྐོར་བ་བྱེད་པ་དང༌། མི་ནག་པོ་རྟ་ནག་


GTD008_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞོན་པ་ཞིག་གིས་ལྕགས་པོ་བྱམས་ཚང་ན་ངའི་བླ་མ་བཞུགས་ཡོད་པ་ལ་བལྟ་ཟེར་ནས་འགྲོ་བ་སོགས་རྨི་ལྟས་ངོ་མཚར་ཅན་དུ་མ་བྱུང་འདུག །ལྷག་པར་མེས་པོ་གཅོད་པ་སྐྱབས་ཀྱི་རྨི་ལམ་དུ་ཚེས་ཉེར་བཞི་ཡིན་ཟེར་བ་ལ་ཟླ་བ་ཉ་གང་ཞིག་འོད་ཆེས་གསལ་བ་ཤར་ཡོད་པ་རྨིས་ཤིང༌། དངོས་སུ་ཡང་ལག་རིས་མཁན་ཞིག་གིས། ཡ་མཚན་ཁྱོད་ཀྱི་ལག་རིས་ལ་བརྟག་ན་གསེར་གྱི་བཀའ་འགྱུར་ཞིག་འདྲི་བའི་བསོད་ནམས་ཡོད་འདུག་ཟེར་བ་བྱུང་བ་སོགས་བསྟན་པ་སྤྱི་བབས་དང་མཐུན་ཞིང་འབྱུང་འགྱུར་གསལ་བའི་རྟགས་མཚན་མང་དུ་བྱུང༌། སྐུ་བལྟམས་པ་ནས་བཟུང་ཞག་བཅུ་ལྷག་གི་བར་ཨ་མ་ཞེས་ཡང་ཡང་གསུངས་ཤིང༌། གཞན་གྱི་བུ་ཆུང་ངག་གྲོལ་མ་ཐག་པ་འདྲ་བ་ཞིག་ཡོད་ཀྱང་གསུམ་པའི་ཚེས་གཅིག་གི་ཉིན་བོན་སྔགས་ཤིག་ཡོད་པ་དེས་མིང་བཏགས་པ་དང་མཉམ་དུ་ངག་སྨྲ་བ་རྦད་ཀྱིས་ཆད་ནས་ཀུན་སེམས་མ་བདེ་བར་ཡོད་པའི་སྐབས་ཤིག་ཁུ་བོ་རབ་འབྱམས་པ་དགེ་ལེགས་སེངྒེའི་རྨི་ལམ་དུ། སྐྱབས་མགོན་རྡོ་རྗེ་འཆང་བྱོན་ནས་མི་ཁྱོད་ངས་བསླུས་མི་ཡོང༌། ཡིད་མི་ཆེས་ན་རྟགས་འདི་ཡིན་གསུངས་ནས་ཕྱག་བཏེག་པས་མཆན་ཁུང་གཡས་ཕྱོགས་ན་རྟགས་མཚན་གསལ་བ་ཞིག་ཡོད་པ་རྨིས། ཕྱི་ཉིན་བུ་ཆུང་ལ་བལྟས་པས་རྨི་ལམ་ཇི་ལྟ་བ་བཞིན་འདུག་པ་རང་གི་ཨ་ཁུ་མཁས་བཙུན་ལ་བཤད་པས། དེས་ཡི་གེ་ཞིག་བྲིས་ནས་ཁྱོད་བཀྲ་ཤིས་འཁྱིལ་དུ་སོང་ལ་སྐུ་ཞབས་རིན་པོ་ཆེར་ཞུས་ཟེར་བ་ལྟར་ཕྱིན། སྐུ་མདུན་དུ་མཇལ་ནས་རྒྱུ་མཚན་ཞུས་པས་མདོ་སྡེ་བསྐལ་བཟང་རྒྱུན་དུ་ཐོན་ལ་ཁྲུས་གྱིས། ཁུ་བོ་མཁས་བཙུན་ལ་བྱབས་ཁྲུས་མང་དུ་བྱེད་ཆུག །གཙང་སྦྲ་ལ་རེམ། མིང་ལ་མགོན་པོ་ཚེ་བརྟན་གྱིས།


GTD008_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སང་ཕོད་ཡང་འདིར་ཤོག་ཅེས་བསྲུང་མདུད་གནང༌། དེ་དུས་ཀུན་མཁྱེན་མཆོག་སྐུ་མཚམས་ལ་བཞུགས་པ་ནི་དཔོན་བེ་སི་བཱ་ཐུར་དཱའི་ཆིང་གི་སྲིད་ཀྱི་དོན་དུ་ཡིན་འདུག་རུང་འདིར་ཡང་ཆེད་དམིགས་གནང་བ་མཚན་འདོགས་ལུགས་ཀྱིས་ཤེས། ཟླ་བ་བཞི་པའི་ཚེས་གསུམ་ལ་མེས་རྒད་པོ་དེས་སྲུང་མདུད་བཅིངས་ནས་འདི་ཁྱོད་ལ་འཇམ་དབྱངས་བཞད་པ་རིན་པོ་ཆེ་ནས་གནང་བ་རེད་ཞུས་པ་ལ་ཨང་ཞེས་ལན་བཏབ་པས་ཐམས་ཅད་ཡ་མཚན་པ་བྱུང༌། དེའི་ཕྱི་ལོ་ཡང་སྐྱབས་འཇུག་ཞུ་བར་དགེ་ལེགས་སེངྒེ་འགྲོ་སྐབས་ཁོ་རང་གི་མས་འདི་ལ་ཚེ་དབང་ནམ་བསྐུར་རེས་ཀྱིས་མཚན་མོ་ལྷག་པར་ངུ་བས་ཕྱིན་ཆད་ཚེ་དབང་བསྐུར་ཨེ་ཆོག་ཞུས་ཟེར་བ་ལྟར་ཞུས་པས་ཅུང་ཟད་ཐུགས་བསམ་གནང་བ་ལྟར་མཛད་ནས་ཁྱོད་ཀྱི་མ་དེ་ཞེད་པོ་ཞིག་ཡིན་པ་འདྲ། ད་ཚེ་དབང་བསྐུར་མི་དགོས། ངས་སྐྱབས་འཇུག་རྒྱུན་དུ་བྱེད། སྔར་རྒྱུན་ལྟར་བསྐལ་བཟང་དང་བྱབས་ཁྲུས་གཙང་སྦྲ་སོགས་ལ་རེམ་ཞེས་བུམ་ཆུ་དང་ཕྱག་མདུད་སྩལ། དོ་དམ་བྱེད་ལུགས་སོགས་ནང་སྦྱར་གྱི་ཞལ་བཀོད་གསལ་ཆ་དང་ལྷག་པར་ཟླ་བ་ལྔ་པའི་ཚེས་བརྒྱད་ཀྱི་ཉིན་མི་ཧྲེ་བོ་ལྭ་བ་དཀར་པོ་གྱོན་པ་མིག་ཡ་གཅིག་ལ་སྐྱོན་ཡོད་པ་འགྲམ་པ་སྨེ་བ་ཅན། རྟ་ཁམ་ནག་ཞོན་པ་ཞིག་ཡོང་ཤས་ཆེ་བས། དེ་ཁྱིམ་དུ་ཡོང་མ་འཇུག་གསུངས། ཕྱིས་སུ་ཉིན་དེར་མི་དེ་འདྲ་ཞིག་ཁྱིས་རུབ་ཅིང་འོངས་ནས་ཐེ་བོ་དགེ་རྒན་ཚང་གང་ན་ཡོད་ཟེར་བར། དགེ་ལེགས་སེངྒེའི་མས་ངན་སྨྲས་དང་བཅས་ཏེ། རྟའི་གདོང་ལ་དབྱུག་པ་བསྣུན་པས་དེ་མ་ཐག་རྟ་འདྲོགས། ཁྱིས་དེད་ནས་ལ་ཕར་ནང་དུ་གར་སོང་ཆ་མེད་དུ་ཡལ་ཟེར། རྗེ་དེ་ཉིད་ནས་འདི་འདྲ་གསུངས་མི་སྲིད་པ་ལྟ་བུ་ཡིན་


GTD008_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདི་ནི་བབས་གསུངས་པ་ལྟར་གསལ་ཆ་བྱུང་བའམ། ཤིན་ཏུ་ངོ་མཚར་བའི་གནས་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ནི་བདུད་སྡིག་ཅན་གྱིས་ཐུབ་པར་དཀའོ། །ཞེས་གསུངས་པ་ལྟར་རོ། །དགུང་ལོ་གཉིས་གསུམ་སོགས་སུ་རིམ་པར་སྐུའི་སྐྱེད་ཐོན་ཚུལ་དང༌། མཛད་སྤྱོད་སོགས་བྱིས་པ་གཞན་དང་མི་འདྲ་བར། དུས་རྒྱུན་སྐྱིལ་ཀྲུང་གིས་དྲང་པོར་བཞུགས་པ་དང༌། སྐུ་རྩེད་མཛད་པ་ན་ཡང་ཆོས་འཆད་པ། དཔེ་ཀློག་པ། ཕྱག་དབང་གནང་བ། ཤིས་པ་བརྗོད་པ་སོགས་ཀྱི་རྣམ་པ་དུ་མ་མཛད། ཉིན་ཅིག་ང་གུང་ཐང་པ་ཡིན་གསུངས་ཤིང་ཡར་ལ་བརྒྱུག་ནས་ཁྲི་པ་གུང་ཐང་པ། མར་ལ་བརྒྱུག་ནས་ཁྲི་པ་གུང་ཐང་པ་ཞེས་ཡང་ཡང་གསུངས་པར། དེ་སུས་ཟེར་བྱས་པས། སྐྱབས་མགོན་མཆོག་གི་སྲུང་མདུད་ལ་ཕྱག་གིས་རེག་ནས་འདིའི་ནང་ན་སི་ལི་ལི་བཤད་གི་གསུངས། ཉིན་གཅིག་མི་ཞིག་གིས་ནས་ཀྱི་ཚག་མིག་ཅིག་བཟུང་ཡོད་པ་ཕྱག་ཏུ་བླངས་ནས་ཁོའི་མགོ་ལ་བསྐོར་ཏེ་ཁོ་རོ་རོ་འཁོར་གསུམ་གསུངས་པ་སོགས་འཁོར་གསུམ་ཐལ་རྡེབ་ཡང་ཡང་གནང་བ་དང༌། ཤིན་ཏུ་སྐུ་ན་ཕྲ་དུས་ཀྱང་རྡོར་དྲིལ་ལ་ཐུགས་དགྱེས་ཤིང་ཕྱག་ཏུ་ཕུལ་ན་ཚུལ་བཞིན་དཀྲོལ་ཏེ་ས་དང་བྱེ་མ་སོགས་ཀྱིས་བགེགས་བསྐྲད་ཤིས་བརྗོད་ཀྱི་རྣམ་པ་མཛད་པ་དང༌། གཡས་སུ་དྲིལ་བུ་དང་གཡོན་དུ་རྡོ་རྗེ་ཕུལ་ན་ཐུགས་མི་དགྱེས་པར་དེ་མ་ཐག་གཡས་གཡོན་བརྗེ་བ་སོགས་ངོ་མཚར་འབའ་ཞིག་གི་གཏམ་གྱི་དབྱར་རྔ་ཕྱོགས་ཀྱི་སྐལ་བཟང་མགྲིན་སྔོན་ཡོངས་ཀྱི་དགའ་སྤྲོའི་སྒྲོ་གཤོག་གཡོ་ཞིང་དད་གུས་མངལ་ཁུར་ལྕི་བའི་སྒྲ་འཛིན་བདུད་རྩིར་གྱུར་ཏེ། མདོར་ན། ཤེར་ཕྱིན་གྱི་མདོ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་མ་ཐག་ཏུ་


GTD008_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་སྣང་བས་རྒྱས་པར་གང་ཞིང་དེ་དག་ཐམས་ཅད་རྣམ་པར་འགྱུར་བ་གཡོ་བར་བྱེད་པ་གང་ཡིན་པ་དེ་ནི་སྐྱེ་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཞེས་གསུངས་པ་ཇི་ལྟ་བ་བཞིན་གྱུར་ཏོ། །སྨྲས་པ། གང་ཚེ་སྒེག་མོ་དེ་ཡི་དྲི་མེད་མངལ། །གསེར་སྒོང་སྨིན་ལས་ཚངས་པའི་ཚུལ་ལྡན་པའི། །ཡིད་འཕྲོག་གཞོན་ནུ་བལྟམས་ཚེ་ནོར་འཛིན་ཁྱོན། །དགེ་ལེགས་བྱེ་བའི་གཟི་བྱིན་བཀྲ་བས་མཛེས། །གང་གསུང་སྨྲ་བའི་ལྗགས་ཡངས་དང༌། །ཡུམ་གྱི་མངལ་རྒྱ་ལྷན་ཅིག་གྲོལ། །གཟུགས་སྐུའི་མེ་ཏོག་གསར་པ་དང༌། །གསུང་སྙན་དབྱར་རྔ་ལྷན་ཅིག་རྒོད། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་སྐྱིལ་མོ་ཀྲུང་བཅས་ནས། །མ་ཞེས་འགྲོ་ལ་བརྩེ་བའི་དབྱངས་སྙན་སྒྲོགས། །དེའི་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་བཟང་སྤྱོད་པ་པདྨ་དཀར་པོའི་མཚོར། །ཡིད་ཀྱི་ངང་མོ་ཞུགས་པའི་སྐལ་བཟང་ཚོགས། །ངོ་མཚར་བསྔགས་པའི་དབྱངས་སྙན་སྒྲོག་པ་ཡིས། །དཔྱོད་ལྡན་སྒྲ་འཛིན་ཡེངས་པའི་གོ་སྐབས་འཕྲོག །ན་ཚོད་ཕྲ་ཡང་ལེགས་བཤད་འོད་དཀར་དང༌། །མཛད་བཟང་རི་དྭགས་མཚན་མ་ཆེར་གསལ་བས། །སྤངས་རྟོགས་ཆ་རྫོགས་ཐུབ་བསྟན་ཀུནྡའི་གཉེན། །འཆར་ཞེས་སྐྱེ་དགུ་གཉིས་སྐྱེས་དགའ་བས་ཚིམ། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་སྐུ་བལྟམས་པ་དང་ངོ་མཚར་གྱི་སྣང་བ་ཐོག་མར་ངོམས་པའི་སརྒ་སྟེ་དང་པོའོ།། །། ༈ དཔག་མེད་བསྐལ་པའི་སྔོན་ནས་སངས་རྒྱས་ཀྱང༌། །གདུལ་བྱའི་དོན་དུ་བཤེས་གཉེན་ཚུལ་བཟུང་


GTD008_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མ་ནོར་ལམ་བཟང་བརྩེ་བས་འདོམས་མཛད་པ། །ཁྱབ་བདག་འཁོར་ལོའི་མགོན་དེས་བདག་སྐྱོངས་ཤིག །དེ་སྐབས་སྤྲུལ་སྐུའི་དོགས་གནས་འགའ་བྱུང་ཞིང། དེའི་ནང་ནས་ལྭ་ཁ་ཏཱ་ལེ་ཧུ་ཐོག་ཐུ་ཀུན་བཟང་སྙན་གྲགས་རྒྱ་མཚོའི་སྐུ་ཚ་ཞིག་འཁྲུལ་མེད་ཡིན་པར་བླ་མ་འགའ་ཞིག་གིས་ལུང་ཕེབས་མཛད། ཁོང་སྟོབས་འབྱོར་སྙན་གྲགས་རྒྱས་ཤིང། སྔོན་ནས་འབྲེལ་ཆེ་བས་ཐོག་མར་ངོས་འཛིན་ཁྱེར་ཀྱང་ཧ་ཅང་རྟེན་འབྲེལ་ལེགས་པ་རང་མ་བྱུང། རིམ་གྱིས་ཨང་གསུམ་པ་ལ་མཛོད་དགེར་ངོས་འཛིན་འབྱོར་བས་ཁུ་བོ་རབ་འབྱམས་པ་ནས། སྐུ་ཞབས་རིན་པོ་ཆེའི་གསུང་གི་བབས་ལ་འདིར་འོང་བའི་བབས་འབྲེལ་ཡོད་མོད། ཁྱེད་ཚོ་སྟོད་སྨད་ཐམས་ཅད་དུ་སོང་ནས་མོ་སྟོན་ཕག་མགོའི་དཔེ་བྱས་པར། ངེད་རང་ལ་ཚ་བོ་གཅིག་ཁོ་ན་ཡོད་པ་བླ་བྲང་དཔོན་ཚང་ལ་བཙོང་དོན་དང་འཕྲོག་དོན་ཅི་ཡོད། ཁྱེད་ཚོའི་སྤྲུལ་སྐུ་སྨ་ར་གྲུབ་ཆེན་སོགས་ཀྱིས་ཐག་བཅད་ཚར་ཡོད་མོད་ཅེས་སོགས་སྨྲས་ནས་སྟོན་དུ་མ་ཉན། དེ་ནས་སྐུ་ཅུང་ཟད་མ་བདེ་བ་བྱུང་སྟབས་སྐུ་མདུན་དུ་འཕྲིན་པའི་རྐྱེན་གྱིས་མཁྱེན་སྤྱན་ལྷ་ལམ་ལྟར་ཡངས་པའི་བླ་མ་དབུ་མཛད་པ་ངག་དབང་འཕྲིན་ལས་གསོལ་དཔོན་རབ་འབྱམས་པ་ཞེས་གྲགས་པ་སྐུ་གོང་མའི་ཕྱག་མཛོད་དགེ་འདུན་གྲགས་པ། བླ་བྲང་སྐུ་ཚབ་དྲུང་ཡིག་མདོ་མཁར་བ་བློ་བཟང་ལེགས་གྲུབ་སོགས་ཀྱིས་ཉེར་སྤྱད་ངོས་འཛིན་ཕུལ་བ་མ་འཁྲུལ་བར་བླངས། དེའི་ཕྱི་ལོ་སྐྱབས་མགོན་རིན་པོ་ཆེ་ཅོ་ནེ་དཔོན་ཆེན་གྱིས་གདན་དྲངས་པའི་ལམ་བར་ནས་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཕེབས། ཏཱ་དཔོན་པོ་དོན་ཡོད་སེངྒེ་དགེ་ལེགས་སེངྒེའི་རྩར་མངགས་ནས་གསེར་ཁྲི་ཆེ་བ་ཚང་གི་སྤྲུལ་སྐུ་སྔར་ཁྱེད་ཀྱིས་བླ་བྲང་ནས་འོངས་པའི་ཨེལ་


GTD008_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཆི་རྣམས་ལ་ཚུལ་བཞིན་མ་བསྟན་པར་འདུག །ད་ལན་ང་འདིར་ཡོང་དོན་གྱི་གཙོ་བོ་དེ་ཡིན་པས་སྟོན་ན་གནངས་ཉིན་ཚེས་གཅིག་ལ་བལྟས་ནས་འགྲོ་རྒྱུ་ཡིན། སྟོན་མི་སྟོན་གྱི་ལན་དགོས་གསུངས་པར། དགེ་ལེགས་སེངྒེ་ཁོ་རང་སྐུ་མདུན་དུ་འོངས་ནས་སྤྱན་འབེབས་ཀྱི་ཆེད་རང་ཤག་ཏུ་གདན་འདྲེན་གྱི་སྙན་གསན་ཕབ། མཛོད་དགེ་དགོན་པ་སྤྱི་ནས་ཀུན་མཁྱེན་རིན་པོ་ཆེ་འདུ་ཁང་དུ་གདན་དྲངས་ཏེ་སྟོན་མོ་ཕུལ་བའི་སར་ཡུམ་གྱིས་ཁྱེར་ནས་སོང་བས་མི་ཚོགས་ཤིན་ཏུ་ཆེ་ཡང་བར་སྐབས་ཤིག་གྲལ་བར་བརྒྱུད་ནས་བཞུགས་ཁྲིའི་སྐས་ལ་འཛེག །ན་བཟའ་ལ་འཇུས་ཤིང་སྐུ་པང་དུ་ཕེབས་གྲབས་མཛད་པས། སྐྱབས་མགོན་མཆོག་ཐུགས་ཤིན་ཏུ་དགྱེས་ནས་བརྩེ་ཉམས་དཔག་མེད་མཛད། ཤེལ་ཀ་ར་ཐུམ་ཆེ་བ་ལྗགས་མཆིལ་བཏབ་ནས་གནང་སྟེ་རྟེན་འབྲེལ་གྱི་སྒོ་ཐོག་མར་ཕྱེ། ཐེ་བོ་རབ་འབྱམས་པའི་ཤག་ཏུ་ཡང་ཕེབས། དགྱེས་གཟིགས་ཆེན་པོ་གནང་ཞིང་ཕེབས་སྐབས་སྤྲུལ་བའི་སྐུ་ལ་ང་མི་འགྱང་བར་འདི་ཀར་ཡོང་རྒྱུ་ཡིན་གསུངས། དགུང་ལོ་བདུན་པ། ས་བྱི་ཧོར་ཟླ་དང་པོའི་ཚེས་བརྒྱད་ཀྱི་ཉིན། རྒྱལ་བས་ལུང་བསྟན་པའི་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་གདན་དྲངས། སྤྱི་བླ་བྲང་དང༌། དགོན་པའི་ནང་ཆེན་ཁག་སོགས་ཀྱིས་བསུ་བ་དང་ཇ་ཐབ། དགོན་པའི་གཞུང་ནས་སེར་སྦྲེང་རྒྱས་པ་ཞུས། སྔོན་སྡེ་ཁྲི་རིན་པོ་ཆེའི་གསུང་བཀོད་དང་ཡབ་སྲས་གོང་མ་རྣམས་ཀྱི་ལུགས་བཞིན་ཚོགས་ཆེན་གྱི་ཚོགས་དབུར་གནས་བཅུའི་སྤྱན་འདྲེན་གྱི་ཚིག་དང་བསྟུན་ནས་བཀུར་སྟི་ཆེན་པོས་གདན་དྲངས། བྱོན་ལེགས་ཀྱི་རྗེས་སུ་ཞབས་བརྟན་གྱི་ཚིགས་བཅད་དང་བཅས་


GTD008_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཆེན་ཁག་བུ་སློབ་སྦྱིན་བདག་རྣམས་ཀྱིས་ཁྲི་འབུལ་བཏེག །གནས་བརྟན་ཕྱག་མཆོད་དང་སྦྲགས་གྲྭ་མང་གིས་མཇལ་དར་ཕུལ་ནས་བསྟན་པ་རྒྱས་པའི་བདེན་བརྗོད་སོགས་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེ། འགའ་ཞིག་གིས་ད་དུང་རབ་བྱུང་མ་སྒྲུབ་སྟབས་གྲྭ་མང་གིས་མཇལ་ཁ་ཞུས་ཆོག་མི་ཆོག་དང༌། བསྔོ་བ་གནང་མི་གནང་སོགས་ཀྱི་དོགས་པ་བསླང་བར། གསོལ་དཔོན་རབ་འབྱམས་པས་སྐུ་མདུན་དུ་ཞུར་བཅུག་པའི་ལན་དུ། མཇལ་ཁ་ལ་ཐེ་ཚོམ་བྱས་པ་ནི་ཁྱེད་ཚོ་བླ་མ་ལ་དད་པ་ཆུང་སོང་བ་ཡིན་པས་མཇལ་ཁ་ཞུས་ཆོག །བསྔོ་བ་བྱེད་མི་བྱེད་སྤྲུལ་སྐུ་ཚང་ཉིད་ལ་དྲིས་གསུངས། ཁོང་རང་གིས་བསྔོ་བ་བྱེད་རྒྱུ་ཡིན་གསུངས་ནས་མཇལ་ཁ་དང་ལྗགས་བསྔོ་སོགས་ཡིད་ཚིམ་པར་མཛད། མི་ཚོགས་ཆེ་བ་ལ་ཐུགས་མི་འཇིགས་པར་མ་ཟད་སྤྲོ་ཞིང་དགྱེས་ཉམས་ཀྱིས་ཡང་ཡང་གཟིགས་པ་དང༌། ཡིད་དགའ་ཆོས་འཛིན་གྱི་རི་ཁྲོད་པ་རྣམས་མཇལ་སྐབས་ངག་དབང་རྣམ་རྒྱལ་ཞེས་སྐུ་གོང་མའི་ཕྱག་གཡོག་ནང་མ་ཞིག་ཡོད་པ་དེས་ང་ཨེ་མཁྱེན་ཞེས་ལན་གཉིས་ཞུས་ཀྱང་གསུང་མ་གནང༌། གསུམ་པའི་ཚེ་གླེན་པ་ཁྱོད་ལོས་ཤེས་གསུངས་པས། ཁོ་རང་ལ་སྐུ་གོང་མས་ཀྱང་གླེན་པ་ཞེས་མིང་འབོད་གནང་གི་ཡོད་པ་དྲན་ནས་དགའ་སྐྱོ་འདྲེས་པས་མཆི་མ་བླགས། བཞུགས་གྲལ་དུ་རིགས་སྨྲ་སོ་སོས་བགྲོ་གླེང་དང་དགའ་སྤྲོའི་སྟོན་མོ་ལེགས་འབུལ་གྱི་མཆོད་སྤྲིན་བཅས་བསྟར་ཞིང༌། ཆིང་ཝང་རྡོ་རྗེ་ཕ་ལམ་དང༌། པེ་སི་བཱ་ཐུར་དའི་ཆིང་ནས་ཞབས་སྤྱི་བོར་བླངས་ཏེ་གུས་མཆོད་བླ་ན་མེད་པ་སྔོན་གྱི་དུས་ལས་ཀྱང་ལྷག་པ་མཛད། ཕྱིས་སུ་མ་འགྱངས་པར་ཇུན་ཝང་ངག་དབང་དར་རྒྱས་དཔོན་སར་ཕེབས་སྐབས་ཀྱང་


GTD008_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གོང་མའི་དུས་ལྟར་བཀུར་སྟི་ཕུ་དུད་ཆེ་བ་མཛད། ཚེས་བཅུ་གསུམ་གྱི་ཉིན། སྐྱབས་མགོན་མཆོག་ནས་དགེ་བསྙེན་རབ་བྱུང་དགེ་ཚུལ་བཅས་དཀྱུས་གཅིག་ལ་གནང་ནས་དཀོན་མཆོག་བསྟན་པའི་སྒྲོན་མེ་ཞེས་འབྱུང་འགྱུར་ལུང་བསྟན་གྱི་ཚུལ་དུ་མཚན་གསོལ། རྗེས་ཟློས་སྒྲ་དག་ཅིང་གསལ་བ་དང༌། ལྷག་པར་བསླབ་བརྗོད་ཀྱི་སྐབས་སྲོག་གཅོད་པ་སྤངས་ཏེ་ཞེས་པའི་ཚིག་གི་མགོར་ཐུགས་ཅུང་ཟད་ཡེངས་ནས་མ་ཟིན་པས་ཡུལ་སྐད་ཀྱིས་ཆི་གི་སྤངས་ཏེ་ཞེས་དྲིས་པར་ཐུགས་དགྱེས་ནས་བཞད་མོ་དང་ཆི་གི་སྤངས་ཏེ་ཞེས་ལད་མོ་མཛད། དེ་ནི་སྤང་བྱ་སྤོང་བྱེད་ལ་དཔྱོད་པ་ཞུགས་པའི་འབྲས་རྟགས་སུ་ཐེ་ཚོམ་ག་ལ་མཆིས། ཉིན་དེར་སྐྱབས་འགྲོའི་ཁྲིད། བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་བཅས་གནང་སྟེ། བསྟན་པའི་གོ་རིམ་དང་མཐུན་པར་ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་རྟེན་འབྲེལ་གྱི་སྣང་བ་གསལ་བར་མཛད་ཅིང༌། དེ་ནས་བཟུང་སྟེ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་རིན་པོ་ཆེ་ལ་ཇི་ལྟར་གནང་བ་ལྟར་སྤྱན་གྱི་འབྲས་བུ་བཞིན་དུ་སྐྱོང་བར་མཛད་དོ། །སྨྲས་པ། བཀྲ་ཤིས་དགེ་མཚན་ཀུན་འཁྱིལ་ཤར་རིའི་སྤོར། །དགྱེས་པའི་འཛུམ་ཞལ་ཉི་གཞོན་གསར་པའི་དཔལ། །ཤར་ཚེ་སྐལ་བཟང་ཡིད་ཀྱི་འཛིན་མའི་གཞིར། །ལེགས་ཚོགས་དགའ་བདེའི་འདབ་བརྒྱ་ཅིག་ཅར་བཞད། །མཁྱེན་དང་བརྩེ་བའི་བདུད་རྩིའི་འོད་ཟེར་འགྱེད། །གདངས་སྙན་གསུང་གིས་སྐྱེ་རྒུའི་ཡིད་དབང་འགུགས། །ཨུཏྤལ་སྤྱན་ཡངས་ཞི་དུལ་རྫོགས་པའི་སྐུ། །འཁོར་ཚོགས་རྒྱ་མཚོའི་དབུས་ན་ལྷུན་པོ་བཞིན། །བླ་མའི་ཞབས་པད་གཙུག་གི་རྒྱན་དུ་ངོམ། །ཚུལ་ཁྲིམས་


GTD008_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གོས་བཟང་དྲན་ཤེས་སྐ་རགས་ཀྱིས། །བཅིངས་ཚེ་བརྟུལ་ཞུགས་བག་ཡོད་སྤྱོད་པའི་མཚོ། །ཟླ་ཟེར་འཐུང་བའི་ཀུནྡའི་ཚལ་བཞིན་རྒྱས། །དཀོན་མཆོག་ཀུན་འདུས་རིགས་ཀྱི་བདག་པོ་དེས། །མདོ་སྔགས་ལུང་རྟོགས་བསྟན་པའི་སྒྲོན་མེ་ཞེས། །གསང་གསུམ་བཅུད་ལྡན་བདེན་ཚིག་ཀ་ལ་ཤས། །ཟླ་བྲལ་སྲས་ཀྱི་ཐུ་བོར་དབང་རབ་བསྐུར། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་གདན་ས་ཆེན་པོར་ཡབ་སྲས་ཞལ་མཇལ་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་སརྒ་སྟེ་གཉིས་པའོ།། །། ༈ ཀུན་རྨོངས་འཁྲི་ཤིང་ཕྲ་རྒྱས་ཡལ་འདབ་ཅན། །གཅོད་པའི་དཔའ་བོ་འཇིགས་མེད་སྟོབས་བཅུའི་བདག །རལ་གྲིའི་འཁྲུལ་འཁོར་གཡོ་བའི་གར་མཁན་མཆོག །འཇམ་དབྱངས་བླ་མས་རྟག་ཏུ་འབྲལ་མེད་སྐྱོངས། །དེ་ནས་མཁས་པའི་དབང་པོ་རྡོ་རམས་པ་བློ་བཟང་རིན་ཆེན་ཀློག་གི་སློབ་དཔོན་དུ་བསྟེན། རྡོ་རྗེ་གཅོད་པ་ཤོག་ཕྱེད་གཉིས་ཙམ་ནས་རང་སྟོབས་ཀྱིས་སྦྱར་ཀློག་ཕེར་བ་བྱུང༌། དེ་ཡང་ངང་པ་པད་མཚོར་འཇུག་པ་དང༌། བྱིས་པ་ནུ་ཞོ་འཚོལ་བ་ལྟར་ཀ་ཁ་སོགས་ཆེར་སློབ་མ་དགོས་པར་རང་ཤུགས་ཀྱིས་ཤེས་པ་ནི། དམ་པ་རྣམས་རང་རང་གི་མཛད་པ་སྟོན་ཚུལ་གྱི་སྒྱུ་འཕྲུལ་ལ་རག་ལས་མོད། ཕལ་པའི་དབང་དུ་བྱས་ན་ཡང༌། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ། །རྗེས་སུ་དཔག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་གསུངས་པ་ལྟར། སྔོན་གོམས་པའི་རང་བཞིན་མངོན་དུ་གྱུར་པ་ཡིན་པ་ནི། རྒྱུ་གྲངས་ཚང་སྒྲུབ་ཀྱི་འབྲས་རྟགས་ལས་ཤེས་སོ། །འཇིགས་བྱེད་བཅུ་གསུམ་མའི་


GTD008_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ཐུགས་ལ་བཟུང་ནས་ཞལ་འདོན་མཛད་པའི་སྐབས་ཤིག་འཕྲོ་བཅད་ནས་བཞུགས་པར། ཅི་རེད་དྲིས་པས་ཉམས་མཚར། གཞལ་ཡས་ཁང་འདི་ཅུང་ཟད་འཐིབས་པ་ཞིག་རེད་ཨང་གསུངས་པར་དགེ་བཤེས་པ་དེ་ཉིད་ལས་ཐོས། ཉིན་གཅིག་གཟིམས་ཁང་ཐོག་ཁར་གུ་ཡངས་མཛད་སྐབས་ཤིག་ཁང་པའི་ཤར་ལྷོ་ངོས་ཀྱི་གྲུ་ལ་གཟིགས་ནས་བཞུགས་པར། སྔགས་རམས་པ་ངག་དབང་བསྟན་འཛིན་གྱིས་ཅི་རེད་ཞུས་པས། མི་ནག་པོ་ལག་པ་དྲུག་ཅན་ཞིག་གིས་ང་ལ་བལྟས་འདུག་གསུངས་པར་སྔགས་རམས་པ་ཉིད་ལས་ཐོས། སློབ་དཔོན་དེ་ཉིད་ཀྱི་དྲུང་ནས་འཇམ་དཔལ་མཚན་བརྗོད་ཀྱི་ལུང༌། ལམ་ཁྲིད་མདོར་བསྡུས། ལམ་ཁྲིད་གསེར་གྱི་ཡང་ཞུན་གྱི་ལུང་བཅས་གསན། འདི་སྐབས་ཆིང་ཝང་རྡོ་རྗེ་ཕ་ལམ་དགོན་པར་ཕེབས་པས། མཆོད་ཡོན་ཞལ་འཛོམ་གྱིས་དགའ་སྟོན་ཐོག་སྒྱུ་མ་མཁན་ཞིག་གིས་ལྟད་མོ་བཀྱེ་སྟེ། བླ་དཔོན་སོ་སོ་ལ་ཀུ་ཤུའི་ཤིང་ཐོག་སྤྲུལ་ནས་ཕུལ་བ་རྗེ་འདི་ཉིད་ཀྱིས་མཆོད་གྲལ་ནས་བཞག་པས། ཕྱི་ལོ་ཡང་དྲི་དང་རོ་མི་འདྲ་ཡང་མདོག་དབྱིབས་ཤིང་ཐོག་རྙིང་པ་ཇི་ལྟ་བ་བཞིན་འདུག་ཅེས་ཞལ་ནས་དངོས་སུ་ཐོས་ཏེ། ན་ཚོད་ཕྲ་བའི་ཉམས་མ་ཐོན་པར་མ་ཟད་གང་གི་བྱིན་གྱིས་སྒྱུ་མ་བཤིག་མ་ཐུབ་ཅིང༌། ཆོས་ཀྱི་རང་བཞིན་གཟིགས་པའི་རྣམ་ཐར་དུ་གསལ། ཆོས་ཀུན་སྒྱུ་མ་ལྟར་གཟིགས་ཀྱང༌། །སྔགས་རྫས་ཀྱིས་བསླད་སྒྱུ་མའི་ཆོས། །ཡང་དག་ཉིད་དུ་སྒྱུར་བྱེད་པའི། །སྔོན་མེད་སྒྱུ་མ་མཁན་འདི་སུ། །དགུང་ལོ་བརྒྱད་པ་ས་གླང་ལོ། ྋསྐྱབས་མགོན་མཆོག་ཤར་ཕྱོགས་རྒྱལ་ཁབ་ཆེན་པོར་ཕེབས་སྐབས་གསུང་བཀོད་གང་གནང་ལྟར་རྡོ་རྗེ་གཅོད་པ་ཐུགས་འཛིན་དང༌། བསྐང་གསོ་ཆོས་སྤྱོད་རྒྱན་འཇུག་སོགས་


GTD008_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་ཐུགས་སུ་ཆུད་པར་མཛད། དགུང་ལོ་དགུ་པ་ལྕགས་སྟག་ལོ་སྐུ་གོང་མའི་དགོངས་རྫོགས་བསྒྲུབ་པ་དང༌། སྤྲུལ་བའི་སྐུ་རིན་པོ་ཆེ་ཉིད་ཀྱི་ཞབས་བརྟན་བསྒྲུབ་ཆེད་གསོལ་དཔོན་རབ་འབྱམས་པ་བོད་དུ་སོང་བས། ༸རྒྱལ་བའི་དབང་པོ་བློ་བཟང་འཇམ་དཔལ་རྒྱ་མཚོ་ནས་སྤྲུལ་བའི་སྐུ་ཉིད་ལ་ཆོ་ལོ་མཁན་ཆས། བཀའ་ཤོག་སོགས་ཀྱི་གཟེངས་བསྟོད་སྐུ་གོང་མའི་དུས་ལྟར་གནང་སྟེ་ལྕགས་ཡོས་ལ་འབྱོར། དེའི་ཕྱི་ལོ། ྋསྐྱབས་མགོན་མཆོག་ཤར་ཕྱོགས་ནས་གདན་ས་ཆེན་པོར་ཕེབས་ཏེ་ཞལ་གྱི་དཀྱིལ་འཁོར་མཇལ་ཞིང༌། དཔལ་གསང་བ་འདུས་པའི་དབང་བཞིའི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་འགེངས་པར་མཛད། སླར་ཡང་འཁོར་ལོ་བདེ་མཆོག་ལཱུ་ཨི་པའི་ལུགས་ཀྱི་དབང་གསན་ཅིང༌། དེ་གཉིས་ཀ་ལ་སོ་སོར་སྟ་གོན་དང་ཚོགས་འཁོར་རྒྱས་པར་མཛད། བདེ་མཆོག་གི་སྐབས་སྐུ་ན་ཕྲ་ཡང་རུས་རྒྱན་བསྒྲོན་པས་དང་བ་འདྲེན་པ་བྱུང༌། གཞན་ཡང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང༌། སྣར་ཐང་བརྒྱ་རྩ། ཚེ་རྟ་མགོན་གསུམ། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས། ཇོ་ལུགས་སྒྲོལ་མ་ཉེར་གཅིག །འཇམ་དབྱངས་དམར་སེར། འཇམ་དབྱངས་དཀར་པོ་སོགས་ཀྱི་རྗེས་གནང་དུ་མ་དང༌། དགེ་བའི་བཤེས་གཉེན་རིན་ཆེན་ཆོས་བཟང་ལ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཡུམ་བཅས་ཀྱི་རྗེས་གནང༌། འཇིགས་བྱེད་ཀྱི་ཆོ་ག །མགོན་ཆོས། ལྷ་མོ་རྣམ་སྲས་ཀྱི་གཏོར་ཆོག་གི་ལུང་སོགས་གསན། འདི་ལོ། ྋསྐྱབས་མགོན་རྡོ་རྗེ་འཆང་སྐུ་འབུམ་དུ་བཞུགས་སྐབས། ཧལ་ཧ་ཆོས་མཛད་ཟེར་བ་གློ་བུར་དུ་བོར་ནས་ཇི་ལྟར་བཙལ་ཀྱང་མ་རྙེད་ནས་རྗེ་འདི་ལ་ཞུས་པས་ཉམས་མཚར་ནགས་ཐར་ཐོར་ཞིག་གི་ནང་དུ་


GTD008_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལོ་མང་པོའི་དཀྱིལ་ན་འདུག་གསུངས་པ་ལྟར། ཕྱི་ལོའི་དཔྱིད་ཆོས་གྲྭ་འོག་མའི་ཤིང་ལོ་སྤུངས་པའི་དོང་ནང་ནས་རོ་རྙེད་པས་ཀུན་ངོ་མཚར་དུ་གྱུར། འདི་དུས་དེ་འདྲ་ཤིན་ཏུ་ཞལ་གསལ་བ་འགའ་བྱུང་བར། སྐྱབས་མགོན་མཆོག་ནས་བཤད་རྒྱུ་མ་མང་ཞེས་དམ་དོག་ཆེ་བ་གནང༌། སློབ་དཔོན་བློ་བཟང་རིན་ཆེན་པས་ཉམས་སད་ལྟ་བུར་བདག་ལ་ལས་སྣེ་འདྲ་ཨེ་ཡོང་ཞུས་པར། རྣམ་བཅུ་དབང་ལྡན་ཞིག་རྨིས། དུས་འཁོར་བླ་མ་ཞིག་འོང་གསུངས་པ་ལྟར་མ་འགྱངས་པར་ཁོང་ལ་དུས་འཁོར་རྡོ་རྗེ་འཛིན་པ་བྱུང་ནས་བིས་མདོ་དབུ་མཛད་པ་ལས་ཀུན་རིག་གི་ཕྱག་རྒྱ་སློབ་པ་ལ་གཟིགས་པས་ཇི་བཞིན་ཐུགས་སུ་ཆུད་ཅིང་མི་བསྙེལ་བར་གྱུར། སུམ་རྟགས་དང་བཀླག་ཐབས་སོགས་གཟིགས་པ་ཙམ་གྱིས་མཁྱེན་ཅིང་དགེ་ཚུལ་གྱི་བསླབ་བྱ་ཡང་ཞིབ་ཁྲིད་མཛད། སློབ་དཔོན་དེ་ཉིད་ལ་ལས་སྣེ་ཁུར་ཆེ་སྟབས། གསོལ་དཔོན་རབ་འབྱམས་པས་དགེ་རྒན་གྱི་ལུང་གི་ཡོན་ཏན་དགེ་ཕྲུག་ལ་འགོ་བའི་ངེས་པ་མེད། ཀུན་སྤྱོད་དགེ་ཕྲུག་ལ་འགོ་བས་དགེ་རྒན་ཀུན་སྤྱོད་ཅན་ཞིག་གལ་ཆེ་ཞུས་པ་ལྟར། ྋསྐྱབས་མགོན་མཆོག་ནས་ཡིད་དགའ་ཆོས་འཛིན་གྱི་རི་ཁྲོད་པ་སོག་པོ་རབ་འབྱམས་པ་ཞེས་པའི་འདུལ་འཛིན་དེ་ཉིད་བསྐོ་བཞག་གནང༌། བསླབ་བྱའི་ལག་ལེན་ཞིབ་པར་མཛད་ཅིང༌། དགེ་རྒན་དེ་ཉིད་སྒོ་མང་དཔོན་སློབ་ཆོས་གྲགས་པའི་དུས་ཀྱི་དགེ་བཤེས་ཡིན་པས་ངག་རྒྱུན་ཡ་མཚན་པ་དུ་མ་ཕུལ། བཀའ་ཆོས་ཕྲན་ཚེགས་རེ་ཡང་གསན་འདུག་ཀྱང་ཞིབ་ཆ་མ་ངེས། སྦྲང་མ་ཞིག་གིས་འབད་རྩོལ་ཆེན་པོས་ཚང་བཅའ་བཞིན་པའི་སྐབས་བྱེའུ་ཞིག་གིས་གློ་བུར་དུ་བཟུང་


GTD008_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་བ་ལ། སྙིང་རྗེ་ཤུགས་དྲག་སྐྱེས་ཏེ་ད་ལྟ་ཀུན་གྱི་བྱ་སྤྱོད་འདི་ཁོ་ན་འདྲ་སྙམ་ནས་འཁོར་རྣམས་ལ་གསུངས་ཤིང་བཤུམ་པ་སོགས་སྐུ་ན་ཕྲ་བའི་གནས་སྐབས་དེར་ཡང་སྔོན་ཚེ་སྦྱངས་པའི་དམ་པའི་རང་རྟགས་གསལ་བར་ངོམས་ཤིང༌། དོན་གཉིས་ལྷུན་གྲུབ་ཏུ་སྟེར་བའི་ལེགས་ཚོགས་བདུད་རྩིའི་གཏེར་དུ་གྱུར་ཏོ། །སྨྲས་པ། ཐུགས་རྗེའི་འོད་ཆགས་ཞལ་དཀྱིལ་ཟླ་བའི་དཔལ་འཛིན་ཨུཏྤལ་གཡོ་བའི་སྤྱན། །བརྩེ་བའི་འཛུམ་ཟེར་འགྲོ་བློའི་གདུང་སེལ་བག་མེད་མུན་པའི་གོ་སྐབས་སྤངས། །སྤྱན་དང་མངོན་ཤེས་རི་དྭགས་མཚན་མས་ཉེར་མཛེས་ཡོན་ཏན་བདུད་རྩིའི་གཏེར། །རྒྱལ་སྲས་རྒྱུ་སྐར་བྱེ་བས་ཆ་ཙམ་འགྲན་མིན་འོད་དཀར་ཅན་དེ་རྒྱལ། །དྲི་ཞིམ་རྒྱས་པའི་འདབ་བརྒྱ་བས། །རྐང་དྲུག་གཞོན་ནུ་དབང་མེད་འགུགས། །འབྲས་བུས་དུད་པའི་རྐང་འཐུང་གི །གྲིབ་བསིལ་བཟང་པོས་ཚིམ་པར་བྱེད། །ཁྱོད་ཀྱི་རྨད་བྱུང་མཛད་པ་ཡིས། །སྐལ་ལྡན་ཡིད་དབང་འགུག་པ་དང༌། །མཆོག་ཏུ་དད་ཅིང་ཚིམ་པའི་དཔལ། །ལྷན་ཅིག་སྦྱིན་པ་འདི་རྨད་བྱུང༌། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་སྐུ་ན་ཕྲ་ཡང་ཡ་མཚན་སྣང་བ་རྒྱས་པའི་སརྒ་སྟེ་གསུམ་པའོ།། །། ༈ ཚུལ་ཁྲིམས་དྲི་ངད་ཟླ་ཤེལ་ཐིག་འཕྲེང་གིས། །ལག་པའི་པདྨོ་ལན་བརྒྱར་ཟུམ་བྱེད་པ། །འཇམ་དཔལ་ཚངས་སྲས་ཐུབ་བསྟན་རྒྱ་མཚོའི་གཉེན། །བདག་ཡིད་ཀུ་མུད་ཚལ་དེ་རིང་དུ་སྐྱོངས། །དེ་ནས་དགུང་ལོ་བཅུ་གཉིས་པ་ཆུ་སྦྲུལ་ལོ་དཔྱིད་ཆོས་ཆེན་མོའི་ཚེས་གསུམ་གྱི་དགུང་མོ་ཆོས་གྲྭར་ཞུགས། ཡར་འཚོགས་སྐབས་ཆོས་ཁྲིའི་སྟེང་ནས་ཞལ་གྲྭ་མང་ལ་གཟིགས་


GTD008_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཞུགས་པས་ཉིད་ཀྱི་སྐུ་གོང་མ་ཡང་སྒོ་མང་ཆོས་གྲྭར་ཕེབས་པའི་དགུང་མོ་འདི་ལྟར་གནང་བ་དང་མཚུངས་ཤིང༌། ཉིན་དེར་ལོ་དེའི་འབྲུག་གི་ཐོག་མ་ཡང་གྲགས་པ་སོགས་ཀྱིས་རྟེན་འབྲེལ་ལེགས་ཞེས་ཀུན་གྱིས་གླེང༌། དེའི་ཕྱི་ཉིན་ནས་ན་བཟའ་བཞེས་ཚུལ། གསུང་གི་གདངས། ཐལ་སྐད་འཁོར་གསུམ་སོགས་རྩོད་གྲྭ་བྱང་བ་རྣམས་དང་མཉམ་ཞིང༌། ཞག་གཅིག་ནས་རྩོད་པ་བདར་ཤ་གཅོད་ཐུབ་པ་བྱུང་བས་གཟུར་གནས་རྣམས་བསྔགས་བརྗོད་ཀྱི་རོལ་མོ་འཁྲོལ། ཆོས་མཚམས་ལ་སྐྱབས་མགོན་ཐམས་ཅད་མཁྱེན་པའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པའི་དབང་བདུན། གོང་མ་གོང་ཆེན་དང་བཅས་པ་གསན་ཏེ་བྱིན་རླབས་བདུད་རྩིའི་བཅུད་ཀྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། དེ་ཡང་འཛམ་གླིང་གི་སའི་ཆ་ཆུ་བོ་སི་ཏའི་ལྷོ་ཕྱོགས་སུ་ཀླ་ཀློའི་ཆོས་ཀྱིས་བསྟན་པ་ཉམས་དམའ་བ་ན་ཤམྦྷ་ལའི་ཡུལ་དུ་དྲག་པོ་འཁོར་ལོ་ཅན་གྱིས་ལྟ་ངན་ཅན་དཔུང་དང་བཅས་པ་ཀུན་ནས་རྨོངས་པར་བྱེད་པའི་རྟ་མཆོག་གི་ཏིང་ངེ་འཛིན་གྱིས་ཀླ་ཀློའི་རྒྱུན་བཅད་དེ་བསྟན་པ་རྫོགས་ལྡན་གྱི་དཔལ་ལ་འགོད་པའི་རྟེན་འབྲེལ་ཕུན་ཚོགས་ལྔ་ལྡན་དུ་འཛོམས་པ་འདི་འདྲ་སྐལ་བ་བཟང་ཞེས་ཀུན་གྱིས་སྒྲོག་ཅིང༌། སྐྱབས་མགོན་མཆོག་ནས་ཀྱང་ཉན་མཁན་གྱི་གྲངས་བརྩིས་ནས་སྔོན་པཎ་ཆེན་རིན་པོ་ཆེ་ནས་པོ་ཏ་ལར་དབང་གནང་སྐབས་ཁྱེད་རྣམས་སླར་དྲག་པོ་འཁོར་ལོ་ཅན་གྱི་དམག་མིའི་གྲས་བྱེད་དགོས་གསུངས་པའི་བཀའ་ཕེབས་ཚུལ་འཁོར་གྱི་དབུས་སུ་སྒྲོག་པར་མཛད་དོ། །དཔྱིད་ཆོས་གཉིས་པ་སོགས་ནས་ཆོས་གྲྭ་ཆག་


GTD008_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་འགྲིམ་ཞིང༌། ཀུན་མཁྱེན་མཆོག་གི་བཀའ་ལྟར་བཀྲ་ཤིས་འཁྱིལ་གྱི་བརྩི་བཞག་གི་བསྡུས་གྲྭ་དང་བཙན་པོའི་བསྡུས་གྲྭ་ཐུགས་འཛིན་གནང༌། སྤྱིར་བསྡུས་གྲྭ་ཞེས་པ་ཚད་མ་སྡེ་བདུན་གྱི་རིགས་པའི་འགྲོ་ལུགས་ཤེས་ཆེད་དུ་གཞུང་ཚན་སོ་སོའི་རིགས་པའི་རྣམ་གྲངས་དུ་མ་ཕྱོགས་གཅིག་ཏུ་བསྡུས་པའི་གྲྭ་ཡིན་པས་མིང་ཡང་དེ་ལྟར་གྲགས་ལ། ལྷག་པར་བསྡུས་ཆེན་གྱི་སྐོར་རྣམས་མངོན་པ་གོང་འོག་དང་སྡེ་བདུན་གྱི་གཞུང་ལ་གོ་བ་ཆགས་པའི་ཐབས་འཕྲུལ་རྨད་དུ་བྱུང་བར་གྲགས་ཆེ་བ་ལྟར་གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར་སྐྱོར་སྦྱངས་རྩོད་གྲྭ་སོགས་རྡོ་རུས་ཐུག་པ་གནང༌། བར་སྐབས་སུ་ཡབ་རྗེ་ཀུན་མཁྱེན་མཆོག་ལས་ལྷོ་བྲག་སྙན་བརྒྱུད་ཀྱི་དབང་ལུང་རྗེས་གནང་ཆ་ཚང༌། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང༌། མཁའ་སྤྱོད་མ་དམར་མོའི་དབང༌། གདུགས་དཀར་ལྷ་བཅུ་བདུན་མའི་དབང་སོགས་གསན། དགུན་དུས་རྗེ་ཐུའུ་བཀྭན་རིན་པོ་ཆེ་བཀྲ་ཤིས་འཁྱིལ་དུ་བྱོན་པའི་དྲུང་ནས་ཚོགས་མང་དང་མཉམ་དུ་རྟེན་འབྲེལ་བསྟོད་པའི་བཤད་ལུང་གསན། གཟིམས་ཤག་ཏུ་གདན་དྲངས་ནས་བསྙེན་བཀུར་དང་འབུལ་ནོད་གཟབ་ཅིང་དེ་ནས་བཟུང་རིགས་ཀྱི་ཅོད་པན་དུ་མཛད། ཤིང་རྟའི་ལོ་ཆོ་འཕྲུལ་སྨོན་ལམ་གྱི་སྐབས་ཇུན་ཝང་ངག་དབང་དར་རྒྱས་གསུང་ཆོས་ལ་ཕེབས་ཏེ་རྗེ་འདི་ལ་མཇལ་ནས་དམ་བཅའ་ལ་བཞེངས་ཞུས་པ་ལྟར་བཞེངས་ནས་བགྲོ་གླེང་ཚ་བོ་གནང་བར་ས་ལ་མ་བཞུགས་ཀྱི་བར་དུ་ཝང་རང་ཉིད་འཁོར་བཅས་ཆོས་ཁྲིའི་ཟུར་ནས་བཞེངས་ཏེ་དགའ་སྤྲོ་དང་བཅས་ཏེ་གསན། མཚན་ཉིད་འདི་ངོ་མཚར་ཆེན་པོ་རེད་ཅེས་བསྔགས་བརྗོད་ཀྱང་གནང༌། རྗེ་འདི་ཡར་ཕེབས་


GTD008_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དགའ་དད་གུས་ཉམས་ཆེ་ཞིང༌། ཉིན་དེར་གཟིམས་ཤག་ཏུ་བྱོན་ནས་ལེགས་སོའི་མཇལ་དར་ཕུལ་ཏེ་འཆད་རྩོད་རྩོམ་གསུམ་གནང་དགོས་སོགས་ཀྱི་ཞུ་བ་ཕུལ། དེའི་ཉིན་ཁྲོམ་ཆེན་པོའི་མཇལ་མང་ཡང་འུར་ལངས་ཀྱིས་ཕྱག་འཚལ་ནས་བགྲོ་གླེང་ལ་མཇལ་བས་ཀུན་གྱི་སེམས་ལ་བག་ཆགས་བཟང་པོ་ཐེབས་པར་ངེས། ཀུན་མཁྱེན་བླ་མ་མཆོག་ལས་འཇིགས་བྱེད་ཀྱི་དབང་གསན། རྨི་ལྟས་བཀའ་འདྲི་གནང་བར། ཁྲག་རློན་པ་ཐོད་པ་གང་བཏུང་བ་རྨིས་ཞུས་པར་སྐབས་དེར་འདྲི་འཕྲོ་བཤོལ་ཀྱང་ཕྱིས་སུ་ཁྱད་པར་ཅན་གྱི་བཀའ་གནང་སྩལ་པ་གསུང་གི་ཟུར་ལས་ཐོས། མཇུག་ཏུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དཔའ་གཅིག་བསྡུས་པའི་ལུང་གནང་སྟེ། ཁོ་བོས་སྟོང་འཁོར་རིན་པོ་ཆེའི་མདུན་ནས་དབང་ཐོབ་ཕྱིན་ཆད་དཔའ་གཅིག་ཆག་མ་མྱོང་བས་ཆོས་གྲྭ་པ་རྣམས་ཀྱིས་སློབ་གཉེར་མཐར་ཕྱིན་པའི་ཆེད་དུ་དཔའ་གཅིག་ཆག་མེད་བྱེད་དགོས་གསུངས། ཕྱིས་སུ་རྗེ་ཉིད་ནས་ཀྱང་བཀའ་ཕེབས་འདི་ཉིད་བསྐྱར་བའི་ཐོག་ཀུན་མཁྱེན་གོང་མས་འདུ་ཁང་ཆེན་མོར་འཇིགས་བྱེད་དཔའ་གཅིག་ལ་ཁྲོ་བཅུས་བསྐོར་བ་བྲིས་ནས་བཞག་པ་ནི་བློ་རྩེ་གཏད་ས་འདི་ཚོ་ལ་གྱིས་ཤིག་པའི་བརྡ་ཡིན་ཞེས་ཚོགས་གཏམ་སོགས་ལ་ཡང་ཡང་གནང༌། ཁྱད་པར་དུ། ཡེ་ཤེས་ལྔ་བདག་དཀྱིལ་འཁོར་ཆེན་པོ་རུ། །དཔལ་ལྡན་རྡོ་རྗེ་འཛིན་པའི་སྐུར་བཞེངས་ཏེ། །གསང་བ་མཆོག་གི་ལམ་དུ་སྨིན་མཛད་པའི། །མི་བསྐྱོད་དགྱེས་བཞད་རྡོ་རྗེ་གཙུག་ན་མཛེས། །ཞེས་གསུངས་པ་ནི་དབང་གྲལ་དུ་འཁོད་ཙམ་མ་ཡིན་པའི་གནད་གསང་ཁྱད་པར་ཅན་གོ་དགོས་


GTD008_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །མཧཱ་སུ་ཁ་རུ་དྷི་ར། །ཀུན་རྟོག་སྤྲོས་བྲལ་ཤཱུ་ནྱ་ཏ། །གཉིས་མེད་ཡེ་ཤེས་ཀ་པཱ་ལར། །རྟག་ཏུ་རོལ་བའི་ཧེ་རུ་ཀས། །ཕ་རྒྱུད་མ་རྒྱུད་ལམ་གྱི་གནད་ཚང་ཞིང༌། །རྣམ་འབྱེད་བློ་མྱུར་ཁྱད་པར་ལྔ་དང་ལྡན། །མཆོག་ཐུན་དངོས་གྲུབ་སྩོལ་བའི་ཡི་དམ་མཆོག །གཅེས་པར་གདམས་འདི་འཕྲལ་ཕུགས་ཀུན་ཏུ་གཅེས། །གཞན་ཡང་རྣམ་སྲས་རྟ་བདག་བརྒྱད་དང༌། སྒྲོལ་མའི་རྗེས་གནང་སོགས་གསན་ཞིང༌། གཙོ་བོར་ཆོས་གྲྭ་ཆག་མེད་ངོས་རྩོད་པ་དང་སྐྱོར་སྦྱངས་ཆུ་བོའི་རྒྱུན་ལྟ་བུ་གནང་བས་བསྡུས་གྲྭ་པ་ཡིན་ཀྱང་མངོན་པ་གོང་འོག་དང་ཚད་མའི་གཞུང་ལ་གོ་བ་དཔྱིས་ཕྱིན་པ་ཡོད་པ་འདི་འདྲ་སྔོན་སྦྱངས་དམ་པའི་རང་རྟགས་སུ་མངོན་ཞེས་གཟུར་གནས་དག་མགྲིན་གཅིག་ཏུ་གླེང༌། བསྡུས་གྲྭའི་སྐབས་འདི་དག་ཏུ་སྤྱིར་གཞུང་འགོད་ཀྱི་སྲོལ་ཆེར་མེད་ཀྱང་རྗེ་འདིས་ཁ་དོག་དཀར་དམར་ལྟ་བུར་བགྲོ་གླེང་གནང་རྒྱུ་ཡིན་ན་ཐོག་མར་མཛོད་ལས། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །སོགས་དང༌། ཡོད་རྟོགས་མེད་རྟོགས་ལྟ་བུ་ཡིན་ན་རྣམ་འགྲེལ་ལས། དམིགས་སུ་རུང་བའི་མེད་པ་ནི། །མི་དམིགས་པ་ལས་གཞན་མ་ཡིན། །སོགས་གང་འབྲེལ་རེ་དྲངས་ཏེ། དེའི་སྟེང་ནས་རེས་འགའ་བགྲོ་གླེང་གནང་བ་དང༌། ཁས་ལེན་ཤོར་བའི་ཚེ་མངོན་པ་གོང་འོག །ཕུང་པོ་ལྔའི་རབ་བྱེད། བདེ་གཤེགས་གཞུང་གི་རབ་བྱེད་སོགས་ཀྱི་ལུང་འདྲེན་ཐོགས་མེད་དུ་གནང་བ་གྲྭ་ཐོག་མཉམ་པ་རྣམས་ལ་མཐུན་གྲུབ་ཡིན་ལ། མཚོན་ཙམ་དཔེར་བརྗོད་ན། ཞོགས་པའི་ཆོས་གྲྭ་ནས་འཛིན་གྲྭ་གཏུགས་སྐབས་ཤིག །རྗེ་ཉིད་ལྷོད་བཞུགས་ལྟ་བུ་གནང་འདུག་པར། ཕྲན་རྣམས་ཀྱིས་


GTD008_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་དང་འདུ་ཤེས་གཉིས་རྣམ་པ་མཚུངས་ལྡན་ཡིན་མིན་བརྩད་པས་རིམ་གྱིས་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱི་ཡུལ་ངེས་ལྔ་མེད་པར་ཁས་ལེན་དགོས་བྱུང་སྟེ་ཁོང་གི་འཛིན་གྲྭ་ཕམ་སོང་ཞེས་ཧབ་ཆ་རང་བྱས་པས་རྗེ་ཉིད་ནས་ཚུར་རྒོལ་དུ་བྱུང་སྟེ། ཡུལ་ངེས་ལྔ་མཚུངས་ལྡན་དུ་མི་རུང་བར་ཐལ། དེ་ལྔ་རྒྱུ་འབྲས་སུ་འཇོག་པའི་ཕྱིར། དེར་ཐལ། དད་པ་ལས་འདུན་པ། འདུན་པ་ལས་བརྩོན་འགྲུས་སྐྱེ་བའི་རྒྱུ་འབྲས་དང༌། དད་པ་ལས་འདུན་པ། འདུན་པ་ལས་ཐོས་པ། དེ་ལས་བསམ་པ་དང་སྒོམ་པ་ནས་རྣམ་མཁྱེན་གྱི་བར་གྱི་རྒྱུ་འབྲས་སོགས་གསུངས་པའི་ཕྱིར་ཞེས་ལུང་འདྲེན་དུ་མ་དང་སྦྲགས་ནས་འཕངས་པས་ཕྲན་རྣམས་ཤགས་འགྱེད་ཙམ་ལ་རེ་དགོས་བྱུང༌། ཡང་དམ་བཅའ་བ་ཞིག་ལ། རྣམ་འགྲེལ་ལས། ཕྱེ་མ་ལེབ་ཁྲ་ལ་སོགས་གཟུགས། །ཞེས་སོགས་དྲངས་ནས་ཁྲ་འཛིན་མིག་ཤེས་ཡིན་པ་སྲིད་པའི་ཤེས་བྱ་ཡིན་མིན་འཕངས་ནས་དངོས་འགལ་གྱི་འཕྲེང་བ་མགོ་ལ་བཅིངས། ཡང་ལན་གཅིག །རྣམ་འགྲེལ་ལས། མིག་གིས་གཟུགས་དག་མཐོང་གྱུར་པ། །དེར་ནི་གསལ་བར་དེ་ཡི་བརྡ། །ཞེས་པ་དྲངས་ནས་སྦྲུལ་གྱི་རྒྱུད་ན་གཟུགས་ཀྱི་སྐྱེ་མཆེད་དང༌། སྒྲའི་སྐྱེ་མཆེད་གཉིས་ཀ་རྟོགས་པའི་དབང་ཤེས་ཡོད་མེད་འཕངས་པས་དམ་བཅའ་བ་མགོ་བོ་མགལ་མེའི་འཁོར་ལོ་ལྟར་འཁོར་བ་ལྟ་བུའོ། །ཀུན་མཁྱེན་མཆོག་ནས་ལོ་འདི་དང༌། རྗེས་མ་གཉིས་ཀྱི་ཆོ་འཕྲུལ་གསུང་ཆོས་ལ་ལེགས་བཤད་སྙིང་པོ་ཆུང་བའི་བཤད་ལུང་དང༌། དུས་འཁོར་གྲྭ་ཁང་དུ་ཀུན་རིག་གི་དབང་དང༌། རིམ་ལྔ་གསལ་སྒྲོན་གྱི་


GTD008_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ལུང་གང་རྒྱས་སྩལ་པ་གསན། སྐབས་འདི་དག་ཏུ་བསྡུས་གྲྭའི་རྩོད་པ་ལ་རིག་པ་བཟང་བའི་ཚད་དུ་བརྩི་བ་སུས་ཀྱང་རྩོད་ཟླ་མི་ཕེར་བ་ཀུན་ལ་མཐུན་སྣང་དུ་གྲུབ་ཅིང༌། ཡིན་པ་མིན་པར་གྲུབ་ན་བསྡུས་གྲྭ་བྱང་བའི་རྟགས། མིན་པ་ཡིན་པར་གྲུབ་ན་བསྡུས་གྲྭ་བྱང་བའི་རྟགས་ཟེར་བ་དེ་ཙམ་མ་ཡིན་པར་རིགས་པ་གང་འཕངས་ཤུགས་ཆེ་ཞིང་གཞུང་དོན་དང་འབྲེལ་བས་རྒན་གཞོན་ཀུན་གྱི་དད་གུས་ལྷག་པར་འཕེལ། དགུང་ལོ་བཅུ་བཞི་པ་ལ་འཛིན་གྲྭ་རྟགས་རིགས་སུ་ཕེབས། ཡིག་ཆའི་བློ་རྟགས་གཉིས་ཐུགས་འཛིན་གནང་སྟེ་སྐྱོར་སྦྱངས་དང་རྩོད་པ་སྦྲགས་མ་སྔར་ལྟར་དང༌། ཁྱད་པར་ཡབ་རྗེ་མཆོག་གི་བཀའ་ལྟར་སྡེ་བདུན་ཡིད་ཀྱི་མུན་སེལ་ཐུགས་འཛིན་དང༌། ཞིབ་དཔྱད་གནང་བས་རིགས་ལམ་ཕྲ་མོའི་སྟོབས་ཀྱིས་མདོ་སྔགས་གང་ལ་གཟིགས་པ་ཙམ་གྱིས་དངོས་ཤུགས་མ་འདྲེས་ཐོགས་མེད་དུ་མཁྱེན་ཐུབ་པ་བྱུང༌། ཞལ་ནས། རང་དོན་ལེའུ་དང་གཞན་དོན་ལེའུ་གཉིས་གཙོ་ཆེར་རྟགས་རིགས་དང༌། ཚད་མ་གྲུབ་པའི་ལེའུ་དང་མངོན་སུམ་ལེའུ་གཉིས་གཙོ་ཆེར་བློ་རིག་གི་སྟེང་ནས་གོ་བ་ཞིག་བྱས་ན་ལེགས། དེའི་གནད་ཀྱིས་རང་རེའི་སྐྱབས་མགོན་རྡོ་རྗེ་འཆང་ནས། སྔར་རྣམ་འགྲེལ་གྱི་འཛིན་གྲྭ་ཕར་ཕྱིན་སྟོན་མོའི་འཛིན་གྲྭར་བྱས་ནས་བློ་རྟགས་ལས་ཟུར་དུ་རྣམ་འགྲེལ་མི་དགོས་པ་གནང་བ་རེད། འོན་ཀྱང་ཕྱིས་སུ་མངོན་སུམ་ལེའུ་དང་གཞན་དོན་ལེའུ་གཉིས་ཐལ་འཕྲེང་ཟུར་བཀོལ་བྱས་ནས་འཛིན་གྲྭ་ལོགས་སུ་ཕྱེ་རྒྱུའི་གསུང་བཀོད་གནང་བ་ནི། ལེའུ་བཞི་བློ་རྟགས་ཀྱིས་མི་འཆུན་པ་མང་པོ་ལ་དགོངས་པ་འདྲ་གསུངས། སྤྱིར་ལོག་རྟོག་རིགས་པས་སུན་དབྱུང་བ་ལ་རང་དོན་


GTD008_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུའི་སྐབས་ཀྱི་གཏན་ཚིགས་ཀྱི་སྒྲུབ་ཚུལ་ཤེས་དགོས། གཞལ་བྱ་གྲུབ་པ་དེ་ཚད་མ་གཉིས་དང་མཐུན་མི་མཐུན་གྱི་ཁྱད་པར་མངོན་སུམ་ལེའུ་ལྟར་ཤེས་དགོས། དེ་ལྟར་ངེས་པ་ཞིག་གིས་གདུལ་བྱ་རྗེས་སུ་འཛིན་པ་ལ་གཞན་དོན་ལེའུ་ནས་གསུངས་པའི་སྒྲུབ་དང་སུན་འབྱིན་གཉིས་དགོས། ལྟར་སྣང་གི་ལམ་གྱིས་གཞན་རྗེས་སུ་འཛིན་མི་ནུས་པས་ཚད་མ་གྲུབ་པའི་ལེའུ་ལྟར་སྟོན་པ་ཚད་མའི་སྐྱེས་བུར་ངེས་པ་ཞིག་ཐར་འདོད་ལ་མེད་མི་རུང་ཡིན་པ་ཀུན་གྱིས་གོ་བར་གྱིས་ཤིག །དགུང་ལོ་བཅོ་ལྔ་པ་མེ་སྤྲེལ་ལོ་འཛིན་གྲྭ་གཞུང་གསར་དུ་ཕེབས་ཤིང༌། ཡིག་ཆའི་སྐབས་དང་པོ་ཕལ་ཆེར་ཐུགས་འཛིན་གནང༌། སྒོ་མང་གྲྭ་ཚང་གི་རིགས་སྨྲ་རྩེར་སོན་བྱ་བྲལ་ཚུལ་ཁྲིམས་ནག་པོ་ཟེར་བས་གྲྭ་ཚང་ཐོས་བསམ་གླིང་ལ་དམ་བཅའ་བཞག་པར། དགེ་འདུན་ཉི་ཤུ་ནས་བགྲོ་གླེང་གནང་བས་ཐོག་མར་ངར་ངར་ཆེ་ཡང་རིམ་གྱིས་སྐད་ཀྱི་གདངས་ཆག་པ་སོགས་ཞུམ་པའི་ཁུར་གྱིས་ནོན། ཕྱིས་སུ་གཏིང་ནས་དད་གུས་ཀྱི་བསྔགས་བརྗོད་བཅོས་མིན་བྱེད་པ་ཐོས། དགུང་ལོ་བཅུ་དྲུག་པ་མེ་བྱ་ལོའི་འཛིན་གྲྭ་གཏུག་སྐབས་གཅིག་དུ་བྲལ་གྱི་རང་རྒྱུད་པའི་དགག་བྱ་ངོས་འཛིན་གྱི་སྟེང་ནས་བགྲོ་གླེང་མཛད་པས་སུས་ཀྱང་བློས་དཔོག་མི་ནུས་པར་སོང་སྟེ་ཕ་རོལ་པོ་རྣམས་སྨྲ་སྒོའི་ཤུན་པ་ལྷབ་ལྷབ་གཡོ་བ་ཙམ་དུ་གྱུར། དེ་སྐབས་གྲྭ་རྒན་རྣམས་ནས་ཁྲི་དགེ་འདུན་ཕུན་ཚོགས་ཀྱིས་གཅིག་དུ་བྲལ་དང༌། རྗེ་ངག་དབང་བསྟན་པའི་རྒྱལ་མཚན་པས་དབུ་མའི་དགག་བྱ་ངོས་འཛིན་གྱི་རྩོད་པའི་སྐབས་ནས་ལྟ་བ་རྙེད་དེ་རྩོད་པ་འགྲན་ཟླ་མེད་པའི་ཚུལ་ངོམས་པ་དང་ཆ་མཚུངས་


GTD008_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་ཅག་སྐལ་བ་བཟང་ཞེས་གླེང་བ་ཐོས། ཕར་ཕྱིན་ཚུགས་ཕྱིན་ཆད་ཐུགས་རིག་ཇེ་ཟབ་དང་ཇེ་ཞིབ་ཏུ་སོང་བས་དགེ་བཤེས་རྒན་པ་རྣམས་ཀྱིས་རྩོད་ཟླ་ཕེར་བ་དཀའ་ལ། དཀའ་བཅུ་རབ་འབྱམས་ཀྱི་དམ་བཅའ་བཞག་ཚད་ལ་གྲྭ་ཚང་རང་གི་སློབ་གཉེར་བཟང་བའི་ཚད་དུ་བརྩི་བ་ཇི་འདྲ་ཞིག་ཡིན་ཀྱང་ཚར་མ་བཅད་པ་གཅིག་ཀྱང་མེད་པ་མངོན་སུམ་གྱི་ཡུལ་དུ་གྱུར། ལོ་དེར་གོང་མའི་ལུང་ལྟར་དགོན་པའི་འདུ་ཁང་དུ་གསེར་གྱི་ཙི་པེན་ཟི་ལིང་ཚཱེ་ཨམ་བན་གྱིས་བསྐྱལ་ནས་འོང་སྐབས་རྗེ་འདི་ཉིད་ཚོགས་སུ་བཞུགས་ཀྱང་ཡབ་རྗེའི་བཀའ་ལྟར་ཨམ་བན་ལ་འཚམས་ཞུས་ཕུལ་བར་ཨམ་བན་ནས་ཤིན་ཏུ་བསོད་ནམས་ཆེན་པོ་ཅན་ཞིག་འདུག་ཟེར་ཞེས་དཔོན་ཝང་གི་ཞལ་ནས་ཐོས། ལོ་སྔ་ཕྱི་འདི་དག་ཏུ། ྋཀུན་མཁྱེན་བླ་མ་མཆོག་ནས་སྐྱབས་འགྲོའི་ཁྲིད། བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་གི་ཁྲིད། འཇམ་དཔལ་ཞལ་ལུང་གི་ཁྲིད་ཞིབ་རྒྱས་དང་མཇུག་ཏུ་སེམས་བསྐྱེད་མཆོད་པ་གནང་བར། མཆོད་འབུལ་གྱ་ནོམ་པ་དང་སེམས་བསྐྱེད་ཀྱི་རྫས་རྟེན་འབྲེལ་ཅན་ཕུལ་ཏེ་ཐུགས་སྨོན་མཛད་པས་ཐེག་ཆེན་ལམ་གྱི་གཞུང་ཤིང་རིན་ཆེན་སེམས་མཆོག་དབང་གི་རྒྱལ་པོས་ཐུགས་རྒྱུད་གཏམས་ཏེ་རྒྱལ་སྲས་སྤྱོད་པའི་མངའ་བདག་ཏུ་གྱུར། ཉིན་དེར་སྐྱབས་མགོན་མཆོག་ཚོགས་དབུས་སུ་བཞུགས། གྲྭ་མང་ཆོས་གྲྭའི་ལུགས་ལྟར་འཚོགས་ཀྱང་ཕྱག་བདེ་སོང་ཆོག་པ་བྱས། སྔར་ལམ་ཁྲིད་ཀྱི་སྦྱིན་པའི་ཕར་ཕྱིན་གྱི་ཉིན། བླ་བྲང་ཆེན་མོ་ནས་བླ་མ་བྱམས་པ་རིན་པོ་ཆེའི་ཕྱག་སྲོལ་ལྟར། ཆོས་ཉན་པ་ལ་ཇ་བག་རེའི་འགྱེད་གནང་ཐོག །ཉིན་འདིར་སླར་ཡང་ཇ་ཐུག་ཉིན་འཁྱོངས་འགྱེད་དང་བཅས་པ་གནང་སྟེ་སྐད་གྲྭ་པ་སོ་སོས་བསྐུལ་


GTD008_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གདངས་དབྱངས་དང་བཅས་མཚན་མོ་གཟིམས་བརྡ་རན་ཙམ་གྱི་བར་དུ་དུས་བཟང་ལྟར་ཆོས་སྤྱོད་གསུངས། དེར་ཡབ་རྗེ་མཆོག་གི་བཀས་རྗེ་འདི་ལ་ཇོ་བསྟོད་དང༌། ཚོགས་ཆེན་ཁྲི་རིན་པོ་ཆེ་འཇིགས་མེད་ལུང་རིགས་རྒྱ་མཚོ་པ་ལ་རྗེའི་གསང་བའི་རྣམ་ཐར་བསྐུལ་འཇུག་པ་གནང་སྟེ་རྟེན་འབྲེལ་ཞིག་ལ་དགོངས་པར་མངོན། གཞན་ཡང་འཇིགས་བྱེད་དཔའ་བོ་གཅིག་པའི་དབང༌། འཇིགས་བྱེད་བསྐྱེད་རིམ་གྱི་ཁྲིད་སྨིན་རྒྱས། མགོན་པོ་དཀར་ནག་གཉིས་དང༌། ཀུ་རུ་ཀུལླེ་སོགས་ཡི་དམ་དུ་མའི་རྗེས་གནང༌། འགའ་ཞིག་གི་བསྙེན་སྒྲུབ་ལས་གསུམ་སྦྱིན་སྲེག་སོགས་ཀྱི་ལུང་དང་ཁྲིད་ཅི་རིགས། ཡབ་རྗེ་མཆོག་གི་གསུང་སྔ་རྩོམ་གང་ཡོད་ཀྱི་ལུང༌། དུག་སྦྱོང་གི་མན་ངག་ཆིག་བརྒྱུད་འགའ་ཞིག་སོགས་སྤྱི་ཆོས་དང་སྒེར་ཆོས་མང་དུ་གསན་ཀྱང་ཞིབ་པར་མ་ངེས། སྤྱིར་རྡོ་རྗེ་འཆང་ནས་གྲྭ་པ་ཀུན་ལ་རྣམ་གཡེང་བཅད་ནས་སྐྱོར་སྦྱངས་ལ་བརྩོན་དགོས་ཚུལ། རྩོད་གྲྭ་བྱེད་ལུགས་ཐལ་མོ་རྡེབ་ཚུལ་སློབ་པ་སོགས་དང༌། དེའི་ནང་ནས་ཞབས་དྲུང་ཆེ་ཆུང་རིགས་ལ་ཆུང་དུས་གྲོང་ཆོག་ལ་མ་འགྲོ། ཆེ་ཚུགས་སྤངས་ནས་ཡོན་ཏན་སློབ་དགོས། ཞེས་སོགས་གསུང་བཀོད་ཡང་ཡང་གནང་བ་ཞིག་ཡོད་ལ། ལྷག་པར་རྗེ་འདི་ལ། གུང་ཚིགས་དང་ཆབ་ལེན་རུང་ཆུ་འདེབས་པ་སོགས་འདུལ་བ་དང་མཐུན་པའི་ཀུན་སྤྱོད་གཙང་བ་དང༌། ཤོ་བརྟག་བཀའ་བསྒོ་ཚུན་ཆད་གསལ་ཆ་མི་ཆེ་བ་དང༌། དམ་ཆ་ཆེ་བའི་སྒོ་ནས་མཆོད་འབུལ་ཕྱག་སྦྱངས་འཛིན་སྐྱོར་ཞལ་འདོན་སོགས་སྐབས་སུ་གང་བབས་ལ་ཐད་ཀ་ཐད་ཀར་ཞལ་བཀོད་དང༌། ཕེབས་བཞུད་ན་བཟའ་བཞེས་ཚུལ་སོགས་ཀྱང་བཀས་ཁྱབ་པའི་གཅེས་སྤྲས་ཆེ་བར་མཛད། དབང་རྗེས་


GTD008_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གནང་སོགས་ཀྱི་མཆོད་ཤོམ་ཕྱག་ལེན་སོགས་ཞིབ་གཟིགས་དང༌། བག་ཟན་ལས་གཏོར་མ་དང་གཟུགས་འགྲོས་བཟོ་བ་དང༌། ལྷ་བྲིས་དང་རི་མོ་སྣ་ཚོགས་སྐུ་རྩེད་ཀྱི་རྣམ་པ་ཚུན་ཆད་ཀྱིས་སློབ་པ་དང༌། རྒྱ་སོག་གི་སྐད་དང་ཡི་གེ་ཡང་ཐུགས་སུ་ཆུད་པ་བྱུང༌། དེ་དག་གི་བར་སྐབས་ཅི་རིགས་པར་སོག་པོ་ཇ་སག་ལྔ་དང༌། ཨ་རིག་སྡེ་མང༌། མཛོ་དགེ །དབལ་ཤུལ་སོགས་སུ་དབུས་ཕེབས་ཆ་རྐྱེན་དུ་ཐུགས་བྲེལ་དང་བསྟུན་ནས་འབུལ་སྡུད་མཛད་པ་ཕྱག་མཛོད་རབ་འབྱམས་པས་ཁུ་བསྡུས་བྱས་པར་དངུལ་དཀར་སྲང་ཁྲི་ལྷག་བྱུང་ཞིང་ཕེབས་བཞུད་གནང་སྐབས་གྲྭ་ཚང་ལ་ཞོ་རེ་དང༌། མ་གནང་སྐབས་སྐར་ལྔ་རེའི་རྩིས་ཀྱི་འགྱེད་ལོ་རེ་བཞིན་ཆག་མེད་དུ་གནང༌། དེ་ལྟའི་བྲེལ་གཡེངས་ཀྱིས་ཐུགས་གཉེར་ལ་མི་གནོད་པར་མ་ཟད། འཛིན་སྐྱོར་སྦྱངས་དང་དཔེ་གཟིགས་ཀྱིས་ཆོས་གྲྭར་ཕེབས་ཚེ་རྩོད་བཞིན་པ་རྣམས་ལས་ཀྱང་ཆེས་ལྷག་པ་ཡོད་དེ། རྗེ་ཉིད་ནས་གནང་བའི་རྣམ་ཐར་སྤྲིང་ཡིག་ལས་ཀྱང༌། བཅུ་གཉིས་སྟེང་དུ་བསྡུས་གྲྭའི་རྩོད་པར་ཞུགས། །དབུས་ཆས་འབུལ་སྡུད་གཡེངས་པ་ཤས་ཆེ་ཡང༌། །རྩོད་ཟླ་རྣམས་ཀྱི་རྗེས་སུ་མ་ལུས་ཙམ། །རྟོག་གེའི་བག་ཆགས་སད་པའི་རྣམ་ཐར་ཡིན། །ཞེས་གསུང་བ་ལྟར་རོ། །དགུང་ལོ་བཅུ་བདུན་པ་ས་ཁྱི་ཟླ་བ་དང་པོའི་ཚེས་ཀྱི་དགའ་སྟོན་བླ་བྲང་ཆེན་མོར་ཡབ་སྲས་ལྷན་རྒྱས་ནས་གནང་ཞིང༌། དཔྱིད་ཀྱི་རིང་དབུས་སུ་ཕེབས་ཆས་རྟ་ཁལ་སོགས་གྲ་སྒྲིག་མཛད། གྲྭ་སློབ་སྦྱིན་བདག་དུ་མས་ཕེབས་རྫོངས་ཞུས་ཤིང༌། སྐྱབས་འཇུག་འཕོ་བ་ཁྲུས་དབང་སོགས་འདོད་ཆོས་ཚིམ་པར་གནང༌། ཡབ་རྗེ་མཆོག་གི་དྲུང་དུ་ཐར་པ་རྩེར་ཉིན་བར་མ་ཆད་ལྟ་བུར་ཕེབས་པར་གང་ཅིའི་གསུང་བཀོད་ཕྲ་ཞིབ་ལུང་བསྟན་གྱི་ཚུལ་དུ་ལྷུག་པར་སྩལ།


GTD008_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་གཅིག་སྐུ་མདུན་ནས་དཀར་སྤྲོ་དམར་སྤྲོའི་དགྱེས་སྟོན་དང་བཅས་ཕེབས་རྫོངས་གྱ་ནོམ་པ་གནང་སྟེ་ཞལ་ཏ་གནད་བསྡུས་དང༌། མདོར་ན་དབུས་སུ་སྐུ་ཡོན་གསན་སྦྱོང་མཐར་ཕྱིན་པ་གནང་ནས་སླར་མདོ་སྨད་དུ་བྱོན་ཏེ། དགོན་པ་འདིར་ཕན་གྲོགས་བཟང་པོ་གནང་དགོས། ང་ཡང་ལོ་མཐོན་པོ་འདི་ལྟར་སོང་བའི་ཚེགས་ལེན་རེ་བྱེད་དགོས་ཞེས་དབུ་ལོ་དཀར་པོ་སྟོན་པར་མཛད་པས་གསུང་གི་ཁུར་ཐུགས་ལ་ལྕི་བར་གྱུར། དེ་དུས་ཆོས་གྲྭར་རྩེད་མོ་ཚུན་ཆད་ཀྱི་རྩོམ་པ་བྱེད་མཁན་དང། སྙན་ངག་མཁན་ཤིན་ཏུ་མང་ཞིང་རྗེ་འདི་ཡང་སྡེབ་ལེགས་ཀྱི་རྩོམ་པ་ལ་ཐོགས་པ་མེད་པ་གསན་ནས་ཉིན་གཅིག་འདིར་གནས་བསྟོད་ཅིག་རྩོམ་གསུངས་པ་ལྟར་སྐུ་མདུན་དེར་ཐོགས་མེད་དུ་སྦྱར་བས་ཐུགས་དགྱེས་ཤིང་གསང་བའི་རྣམ་ཐར་འགའ་ཞིག་ཀྱང་གསུང་སྟེ་ཕ་དང་བུ་བཞིན་དུ་བཙའ་བར་མཛད་དོ། །དེ་ལྟར་བག་མེད་པའི་དྲི་བཞོན་ནི་ངང་གིས་ཞི། བཟང་པོའི་ཡོན་ཏན་གྱི་ཆུ་ཁུར་ནི་ཡོངས་སུ་རྫོགས། ལུང་དང་རིགས་པའི་གློག་འོད་ནི་རྣམ་པར་འཕྲོ། སྙན་པར་གྲགས་པའི་འབྲུག་སྒྲ་ནི་དལ་གྱིས་རྒོད་པའི་དབྱར་གྱི་དཔལ་མོ་གཉིས་པ་ཞིག་ཐུབ་བསྟན་པད་ཚལ་རྒྱས་པའི་གཉེན་དུ་གྱུར་ཏོ། །སྨྲས་པ། བཤེས་གཉེན་ཉིན་བྱེད་དབང་པོ་དེའི། །ལེགས་བཤད་འོད་སྟོང་འཐུང་བ་ཡིས། །བློ་གྲོས་པདྨོ་རྣམ་རྒྱས་པ། །ལུང་རིགས་སྦྲང་རྩིའི་གཏེར་དུ་རྫོགས། །ཕྱོགས་ཀྱི་འཁོར་ལོའི་རྒོལ་བ་གླང་ཆེན་གྱི། །སྤྱི་བོ་རིགས་པའི་སྦར་མོས་འགེམས་བྱེད་ཅིང༌། །མང་དུ་ཐོས་པའི་རལ་ཁུར་གཡོ་བ་ཁྱོད། །ཐུབ་བསྟན་གངས་རི་མཛེས་པའི་རྒྱན་དུ་གྱུར། །འབྲུག་སྒྲ་དལ་གྱིས་རྒོད་པས་རྨ་བྱ་བཞིན། །རྣར་སྙན་ཡིད་འབབ་ཡོངས་


GTD008_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དམ་པའི་ལུང༌། །སྙིང་ལ་སིམ་པས་གདུང་བ་ཀུན་འཕྲོས་ཀྱང༌། །བཀའ་བཞིན་སྒྲུབ་འདུན་ཐིག་ལེའི་ཁུར་ཆེན་ལྕི། །ཤེས་བྱའི་མཁའ་མཐའ་གཞལ་བའི་མཁྱེན་དཔྱོད་ཀྱི། །འདབ་ཡངས་རྣམ་བཀྲ་ཀ་ལ་པིང་ཀ་དེ། །སྐལ་བཟང་སྒྲ་འཛིན་བདུད་རྩིར་འགྱུར་བའི་དཔྱིད། །བཅུ་ཕྲག་རིག་གནས་དབྱངས་སྙན་རང་སྒྲ་འཁྲོལ། །རྨོངས་མུན་འཇོམས་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱང༌། །དམ་པའི་ལམ་སྲོལ་གོ་ལར་མ་ཞུགས་ཚེ། །རིས་མེད་ཐུབ་བསྟན་སྐྱོང་བར་མི་ནུས་ཞེས། །དབུས་འགྱུར་བགྲོད་པའི་སྐྱ་རེངས་དང་པོ་ཤར། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་བཀྲ་ཤིས་འཁྱིལ་དུ་ཕར་ཚད་གཙོ་བོར་གྱུར་པའི་བསླབ་སྦྱངས་མཛད་ཚུལ་གྱི་སརྒ་སྟེ་བཞི་པའོ།། །། ༈ གང་ཞིག་དྲན་པས་ཀུན་རྟོག་སྤྲོས་པའི་མུན། །འདབ་བརྒྱའི་གཉེན་དང་འཕྲད་པའི་བ་མོ་བཞིན། །འཇོམས་བྱེད་འཇམ་དཔལ་ཞི་ཁྲོ་བླ་མ་ལྷ། །སྙིང་དབུས་པདྨོར་བཞུགས་ལ་མཆོག་སྩོལ་ཅིག །ལོ་དེའི་ཟླ་བ་ལྔ་པའི་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་གཟིམས་ཁང་གི་རྭ་སྐོར་དུ་རྗེ་ཉིད་ཀྱི་འཛིན་གྲྭ་པ་རྣམས་ཀྱིས་ཐབ་སྐྱེལ་ཞུས་པར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང༌། སེམས་ལ་བཅང་རྒྱུའི་ཞལ་ཏ་བཟང་པོ་དང་དགོན་པའི་གྲྭ་མང་ལ་ཕྱག་དབང་གནང༌། ལྕགས་རིའི་ཕྱི་ལོགས་ནས་སྤྱི་སོས་ཐབ་སྐྱེལ་ཞུས། དེ་ནས་གྲྭ་མང་ཞལ་འཛོམས་སར་དགེ་བཤེས་ཆེན་པོ་སྨན་ལུང་རབ་འབྱམས་པ་བློ་བཟང་རྒྱལ་མཚན་གྱིས་གདངས་སྙན་ལ་གསལ་ཞིང་མཐོ་བ་དང༌། རྒྱུན་རིང་ལ་འགྱུར་གྱི་ཉམས་དོད་ཅིང་ཡིད་འཕྲོག་པའི་ཐལ་སྐད་དང་བཅས་དར་འབོད་བཏང་བ་ན་ཆིབས་ཞལ་ལན་གསུམ་


GTD008_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར། དགེ་འདུན་པ་རྣམས་མཐོང་ཐོས་ཀྱི་མཛད་པ་དང༌། རྗེ་ཉིད་ཐག་རིང་དུ་འབྱོན་པའི་ངང་ཚུལ་ལ་སྐྱོ་བས་གདུངས་ཏེ་འབྲལ་མི་ཕོད་པར་གྱུར། རིགས་སྨྲའི་ཁྱུ་རྒྱན་ངང་པའི་རྒྱལ་པོ་དེས། །དབུས་གཙང་ཆོས་ཀྱི་རོལ་མཚོ་བསྙེགས་པ་ན། །ཆོས་མཐུན་རིགས་སྨྲའི་དར་འབོད་ཐལ་སྐད་དང༌། །ལྷན་ཅིག་འདུས་ཚོགས་ངང་མོ་སྐྱོ་བས་གདུངས། །དེ་དུས་ཀུན་མཁྱེན་མཆོག་ཀྱང་འཁོར་འགའ་དང་བཅས་ཏེ་ཐར་པ་རྩེའི་རི་དེའུ་ཞིག་གི་ཁར་བཞུགས་ནས་རྒྱང་རིང་པོའི་བར་དུ་སྤྱན་སྐྱེལ་གནང་བ་གྲྭ་མང་གིས་མཐོང་བས་ཡབ་སྲས་ཀྱི་མཛད་པ་རྣམ་ཐར་ལ་དད་གུས་འཕེལ་ཞིང༌། ཐུགས་སྐྱོ་བའི་ཉམས་ཀྱིས་སྤྱན་ཆབ་བསིལ་བ་ཐོས་པས་ཀུན་གྱི་སེམས་ལ་སྐྱོ་ཤས་བོགས་ཐོན་པ་ལྟ་བུ་བྱུང༌། སྤྲིན་གྱི་འཕྲེང་བ་འཁྲིགས་མིན་པར། །བདུད་རྩིའི་ཆར་ཟིམ་འགྲེམ་པ་དེས། །དྲི་བཞོན་རྒྱུ་བ་མེད་པར་ཡང༌། །ལུས་ཀྱི་བ་སྤུ་གཡོ་བར་བྱེད། །དེ་ནས་ཚོགས་ཆེན་ཁྲི་ལས་ཐོག་པ་སྡེ་ཁྲི་རིན་པོ་ཆེ་འཇིགས་མེད་ལུང་རིགས་རྒྱ་མཚོ། ཚོགས་ཆེན་ཁྲི་ཟུར་ངག་དབང་འཕྲིན་ལས། རྒྱུད་པ་དཔོན་སློབ་ཚོ་འདུ་སྤྲུལ་སྐུ་དོན་གྲུབ་རྒྱ་མཚོ་སོགས་བླ་མ་གདན་ཟུར། ལས་སྣེ་ཁག །དབོན་ཆོས་མཛད་ཀྱིས་ཐོག་དྲངས་ཆིབས་སྐྱེལ་བ་དུ་མ་དང་བཅས་ཏེ་རིམ་གྱིས་ཕེབས། རྗེ་ཉིད་ནས་ཀྱང་ཡབ་རྗེ་མཆོག་རི་རྩེར་བཞུགས་པ་ལ་རྒྱང་རིང་པོའི་བར་དུ་ཕྱི་མིག་སྤྱན་ཟུར་མི་གཡོ་བ་ལྟ་བུར་མཛད། རྣམ་གྲོལ་ཐར་པར་བགྲོད་པའི་གྲུ་བོ་ཆེ། །སྟོན་པས་ཆེར་བསྔགས་ཤེས་རབ་ཕ་རོལ་ཕྱིན། །བྱང་ནས་བྱང་དར་བདེན་པ་ངོམ་ཆེད་དུ། །དེད་དཔོན་མཆོག་དེ་དགའ་ཞིང་སྤྲོ་བས་ཞུགས། །འོན་ཀྱང་གོམ་པའི་འདེགས་འཇོག་ཉལ་འགྲོའི་


GTD008_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང༌། །ཐག་རིང་ཡུར་བར་ཇི་ལྟ་ཇི་ལྟར་གཞོལ། །དེ་ལྟ་དེ་ལྟར་ཡིད་ཀྱི་དྲན་པའི་རྒྱུན། །ཡོངས་འཛིན་གདེངས་ཅན་གནས་དེར་མངོན་པར་འཁྱིལ། །དགོན་པའི་གཞུང་ནས་སྐྱེལ་མ་རིམ་པ་གསུམ་དང་བཅས་རིམ་གྱིས་ཕེབས་པར་ཝང་གི་ཨུ་རྒེ་དང༌། ཚ་གན་ནོ་མོན་ཧན་ནས་ཀྱང་བསུ་སྐྱེལ་ཇ་ཐབ་སོགས་བསྙེན་བཀུར་གང་དྲག་ཞུས། ལམ་འཁོད་ཀྱི་མཚོ་སྔོན་ཐོར་གོད་ཁ་གསུམ་དང༌། ཡོལ་ཤུལ་བ་སོགས་ཀྱིས་གང་མཉེས་ཀྱི་མཐུན་རྐྱེན་བསྒྲུབ་པ་སོགས་གྲོགས་སུ་གང་འགྱུར་ལས་ཉེར་འཚེ་གང་ཡང་མེད་པར་ཧོར་ཟླ་བརྒྱད་པའི་ཚེས་ལ་བོད་ཡུལ་ནོར་འཛིན་གྱི་ལྟེ་བ། འོག་མིན་ས་ལ་འཕོས་པ་ལྟ་བུའི་ཤཱཀྱའི་རྒྱལ་པོའི་ཕོ་བྲང་ལྷ་ལྡན་དུ་འབྱོར། གཟིམས་ཆུ་ཉི་འོད་འཁྱིལ་པར་རྒྱལ་བའི་དབང་པོ་མཆོག་ལ་འབྱོར་ཕྱག་ཞུས། གཞུང་ས་ནས་ཀྱང་ལམ་བར་གྱི་རྟ་ཐབ་བསུ། རྟ་འུལ། རྫོང་སྐྱེལ། ཕེབས་སྟོན་སོགས་སྐུ་གོང་མའི་བབས་དང་མཐུན་པའི་བཀུར་གཟོས་རྒྱ་ཆེན་པོ་མཛད། མ་འགྱངས་པར་མཁས་གྲུབ་འབུམ་སྡེའི་རོལ་མཚོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་དུ་ཕེབས། འབྲས་སྤུངས་སྤྱི་སོ། སྒོ་མང་བླ་བྲང༌། གྲྭ་ཚང་སྡེ་པ། ཁམས་ཚན་སོ་སོ་དང་བཅས་པས་སྐབས་བབས་ཀྱི་ཐབ་བསུ། སྒོ་མང་གྲྭ་ཚང་ནས་ཁང་སྟེང་དུ་དཀར་སྤྲོའི་ཐོག །སྐུ་གསུང་ཐུགས་རྟེན་ན་བཟའ་ཉེར་སྤྱད་སོགས་ཕུལ་ཞིང༌། སྤྱི་སྒེར་ཐམས་ཅད་ཀྱིས་བཀུར་གཟོས་རྨད་དུ་བྱུང་བས་གང་ཅིའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིགས། ཟླ་བ་བཅུ་པའི་ཚེས་བཅུ་བདུན་གྱི་ཉིན་གངས་ཅན་མཁས་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། སྙན་གྲགས་ཀྱིས་འཛམ་གླིང་ཁེངས་ཙམ་གྱི་སྒོ་མང་དཔོན་སློབ་ཧོར་སྐལ་བཟང་དངོས་གྲུབ་པ་དགེ་རྒན་དུ་བསྟེན། ལུང་དང་རིགས་པའི་


GTD008_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་རྩེད་ཀྱིས། །ཐུབ་བསྟན་བྱི་དོར་བགྱིད་པ་པོ། །ཆོས་གྲྭ་ཆེ་དེར་དགའ་བཞིན་ཞུགས། །པདྨོའི་མཚོ་ལ་ངང་མོ་བཞིན། །དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ལ་དངུལ་སྲང་ཉིས་བརྒྱ། རྟ་བཟང་ཉི་ཤུ། གོས་དར་རས་ཟམ་སོགས་ཀྱི་མཆོད་སྤྲིན་ཐོག་བརྟན་བཞུགས་འབྲེལ་ཆགས་ཞུས་པར་དགྱེས་པའི་བཀའ་ལན་སྩལ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང༌། ཚེ་དཔག་མེད་ལྷ་དགུའི་དབང༌། བཅུ་གཅིག་ཞལ་གྱི་དབང༌། སྒྲོལ་དཀར། རྣམ་རྒྱལ་མ། ཁྱུང་ཁྲ་ནག །རྟ་མགྲིན། འཇམ་དབྱངས་དཀར་པོ། ཆོས་རྒྱལ་ནང་སྒྲུབ། མགོན་དཀར་སོགས་ཀྱི་རྗེས་གནང༌། འཕོ་ཁྲིད་དང༌། སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་ཁྲིད་སོགས་དགྱེས་བཞིན་གནང༌། བཀྲས་ལྷུན་ཚོགས་ཆེན་ལ་དངུལ་སྐར་ལྔ་རེའི་འགྱེད་བཏང༌། པཎ་ཆེན་མཆོག་ནས་ཀྱང་དཀར་སྤྲོའི་ཐོག་གནང་ཆ་དང་དགྱེས་གཟིགས་དཔེ་མེད་ངོས་བསྟན་འགྲོའི་དོན་རླབས་པོ་ཆེ་གནང་དགོས་ཚུལ་གྱི་བསླབ་སྟོན་སྩལ། དཔལ་འཁོར་ཆོས་སྡེ། བཀྲ་ཤིས་ལྷུན་པོ། དབེན་དགོན། རོང་བྱམས་ཆེན། སྙེ་ཐང་སོགས་སུ་མཆོད་འབུལ་མཇལ་ཞུ། མང་འགྱེད་གང་འོས་བསྒྲུབས་ནས་དགུན་ཆོས་ཀྱི་མཇུག་ཙམ་ལ་འབྲས་སྤུངས་སུ་འབྱོར། དགུང་ལོ་བཅོ་བརྒྱད་པ་ས་ཕག་གནམ་ལོ་གསར་ཚེས་ལ་རྩེ་ནས་བཞུགས་གྲྭར་ཕེབས་དགོས་ཀྱི་བཀའ་གནང་བ་ལྟར། དེ་ནས་བཟུང་སྟེ་ལོ་རེ་བཞིན་ཕེབས་དགོས་པ་བྱུང༌། རྒྱལ་བའི་དབང་པོ་པད་དཀར་འཆང་བ་བློ་བཟང་འཇམ་དཔལ་རྒྱ་མཚོར་དངུལ་སྲང་སུམ་བརྒྱ་དང་ལྔ་བཅུ། རྟ་བརྒྱ། གོས་དར་སོགས་འབུལ་བའི་མཆོད་སྤྲིན་དང༌། རྒྱལ་ཚབ་ཚ་རྡོར་ནོ་མོན་ཧན་ལ་དངུལ་


GTD008_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་བརྒྱ་སོགས་ཀྱི་དངོས་འབུལ་བཏེག །གཞུང་ནས་བཞུགས་ཁྲི་རྒྱབ་ཡོལ་དཀར་སྤྲོའི་གཞིས་ལེན་གང་རྒྱས་མཛད། ལྷ་ལྡན་སྨོན་ལམ་ལ་མང་ཇ་གཉིས་དང་དངུལ་སྲང་སྟོང་དང་དྲུག་བརྒྱ་ལྷག་གིས་དངུལ་ཞོ་རེའི་འགྱེད། ཟམ་སོ་དགུ་བརྒྱ་ལྷག་གིས་གསུང་ཆོས་རྭ་བ་དྲུག་སྟོང་བརྒལ་བར་རས་འགྱེད། འབྲས་སྤུངས་ཚོགས་ཆེན་ལ་དངུལ་ཞོ་འགྱེད། སྒོ་མང་གྲྭ་ཚང་ལ་ཞོ་གསུམ་རེ། སེ་ར་དགའ་ལྡན་གཉིས་ལ་དེ་མཚུངས་ཀྱི་རས་འགྱེད་བཏང༌། སྨོན་ལམ་གྲོལ་རྗེས་རྒྱལ་དབང་རིན་པོ་ཆེ་ནས་བཀའ་ཕེབས་པ་ལྟར་པོ་ཏ་ལའི་གཟིམས་ཆུང་དུ་གུང་ཚིགས་ལྷན་རྒྱས་ཀྱི་དགྱེས་གཟིགས་དང༌། སྐུ་གསུང་ཐུགས་རྟེན་ན་བཟའ་ཉེར་སྤྱད་ཀྱི་གནང་སྒོ་ཕུན་སུམ་ཚོགས་པས་གཟེངས་བསྟོད། རིགས་གྲྭ་ལ་ཡང་འབྲས་སྤུངས་ཚོགས་ཆེན་ལ་སྐར་ལྔ་རེའི་འགྱེད་གནང་བ་དབུས་བཞུགས་ཀྱི་རིང་ལ་ལོ་ལྟར་ཆག་མེད་མཛད། དུས་རྒྱུན་དུ་ཆོས་ཐོག་ལ་ཆོས་གྲྭ་ཆག་མེད་དང༌། ཆོས་མཚམས་ལ་འཛིན་སྐྱོར་སྦྱངས་ཉིན་རེར་ཡང་ཐང་ལྷོད་མེད་ངོས་ནས་འགྲེལ་པ་དོན་གསལ། གསེར་འཕྲེང་གི་དགེ་འདུན་ཉི་ཤུ །དཔོན་སློབ་ཆོས་གྲགས་པའི་རྟེན་འབྲེལ་སོགས་ཐུགས་འཛིན་དང་ཡིག་ཆ་སོ་སོ་ལ་ཞིབ་གཟིགས་མཛད། ཞི་ཞིང་དུལ་བའི་ཀུན་སྤྱོད་ལྷན་སྐྱེས་སུ་འགྲོགས་ཤིང༌། མཐོ་རིས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་སྐུ་མཐོང་བ་དང༌། རྩོད་ངག་གི་བརྗོད་པ་དག་ཅིང་གསུང་གདངས་མཐོ་ལ་སྙན་པ་ཐོས་པ་དང༌། རིགས་པའི་འཕྲུལ་གྱིས་ལོག་རྟོག་གཞོམ་པའི་ཡོན་ཏན་གྱིས་བློ་ལྡན་གཟུར་གནས་ཡོངས་ཀྱི་མིག་ཡིད་རྣ་བ་བདུད་རྩིའི་གཏེར་དུ་བསྒྱུར། དགུན་ཆོས་ལ་གཞུང་གསར་གོང་དུ་ཕེབས། དགུང་ལོ་བཅུ་དགུ་པ་ལྕགས་བྱི་ལ་རྩེའི་མཇལ་ཁ་དང་ལྷ་ལྡན་སྨོན་ལམ་གྱི་ཚོགས་ལ་ཕེབས་ཤིང༌། ཇོ་ཤཱཀ་ལ་ཕྱག་མཆོད། གྲྭ་སྐོར་ལ་


GTD008_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་རྟོག་དང་བགྲོ་གླེང་ལ་བཞེངས་པར་མཛད། ཆོས་གྲྭ་ཆག་མེད་ངོས། གསེར་འཕྲེང་གི་སྐབས་དང་པོ། ཡིག་ཆའི་ཕར་ཕྱིན། ལེགས་བཤད་སྙིང་པོའི་སྟོད་ཆ་སོགས་ཐུགས་འཛིན་མཛད། དགུན་ཆོས་ལ་འཛིན་གྲྭ་སྐབས་དང་པོར་ཕེབས། དགུང་ལོ་ཉི་ཤུ་པ་ལྕགས་གླང་ལ་རྩེའི་མཇལ་ཁ་དང་ལྷ་ལྡན་སྨོན་ལམ་མ་གཏོགས། སྐྱོར་སྦྱངས་རྩོད་གྲྭ་སྔར་རྒྱུན་ལྷོད་མེད་དང༌། དྲང་ངེས་རྣམ་འབྱེད་ཆེན་མོ་ཐུགས་འཛིན་མཛད། དགེ་རྒན་སོག་པོ་རབ་འབྱམས་པ་གཤེགས་ནས་བྱ་བྲལ་དཀའ་བཅུ་མཆོག་ལྡན་བཅར་བཞུགས་ཀྱི་ཆེད་དུ་སྐུ་མདུན་དུ་བཞག །ཁོང་གིས་འདུལ་བའི་ཀུན་སྤྱོད་དང་གང་མཐུན་གྱི་ཕྱག་གཡོག་དང༌། སྐྱོར་སྦྱངས་ཀྱི་ཚེ་དཔེ་འདོན་བྱས་ནས་སྐྱོར་གྲོགས་དང༌། དཔེ་གཟིགས་ཀྱི་རྟིང་བསྐུལ་དང༌། ཞབས་འདེགས་གང་ལེགས་ཞུས་པ་ལྟར་རྒྱ་འགྲེལ་ཉེར་གཅིག་དང་བཀའ་གདམས་གཞུང་དྲུག་སོགས་རྒྱ་གཞུང་དུ་མ་དང༌། གླེགས་བམ་རིན་པོ་ཆེ་སོགས་བཀའ་གདམས་ཀྱི་གཞུང་དུ་མ་ལ་ཞིབ་གཟིགས་དང༌། ཐོས་དོན་རང་རྒྱུད་ལ་སྦྱོར་བར་མཛད་པས་དགེ་བཤེས་རྒན་གཞོན་སུས་ཀྱང་འགྲན་མེད་ཀྱི་མཁྱེན་རབ་གཏིང་མི་དཔོག་པར་གྱུར་པ་ཀུན་ལ་ཡོངས་སུ་གྲགས་སོ། །དགུན་ཆོས་ལ་ཕར་ཕྱིན་སྟོན་མོ་བར་ཕེབས། སྔ་ཕྱི་འདི་དག་ཏུ་སེ་འབྲས་དགེ་གསུམ་གྱི་ཡིག་ཆ་སོ་སོར་ཇི་ཙམ་གཟིགས་པ་དེ་ཙམ་དུ། རང་རེའི་ཡིག་ཆ་ལ་ཐུགས་ངེས་ཇེ་ཆེར་སོང་གསུངས། དགུང་ལོ་ཉེར་གཅིག་པ་ཆུ་སྟག་ལ། བསམ་གཟུགས་ལེགས་བཤད་བུམ་བཟང་ཐུགས་འཛིན་དང་ས་སྡེ་ལ་ཞིབ་གཟིགས་མཛད། སྨོན་ལམ་སྐབས་མ་གཏོགས་ཆོས་ཐོག་ཆོས་མཚམས་ལ་སྐྱོར་སྦྱངས་རྩོད་གྲྭ་ཆུ་བོའི་རྒྱུན་བཞིན་ལྷོད་མེད་མཛད་པས་རྣམ་དཔྱོད་ཀྱི་ཀློང་རྡོལ་


GTD008_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། གསོལ་དཔོན་རབ་འབྱམས་པས་བྱ་བྲལ་ཆོས་འབྱོར་སོགས་དགེ་བཤེས་གྲགས་གང་ཆེ་སྐུ་མདུན་དུ་བོས་ནས་འཕྲོས་པ་གནང་བཅུག་ཀྱང༌། རྒྱ་གཞུང་དང་དཀའ་གནད་ལ་འཇུག་པ་ཉུང་ཞེས་གསུངས་པ་ཐོས་ཏེ་གྲགས་སྐམ་ཙམ་གྱིས་ཐུགས་མི་ཁེངས་ཤིང༌། གཞན་དང་མི་མཉམ་པའི་མཁྱེན་དཔྱོད་ཀྱི་གཏེར་དུ་གྱུར་པའི་ཁྱད་ཆོས་བླ་ན་མེད་པའོ། །སྔ་ཕྱི་འཛིན་གྲྭ་གཏུག་སྐབས་དང། ཚོགས་གླེང། ལྷ་རམས་པ་སོ་སོའི་གྲྭ་སྐོར་སོགས་དམ་བཅའ་ཆེ་ཆུང་གང་གི་སྐབས་སུ་ཡང་མཁས་པ་དང། དགེ་བཤེས་དང། རིགས་སྨྲར་རློམ་པ་སུས་ཀྱང་ཇི་ལྟར་བསྒྲིམས་ཏེ་གཡོ་ཟོལ་སོགས་ཐབས་ཅི་བྱས་ཀྱང་གླགས་མི་རྙེད་པར་མ་ཟད་གུས་པས་ཞབས་སྤྱི་བོར་མ་བླངས་པ་གཅིག་ཀྱང་མེད་པར་ཀུན་གྱིས་མགྲིན་གཅིག་ཏུ་གླེང། གང་གི་བརྒལ་བརྟགས་གནམ་ལྕགས་ཐོག་མདའ་བཞིན། །ཕྱི་རྒོལ་དམ་བཅའ་བྱེ་མའི་ཕུང་པོ་བཞིན། །མཁྱེན་པ་མཁའ་བཞིན་བྱམས་བརྩེ་ཆུ་འཛིན་བཞིན། །རྣམ་འགྱུར་གློག་བཞིན་སྙན་གྲགས་འབྲུག་སྒྲ་བཞིན། །ཕྱིས་སུ་ཞལ་ནས། རྩོད་གྲྭ་བྱེད་དུས་བསྟན་པ་རིན་པོ་ཆེ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་བསལ་བ་དང། རང་གཞན་གྱི་བློ་ཕྱིན་ཅི་ལོག་སུན་ཕྱུང་ནས་ཡང་དག་པའི་རྟོགས་པ་འཕེལ་བ་དང། རང་རྒྱུད་འདུལ་བའི་ཐབས་སུ་བརྒལ་ཞིང་བརྟག་པ་བྱེད་དགོས་པ་ཡིན། ངས་ཀྱང་རྙེད་བཀུར་སྙན་གྲགས་བདག་རྒྱལ་གཞན་ཕམ་སོགས་ཀྱི་ཀུན་སློང་སྤངས་གང་ཐུབ་བྱས་པ་ཡིན་གསུངས། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་རྒྱལ་བའི་དབང་པོ་པད་དཀར་འཆང་བ་བློ་བཟང་འཇམ་དཔལ་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་སྤོང་བདུན་ནོར་བུའི་བང་མཛོད་ཐུགས་གསང་ཟ་མ་ཏོག་ཏུ་ཅིར་ཡང་གཏམས། འཕགས་པའི་རིགས་བཞི་དང་དགེ་སྦྱོང་གི་ཆོས་བཞི་ལས་མི་ཉམས་


GTD008_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦྱངས་པའི་ཡོན་ཏན་ལྷུར་བཞེས་ཤིང། སྔ་ཆབ། ཕྱི་ཆབ། ཡོ་བྱད་བྱིན་རླབས་སོགས་འདུལ་བའི་ལག་ལེན་ཕྲ་མོ་རེ་ཡང་མ་ཉམས་པར་ཕྱག་ལེན་དུ་བཏབ་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་གནས་བརྟན་ཉེ་བར་འཁོར་ལྟ་བུར་གྱུར། ཕྱག་མཛོད་རབ་འབྱམས་པ་དགེ་འདུན་གྲགས་པ་ཞི་བར་གཤེགས་པའི་དགེ་སྒྲུབ་རྒྱ་ཆེར་མཛད་ཅིང༌། ཐུགས་ངལ་བའི་སྐྱོ་ཤས་ཀྱི་སྟོབས་ཀྱིས་ཐུགས་བརྩོན་ལྷག་པར་བོགས་ཐོན་པ་བྱུང༌། གསེར་འཕྲེང་གི་སྐབས་ཕལ་ཆེར་དང༌། རྣམ་བཤད་སྙིང་པོ་རྒྱན་གྱི་ཚིག་དོན་རྣམས་ཡིག་ཆ་ངེས་པ་ཞིག་གིས་ཐལ་འཕྲེང་ལ་བསམ་བློ་བཏང་བ་ལྟར་ནོར་འཁྲུལ་མེད་པ་ཐུགས་ལ་ངེས་ཤིང༌། གྲྭ་ས་སོ་སོའི་ཡིག་ཆའི་ཚིག་རིས་ཐམས་ཅད་མ་འདྲེས་པར་ཞིབ་པར་མཁྱེན་པས་ཕར་ཕྱིན་སྟོན་མོའི་གྲྭ་སྐོར་སྐབས་འཛིན་གྲྭ་གང་དུ་ཡང་འཁོར་གསུམ་མ་སོང་བར་གླེང༌། ལྗོངས་འདིར་བགྲང་ཡས་རིགས་སྨྲ་འདུས་སྡེའི་ཁྲོད། །བཀྲ་ཤིས་སྒོ་མང་མཚན་སྙན་སྲིད་རྩེར་བརྒལ། །དེར་ནི་མཁས་མང་སྤྲིན་ལྟར་འཁྲིགས་པའི་དབུས། །ཁྱོད་ཉིད་རྒྱལ་མཚན་ཏོག་ལྟར་ལྷང་ངེར་གསལ། །དགུང་ལོ་ཉེར་གཉིས་པ་ཆུ་ཡོས་ལ་རྩེའི་མཇལ་ཁ་དང༌། ལྷ་ལྡན་སྨོན་ལམ་གྱི་སྐབས་མ་གཏོགས་ཆོས་གྲྭ་ཆག་མེད་དང༌། སྐྱོར་སྦྱངས་ཆུ་བོའི་རྒྱུན་ལྟ་བུ་མཛད། དབུ་མ་ལུང་རིགས་གཏེར་མཛོད་དང༌། ལེགས་བཤད་སྙིང་པོ་ཐུགས་འཛིན་གནང། རིགས་ཚོགས་འགྲེལ་བཅས་ཐུགས་ལ་བྱང་བའི་སྟེང་ནས་སྐྱོར་སྦྱངས་དང་དཔྱད་པ་ཟུང་དུ་འབྲེལ་ཞིང༌། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། ལྷག་མཐོང་གི་ཚོགས་ཚང་བར་གྲུབ་པའི་མཐུས་ཀླུ་སྒྲུབ་ཡབ་སྲས་ཀྱི་ཐུགས་བཅུད་རྩ་འཇུག་བཞི་གསུམ་


GTD008_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་གཏན་ལ་ཕབ་པ་ལྟར་ཡང་དག་པའི་ལྟ་བ་ཕྱིན་ཅི་མ་ལོག་པར་རྙེད་པའི་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། ཟབ་མོ་རྟེན་འབྱུང་གཟིགས་པའི་རྣམ་དཔྱོད་ཀྱིས། །དངོས་པོར་སྨྲ་བའི་གླང་ཆེན་འདར་བྱེད་ན། །དེང་དུས་སྨྲ་མཁས་རི་དྭགས་ཚོགས་རྣམས་ཀྱིས། །འགྲན་དུ་མེད་ཅེས་བསྔགས་པ་བྱིས་པའི་གཏམ། །སྐབས་དེར་ལྷ་རམས་པའི་མཚན་བཏགས་གཏད་པའི་སྟབས་ཀྱིས་བཀའ་རམས་འཛིན་གྲྭར་ཕེབས་ཏེ་མངོན་པ་གོང་འོག་དང་འདུལ་བའི་རྒྱ་གཞུང་ཆེན་མོ་རྣམས་གཙོ་བོར་བཟུང༌། བོད་ཀྱི་མཁས་པ་སྔ་ཕྱིའི་གཞུང་ཞིབ་གཟིགས་དང༌། མཛོད་འདུལ་གྱི་རྩོད་པ་མཉམ་འགྲོ་བྱས་ཏེ་འགྲེལ་པ་དོན་གསལ། བྱམས་ཆོས་སྡེ་ལྔ། དམིགས་བརྟགས། ཉི་ཤུ་པ། སུམ་ཅུ་པ། མཛོད་རྩ། མདོ་རྩ་བ། གྲུབ་མཐའ་རྩ་བ། ཀུན་གཞི་རྩ་བ། ཚིག་གསལ་ཐལ་བཟློག་སོགས་དང༌། དགོངས་པ་རབ་གསལ་གྱི་ས་བཅད་དང་འཇུག་པ་སྦྲགས་ནས་སྐྱོར་སྦྱངས་རྒྱུན་དུ་གནང༌། གཞན་ཡང་དབུ་ཚད་མངོན་པའི་རྒྱ་གཞུང་མང་པོ་ཐུགས་འཛིན་གནང་སྟེ། ཆོས་མཚམས་རྣམས་ལ་དགུང་རེ་བཞིན་ཤོག་གྲངས་བརྒྱ་དང་སུམ་ཅུ་རེ་མ་མཐའ་ངེས་ཅན་བྱས་ནས་སྐྱོར་སྦྱངས་དང་སྡུག་རུས་བྱས་པ་ཡིན་པམ་པམ་བྱས་ནས་བསྡད་པ་མིན། ཞེས་ཚོགས་གཏམ་ལ་གནང༌། སྐབས་འདི་དག་ཏུ། གསེར་ཕྲེང་དང༌། རྣམ་བཤད་སྙིང་པོ་རྒྱན། རྩ་འཇུག་གི་རྣམ་བཤད་ཆེན་མོ་གཉིས་སོགས་ཕལ་ཆེར་ཚིག་དོན་ཐུགས་ལ་བྱང་ཞིང༌། དཀའ་ཆེན་བཞིའི་འཕགས་ཡུལ་གྱི་གཞུང་རྩ་འགྲེལ་དང༌། རྗེ་ཡབ་སྲས་ཀྱི་ཡིག་ཆ་ཕལ་ཆེར་དཀྱུས་གཅིག་ལ་མཐར་ཆགས་སུ་ཐུགས་ཐོག་ནས་མི་ཐོན་ན་ཡང་གང་གླེང་བསླངས་པའི་ཐད་ཀའི་ཚིག་ཕལ་ཆེར་ཐུགས་ནས་ཤར་ཤར་ཐོན་པ་དང༌།


GTD008_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྣམས་ཝལ་གྱིས་ས་ལེར་འཆར་ཐུབ་པ་ཡོད་གསུངས་ཤིང༌། རྣམ་ཐར་སྤྲིང་ཡིག་ལས་ཀྱང༌། གཞུང་ཆེན་སོ་སོའི་རྩ་བ་རྒྱ་བོད་ཀྱི། །འགྲེལ་པ་མཐའ་དཔྱོད་བཅས་ལ་སྦྱངས་པ་ཡིས། །ཤེས་ལོ་ཐོས་ལོའི་རྣམ་གྲངས་བརྒྱ་ཕྲག་བརྒལ། །རྩྭ་སྦུར་མེ་མཆེད་ལྟ་བུའི་རྣམ་ཐར་ཡིན། །ཞེས་ཁེངས་སྐྱུང་དང་བཅས་གསུངས་པ་ལྟར་རོ། །རྒན་གཞོན་ཀུན་གྱིས་དྲི་གཏུགས་དང་དོགས་པ་གཅོད་པའི་ཡུལ་དུ་གྱུར་ཅིང༌། དཔེ་ཁྲིད་ཞུ་མི་ཤིན་ཏུ་མང་པོ་བྱུང་བ་ལ་ཡང་སྐྱོ་ངལ་མེད་པར་བློ་ལྡན་དོན་གཉེར་བ་རྣམས་ཀྱི་རྣམ་པར་དཔྱོད་པའི་གྲུ་རྫིངས་ལེགས་བཤད་རིན་པོ་ཆེས་འགེངས་པར་མཛད་པར། དེ་ཡི་མོད་ལ་རྟོག་གེས་ཁེངས་པའི་ཀུ་མུད་ཀྱི་ཚོགས་ཟུམ་སྟེ་དད་པའི་ཆུ་སྐྱེས་ཀྱི་འཕྲེང་བ་ཆེར་བཞད་པས་གྲགས་སྙན་གྱི་བུང་བ་ཐུབ་བསྟན་དབྱར་གྱི་དཔལ་མོའི་མཛེས་རྒྱན་དུ་གྱུར། ཐུབ་པའི་གདུང་འཚོབ་དམ་པ་གངས་ཅན་གྱི་ཉེ་བར་འཁོར་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་ལྷ་སར་ཕེབས་པ་ནས་བཟུང་ཞབས་སྤྱི་བོར་བླངས། གནས་ཀྱི་བླ་མའི་ཚུལ་དུ་བྱ་བ་རྣམས་ཞུས་ཤིང༌། སྡོམ་པ་གསུམ་གྱི་བསླབ་བྱ་བསྔོ་བགྲང་དང་ཡོ་བྱད་བྱིན་རླབས། ནུབ་ལྷག་གཅོད་པ། སྔ་ཆབ། ཕྱི་ཆབ། རུང་ཆུ་འདེབས་པ་སོགས་ཀྱི་ཕྱག་ལེན་ཕྲ་མོ་རྣམས་ཀྱང་བླ་མའི་རྣམ་ཐར་ཇི་ལྟ་བ་བཞིན་མཛད། ཕྱིས་མདོ་སྨད་དུ་བྱོན་ནས་ཀྱང་ལྟུང་བའི་ཆ་ཕྲ་མོ་ལ་ཡང་འཛེམ་པ་དང༌། འདུལ་བའི་ལག་ལེན་ཕྲ་མོ་རེར་ཡང་ནན་ཏན་གྱི་ངང་ཚུལ་དེ་ཁོ་ན་ལས་མི་འདའ་བར་མཛད་པས་ཡོ་བྱད་བྱིན་རླབས་དང༌། ལྟུང་བ་བསྔོ་བགྲང་ལ་བརྩོན་པའི་ཆོས་མཐུན་གྱི་སྐྱེ་བོ་དབྱར་གྱི་མེ་ཏོག་ལྟ་བུར་འཕེལ། རྗེ་དེ་ཉིད་ལ་ལམ་རིམ་བདེ་ལམ་གྱི་ཁྲིད་ཞིབ་རྒྱས་དང༌། མན་ངག་


GTD008_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་ལྷུག་པར་མནོས། བདེ་ལམ་ལ་ཟིན་བྲིས་མཛད་ཀྱང་འབྲས་སྤུངས་སུ་ཆོས་ཐོག་ཚུགས་པའི་སྟབས་ཀྱིས་མཇུག་ཅུང་ཟད་ལུས། བདེ་མཆོག་ལཱུ་ཨི་པའི་དབང་དང་བསྐྱེད་རྫོགས་ཀྱི་ཁྲིད་ཞལ་ཤེས་དང་བཅས་པ་དགྱེས་བཞིན་དུ་གནང་བས་དེ་ནས་བཟུང་སྟེ་ཐུགས་དམ་གྱི་སྙིང་པོར་མཛད་ཅིང་མན་ངག་བཀའ་བབས་ཀྱི་བུ་ཆེན་དུ་སྣང༌། འཇམ་དཔལ་ཞལ་ལུང་གི་ཁྲིད་གནང་སྐབས་གྲྭ་ཚང་གི་ཆོས་ཐོག་གི་སྟབས་ཀྱིས་ཕེབས་མ་ཐུབ་ཀྱང་ཆོས་ཐོག་གྲོལ་མ་ཐག་ཡོངས་འཛིན་རིན་པོ་ཆེ་ཉིད་ནས་འབོད་པ་གནང་སྟེ་ལྷག་མཐོང་གི་གསུང་བཤད་དཔྱིས་ཕྱིན་པ་རྒྱས་པར་སྩལ་བ་ལ་ཟིན་བྲིས་ཐར་ལམ་སྣང་སྒྲོན་ཞེས་བྱ་བ་མཛད། རྗེ་རང་ཉིད་ཀྱིས་ཆེད་དུ་གཉེར་ནས་འདུལ་བ་མདོ་རྩའི་བཤད་ལུང་ཞུས་པར་དགྱེས་བཞིན་ཞལ་གྱིས་བཞེས་ཏེ་མཁས་འདུས་ལྔ་སྟོང་སྐོར་ལ་སྒོ་མང་གྲྭ་ཁང་ནས་གནང། མཇུག་ཏུ་ཐུགས་དམ་གྱི་རྟེན་ཐུབ་པའི་དབང་པོའི་སྐུ་བརྙན་དང༌། རྒྱུན་བསྣམས་འཁར་གསིལ་བཅས་གནང་སྟེ་ངེད་དཔོན་སློབ་འདི་ཙམ་ཞིག་གིས་ཆོས་འཆད་ཉན་བྱེད་རྒྱུ་བྱུང་བ་ཁྱེད་ལ་བརྟེན་པ་ཡིན་པས་བསོད་ནམས་ཆེ་གསུངས་ཏེ་རྒྱུན་དུ་ཡང་མཁས་པ་དང་བཙུན་པའི་ཡོན་ཏན་གྱིས་ཐུགས་འཕྲོག་པའི་དགྱེས་གཟིགས་དང་བསྔགས་བརྗོད་ཟླ་མེད་པ་གནང༌། དྲི་བྲལ་མཁྱེན་ཡངས་རིན་ཆེན་ཀ་ལ་ཤ །འདུལ་བ་འབུམ་སྡེའི་བཅུད་ཀྱིས་གཏམས་པ་གང༌། །རྨོངས་པའི་དྲི་མ་འཆལ་ཚུལ་གདུང་བ་དང༌། །ལྷན་ཅིག་དག་བྱེད་བདུད་རྩིའི་འདོད་པ་འཇོ། །མཁས་མང་བྱེ་བའི་ལྷག་བསམ་འོ་མའི་མཚོ། །ཁྱོད་བཞེད་ཨ་མྲའི་གྲོགས་སུ་གྱུར་པ་ལྟར། །དགག་པའི་ཚིག་ཀྱང་ལེགས་བཤད་དགའ་སྟོན་ལ། །སྐལ་བཟང་མགྲོན་དུ་འགུགས་པའི་ལྕགས་ཀྱུར་སོང༌། །རྟེན་འབྲེལ་རྐྱེན་རྣམས་བློ་ཡིས་བཏགས་པ་ཙམ། །བཏགས་ཙམ་གྱིས་ཀྱང་


GTD008_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་བྱ་བ་བྱེད། །དེས་ན་སྲས་བཅས་རྒྱལ་བས་འགྲོ་བ་རྣམས། །སྐྱོང་བའི་འཕྲིན་ལས་ལྷུན་གྱིས་གྲུབ་འདི་སོམས། །དགུང་ལོ་ཉེར་གསུམ་པ་ཤིང་འབྲུག་ལ་ཡང་རྒྱལ་བའི་དགོངས་པ་དང་མཐུན་པར་ཚུལ་ཁྲིམས་རྣམ་དག་གིས་གཞི་བཟུང་བའི་ཐོས་བསམ་གཤའ་མ་སྔར་རྒྱུན་ལྟར་གནང་བས་གསུང་རབ་མཐའ་དག་གདམས་པར་གཟིགས་པའི་མཁྱེན་དཔྱོད་ཀྱིས་འཆད་རྩོད་རྩོམ་གསུམ་ལ་མི་འཇིགས་པའི་སྤོབས་པ་བརྙེས་པ་ཀུན་ལ་མཐུན་སྣང་དུ་གྲུབ། ཡབ་རྗེ་ཀུན་མཁྱེན་བླ་མ་དབུས་གཙང་དུ་འབྱོན་པའི་གཏམ་གསན་པས་ཐུགས་དགའ་བདེས་ཁྱབ་ཅིང་ཐོས་བརྩོན་ལྷག་པར་འཕེལ་ཏེ་མདོ་སྔགས་རིག་གནས་ལ་གཟིགས་པ་རྒྱ་ཆེན་པོ་མཛད། སྐབས་འདིར་ཕེབས་བསུའི་གྲ་སྒྲིགས་ཀྱིས་ཆོས་ཐུན་གཅིག་ཆག །སྔར་རབ་འབྱམས་པ་གཤེགས་སྐབས་ཆོས་ཐུན་གཅིག་ཆག་པ་བཅས་ཆོས་ཐུན་གཉིས་མ་གཏོགས་འདི་བར་ཆོས་གྲྭ་ཆག་མ་མྱོང་གསུངས། ཕེབས་བསུར་བྱོན་ཏེ་དབུ་མ་བཀྲ་ཤིས་ཐང་ནས་མཇལ་ཏེ་ཡབ་སྲས་ཞལ་འཛོམ། ལྷ་སར་འབྱོར་བའི་ཉིན་ཐབ་བསུ་ཡང་ཕུལ་ཞིང་སྐུ་མདུན་དུ་ནར་མར་འབྱོན་བཞུགས་མཛད། ཀུན་མཁྱེན་མཆོག་དང་མཉམ་དུ་ཀློང་རྡོལ་གྲུབ་དབང་རིན་པོ་ཆེར་བཀའ་གདམས་གླེགས་བམ་དང༌། རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ལུང་སོགས་གསན། ཀློང་རྡོལ་རིན་པོ་ཆེ་ནས་ཀུན་མཁྱེན་མཆོག་ལ་བཀའ་ཆོས་ཞུས་པ་ཡང་ཕལ་ཆེར་མ་ཆག་པ་མཛད། ཀུན་མཁྱེན་མཆོག་གི་དྲུང་ནས་ས་རྒྱན། མཛོད་འདུལ། ས་སྡེ་སོགས་འཕགས་བོད་ཀྱི་གཞུང་གི་དཀའ་གནད་དུ་མ་དང༌། ཁྱད་པར་དུ་རྩ་འཇུག་གི་རྣམ་བཤད་ཆེན་མོ་གཉིས་ལ་ཞིབ་དཔྱོད་ཀྱི་དྲི་གཏུགས་ནན་ཏན་མཛད་པས་ཕྱོགས་སྔའི་ལྟ་


GTD008_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་སུན་ཕྱུང་སྟེ། ཕྱི་ནང་གི་གྲུབ་མཐའ་ཡོངས་ཀྱི་གཞི་ལམ་འབྲས་གསུམ་གྱི་གནས་ཚུལ་ལག་མཐིལ་གྱི་རྫས་ལྟར་གསལ་བར་གྱུར། ཞལ་ནས། སྐུ་ཞབས་རིན་པོ་ཆེ་ནས་ང་རང་ལ་དོན་གྱི་སྤྱི་ཁོག་གམ། གཞུང་ཆེན་པོ་ཞིག་གི་གཞི་རྟེན་མེད་པར་དཔེ་མང་ཀློག་པ་འདི་ཤེས་རབ་འཆལ་བའི་རྒྱུ་ཡིན། རྗེའི་གསུང་རབ་གཞིར་བཞག །གཞུང་ཐམས་ཅད་ཀྱི་དགོངས་དོན་གཅིག་ཏུ་བསྒྲིལ་ནས་དཔྱད་དགོས་ཞེས་བཀའ་ཕེབས་པ་འདི་ཤིན་ཏུ་གལ་ཆེ་གསུངས། དེར་མ་ཟད་དཔེ་ཆ་གང་བྱུང་ཚད་ལ་བལྟས་ན་ད་ལྟ་ལྟ་བ་སྙིགས་མར་སོང་བའི་དབང་གིས་སེམས་ལད་དེ་བློ་སྣ་ཕྱིན་ཅི་ལོག་ཏུ་འགྲོ་བས་ལྟ་མི་ཉན་དོན་ལྡན་ལ་བསམ་རྒྱུ་དང་དྲན་རྒྱུ་གང་ཡང་མེད་པར། དོན་མེད་ལ་དྲན་རྒྱུ་མང་རིག་པ་རྣོ་བ་འདི་ལྟ་བ་སྙིགས་མ་ཡིན་པའི་རྟགས་ཡིན་ཞེས་ཡོངས་འཛིན་རིན་པོ་ཆེ་ནས་ཀྱང་གསུང་བར་ཞལ་ནས་ཐོས། ཀུན་མཁྱེན་མཆོག་དང་ལྷན་དུ་མཆོད་མཇལ་མཛད་སྐབས་ཤིག་ཀུན་མཁྱེན་རིན་པོ་ཆེ་ནས་འཇམ་དབྱངས་ཁོ་ཡོན་མ་ལ་སྙན་ཤལ་ཕུལ་བ་གྱང་ལོགས་ལ་འབྱར་བ་ཀུན་གྱིས་མཐོང་ཞིང༌། རྗེ་འདི་ཉིད་ཀྱིས་སྙན་དར་ཕྱག་ཏུ་བཞེས་པ་དངོས་སུ་གཟིགས་པར་གསུང་ཟུར་ལས་ཤེས་པས། གཡོ་མེད་གསལ་བའི་ཏིང་འཛིན་ཆུ་གཏེར་ལ། །དག་པའི་ཟླ་སྣང་འཆར་བ་མང་མོད་ཀྱང༌། །རྒྱལ་བའི་གསང་གསུམ་རོལ་མཚོར་ཐོགས་མེད་དུ། །འཇུག་པའི་སྤོབས་ལྡན་སར་གནས་རྒྱལ་སྲས་ཉིད། །དགུང་ལོ་ཉེར་བཞི་པ་ཤིང་སྤྲུལ་ལ་ཡབ་སྲས་ལྷན་རྒྱས་ནས་ལོ་གསར་གྱི་དགྱེས་སྟོན་རྟེན་འབྲེལ་ཆེ་བ་མཛད། རྩེའི་མཇལ་ཁ་སྨོན་ལམ་ཆེན་མོའི་སྐབས་ཀྱི་མཛད་པ་སོགས་སྔར་རྒྱུན་ལྟར་དང༌། རྗེ་ཡབ་སྲས་ཀྱི་གསུང་རབ་གཞིར་བཟུང་ནས་རྒྱ་གཞུང་ཚད་ལྡན་རྣམས་ཁོག་བསྡུར་སེ་འབྲས་དགེ་གསུམ་གྱི་


GTD008_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཆ་དང༌། བོད་ཀྱི་མཁས་པ་སྔ་མ་སོ་སོའི་གསུང་ལ་གཟིགས་རྟོག་གནང་བས་བཤད་པ་ཡང་དག་དང་ལྟར་སྣང་གི་ཁྱད་པར་དང༌། རྗེ་བླ་མའི་རིང་ལུགས་ཀྱི་གནད་ཕྲ་ཞིང་ཕྲ་བ་ཡང་མ་འདྲེས་པར་འབྱེད་པ་དང༌། ཚིག་གཅིག་གི་དོན་ལ་ཡང་མདོ་སྔགས་ཐམས་ཅད་སྡུད་པའི་ནང་བྱན་ཆུད་པ་བྱུང༌། འདི་ཡང་རྒྱལ་བ་འབྲོམ་གྱི་གསུང་ལས། ང་ཐོས་པའི་དུས་ན་བསམ་སྒོམ་གཉིས་ཀ་བདོ། །ང་བསྒོམ་པའི་དུས་ན་ཐོས་བསམ་གཉིས་ཀ་བདོ། །ཞེས་པ་ལྟར་གྱི་ཐོས་བསམ་སྒོམ་གསུམ་གཅིག་གྲོགས་སུ་གཅིག་འགྲོ་བ་དང༌། གཅིག་གེགས་གཅིག་གིས་སེལ་བ་ཞིག་བྱུང་ན་ཀུན་མཁྱེན་བླ་མའི་རྣམ་ཐར་ལས། རྒྱས་སྲས་ཆེན་པོ་ཉི་ཐང་བླ་མ་ཤེས་རབ་སྦྱིན་པ་དཔེ་གཟིགས་ཀྱི་སྒོ་ནས་རྟོགས་པ་མཐོ་བར་བསྔགས་པ་ལྟར་ལུང་གི་དོན་སེམས་རྒྱུད་དང་འདྲེས་པའམ་ལུང་དོན་རྒྱུད་ལ་སྐྱེས་པ་ལ་རྟོགས་པའི་ཡོན་ཏན་ཞེས་བྱ་ལ། དེ་འདྲའི་ཡོན་ཏན་དེ་ཡང་གསུང་རབ་གདམས་ངག་ཏུ་ཤར་བའི་དཔྱད་སྒོམ་ལ་རག་ལས་པས་མཚན་ཉིད་ཀྱི་རིགས་ལམ་འདི་ནི་བུག་སྒོ་འདག་སྦྱར་དང༌། ལུས་གནད་ལྟ་སྟངས་སོགས་ལ་མི་ལྟོས་པར་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཐབས་རྨད་དུ་བྱུང་བར་ཤེས་དགོས་ཏེ། བྱང་ཆུབ་ལམ་རིམ་ཆེན་མོ་ལས། གཞུང་ལུགས་ཆེ་ལ་ལོ་མང་སྦྱངས་པ་ཡི། །གྲོགས་དག་རང་གི་ནོར་བུ་རིན་པོ་ཆེ། །དོར་ནས་གཞན་གྱི་འཆིང་བུ་མ་ལེན་པར། །རང་ལ་རིན་ཆེན་ཡོད་པ་མཁྱེན་པར་མཛོད། །ཁྱེད་ཀྱིས་སྦྱངས་པའི་གཞུང་ལས་གདམས་པའི་མཆོག །ལོགས་སུ་མེད་པ་གཟིགས་ནས་ཐུབ་དབང་གིས། །མང་དུ་ཐོས་པ་ནགས་ན་བདེ་འོ་ཞེས། །གསུངས་པ་དེ་ཡི་དོན་ལ་བསམ་པར་རིགས། །


GTD008_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཀའ་སྩལ་བའི་དོན་གོ་བར་གྱིས་ཤིག །ལོ་དེའི་དགུན་ཆོས་སྐབས་དངུལ་སྲང་སྟོང་དང་ལྔ་བརྒྱ་མ་ལོང་ཙམ་དང༌། ཁ་དར་སུམ་སྟོང་ལ་ཉེ་བས། འབྲས་སྤུངས་ཚོགས་ཆེན་ལ་མང་ཇའི་ཐོག་དངུལ་ཞོ་འགྱེད། སྒོ་མང་གྲྭ་ཚང་ལ་ཞོ་བཞི་སྐར་ལྔ་རེ་དང༌། ཁ་དར་རེ། སྔགས་པ་གྲྭ་ཚང་ལ་ཉིན་བདེ་མ་རེའི་འགྱེད་དང༌། བྱ་བྲལ་ཁམས་ཚན་ལ་བལ་ཊམ་རེའི་འགྱེད་བཏང༌། སྒོ་མང་གྲྭ་ཚང་ལ་དངུལ་སྲང་བརྒྱའི་རྩིས་ཀྱི་བཟང་གོས་སྣ་ཚོགས་ལས་བསྒྲུབས་པའི་འཕན་ཆ་གཅིག་ཕུལ། གྲྭ་ཚང་གི་དམ་བཅའི་སྐབས་སུ་ལན་མྱུར་ཞིང་ཞིབ་ཆ་ཆེ་བ་དང༌། ཁྱབ་འགྲིགས་སོགས་ནུས་པ་ཆེ་ཞིང་སུ་གང་གི་ཡང་སེམས་ལ་འཆར་དཀའ་བའི་རིགས་ལམ་གཞུང་ཆེན་མོ་དང་མཐུན་པ་ཤ་སྟག་བྱུང་བས་མཁས་པའི་ཡིད་འཕྲོག་པའི་རིན་པོ་ཆེ་ཁོ་ནར་གྱུར། ཞལ་ནས། མིང་བཏགས་སོགས་ཀྱི་སྐབས་སུ་གྲགས་སྐམ་དེ་ཆེ་ངེས་བྱུང་རུང༌། རང་གི་ངོས་ནས་ཐམས་ཅད་ཤེས་སྙམ་པའི་རློམ་སེམས་མེད་པར་མ་ཟད། མི་ཤེས་པ་ཇེ་མང་དུ་སོང་བ་ལྟ་བུ་ཞིག་གིས་ཚེ་གང་པོར་ཐོས་བསམ་བྱས་ན་སྙམ་ཀྱང་ཐོག་ཏུ་མ་ཁེལ་གསུངས། དགུང་ལོ་ཉེར་ལྔ་པ་མེ་རྟའི་སྨོན་ལམ་ཆེན་མོར་དངུལ་སྲང་སྟོང་དང་བརྒྱས་སྐར་ལྔ་རེའི་འགྱེད་དང༌། རས་ལྔ་བརྒྱ་སྐོར་གྱིས་གསུང་ཆོས་རྭ་བར་རས་འགྱེད་བཏང་བས་མཚོན་བོད་ཡུལ་དུ་བཞུགས་སྐབས་འདིར་སྔ་ཕྱིར་གྲྭ་ས་གྲྭ་ཚང་ལ་གཏོང་སྒོ་གནང་བ་ཕྱོགས་བསྡོམས་རགས་རྩིས་ལ་དངུལ་རྐྱང་སྲང་ཁྲི་ཕྲག་ལྷག་དངོས་པོ་སྣ་ཚོགས་རི་གོང་དུ་བསྒྲིལ་བ་སྲང་ཉིས་སྟོང་གི་རྩིས་སོང་ཞིང༌། ལོ་རེ་བཞིན་ལྷ་སར་མཆོད་འབུལ་དང༌། སྐུ་གཟུགས་བཞེངས་པ་དང༌། ཕྱག་དཔེ་གསར་བསྒྲིག་སོགས་ཀྱིས་དབུས་ཕེབས་སྐབས་སུ་ཕྱག་ཏུ་གང་ཡོད་རྣམ་དཀར་གྱི་ཚོགས་སུ་བཏང་ནས་


GTD008_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཚད་དོན་ལྡན་དུ་མཛད་དོ། །ཆགས་མེད་སྤྲིན་ལས་ལྷོད་ལྷོད་བབས་པ་ཡི། །ཟང་ཟིང་ཆར་རྒྱུན་ཡང་ཡང་སྦྲེངས་པ་འདིས། །མང་མང་གདུལ་བྱ་རྫས་ཀྱིས་འབྲེལ་ལྡན་རྣམས། །གང་གང་རེ་འབྲས་དེ་དེར་ཐེ་ཚོམ་མེད། །གྲྭ་སྐོར་གྱི་ཉིན་རྒྱལ་དབང་རིན་པོ་ཆེ་དང༌། ཚ་རྡོར་ནོ་མོ་ཧན་འཁོར་བཅས་ཀྱང་ཁྱམས་རའི་སྟེང་དུ་བཞུགས་གདན་འཇགས། སྙན་གྲགས་ཀྱི་སྟབས་ཁྲོམ་ཆེན་པོ་ཁྱམས་རའི་ནང་དུ་མི་ཤོང་བ་འཛོམ། སྲིད་སྐྱོང་རྒྱལ་ཚབ་མཆོག་ནས་གསུང་གདངས་མཐོན་པོས། བགྲོ་གླེང་བ་རྣམས་ཀྱིས་རིགས་ལུང་གང་ཚ་ཚ་མཛེས་ལམ་སྤུ་ཙམ་ཡང་མ་བྱེད་པར་ཐོངས། སྤྲུལ་བའི་སྐུ་མཛེས་ལམ་གྱི་ཡུལ་མིན་ནོ་ཞེས་དགེ་བཤེས་ཆེན་པོའི་ཉམས་ཐོན་ཞིང༌། གྲགས་པ་དང་དོན་མཐུན་པའི་བཀའ་ཕེབས་པ་ལྟར་སེ་འབྲས་དགེ་གསུམ་གྱི་དགེ་བཤེས་ཡང་རྩེ་ཟེར་ཚད་ཀྱི་བློའི་རྩལ་ཡོད་སྤྲུག་ལྟ་བུ་བྱས་པར། དེ་ཡང་མཁས་གྲུབ་སྨྲ་བའི་ཉི་མས། དེ་ཕྱིར་རྟོག་གེ་རྣོ་ལྡན་པ། །ལེགས་སྦྱངས་རྒོལ་བ་སྟོང་དག་ནི། །ཁྱོད་དྲུང་ལྕེ་རྩེ་མགྲིན་པ་ན། །སྙིང་དང་ལྷན་ཅིག་འདར་བ་བསྟེན། །ཞེས་གསུངས་པ་ལྟར་རྒྱ་བོད་མཁས་པའི་བཤད་སྲོལ་མ་འདྲེས་པར་མཁྱེན་ཅིང༌། རྟོག་གེའི་གསང་ཚིག་སྒྲུབ་དང་སུན་འབྱིན་གྱི་ལམ་སྲོལ་ཕྲ་ཞིབ་གཟིགས་པའི་རིགས་པའི་གློག་འོད་འབུམ་ཕྲག་འཁྱུག་པའི་སྟོབས་ཀྱིས་ཁས་ལེན་འདི་ཤོར་ཟེར་རྒྱུ་གཅིག་ཙམ་ཕར་ཞོག་བགྲོ་གླེང་གང་བཏང་ལ་དོགས་པ་ཆོད་ངེས་ཀྱི་ལན་དང༌། དེའི་སྟེང་དུ་ལུང་འདྲེན་ཤར་ཤར་གནང་བས་རྗེ་ཡབ་སྲས་ཀྱི་གསུང་དང༌། རྒྱ་གཞུང་ཆེན་མོ་རྣམས་ཐུགས་ལ་བྱང་བའི་ཉམས་ཐོན་ཅིང༌། འཁོར་གསུམ་ཙམ་ཡང་བསྐོར་དཀའ་བར་སོང་བས་མཆོག་དམན་ཀུན་གྱིས་རྗེས་སུ་ཡི་རང་བ་འབའ་


GTD008_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གིས་དུས་ཀྱི་མཐའ་འདིར་རྗེ་ཡབ་སྲས་ཀྱི་གྲལ་དུ་འོས་པའི་མཁས་བཙུན་བཟང་འཛོམ་གྱི་སྐྱེས་ཆེན་དམ་པ་འདི་འདྲ་ཕེབས་པ་སྐལ་བ་བཟང་ཞེས་བསྔགས་བརྗོད་བུང་བའི་དབྱངས་སྙན་མཁས་བླུན་ཡོངས་ཀྱི་མགྲིན་པའི་པད་མཚོར་ལྷན་ཅིག་སྐྱེས་པའི་རོལ་མོ་ལྟ་བུར་གྱུར་པ་ནི་དབུས་གཙང་ཆོས་ཀྱི་ཞིང་དུ་གྲགས་པའི་རང་རྟགས་རྨད་དུ་བྱུང་བའོ། །དེ་ལྟར་ཡང་རྣམ་ཐར་སྤྲིང་ཡིག་ལས། གདན་ས་གསུམ་གྱི་མཁས་པའི་མདུན་ས་རུ། །བཀའ་པོད་ལྔ་ཡི་ཟབ་གནད་ཕྲ་ཞིབ་ནས། །ཚིག་འཁྲིའི་སྤྲོས་པ་ཚུན་ལ་ཞུམ་པ་མེད། །རྩོད་པའི་གྲགས་སྐམ་ཐོབ་པའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར་རོ། །ལུང་རིགས་དར་གྱི་ཤམ་བུ་རྣམ་པར་བཀྲ། །ཟབ་རྒྱས་རྩིབས་སྟོང་རྫོགས་པའི་གྲིབ་བསིལ་ལ། །ཤགས་འགྱེད་སྦྱོར་བས་མཁས་པར་རློམ་པ་འགའ། །གཉིད་ཀྱིས་ལོག་པ་བཞིན་དུ་ངལ་གསོ་ཐོབ། །འོན་ཀྱང་གཟུར་གནས་ཡིད་ཀྱི་རོལ་པའི་མཚོ། །དད་དང་གུས་པའི་རླབས་འཕྲེང་གཡོ་ལྡན་པ། །བསྔགས་བརྗོད་ལྦུ་བའི་འཛུམ་དཀར་འབུམ་འཁྲིགས་པས། །དབུས་འགྱུར་ཆོས་ཀྱི་མདུན་ས་ལྷག་པར་མཛེས། །རྩོད་ངག་རིགས་ལམ་སྨྲ་ལ་ཟླ་མེད་ཁྱོད། །ཕྱོགས་གླང་གྲགས་པ་གང་ཡིན་འཕྱང་མོ་ཉུག །བསིལ་ལྡན་ལྗོངས་འདིར་སྐྱེ་བའི་གར་མཛད་ཕྱིར། །འཇམ་དཔལ་དབྱངས་དངོས་བསྟན་པའི་སྒྲོན་མེར་ངེས། །སྒོ་མང་ཆོས་གྲྭར་ཕེབས་པའི་སྐབས་འདི་དག་ཏུ་ཡང༌། རྗེའི་དྲང་ངེས་རྣམ་འབྱེད་ཀྱི་དཀའ་གནད་ཀྱི་མཆན། ཡིག་ཆའི་ཕར་ཕྱིན་སྐབས་དང་པོའི་མཆན། མདོ་སྡུད་པའི་མཆན། འདུལ་བའི་སྡོམ་ཚིག །རྟེན་འབྲེལ་གྱི་མཐའ་དཔྱོད། མཛོད་གནས་བརྒྱད་དང་ཕར་ཕྱིན་སྐབས་བཞི་པའི་སྡོམ་ཚིག་སོགས་མིག་དང་འདྲ་བའི་ལེགས་བཤད་རྨད་དུ་བྱུང་བ་དུ་མ་འབྲས་སྤུངས་ཉིད་དུ་སྤེལ་བ་ནི་


GTD008_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་སྒྲུབ་ཡ་མ་བྲལ་བར་ཐོས་བསམ་སྒོམ་གསུམ་དང༌། འཆད་རྩོད་རྩོམ་གསུམ་གཅིག་གྲོགས་སུ་གཅིག་སོང་བའི་རྣམ་ཐར་དང༌། སྔོན་གྱི་མཁས་པ་ཆེན་པོ་དག་ལ་འགྲན་བཟོད་པའི་ལེགས་བཤད་ཀྱི་མཛོད་དང་མཁྱེན་པའི་གཏེར་དུ་གྱུར་པའི་གཏན་ཚིགས་རྨ་མེད་པ་ཉིད་དོ། །དམ་བཅའ་གྲུབ་རྗེས། ཡབ་རྗེ་མཆོག་ནས་ལྷ་སར་མི་ཏྲ་བརྒྱ་རྩ། རྡོ་རྗེ་འཕྲེང་བ། སྒྲུབ་ཐབས་རྒྱ་མཚོ། བཱ་རི་བརྒྱ་རྩ། མགོན་པོ་བཀའ་ཆེན་བཅུ་གསུམ་རྒྱ་གཞུང་དུ་མའི་ལུང་སོགས་བཀའ་ཆོས་གང་གནང་ཆག་མེད་དུ་གསན། མདོར་ན་རྣམ་ཐར་འདིར་མཚན་དངོས་སུ་སྨོས་པ་རྣམས་མ་གཏོགས་པ་གཞན་མདོ་དབུས་གང་དུ་ཡང༌། འབྲོམ་གྱི་རྣམ་ཐར་བཞིན་བླ་མ་མང་པོ་མ་བསྟེན་པར། གང་བསྟེན་པ་རྣམས་ལ་སངས་རྒྱས་དངོས་སུ་གཟིགས་པའི་མོས་གུས་ཀྱིས་ལེགས་ཚོགས་ཀྱི་རྩ་བ་ཚུགས་པར་མཛད་པའི་ཚུལ། རྣམ་ཐར་སྤྲིང་ཡིག་ལས། བླ་མ་མང་པོའི་ཆོས་སྣ་མ་བསོགས་ཀྱང༌། །མཚན་ལྡན་བཤེས་གཉེན་འགའ་ཡི་ཞབས་བསྟེན་ནས། །དེ་ལ་ལོག་རྟོག་མ་ཤོར་ཚུལ་བཞིན་བསྟེན། །ཁེ་ཉེན་དཔྱོད་པ་ཞུགས་པའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་སྐབས་འབྲུམ་དོགས་ཀྱི་བསྡམས་རའི་དབང་གིས་བཱ་རི་བརྒྱ་རྩ་དང༌། སྣར་ཐང་བརྒྱ་རྩའི་རེ་བ་མ་གྲུབ་པ་རྣམས་ཀྱིས་ཞུས་ངོར་འབྲས་སྤུངས་ནས་དོན་གཉེར་བ་སུམ་བརྒྱ་སྐོར་ལ་དམ་པའི་ཆོས་ཀྱི་བདུད་རྩི་འདོད་པ་ལྟར་སྩལ། གཞན་ཡང་སྒོ་མང་མཁན་རིན་པོ་ཆེར་ཚེ་དབང་བརྒྱ་རྩ། བློ་གསལ་གླིང་མཁན་ཟུར་དང༌། བྱམས་ཆེན་མཁན་པོ་ངག་དབང་ནོར་བུ་སོགས་ལ་རྟེན་འབྲེལ་བསྟོད་པའི་བཤད་ལུང༌། ལམ་གཙོའི་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་


GTD008_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སོ་སོའི་འདོད་སྦྱར་གྱི་ཆོས་བཀའ་མང་དུ་གནང༌། སྔ་ཕྱིར་ཀུན་མཁྱེན་མཆོག་ལ་མན་ངག་ལྐོག་ཁྲིད་དང་དོགས་གཅོད་དུ་མ་ཡང་ཡང་ཞུས་པ་དང༌། བཀའ་ཆོས་སོགས་སྐབས་དུ་མར་མདོ་སྔགས་ཀྱི་གསུང་བཤད་ཐང་མར་བདལ་བ་ལ་བརྟེན་ནས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་དོན་ལ་འཕྱུག་མེད་ཀྱི་གཟེར་ཐེབས་པ་བྱུང༌། དགའ་ལྡན་དུ་བྱོན་ནས་རྗེ་རིན་པོ་ཆེའི་གསེར་གདུང་སོགས་རྟེན་རྣམས་ལ་མཆོད་འབུལ་གང་རྒྱས་ཐོག་བསྟན་འགྲོར་སྨན་པའི་ཐུགས་སྨོན་རྒྱ་གང་ཆེ་དང༌། ལྷག་པར་ཆོས་རྒྱལ་གྱི་མདུན་དུ་རྒྱལ་བ་གཉིས་པའི་རིང་ལུགས་རྫོགས་ལྡན་ལ་འགྲན་པའི་འཕྲིན་བཅོལ་ནན་ཏན་མཛད་པས་རྟགས་མཚན་ཁྱད་པར་ཅན་བྱུང༌། དགའ་ལྡན་ཚོགས་ཆེན་ལ་སྐར་ལྔ་རེའི་འགྱེད། ཏོག་ར་ཁམས་ཚན་ལ་ཡང་གཏོང་སྒོ་ཡོངས་གྲགས་དང་མཐུན་པ་མཛད། ལྷ་སར་ཕེབས་ནས་རྒྱུད་སྟོད་སྨད་གཉིས་ལ་དངུལ་ཞོ་འགྱེད་དང༌། ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་རྣམས་ལ་མཆོད་འབུལ་བསྟན་པ་རྒྱས་པའི་ཐུགས་སྨོན་གང་ཟབ་གནང༌། སྔ་སོར་ཡོངས་འཛིན་རིན་པོ་ཆེ་ནས། ཁྱེད་བོད་དུ་བཞུགས་ནས་སྒྲུབ་པ་སྙིང་པོར་མཛད་ན་བྱམས་མགོན་བླ་མ་རིན་པོ་ཆེ་འདྲ་བ་ཡོང་ཞེས། རང་གི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་རྒྱུའི་ཐུགས་བཞེད་ནར་མར་ཡོད་པ་ལས། འདི་སྐབས་ཤིག་ཀྱང་ཁྱེད་བོད་དུ་བཞུགས་ནས་སྒྲུབ་པ་སྙིང་པོར་མཛད་ན་འཚོ་བའི་མཐུན་རྐྱེན་ཀྱང་ངས་སྦྱོར། རང་རེས་ཐོབ་ཐོབ་མང་དགོས་པའི་ངེས་པ་མེད། ངས་བླ་མ་རྣམས་ནས་གང་ཐོབ་པའི་རིགས་དེ་ཁྱེད་ལ་ཆ་ཚང་བ་ཞིག་བྱེད་གསུངས་པར། བཀའ་དྲིན་ཤིན་ཏུ་ཆེ་རུང་བླ་མ་འཇམ་དབྱངས་བཞད་པ་རིན་པོ་ཆེ་དེ་བདག་ལ་སྡོམ་པ་གསུམ་སོགས་ཆོས་ཀྱི་བཀའ་དྲིན་ཆེ་བའི་བླ་མ་ཡིན་ཞིང༌། ཁོང་གིས་སྔ་སོར་ཨ་མདོར་ཡོང་དགོས་པའི་གསུང་བཀོད་ཡོད།


GTD008_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ད་རེས་ཀྱང་དེ་བཞིན་གསུངས་ཨེ་ཡོང་ཞུས་པར། ཁྱེད་ཀྱི་ཞལ་ནས་བླ་མའི་གསུང་གཅོག་མི་ནུས་པའི་གསུང་དེ་འདྲ་ཡོང་བའིེ་རེ་བ་ཡོད། བླ་མ་འཇམ་དབྱངས་བཞད་པ་རིན་པོ་ཆེ་ལ་ངས་བསྟུན་པས་ཆོག་གསུངས། ཡབ་རྗེ་མཆོག་བོད་དུ་ཕེབས་ནས་རིང་མིན་གྱི་སྐབས་ཤིག་གསུང་འཕྲོས་ཆེད་གཏད་ལ། ང་རང་སྐྲ་སྔར་ལས་ཀྱང་དཀར་བ་འདི་ལྟར་ན་ཚོད་མཐོ་ཡང༌། ཁྱེད་ལེན་པའི་ཕྱིར་འོང་བ་ཡིན་པས། གང་ཅིའི་གྲ་སྒྲིག་མཛོད་ཅེས་བླ་མ་གཉིས་ཀྱི་ཐུགས་བཞེད་གདུལ་བྱའི་བགོ་སྐལ་མི་འདྲ་ཡང་བསྟན་པའི་ཁུར་གཏད་པའི་དགོངས་བཞེད་གཅིག་འདྲེས་ཀྱི་ངང་ནས་ཡོངས་འཛིན་རིན་པོ་ཆེ་ནས་ཀུན་མཁྱེན་མཆོག་ལ་གོང་སྨོས་ལྟར་གྱི་བགྲོ་བ་ཡང་ཡང་མཛད་ཀྱང༌། མདོ་སྨད་མཐའ་འཁོབ་ཀྱི་ཡུལ་ཡིན་པས་དགེ་བའི་བཤེས་གཉེན་གལ་ཆེ་ཚུལ་ཡང་ཡང་ཞུས། འོ་ན་གྲོང་ཆོག་སོགས་ལ་མི་ཕེབས་པ་དགོས་གསུངས་པར། བླུན་པོ་དམུ་རྒོད་ཀྱི་རིགས་མང་བས་ཡུལ་ལུགས་དང་མཐུན་པའི་བླ་ཚུགས་ཤིག་མ་བཟུང་ན་དབུས་གཙང་ལྟར་ཆོས་ཁོ་ནས་ཕན་ཐོགས་པ་དཀའ་ཚུལ་དང༌། བཀྲ་ཤིས་འཁྱིལ་ནས་བྱང་ཕྱོགས་ཀྱི་འགྲོ་བ་རིས་མེད་ལ་ཕན་འདོགས་དགོས་ཚུལ་གསེང་བཀྲོལ་ནས་ཞུས་པས། ཐུགས་དགོངས་མཐུན་པར་བྱུང་སྟེ་ཡོངས་འཛིན་རིན་པོ་ཆེ་ནས། ད་ཁྱེད་བླ་མ་འཇམ་དབྱངས་བཞད་པ་རིན་པོ་ཆེའི་ཐུགས་དགོངས་དང་མཐུན་པར་མདོ་སྨད་ལ་མི་ཕེབས་ཐབས་མེད་དུ་སྣང་གསུངས་ནས་ཉིད་ཀྱི་ཐུགས་དམ་རྟེན་ལམ་རིམ་ཚོགས་ཞིང་གི་ཐང་ཀ །སྐུ་འགག་རྙིང་པ་སོགས་གནང་ཆ་དང༌། བསླབ་བྱ་ཚིགས་བཅད་མ་རྗེ་རང་ཉིད་ཀྱི་རྣམ་ཐར་གྱིས་གཞུང་བསྲང་བ་ཞིག་གནང་བ་ལྟར་ཕྱག་ལེན་ལ་ཡང་ཐེབས་པར་མཛད། ཀློང་རྡོལ་རིན་པོ་ཆེ་ནས་དུས་རྒྱུན་


GTD008_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྨད་དུ་ཕེབས་དགོས་གཞིར་བཞག་གི་གསུང་སྒྲོས་ཡོད་བཞིན་དང༌། ཉིན་གཅིག་སྐྱབས་མགོན་མཆོག་དང། ཀློང་རྡོལ་རིན་པོ་ཆེ། རྗེ་འདི་ཉིད་རྣམ་གསུམ་ཞལ་འཛོམ་སར་ཀློང་རྡོལ་རིན་པོ་ཆེ་ནས། བསྟན་པ་བྱང་ནས་བྱང་དུ་དར་བ་དེ་བཀྲ་ཤིས་འཁྱིལ་ཡིན་པ་རེད་ཨང་ཞེས་སྐུ་ཞབས་རིན་པོ་ཆེར་དྲིས་པར་སྐུ་ཞབས་ནས། དེ་འདྲ་ཟེར་གི་འདུག །བཀྲ་ཤིས་འཁྱིལ་ལ་དགེ་འདུན་ཁྲི་ཕྲག་བརྒྱད་འཚོགས་པའི་ལུང་བསྟན་ཡོད་ཟེར་བ་དེ་སྔ་ཕྱི་ཡིན་ནམ། དུས་གཅིག་ཡིན་ཞེས་ཚུར་དྲིས་པས་དེ་ལམ་ཞུགས་ཁྲི་ཚོ་བརྒྱད་ཡིན་མོད་གསུངས་པས་སྔར་གྱི་གསུང་བཀོད་རྣམས་ལ་ཐུགས་ངེས་བརྟན་པར་གྱུར། ཕེབས་སྐབས་སུ་ཡང་དགེ་འདུན་གྲུབ་ཡབ་སྲས་ཀྱི་རྣམ་ཐར་གསུངས་ནས། ད་ཁྱེད་ཀྱིས་འཇམ་དབྱངས་བཞད་པའི་ལས་ཀ་གང་ལ་ཡང་སྤུ་སུ་མ་ཤོར་བའི་སྒོ་ནས་ཐུགས་ཁུར་གང་དྲག་མཛོད་ཅེས་བླ་མ་རྣམས་ཐུགས་དགོངས་གཅིག་ཏུ་གྱུར་པ་ལྟར་ཡབ་སྲས་ལྷན་དུ་འབྱོན་པར་ཐག་བཅད་དོ། །སྨྲས་པ། སྔོན་སྦྱངས་གངས་ཀྱི་རི་བོ་ལ་གནས་ཐོས་བསམ་སྒོམ་པའི་ལུས་རྩལ་རྫོགས། །གཞུང་བརྒྱ་མཁྱེན་པའི་མིག་རྩ་དམར་འཁྲུགས་དགག་སྒྲུབ་རིགས་པའི་མཆེ་སྡེར་འབར། །མངོན་པར་རྟོགས་པའི་གཡུ་རལ་གྱིས་ཕྱུག་ལུང་རིགས་དབྱངས་ཀྱི་ང་རོ་སྒྲོགས། །མཁས་མང་རི་སྐྱེས་འབུམ་ཕྲག་ཟིལ་གནོན་འཇིགས་བྲལ་སྨྲ་བའི་སེངྒེ་ཉིད། །ཐོས་དང་བསམ་པའི་ཆུ་ཡི་ཁུར་ལྕི་བ། །གསུང་རབ་གདམས་པར་ཤར་བའི་སྤྲིན་སྔོན་ལས། །འཆད་རྩོད་རྩོམ་པའི་དབྱར་རྔ་བཞད་པ་ན། །ཐུབ་བསྟན་དཔྱིད་ཀྱི་ལང་ཚོ་མཆོག་ཏུ་དར། །མང་ཐོས་ཆོས་ཀྱི་སྤྱན་སྟོང་གཡོ་བ་ཁྱོད། །རང་གནས་སུམ་རྩེན་མདུན་སར་ཕྱོགས་པ་ན། །དབུས་འགྱུར་མིང་གི་འབྲུག་སྒྲའི་དབྱངས་ལྡན་དེ། །དོན་བཟང་ཆར་གྱིས་དབེན་སྙམ་དཔྱང་ཐག་འཛིན། །དེ་ཚེ་བདག་ཅག་སྐལ་བའི་ནུབ་ཀྱི་རི། །


GTD008_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་ཉིན་བྱེད་དབང་པོས་སྤངས་སོ་ཞེས། །བློ་གསལ་ཡིད་ཀྱི་འཛིན་མར་དགའ་བའི་ཚལ། །ཟུམ་དང་ལྷན་ཅིག་གདུང་བའི་ཀུ་མུད་རྒྱས། །འོན་ཀྱང་ཀུན་རྟོག་དྲི་བཞོན་དང་བྲལ་བའི། །ཡོན་ཏན་རྡུལ་བརྩེགས་སྟོབས་བཅུའི་ལྷུན་པོ་ཡང༌། །སྔོན་གོམས་ཐུགས་བསྐྱེད་ཤུགས་ཀྱིས་བསྐུལ་བ་ན། །ཤིང་བལ་ལྟར་དུ་རྒྱུ་བ་དངོས་པོའི་གཤིས། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་དབུས་གཙང་ཆོས་ཀྱི་ཞིང་དུ་མདོ་སྔགས་ཀྱི་གསན་སྦྱོང་གྲུབ་སྟེ་མཁས་པའི་གཙུག་རྒྱན་དུ་གྱུར་པའི་སརྒ་སྟེ་ལྔ་པའོ།། །། ༈ མཁའ་ལྟར་མཐའ་ཡས་ཤེས་བྱའི་དཀྱིལ་འཁོར་ཁྱོན། །ཅིག་ཅར་སྒྲིབ་པའི་རྨོངས་མུན་སྟུག་པོ་ཡང༌། །སྐད་ཅིག་མཐར་བྱེད་མཁྱེན་པའི་འོད་སྟོང་ཅན། །བླ་མ་འཇམ་དབྱངས་ལྷག་པའི་ལྷ་དེས་སྐྱོངས། །དེ་ནས་བདུན་པ་རྗེས་མའི་ཚེས་ལ་འབྲས་སྤུངས་ནས་ཆིབས་བསྐྱོད་པར་ལྕགས་རིའི་ཕྱི་ལོགས་སུ་ཐབ་སྐྱེལ་གྱི་སར་གཞན་གྱིས་རྟིང་བསྐུལ་མེད་པར་གྲྭ་མང་ཞལ་འཛོམ་སྟེ་ཕྱག་དབང་དང་སྐྱབས་འཇུག་ཞུ་བ་སོགས་ཞལ་ཕྱག་དལ་ཁོམ་མེད་པའི་ཚུབ་ལིང་ཧ་ཅང་རྒྱུན་རིང་བ་དང༌། ཕལ་ཆེར་སྐྱོ་ཉམས་ཀྱིས་སྤྱན་ཆབ་འདོན་པ་བྱུང༌། རྗེ་ཉིད་ཆིབས་ཐོག་ནས་ཞལ་འབྲས་སྤུངས་ལ་ཕྱོགས་ཏེ་བསྟན་འབར་མའི་ཤིས་བརྗོད་གང་རྒྱས་མཛད། གྲྭ་ས་གྲྭ་ཚང༌། ཁམས་ཚན་སོ་སོས་ཐབ་སྐྱེལ་སོགས་ཞུ་བཞིན་ཡབ་སྲས་རྣམས་རིམ་གྱིས་བྱོན། མཚོ་མོ་རར་སྟག་ཕུ་སྤྲུལ་བའི་སྐུ་དགེ་འདུན་ཆོས་ཀྱི་དབང་ཕྱུག་ཀུན་མཁྱེན་མཆོག་གི་དྲུང་དུ་ཕེབས་པས་ཁོང་དང་མཉམ་དུ་ས་སྐྱའི་གསེར་ཆོས་བཅུ་གསུམ་དང༌། རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་གསན། དེ་ནས་སྟག་ཕུ་


GTD008_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་རང་ཡུལ་དུ་བྱོན་ནས་དགུན་དེར་བཅད་རྒྱ་མཛད་པའི་ཚེ། ཧོར་ཟླ་བཅུ་གཉིས་པའི་ཚེས་བཞིའི་ཐོ་རེངས་ཉམས་སྣང་ལ། པཎྚི་ཏ་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་གྱི་ཞལ་ནས། ངའི་སྙིང་གར་ཁྱེད་ཀྱི་ཡི་དམ་གྱི་ལྷ་ཡོད་པས་མཇལ་ལམ་གསུངས། ཅིས་ཀྱང་མཇལ་ཞུས་པས། ཐུགས་ཀ་རལ་གྲིས་གཤགས་པའི་ནང་ན། འཇམ་དབྱངས་དཀར་པོ་སྐུ་མདོག་ཕྱག་མཚན་རྒྱན་ལ་སོགས་པ་ཤིན་ཏུ་གསལ་བ་ཞིག་བཞུགས་འདུག །གསོལ་བ་བཏབ་པས། ཐུགས་ཀ་ནས་ཨ་ཡིག་དཀར་པོ་ཞིག་བྱུང་སྟེ་སྙིང་གར་ཐིམ་པའི་སྣང་བ་བྱུང༌། དེ་ནས་པཎྚི་ཏ་དེས་ཁྱོད་ཡི་དམ་གྱི་ལྷ་འདི་བསྟེན་ན་འབྲེལ་ཆེ་ཞིང་ཤེས་རབ་ཆེ་བ་ཡོང་ཙམ་འདུག་ཀྱང་ཁྱེད་ལེ་ལོ་ཅན་ཞིག་ཡིན་པ་འདྲ། ཁ་སང་བདག་གི་སྤྲུལ་བ་ཨིནྡྲའི་མིང་ཅན་ལས་འདིའི་དབང་དང་གདམས་པ་རྣམས་ཞུས་ན་རྟེན་འབྲེལ་རབ་གཅིག་འགྲིག་ཚོད་ཡིན་འདུག་ཀྱང་ཅུང་ཟད་མ་བྱུང་གསུངས་ནས་གཤེགས་སོང༌། ཞེས་ལུང་བསྟན་ཤེལ་གྱི་མཁར་བ་ན་ཡོད་པ་སོགས་སྤྲོ་དགོས་འགའ་ཞིག་འདུག་ཀྱང་ཟུར་ཙམ་བཀོད་པའོ། །དེ་ནས་སྔ་སོར་ལམ་རིམ་ཆེ་ཆུང་གི་བཤད་ལུང་སྙན་གསན་ཕུལ་བ་ལ་ལམ་བར་ནས་གནང་ཆོག་གསུངས་པ་ལྟར་བརྒྱད་པའི་ཚེས་བཅུ་ནས་ལམ་རིམ་ཆུང་ངུའི་བཤད་ལུང་ཚུགས་ཏེ་རྫོགས་པར་གནང༌། རྟ་བདུན་འོད་ཀྱིས་མི་སྙེམས་ཤིང༌། །མཁས་པ་ཡོན་ཏན་གྱིས་མི་སྙེམས། །རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང༌། །དམ་པ་ཐོས་པས་མི་ངོམས་ཉིད། །ཉིན་རེ་ཞིང་མདོ་སྔགས་ཀྱི་གསུང་འཕྲོས་གནང་བཞིན་ཕེབས་པས་འབྲི་ཆུ་ཁར་གདན་སའི་བསུ་བ་དང་པོ་འབྱོར། འདི་ནས་བཟུང་སྟེ་རྨ་ཆུ་ཁ་སོགས་སུ་སྤྱི་སྒེར་གྱི་བསུ་བ་ཇ་ཐབ་གང་ཡོད་ཡབ་སྲས་ཐུན་མོང་ལ་ཕུལ་ཞིང༌། བཱ་ཡན་ཧོ་ཤུས་ནས་རྗེ་འདི་ཉིད་འབལ་མགོ་བསྐོར་ནས་ཕེབས་པ་ཐོས་པས་ཆིབས་བསུ་བར་མའི་སྐོར་རྣམས་ཝང་གི་


GTD008_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་རྒེ་ནས་ཚ་དྲགས་ཀྱིས་ཕྱིན་ནས་མདའ་ཆེན་གྱི་མདར་བཞུགས་ཞག་གི་ས་ནས་ཕེབས་བསུའི་མཇལ་དར་ཕུལ། བཅུ་གཅིག་པའི་ཚེས་དགུའི་ཉིན་དགེ་འདུན་ཉིས་སྟོང་ལྷག་པས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི་དགའ་སྤྲོའི་སེར་སྦྲེང་དང་བཅས་ཡབ་སྲས་རྣམས་ཐོག་མར་བླ་བྲང་ཆེན་མོར་ཕྱག་ཕེབས་བླ་བྲང་ཆེན་མོ་ནས་དཀར་སྤྲོའི་རྟེན་འབྱུང་ཐོག་མར་ཕུལ་ཏེ་གཟིམས་ཤག་ཏུ་ཕེབས། བཀྲ་ཤིས་ཆོས་ཀྱི་ཆུ་ཀླུང་འབུམ་ཕྲག་ཏུ། །འཁྱིལ་བའི་རོལ་མཚོ་བཤེས་གཉེན་གདེངས་ཅན་གྱིས། །བཟུང་བ་དེ་ཚེ་བཤད་སྒྲུབ་རླབས་ཕྲེང་གིས། །ཕན་བདེའི་ཟེགས་མ་ཕྱོགས་བརྒྱར་འགྱེད་པར་རྩོམ། །ཕེབས་པའི་ཉིན་དེར་གཟིམས་ཁང་སྟེང་ཤོད་སོ་སོར་ཕེབས་སྟབས་མ་འགྲིག་པས་ཡོ་བྱད་བྱིན་རླབས་མ་གྲུབ། དེ་ཕྱིན་ཆད་ཡོ་བྱད་གང་ཡོད་མཆོག་གསུམ་གྱི་ཞིང་གཙོ་བོར་བྱས་ནས་གཞན་དོན་ཁོ་ནར་བསྔོས་པ་ཡིན་གསུངས། དེ་ཡང་སྲོད་ཀྱི་ཆ་ལ་ཉིན་དེར་གང་ཡོང་གི་དར་ཁ་ཡན་ཆད་སྐུ་གཟུགས་དང༌། གསུང་རབ་ཀྱི་ཆེད་དང༌། དགེ་འདུན་གྱི་ཞབས་ཏོག་དང༌། གཞན་ལ་གནང་སྦྱིན་སོགས་གང་ལ་གང་འོས་གཟིགས་ནས་དེ་བཞིན་དུ་འགྲོར་འཇུག་པ་མཐོང་སྟེ། བྱིན་རླབས་དང་རྣམ་བརྟག་ཀྱང་དེ་ལས་ལྷག་པར་བྱར་མེད་དོ། །བཅོ་ལྔའི་ཉིན་བླ་བྲང་ཆེན་མོ་ནས་ཡབ་སྲས་ལ་གསོལ་སྟོན་ལེགས་དར་སོགས་གང་རྒྱས་དང༌། དེའི་ཕྱི་ཉིན་སྤྱི་སོ་ནས་འདུ་ཁང་ཆེན་མོར་བཞུགས་གྲལ་གྱི་ཐོག །དགྱེས་སྟོན་དང་ལེགས་དར་ཕུལ་ཞིང༌། ཉིན་གཉིས་ཀར་རིགས་པ་སྨྲ་བ་རྣམས་ཀྱིས་ཚོགས་གླེང་དང༌། སྨད་སོག་གྲྭ་རྒྱུན་སྤྱི་ནས་གཟིམས་ཆུང་ཐུབ་བསྟན་ཕོ་བྲང་དུ་ཡབ་སྲས་ཐུན་མོང་ལ་སྟོན་ཆེན་ཐོག །དུས་འཁོར་བ་འགའ་དང་བསྡོམས་ནས་མདོ་དར་པི་ཝང་


GTD008_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བུ་སོགས་སྒྲ་སྙན་གྱི་བྱེ་བྲག་སྣ་ཚོགས་འབུད་དཀྲོལ་གྱིས་མཚོན་ཆོས་དང་ཟང་ཟིང་གི་མཆོད་སྤྲིན་རྒྱ་ཆེར་སྤྲོས། མཇལ་ཁ་སྟོན་མོ་རིམ་བཞིན་བར་མ་ཆད་བྱུང་བ་ལ་སོ་སོར་བབས་འོས་ཀྱི་གནང་ཆ་ཡང་སྩལ། ཚོགས་ཆེན་ལ་ཞྭ་སྣམ་རེའི་འགྱེད་དང༌། འདུ་ཁང་བླ་བྲང་གི་སྟེང་དུ་འདོད་དཔལ་ནས་དངུལ་སྲང་བརྒྱད་བརྒྱའི་ཡོན་གྱིས་བསྒྲུབས་པའི་གསེར་ཟངས་ཀྱི་རྒྱལ་མཚན་ཆ་གཅིག་འཇོག་པ་གནང༌། ཡིད་དགའ་ཆོས་འཛིན་གྱི་རི་ཁྲོད་པ་རྣམས་ལ་སྒོམ་ཞྭ་རེ་དང་ལིའི་མཎྜལ་རེ་གནང་ཐོག །ནང་རེ་བཞིན་སེམས་བསྐྱེད་མཆོད་པ་ཆག་མེད་ཀྱི་སྲོལ་བཙུགས། དེ་ཡང་སྦྱོར་བའི་སྐབས་ཡན་ལག་བདུན་གྱི་བསགས་སྦྱངས་དང༌། དངོས་གཞི་སེམས་བསྐྱེད། མཇུག་བསྔོ་སྨོན་གྱི་རྒྱས་གདབ་པ་འདི་བསླབ་བཏུས་སུ་གསལ་རྒྱལ་ལ་གདམས་པའི་མདོ་ཁུངས་སུ་མཛད་ནས་གསུངས་པའི་གདམས་པ་དལ་བའི་རྟེན་ལ་སྙིང་པོ་ལེན་ཐབས་མཆོག་ཡིན་པས་འདི་ཙམ་གྱི་བཀའ་དྲིན་ཡང་གཞལ་བར་དཀའོ། །ཐུགས་བྲེལ་སངས་པ་ན་རི་ཁྲོད་ཡིད་དགའ་ཆོས་འཛིན་གྱི་སྒྲུབ་ཁང་དུ་སྐུ་མཚམས་ལ་བཞུགས་ནས་ཐུན་བཞིའི་རྣལ་འབྱོར་ཆག་མེད་དུ་མཛད། དགུང་ལོ་ཉེར་དྲུག་པ་མེ་ལུག་ལ་རི་ཁྲོད་ཡིད་དགའ་ཆོས་འཛིན་ནས་སྲིད་གསུམ་བདག་མོ་མཆོད་པའི་ཚེས་གཏོར་གྱི་ཚོགས་དབུ་མཛད་དེ་རྒྱལ་བསྟན་སྙིང་པོ་མཁའ་ཁྱབ་ཏུ་དར་ཞིང་རྒྱས་པའི་འཕྲིན་བཅོལ་ནན་ཏན་གནང༌། དེ་ཕྱིན་ལོ་གསར་ལ་རི་ཁྲོད་དུ་བཞུགས་ཕྱིན་ཚེས་གཏོར་ལ་ཆག་མེད་དང་དགོན་པར་བཞུགས་ན་ཡང་ཕལ་ཆེར་ཆེད་གཉེར་གྱིས་ཕེབས་པ་མཛད། ཚེས་གསུམ་ལ་དགོན་པར་ཕེབས་ནས་ཡབ་རྗེ་མཆོག་ལ་དཀར་སྤྲོ་དང་བཅས་མཇལ་ཞུ་མཛད། ཨ་རོ་ཧོར་ཆེན་ཆོས་རྗེ་ནམ་མཁའ་དང༌། བློ་གྲོས་ཐོ་ཡོན། དུས་འཁོར་སློབ་ཟུར་ངག་དབང་ཕུན་ཚོགས། རེབ་ཙ་སྤྲུལ་སྐུ་


GTD008_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་རྒྱ་མཚོ་སོགས་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང༌། སྐྱབས་འགྲོའི་ཁྲིད་གང་རྒྱས། མགོན་པོ་བཀའ་བཅུ་གསུམ་དང༌། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་འདོད་མོས་ལྟར་སྩལ། སྐྱབས་མགོན་རྡོ་རྗེ་འཆང་གཟིམས་གཤག་ཏུ་སྤྱན་དྲངས་ནས་དགྱེས་སྟོན་ཕུལ་ཏེ་དངུལ། གོས་ཕྲུག་སོགས་རྣམ་གྲངས་བརྒྱ་དང་ལྔ་བཅུ་ཕུལ། གཟིམས་ཁང་གི་རྒྱབ་ཏུ་དྲི་གཙང་ཁང་སུམ་ཐོག་ཀ་བཞི་མ་གློ་འབུར་གྱི་ཚུལ་དུ་བཞེང་རྒྱུའི་ལས་མགོ་ཚུགས། བླ་བྲང་མགྲོན་གཉེར་དཀོན་མཆོག་གྲགས་པ་བོད་དུ་འགྲོ་གདོང་ཡོངས་འཛིན་རིན་པོ་ཆེ་དང༌། ཀློང་རྡོལ་གྲུབ་ཆེན། བ་སོ་རྗེ་དྲུང་བློ་བཟང་བསྟན་པའི་མགོན་པོ་སོགས་ལ་ཆབ་ཤོག་སྙན་ཚིག་གི་སྒོ་ནས་ཞུ་དགོས་ཀྱི་རིགས་སྤྲིངས། སྐུ་གཟུགས་ཅུང་ཟད་མ་བདེ་བར་ཚོགས་ཆེ་ཆུང་སོ་སོར་མང་འགྱེད་ཐོག་དང༌། གྲྭ་མང་ཟུར་འཚོགས་སོགས་ཀྱིས་ཞབས་བརྟན་ཕོན་ཆེར་བསྒྲུབས་ཀྱང་མཇུག་ཅུང་ཟད་མ་དྭངས་པས་ྋཡབ་རྗེ་རྡོ་རྗེ་འཆང་གདན་དྲངས་ནས་འཇིགས་བྱེད་ཞི་བའི་སྦྱིན་སྲེག་གནང་བས་སྐུ་རིན་པོ་ཆེ་ཟླ་བ་སྒྲ་གཅན་གྱི་རྒྱ་ལས་རྣམ་པར་གྲོལ་བ་བཞིན་དུ་དྭངས་ཤིང་གཟི་འོད་འབར་བར་གྱུར། ལེགས་འབུལ་འཇམ་ཕྲུག་རྩེར་སོན་འགའ་དང༌། གོས་ཟམ་སོགས་རྣམ་གྲངས་བརྒྱ་ལྷག་ཙམ་ཕུལ། དེ་སྐབས་ྋསྐུ་ཞབས་རིན་པོ་ཆེ་ནས་མདུན་དུ་བཞུགས་གདན་ཞིག་བཏིང་བར་རྗེ་འདི་ཉིད་བཞུགས་སུ་བཅུག །བླ་བྲང་ཞབས་ཕྱི་དྲག་བགྲེས་རྣམས་དང༌། དབོན་པོ་བློ་བཟང་དཀོན་མཆོག །རབ་འབྱམས་པ་དགེ་ལེགས་སེངྒེ༌། རོགས་རམ་པ་གྲྭ་རྒན་རྣམས་ལ་ཁྱེད་རྣམས་འདིར་བཞུགས་ན་ང་ལ་བཤད་རྒྱུ་ཞིག་ཡོད་གསུངས་ཏེ་ཞལ་ནས། ང་རང་གི་སྐྱེ་བ་སྔ་མ་འཇམ་དབྱངས་བཞད་པ་ཚང་ལ་སློབ་


GTD008_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མ་མདོ་དབུས་གཙང་གསུམ། ཁམས། ལི་ཐང༌། སྡེ་དགེ །རྒྱ་ནག །ཅུན་གར་ཚུན་ཆད་ན་གནམ་གྱི་སྐར་མ་ལྟ་བུ་བརྗོད་ཀྱིས་མི་ལང་བ་ཡོད་ཀྱང༌། དེ་ཐམས་ཅད་ཀྱི་ནང་ན་ཐུགས་སྲས་གཅིག་པུར་གྱུར་པ་ནི་ཁྱེད་ཀྱི་སྐྱེ་བ་སྔ་མ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་པ་དེ་ཡིན། འཇམ་དབྱངས་བཞད་པ་ཚང་ཁོང་ཐུགས་ཚ་བའི་སྟབས་སྐབས་ལ་ལར་བཀའ་བཀྱོན་གནང་སྐབས་ཁྱོད་ཀྱིས་ཧ་མ་གོ་བ་ཡིན། ང་འཇིག་རྟེན་འདིར་ཁྱོད་གཅིག་པུའི་དོན་ལ་ཡོང་བ་ཡིན་ཞེས་གསུངས་པས་སློབ་མ་དགེ་བཤེས་གཞན་ཚོ་མ་རངས་པར། ངེད་ཚོའི་བསམ་པ་ལ་འཇམ་དབྱངས་བཞད་པ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་དུ་བྱོན་པ་ཡིན་མོད་བསམས་ཀྱང༌། མི་གཅིག་གི་དོན་དུ་བྱོན་པ་ཡིན་ན་རྩ་བ་ཆེ་རྒྱུ་མི་འདུག་ཅེས་ལྐོག་ལབ་བྱས་པ་རེད། རྗེས་སོར་སྐུ་གོང་མ་མདོ་སྨད་དུ་ཕེབས་སྐབས་གཞན་མང་པོས་དགེ་འདུན་ཕུན་ཚོགས་ཚང་བྱང་རྩེ་མཁན་པོ་མིན་ན་ཞབས་ཕྱི་ལ་ཁྲིད་ཆོག་པ་ཞེས་ཞུས་ཚེ། དེ་འདི་ནས་ངའི་མིང་སྒྲོག་དགོས་གསུངས་པ་ནི། རྗེས་སོར་དགའ་ལྡན་གསེར་ཁྲིར་བཞུགས་རྒྱུ་དང༌། པད་དཀར་འཛིན་པའི་ཡོངས་འཛིན། གཞུང་གི་ཆོས་སྲིད་ཀྱི་མངའ་བདག་བྱེད་རྒྱུ་སོགས་ལུང་བསྟན་པ་རེད། སྐུ་ཚེ་རྗེས་མ་དེ་ཡང་མདོ་སྨད་འདིར་གདན་དྲངས་པ་སོགས་ཀུན་གྱིས་ཤེས་པ་དེ་ཡིན་མོད། འདི་ནས་ཀྱང་སྐུ་ཡོན་མཐར་ཕྱིན། ཚོགས་ཕན་ཚུན་གཉིས་ཀྱི་ཁྲི་པ་གནང༌། ཆོས་འཇིག་རྟེན་གང་གི་ཐད་ནས་ཀྱང་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས། ངེད་རྣམ་གཉིས་ཀྱང་བླ་སློབ་ཏུ་གྱུར་ཏེ་དད་པ་དམ་ཚིག་གཞན་དང་མི་འདྲ་བ་ཡིན་ཀྱང་བསྟན་པའི་ཆག་སྒོ་ཞིག་གིས་སྐུ་ཚེ་མཐར་མ་ཕྱིན། རྗེས་སོར་སྤྲུལ་སྐུའི་དོན་སྐོར་གྱི་སྐབས་སོགས་སུའང་ཡས་མས་མཐོ་


GTD008_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དམན་ཀུན་གྱི་ཁྲོད་ནས་སྤྲུལ་སྐུ་ཡིན་ཟེར་མཁན་མང་དུ་བྱུང་ཡང༌། དེ་དག་གི་རྗེས་སུ་མ་འབྲངས་པར་འདི་གཞན་དང་མི་འདྲ་བ་ཡིན་སྟབས་སྤྲུལ་སྐུ་འཁྲུལ་མེད་ཅིག་རྙེད་དགོས་བསམས་ནས་འཁྲུངས་ཡུལ་གྱི་མཐོ་དམའ། མངའ་ཐང་སྟོབས་འབྱོར་སོགས་ལ་མ་བལྟས་པར་བཙལ་བའི་སྟབས་ཁྱེད་ཀྱི་སྟེང་འདི་ན་ང་ལ་ཕྱི་ནང་ཀུན་ན་མི་ཁ་ཆེ། ད་ཁྱེད་སྤྲུལ་སྐུ་འཁྲུལ་མེད་ཡིན་སྟབས་མི་ཁ་ལ་སྐྱོན་གང་ཡང་མི་འདུག །ཁྱེད་ཀྱིས་ཀྱང་སྐུ་གོང་མ་དེའི་དགུང་ཀེགས་འཛུར་གྱི་བར་དུ་སྐུ་རིམ་ཞབས་བརྟན། སྐུ་མཚམས་སོགས་གང་ཅིའི་ཐད་ནས་རེམ་རེམ་བྱེད་དགོས། མི་ཐམས་ཅད་ཀྱི་ཁ་ངག་ལའང་བླ་མ་ལ་ཡོན་ཏན་ཞིག་དགོས། ཡོན་ཏན་ཞིག་མེད་ན་བླ་མ་ཞེས་མིང་བཏགས་ཏེ་གོ་ས་མཐོ་ན་ཡང་དོན་མེད། དེས་ལྟོས་བཅས་ཐམས་ཅད་བསླུ་བ་ཡིན་ཟེར་མོད་ཀྱང༌། ཁྱེད་ལ་ངས་ཡོན་ཏན་སློབ་དགོས་ཞེས་བཤད་རྒྱུ་ཅི་ཡོད། ཁྱེད་ཀྱི་ཡོན་ཏན་དབུས་གཙང་སེ་འབྲས་དགེ་གསུམ་སོགས་ན་གྲགས་ཡོད་པ་དེ་ཡིན་མོད། ང་ཅི་ལ་མི་མགུ །སྔ་མོ་འཇམ་དབྱངས་བཞད་པ་ཚང་གིས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་པར། ངས་ཨ་མདོ་ནས་དགོན་པ་ཞིག་བཏབ་འཇོག་རྒྱུ་ཡིན། རྗེས་སོར་བདག་བྱེད་མི་བྱེད་ཁྱེད་རང་ཚོས་ལྟོས་གསུངས་པ་ལྟར། སྤྱིར་བཀྲ་ཤིས་འཁྱིལ་འདིར་ཡང་དགའ་ལྡན་གསེར་ཁྲི་གསུམ། གཞན་ཁྲི་གདན་ཟུར་སྤྲུལ་སྐུ་སོགས་བླ་ཆེན་ཉི་ཤུ་ལྷག་ཙམ་ཡོད་མོད་ཀྱང༌། ང་ལ་ཡང་རྗེས་སོར་སེམས་ལ་འཛིན་རྒྱུ་ཞིག་ཡོད་པ་ཁྱེད་གཅིག་པུ་ཡིན་ཨེ་གོ་ཞེས་ཡབ་སྲས་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར་གྱི་གནད་ཚང་ཞིང༌། སྔོན་བྱུང་དང་ཕྱིས་འབྱུང་གསལ་བའི་སྒོ་ནས་ཐུགས་གཏད་པའི་གསུང་བྱོན་པ་ནི་དམ་པ་ཏོག་དཀར་གྱིས་མ་ཕམ་པའི་དབུ་ལ་རིན་པོ་ཆེའི་པྲོག་ཞུ་བཅིངས་པ་དང་ཆོས་


GTD008_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་སོ། །དབང་བཅུ་ལྡན་ཡང་གང་ལས་བརྒལ་མིན་རྒྱལ་ཀུན་མཛད་པའི་ཁུར་ཆེན་མ་ལུས་འདེགས། །ཤེས་བྱའི་ཁྱོན་ཀུན་གསལ་བྱེད་མཁྱེན་པའི་འོད་སྟོང་གདུལ་བྱའི་ཁམས་དང་མོས་པར་མཐུན། །མ་བརྟག་མི་མངའ་བརྩེ་དང་སྦྱིན་བཅས་བདེན་དང་སྙིང་སྟོབས་བརྟུལ་ཞུགས་གཟི་བརྗིད་འབར། །ཐབས་ཤེས་གཤོག་རྩལ་རབ་རྫོགས་བསྟན་འགྲོ་སྐྱོང་ལ་མཁྱེན་བརྩེ་ནུས་སྟོབས་ཐོགས་མི་མངའ། །འདི་ཡི་བཟོད་པའི་གོ་ཆ་དང༌། །འཇིགས་མེད་སྤོབས་པའི་མཚོན་ཆ་ཡིས། །ཆུ་སྲིན་རྒྱལ་མཚན་ཅན་གྱི་དཔུང༌། །མིང་གི་ལྷག་མར་བྱེད་དགོངས་ནས། །རིག་དང་ཞབས་ལྡན་དྲང་སྲོང་གཙོ་བོ་དེའི། །ཀུན་བཟང་ཐུགས་བསྐྱེད་སྨོན་པའི་མཁའ་ཀློང་ལས། །ཕན་བདེའི་ཆར་འབེབས་བཀའ་ཡི་སྤྲིན་འཁྲིགས་ཚེ། །ལག་པའི་འཁྲི་ཤིང་ཐལ་སྦྱར་མེ་ཏོག་མཛེས། །ཉིན་ཁ་ཤས་ལ་ཡབ་སྲས་ལྷན་རྒྱས་ནས་གོས་སྐུ་ཐང་དུ་དབུས་ཕེབས་ཀྱི་དགྱེས་སྟོན་དང་སྤྲོ་སངས་མཛད། དེ་ནས་རི་ཁྲོད་དུ་ཕེབས་ཏེ་དབྱར་གནས་ལ་བཞུགས། ཚོགས་ཆེན་ཁྲི་ཟུར་བསོད་ནམས་གྲགས་པ། རྒྱུད་པ་སློབ་ཟུར་ནམ་མཁའ་རྒྱལ་མཚན། དགོན་པའི་དགེ་བཤེས་རིགས་སྨྲ་ཏིལ་གྱི་གང་བུ་ལྟར་བཅེར་ཞིང༌། རི་ཁྲོད་ཀྱི་འདུ་ཁང་སྒོ་འཕྱོར་དང་བཅས་པར་མི་ཤོང་ཙམ་ལ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་བཤད་ལུང་ཉིན་གསུམ་ལ་གནང་བས་སྔོན་ཆད་རྣ་བས་ཐོས་མ་མྱོང་བ་ལྟ་བུའི་ལེགས་པར་བཤད་པའི་གཏམ་གྱིས་མཁས་མང་གི་ཡིད་འཕྲོག་སྟེ། ལོ་གཅིག་གི་སློབ་གཉེར་ལ་ཡང་འདི་འདྲའི་བློ་སྐྱེད་ཐོན་པ་དཀའ་ཞེས་གླེང་བ་ཐོས་སོ། །སྟོན་མཇུག་ཅིག་ཐུ་མེད་པེ་སིའི་མི་སྣ་ཤཀ་ཤ་པད་ཀྱིས། དགོན་པར་གདན་དྲངས་ཏེ་རྗེས་གནང་འགའ་ཞིག་དང༌། པེ་སིའི་རིམ་གྲོར་རྣམ་སྲས་གཡང་འབོད་ཉིན་གཅིག་ལ་གཟིམས་ཁང་ནས་བསྒྲུབས། རྡོ་རྗེ་འཆང་གི་དྲུང་


GTD008_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཚན་མོ་གཅིག་དུག་དབང་རྨ་བྱ་རྒྱས་པ་གསན་ཅིང༌། ནུབ་དེར་རི་ཁྲོད་དུ་བྱོན་ནས་ལོ་གསར་གྱི་བར་དུ་ཐུན་བཞིའི་རྣལ་འབྱོར་ཆག་མེད་ཀྱི་སྒོ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་བཞེས་ལ་རྩེ་གཅིག་ཏུ་བརྩོན་པར་མཛད་དོ། །དགུང་ལོ་ཉེར་བདུན་པ་ས་སྤྲེལ་ལོར་ཚེས་གཏོར་སྔར་རྒྱུན་ལྟར་གནང༌། ཕྱི་དྲོ་ནས་ཡབ་རྗེ་རྡོ་རྗེ་འཆང་གི་དགུང་ཀེགས་ཞབས་བརྟན་གྱི་ཆེད་དུ་བདུན་གཅིག་བཅད་རྒྱར་བཞུགས། ཚེས་དགུའི་ཉིན་ཉི་མ་རྩེ་ཤར་ལ་སྐུ་མདུན་དུ་མཇལ་ཁ་ཞུས་ནས་གསུང་ཆོས་ལ་ཆག་མེད་དུ་ཕེབས། ཕྱོགས་ནས་འོངས་པ་དང་གཉུག་མར་གནས་པ་རྣམས་ལ་མཇལ་ཁ་དང༌། འདོད་ཆོས་རེ་བ་སྨིན་པར་མཛད། ཀུན་མཁྱེན་མཆོག་ལ་སྙན་ངག་གི་བཤད་ལུང་ཞུས་པར་བཅད་རྒྱའི་ཁོང་ནས་སྙན་ངག་མེ་ལོང་དང༌། དབྱངས་ཅན་དགྱེས་གླུའི་བཤད་པ་ཐུགས་ཁེངས་པ་ཞིག་གནང། སྤྱིར་ཐ་སྙད་རིག་པའི་སྐོར་འབད་རྩོལ་ལ་ཆེར་མ་ལྟོས་པར་སྤོབས་པའི་ཀློང་རྡོལ་བ་ཞིག་སྐུ་ན་ཕྲ་མོའི་དུས་ནས་ཡོད་ཀྱང། གཞན་དག་ལ་ཞལ་གདམས་གནང་སྐབས་ཞལ་ནས། རྟོགས་པ་མཐོ་ན་ཡང་ཐ་མལ་པ་ལྟར་བསྟན་ན་ཐ་མལ་པ་ལྟར་སློབ་དགོས་ཞེས་ཡང་ཡང་གསུངས་པ་ལྟར། སྐབས་འདི་དག་ཏུ་ཀུན་མཁྱེན་མཆོག་ལ་བཀའ་འདྲི་དོགས་གཅོད་ཡང་ཡང་ཞུས་པར། རྩིས་དང་སྡེབ་སྦྱོར་རྒྱ་བོད་ཀྱི་ཆོས་འབྱུང་དང་འབྲེལ་བའི་ལོ་རྒྱུས་དུ་མ་འབྱམས་ཀླས་པར་སྩལ་པས་གཙུག་ལག་རབ་འབྱམས་ལ་མཁྱེན་པའི་ཀློང་རྡོལ། སྒྲ་དང་རྩིས་ཀྱི་རི་མོ་ཕྱོགས་བསྟན་པ་ཙམ་གྱིས་ཐུགས་སུ་ཆུད་ཅིང༌། ཤན་སྦྱར་དུ་མ་དང༌། ལྷག་པར་འཕགས་བོད་ཀྱི་སྙན་ངག །སྡེབ་སྦྱོར། སྒྲའི་སྒྲུབ་ལུགས་དང་སྐད་དོད་སྦྱངས་པ་སོགས་གནད་གཅིག་ཏུ་བསྒྲིལ་


GTD008_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ཤན་སྦྱར་སྐུ་འཁྲིས་སུ་བཞག་ནས་རྒྱུན་རིང་གཟིགས། སྐྱབས་མགོན་མཆོག་ནས་སྒྲའི་སྒྲུབ་ལུགས་ཀྱི་དཀའ་གནད་དུ་མར་གསུང་བཤད་མཛད་པ་ལ་དྲི་གཏུགས་ཞིབ་པར་བྱས་པས་རང་བཞིན་དང༌། རྐྱེན་དང༌། རྣམ་འགྱུར་གྱིས་བསྡུས་པའི་བརྡ་སྤྲོད་གཞུང་བརྒྱའི་གནད་དོན་ཐུགས་སུ་ཆུད་ནས་བཀའ་རྩོམ་རྣམས་སུ་སྒྲ་སྒྲུབ་ལུགས་ཀྱི་སྒོ་ནས་དོན་གསལ་བར་མཛད་པ་མང་དུ་ཡོད་པ་མཇལ་ན་ཤེས་ལ། དཔག་བསམ་འཁྲི་ཤིང་ལ་འགྱུར་སྐྱོན་མང་བ་དང༌། འདར་ལོའི་སྒྲ་ཊཱིཀ་ལ་འགྱུར་མི་ལེགས་པ་ཡོད་པ་གཞན་གྱིས་འགྱུར་བཅོས་མཛད་པ་སོགས་ཀྱི་གསུང་སྒྲོས་འགའ་ཞིག་ཐོས་ཀྱང་འདིར་འགོད་པ་སྐབས་སུ་མ་བབས། སྨྲ་སྒོ་མཚོན་ཆ་དང༌། སུམ་རྟགས་རྩ་འགྲེལ་ལ་ཞིབ་གཟིགས་མཛད་ཅིང༌། ཞལ་ནས། སྨྲ་སྒོའི་འགྲེལ་པ་ལ་བྲ་སྟི་དགེ་བཤེས་ཀྱིས་དགག་པ་མཛད་ཀྱང་སྨྲ་སྒོ་ནི་རྗེ་བདག་ཉིད་ཆེན་པོས་ཀྱང་ཁུངས་སུ་འདྲེན་པར་མཛད་གསུངས། རང་བཞིན་རྐྱེན་དང་རྣམ་འགྱུར་ཟླ་བའི་མ། །བློ་ཆུང་རི་བོང་རྐྱལ་གྱིས་བགྲོད་མིན་པ། །མཁྱེན་དཔྱོད་བརྩོན་པའི་གྲུ་ཡིས་བདེར་བརྒལ་ནས། །ལེགས་བཤད་ནོར་བུའི་གན་མཛོད་བདག་གིར་མཛད། །ནང་རིག་དཀའ་གནད་མདུད་བརྒྱ་དབྱེ་དཀའ་བ། །བརྡ་སྤྲོད་གཏན་ཚིགས་སོར་མོའི་འདུ་བྱེད་ཀྱིས། །དགྲོལ་མཁས་སྒྲ་ཚད་སེངྒེ་མཇིང་བསྣོལ་ཁྲིར། །འགྱིང་ཁྱོད་གནའ་བོའི་སྐད་གཉིས་སྨྲ་བའི་ཟླ། །བར་སྐབས་ཤིག་ནས། དུས་དེར་འཚོ་བྱེད་ཀུན་གྱི་གཙུག་ན་མཐོ་བ། རེབ་ཙ་སྨན་རྒན་ངག་དབང་ནོར་བུ་གཟིམས་གཤག་གི་འཁྲིས་སུ་བཅར་སྡོད་དུ་གནས་པ་ལ་སྨན་དང་རྩིས་ཀྱི་གསུང་གླེང་རྒྱུན་དུ་མཛད་ཅིང༌། ཡབ་རྗེ་མཆོག་གི་དྲུང་དུ་ཡང་དྲི་གཏུགས་གླེང་མོ་རྒྱུན་དུ་ཞུས་


GTD008_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ། ནང་བཅུད་ཀྱི་རྩ་རླུང་ཐིག་ལེའི་གནས་ཚུལ། དེའི་དབང་གིས་ས་གནམ་གྱི་གོ་ལར་ཉི་ཟླ་རྒྱུ་སྐར་སོགས་ཀྱི་བགྲོད་པ་ལ་ལྟོས་པའི་ཁྱིམ་བཅུ་གཉིས་འཁོར་ཚུལ། དེ་དག་གི་ཡུལ་རྣམས་ནི་ཕྲ་མོའི་རྡུལ་རྩི་གཞིར་བྱས་པའི་དཔག་ཚད་ཀྱིས་གཞལ་ཅིང༌། དུས་དང་ཡུན་ཚད་ནི་དབུགས་དང༌། ཆུ་སྲང་ཆུ་ཚོད་དང་ཉིན་ཞག་གིས་རིམ་པར་གཞལ། ཕྱི་ནང་གི་རྟེན་འབྲེལ་ལ་བརྟེན་ནས་གཞི་ལམ་འབྲས་གསུམ་འགྲུབ་ཚུལ་རྣམ་དག་གྲུབ་པའི་རྩིས་ལས་ཇི་ལྟར་ཐོན་ཚུལ་མཁས་གྲུབ་ཐམས་ཅད་མཁྱེན་པས་བཀྲལ་བ་ཉིད་ཇི་ལྟ་བ་བཞིན་ཐུགས་སུ་ཆུད། དེ་ཡང་ཕྱི་དུས་འཁོར་རྩིས་ཀྱིས་ཞིབ་པར་ཤེས་ན་ནང་དུས་འཁོར་རྩ་རླུང་ཐིག་ལེའི་གནད་ཕྲ་མོ་ཤེས། དེ་ལས་གཞན་དུས་འཁོར་གྱི་ཉམས་ལེན་མི་ནོར་བ་འབྱུང་བའི་རྩིས་ཀྱི་སྒོ་ནས་དལ་འབྱོར་དོན་ལྡན་དུ་བསྒྲུབ་པ་ལ་ཊཱིཀ་ཆེན་དེ་ཉིད་སྣང་བའི་རང་ལུགས་ཁོ་ན་གཞིར་གཞག་དགོས་པ་ཡབ་སྲས་ཀྱི་གསུང་སྒྲོས་འཁྲུལ་མེད་ཐོས་སོ། །ཉིན་ཟླ་གཟའ་སྐར་ཁྱིམ་གྱི་བགྲོད་ཚུལ་ལས། །ནང་གི་རྩ་རླུང་ཐིག་ལེའི་གནས་ཚུལ་རྣམས། །གཏན་ལ་འབེབས་པ་རྩིས་རིག་དྭངས་པའི་མཚོར། །སྟོང་གཟུགས་ཕྱག་རྒྱའི་རི་མོ་འབུམ་ཕྲག་གཟིགས། །སྣ་ཚོགས་སྣོད་བཅུད་ཀུན་རྫོབ་རྒྱ་ཆེ་ཡང༌། །གནས་ལུགས་སྦྲང་རྩིའི་བཅུད་དུ་རོ་གཅིག་པའི། །སྣང་སྟོང་ཟུང་འཇུག་མཁྱེན་པའི་མེ་ལོང་ལ། །མི་འཆར་ཤེས་བྱའི་གནས་དེ་སུ་ཡིས་དམིགས། །སྨན་གྱི་སྦྱོར་སྡེབ་དང་ངོས་འཛིན་སོགས་ཞིབ་པར་མཁྱེན་ཅིང༌། སྨན་རྒན་ངག་དབང་ནོར་བུ་དང༌། རེབ་ཙ་སྨན་པ་དཀོན་མཆོག་བསྟན་དར་གཉིས་ཚེ་ཇི་སྲིད་འཚོའི་བར་དུ་བླ་བྲང་དུ་རྒྱུན་སྡོད་ཀྱིས་སྨན་


GTD008_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་ལྟ་བུའི་ཚུལ་དུ་ཡོད་པ་ལ་རྗེ་རང་ཉིད་ནས་སྨན་གྱི་སྦྱིན་བདག་གནང་བ་དང༌། ནད་པ་ལ་སྨན་བཅོས་ཀྱི་གསུང་བཀོད་སོགས་མཛད་བཞིན་པ་ཡིན་ལ། མདོར་ན་རྣམ་པར་མ་གྱུར་པའི་ལུས་གནས་ཚུལ་རྒྱུ་རྐྱེན་འཇུག་སྒོ །གནས་དང་རྒྱུ་ལམ་ལྡང་དུས་ལྡོག་རྒྱུ་སོགས་ཀྱིས་འབྲས་བུ་ནད་དུ་སྨིན་ཚུལ། དེ་ཡང་དོན་ལྔ་སྣོད་དྲུག་སོགས་ལ་རླུང་མཁྲིས་བད་ཀན་སོགས་ཀྱི་འཕེལ་འགྲེབ་ལ་བརྟེན་ནས་ཇི་ལྟར་བྱུང་བ་རྣམས་བལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་ལེགས་པར་བརྟག །ཟས་སྤྱོད་སྨན་དཔྱད་ཀྱིས་ལེགས་པར་གསོ་བའི་ཚུལ་ཞིབ་པར་མཁྱེན་ཅིང༌། གསུང་འཕྲོས་ཀྱི་སྐབས་སུ་ཡང་རྒྱུན་སྤྱོད་དང༌། འཕྲལ་གྱི་ཟས་སྤྱོད་སོགས་དང༌། བཀའ་ཆོས་ཀྱི་སྐབས་ཐུན་མཚམས་ཀྱི་རྣལ་འབྱོར་སྐྱོང་ཚུལ་སོགས་ལས་འཕྲོས་ཏེ་གསོ་དཔྱད་ཀྱི་བཤད་པ་འབྱམས་ཀླས་པར་སྩལ་བས་མཁས་པར་རློམ་པའི་འཚོ་བྱེད་ཆེན་པོ་རྣམས་ཀྱང་ཁེངས་པའི་རི་བོ་བསྙིལ་བར་མཛད། གསོ་རིག་འཆི་མེད་ཚེ་ཡི་རིག་བྱེད་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རིགས་དྲུངས་ཕྱུང་སྟེ། །འབྱུང་བཞིའི་དངོས་པོ་ཕལ་པའི་སྲོག་གི་ཟུང༌། །རྡོ་རྗེའི་ལུས་སུ་སྒྲུབ་ལ་དབང་འབྱོར་ཡང། །མ་བསླབ་མི་ཤེས་ཤེས་རྫུས་འགྲོ་བའི་སྲོག །བུས་བ་ཆུང་ངུའི་རྩེད་མོའི་ཡོ་བྱད་ལྟར། །གང་བྱུང་སྤྱོད་ལ་དཔའ་རྣམས་འདུལ་བ་དང༌། །དོན་ཉུང་བྱ་བ་ཉུང་བ་ལྷུར་ལེན་མཛད། །པྲིཏྟ་ཛ་ཏིའི་སྡེབ་སྦྱོར་སོགས་ཞིབ་པར་མཁྱེན་ཅིང་ཞལ་ནས། ད་ལྟ་རྩོམ་པ་པོ་ཕལ་ཆེར་བསྟན་བཅོས་ཀྱི་ལུས་ལ་མ་ཚང་ཁ་སྐོང༌། འཐོར་བ་སྡུད་པ། འཁྲུགས་པ་སྡེབ་པ་སོགས་ཀྱི་དགོས་དོན་ལ་མི་བསམ་པར་འདྲ་བཤུས་ཙམ་ལ། མགོ་མཇུག་ཏུ་ཚིགས་བཅད་དང༌། མགོར་སྡེབ་སྦྱོར་ཡིན་ཁུལ་གྱིས་སྐད་དོད་དམ་


GTD008_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་རེ་བསྒྲིག །དེས་མ་ཆོག་པར་པ་ཏྲ་དང༌། དེས་ཀྱང་མ་ཆོག་པར་འབྲུག་དང་སེངྒེ་ཚུན་ཆད་འདྲིའང༌། དེས་རྩོམ་པའི་ན་འཕང་ཆེར་འགྲོ་རྒྱུ་མེད་ལ། ལྷག་ཏུ་རྒྱ་སྐད་ཀྱི་གཏིང་མ་ལོན་པར་རེ་རེའི་སྐད་དོད་ཡིན་ཚད་བསྡུས་པའི་ནང་ནས་ཡི་གེ་ལྕི་ཡང་གི་སྡེབ་སྦྱོར་ཁོ་ན་གཙོ་བོར་བྱས་ཏེ་བཙན་ཐབས་ཀྱིས་བསྒྲིག་པ་འདི་རྒྱ་སྐད་ལ་ཤིན་ཏུ་མཁས་པ་ཞིག་གིས་བལྟས་ཚེ་དཔེར་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཟེར་རྒྱུ་ལ། ཐད་ཀ་ཐད་ཀར་དོན་འདྲ་བ་ཙམ་ལ་བསམ་ནས། བྱང་ཞེས་པའི་དོད་དུ་དག་དང༌། ཆུབ་ལ་རྟོགས། སེམས་ལ་ཡིད། དཔའ་ལ་མ་ཞུམ། སྤྱན་ལ་མིག །གཟིགས་ལ་མཐོང་བྱས་ཚེ། འབྲུ་གཅིག་ལྷག་པ་གཞན་རྣམས་འདོར་ཐབས་མེད་པས་རས་ཞེས་པ་བསྡུས་པའི་ལུགས་བྱས། ལྷག་མ་བསྡོམས་ཚེ་དག་རྟོགས་ཡིད་མ་ཞུམ་མིག་མཐོང་ཟེར་བ་ཞིག་འབྱུང་ཡང་འབྲེལ་དང་བརྗོད་བྱ་ཅི་ཡང་མེད་པ་བཞིན་ཡིན། དེས་ན་ངེས་པར་སྡེབ་སྦྱོར་བྱེད་འདོད་ཚེ་དང་པོར་རྒྱ་གར་གྱི་སྐད་དུ་བརྩམས་ཏེ། གཟོད་བོད་སྐད་དུ་བསྒྱུར་ན་ལེགས་གསུངས། བཟོ་རིག་པ་ལ་སྐུ་གསུང་ཐུགས་རྟེན་བཞེངས་ཚུལ་སོགས་ལུས་ཀྱི་བཟོའི་མཆོག་དང༌། བཟླས་བརྗོད་དང་འཆད་རྩོད་རྩོམ་གསུམ་སོགས་ངག་གི་བཟོའི་མཆོག་དང༌། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྩལ་སྦྱངས་པ་ཡིད་ཀྱི་བཟོའི་མཆོག་ལ་ཡང་འདོད་དགུར་དབང་བསྒྱུར་བ་ཀུན་གྱི་མངོན་སུམ་གྱི་ཡུལ་དུ་གྱུར་པས་ཕལ་པའི་བཟོ་རིག་ལ་མཁས་པ་སྨོས་མ་དགོས་སོ། །སྙན་ངག་འདོད་འཇོ་དཔག་བསམ་འཁྲི་ཤིང༌དང། །སྙན་ངག་སྡེབ་སྦྱོར་ཀུན་གསལ་མེ་ལོང་སོགས། །སྙན་ངག་སྡེབ་སྦྱོར་ཇི་བཞིན་མདོ་སྔགས་ཀུན། །སྙན་ངག་པྲིཏྟ་ཛ་ཏིའི་ཀློང་དུ་ཞུགས། །


GTD008_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོའི་བཞེད་སྲོལ་སྒྲ་དོན་ཟླ་སྐར་འབུམ། །རང་རང་ཉམས་འགྱུར་མ་འདྲེས་གསལ་གཟིགས་ནས། །སྡེབ་ལེགས་ཚིག་གི་འདབ་བརྒྱར་བརྗོད་དོན་གྱི། །ཟབ་བརླིང་སྦྲང་རྩིའི་ཟིལ་དངར་འབུམ་ཆགས་པས། །མཁས་མང་རྐང་དྲུག་བརྟན་པ་འཕྲོག་པ་ན། །དཔེ་དོན་འགྲིག་ཙམ་རི་མོ་མངོན་བརྗོད་ཀྱི། །ཚོན་གྱིས་ཁ་བསྒྱུར་དོན་བཟང་བཅུད་བྲལ་བའི། །བཅོས་མའི་མེ་ཏོག་རྣམས་ལ་རེ་བ་ཆད། །ཐ་སྙད་རིག་པ་དོན་དུ་གཉེར་མཁན་ཆེར་མ་བྱུང་བས་རིག་གནས་གཞན་ལ་གསུང་རྩོམ་ཟུར་པ་མ་མཛད་ཀྱང་ཚིགས་སུ་བཅད་པ་རེ་རེ་ལ་ཡང་རིག་པའི་གནས་ལྔ་ཡོངས་སུ་རྫོགས་པའི་སྟོབས་ཀྱིས་ཐ་སྙད་མཁན་པོ་མཐའ་དག་ཟིལ་གྱིས་གནོན་པ་ནི་དཀར་ཆག་ཆོས་ཀྱི་གཎྜིར། རྒྱན་མང་ཁུར་ལྕི་དོན་གྱི་བུས་བ་དང༌། །དོན་གྱི་གཞོན་ནུ་ཕྱོགས་ཀྱི་གོས་ཅན་རྣམས། །རང་བཞིན་གསལ་བྱེད་མཛེས་པའི་རྒྱན་གསུམ་ཅན། །སྙན་དངགས་རྒྱལ་པོ་འདི་ཡི་འབངས་སུ་རྒྱུག །མངོན་བརྗོད་མཁས་པའི་རྣ་རྒྱན་སྣ་ཚོགས་སུ། །སྤུང་ཞིང་གསིག་པས་རྣ་བ་ཚ་བ་ལ། །རྒྱན་དུ་རློམ་མིན་རྣ་བར་ལྷན་སྐྱེས་བཞིན། །འཛར་བའི་མུ་ཏིག་རྣ་ལུང་དོན་དམ་རྒྱན། །འོན་ཀྱང་ཐུབ་བསྟན་དབྱར་གྱི་དུས་སྟོན་ཡོལ། །གཞུང་ཆེན་སྒྲ་བརྒྱ་པ་རྣམས་སྒྲ་མེད་གྱུར། །གཅམ་བུའི་སྙན་ཚིག་གསེར་བུ་གཡུ་འབྲུག་བཞིན། །ཕྱོགས་བརྒྱར་རྒོད་པས་ཡིད་སྐྱོའི་སྤུ་ལོང་ལྡང༌། །བློ་ལྡན་དད་བརྩོན་ར་ཡིག་གཉིས་པའི་ཚོགས། །རྗོད་བྱེད་དྲི་བསུང་ཁོ་ནས་མ་ངོམས་པར། །དོན་ཟབ་པུཎྜ་རཱི་ཀའི་བཅུད་མྱང་སྟེ། །རྣམ་གྲོལ་སྦྲང་རྩི་གསོག་པའི་ཆོ་ག་མཛོད། །ཅེས་གསུངས་པ་ཙམ་གྱིས་ཤེས་སོ། །སྙན་དངགས་ཀྱི་བཤད་པ་གསན་སྐབས་ཉིན་རེ་ལ་ཤོག་གྲངས་བཅུ་ལྷག་རེ་མ་མཐའ་གནང་བས་


GTD008_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་རེ་ཞིང་རྩོམ་རྒྱུགས་བར་མ་ཆད་པར་ཕུལ། ཕྲན་གྱིས་ཡི་གེ་པ་བྱས་པར་མཚན་མོ་ཁྱད་གཞི་མང་པོ་ལ་བསམ་བློ་བཏང་ནས་ཕྱི་ཉིན་དཔེ་དང་དཔེ་ཅན་རིམ་པར་ཞུས་ཚེ། རེ་རེ་ལ་འདི་འདྲ་བྱས་ན། འདི་འདྲ་བྱས་ན་ཞེས་ཤོ་ལོ་ཀ་མི་འདྲ་བ་བཞི་ལྔ་རེ་བློར་བཟུང་ཡོད་པ་ཞིག་བཏོན་པ་ལྟར་ཐོགས་མེད་དུ་གནང་ནས་བྲི་དཀའ་བ་བྱུང་སྟེ་རང་ཉིད་ངོ་མཚར་ཞིང་དཔའ་ཞུམ་པར་གྱུར། རེས་འགའ་རྩོམ་རྒྱུགས་ཀྱི་ཤོག་དྲིལ་ཕྲན་གྱིས་སྐུ་མདུན་དུ་ཁྱེར་བར་ཐུགས་དགྱེས་པའི་བསྔགས་བརྗོད་ཀྱང་གནང། ཁྱད་པར་འགོག་རྒྱན་གྱི་ཐབས་ཀྱིས་འགོག་པ་ལ། མི་གཡོའི་སར་གནས་རྒྱལ་སྲས་དཔའ་བོ་ཁྱོད། །ཞི་བདེར་གཞོལ་བར་འདོད་ན་མྱུར་དུ་མཛོད། །ཕྱི་ནས་ཕྱོགས་བཅུའི་ཞིང་གི་རྒྱལ་རྣམས་ཀྱིས། །བསྐུལ་བར་གྱུར་ཚེ་དེ་ལས་འདའ་བ་དཀའ། །ཞེས་པ་ལས་འཕྲོས་ནས་གཞུང་ཆེན་མོ་ལ་སྦྱངས་པའི་སྟབས་ཀྱིས་འདི་འདྲ་མང་པོ་འདུག་པ་ཤིན་ཏུ་ལེགས། འོན་ཀྱང་ཐུགས་རབ་ཀྱི་ཤུགས་ཀྱིས་ཅུང་ཟད་རྩུབ་ཉམས་འདུག་པས་དྲས་རྒྱག་དགོས། སྤྱིར་རྩོམ་པ་ལ་དྲས་ཡང་ཡང་བརྒྱབ་ན་འཇམ་པ་ཡོང། རྩོམ་པ་འཇམ་ན་ལེགས་པས་ཁྱོད་ཀྱིས་སྙན་བསྐུལ་ཡང་ཡང་མཐོང༌། སྙན་ངག་ཅེས་པ་རྣ་བར་སྙན་ཅིང་ཡིད་ཚིམ་པ་བསམ་བློ་བཏང་ན་ཉམས་འཆར་བ་ཞིག་དགོས་གསུངས། སྙན་ངག་ནམ་མཁའ་ཡངས་པ་ལ། །གང་གི་མཁྱེན་དཔྱོད་མཁའ་ལྡིང་གིས། །ཚིག་གི་གཤོག་རླབས་གཡོ་བའི་ཤུགས། །རྒྱལ་ཀུན་སྤྲིན་དང་འགྲོགས་པ་ན། །ཇི་ལྟར་ཉམ་ཆུང་བྱེ་འུ་ཡིས། །བློ་གྲོས་འདབ་གཤོག་བརྐྱངས་གྱུར་པ། །དེ་ལྟར་ངལ་བའི་རི་མོ་ནི། །དཔྲལ་བར་རྔུལ་ཆུའི་རྒྱུན་དུ་བབས། །འཆད་རྩོད་རྩོམ་ལ་གློག་ལྟར་འགྱུ་བའི་ལྗགས། །


GTD008_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་སྤྲིན་རྔའི་དབྱངས་སྙན་བཞད་པ་ན། །གདོང་ལྔའི་ང་རོས་ཝ་སྐྱེས་གཞོན་ནུ་ལྟར། །སྨྲ་བས་ཁེངས་ལྡན་མ་ལུས་ཟིལ་གྱིས་མནན། །མགྲིན་པའི་ཆོས་དུང་སྡེ་སྣོད་རི་མོ་གསུམ། །རྣམ་བཀྲ་བཅུ་དྲུག་འདབ་མ་རྫོགས་པ་དེར། །ཡེ་ཤེས་རང་འོད་རྣམ་ལྔ་བཀྲ་བའི་དབུགས། །དབྱངས་ཀྱི་རྒྱལ་མོའི་གཟུགས་ཀྱིས་རོལ་པ་ན། །ཁེངས་ལྡན་སེམས་ཀྱི་རི་དྭགས་ཉམས་འགྱུར་བརྒྱས། །སྐྲག་བཞིན་སྔངས་བཞིན་ལྐོག་མའི་རྫོང་ཆེན་དུ། །བྲོས་དང་ལྷན་ཅིག་རང་སེམས་ཁྱེ་འུ་དེ། །ཨེ་མ་རྨོངས་པའི་གཉིད་ལས་དེ་རིང་སད། །དབྱངས་ཀྱི་དཀྱིལ་འཁོར་གཅིག་ལ་ཡང༌། །ཟབ་རྒྱས་བཅུ་དྲུག་ཆ་རྫོགས་པས། །ཟླ་བའི་དཔལ་ལ་འགྲན་ནུས་ཀྱང༌། །འཕེལ་འགྲིབ་མེད་པས་ཇི་ལྟར་མཚུངས། །ཐུན་མོང་རིག་གནས་སྟོང་ཁུན་སྒེག་མོའི་དར། །གྲུབ་མཐའ་རྣམ་བཞིའི་རིགས་པའི་དྲས་དྲུབ་ཀྱིས། །མདོ་སྔགས་གཞུང་ལུགས་སྐུ་བཞིའི་ཚོན་བཀྲ་བར། །སྒྲུབ་པའི་བཟོ་བོ་དེང་འདིར་ཁྱོད་མིན་སུ། །དེ་སྐབས་དཔང་ལོ་ཙཱ་བ། སྡེ་པ་རིན་སྤུངས་པ། སྣར་ཐང་སངྒྷ་ཤྲི། བོད་མཁས་པ་སོགས་ཀྱི་འགྲེལ་པ་དཔེར་བརྗོད་ལྔ་དྲུག་ཙམ་ཞལ་ཕྱེ་ནས་རྒྱན་རེ་རེའི་ཐད་དུ་རྗེ་ཉིད་ནས་གཟིགས། འགའ་ཞིག་ཕྲན་གྱིས་བཀླག་ནས་གསན་པས་དེ་དག་ཐམས་ཅད་ཀྱི་བཤད་པ་ལས་ཀྱང་ཀུན་མཁྱེན་མཆོག་གི་གསུང་བཤད་ཚིག་གཅིག་རྣོ་ཞིང་གསལ་ལ་འདྲིལ་ཞེས་ཡང་ཡང་བསྔགས་པར་མཛད། དབྱངས་ཅན་དགྱེས་གླུར་དགེ་ལུགས་པའི་སྙན་ངག་པ་བགྲང་སྐབས་མགོ་འདིར་མཁས་གྲུབ་ཐམས་ཅད་མཁྱེན་པ་འཇོག་དགོས་པའི་བབས་འབྲེལ་ཡོད། མཁས་གྲུབ་རྗེའི་ཚིག་ལྷུག་རྗེ་རིན་པོ་ཆེ་དང་མི་མཉམ་ཡང༌། ཚིགས་བཅད་ཕལ་ཆེར་མཉམ། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་སྙན་ངག་ལ་མཁས། ལྕང་སྐྱ་རྡོ་རྗེ་འཆང་ཧ་ཅང་


GTD008_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་པའི་ཤུགས་ཀྱིས་སྙན་ངག་ལ་མཁས། པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ཧ་ཅང་ཐུགས་རབ་ཆེ་བའི་ཤུགས་ཀྱིས་སྙན་ངག་ལེགས། གཞན་དུས་ཕྱིས་དགེ་ལུགས་པ་ལ་སྙན་ངག་པ་དཀོན་གསུངས་པ་དང༌། མངོན་བརྗོད་ལ་འདྲིས་དགོས་ཀྱང་མངོན་བརྗོད་ཀྱིས་མ་བཅིང་ན་ལེགས་ཚུལ་དང༌། སྙན་ངག་པ་སོ་སོའི་རྒྱན་གྱི་ཉམས་ཐོན་ཚུལ་མི་འདྲ་བ་དང༌། འགྲེལ་པ་སོ་སོའི་བཤད་པ་མི་འདྲ་བ་ལ་ཞིབ་ཆ་འདོན་ཚུལ་གྱི་ཁྱད་པར་དུ་མ་གསུང་བ་ཐོས་ཀྱང་འགོད་པར་མ་ནུས་སོ། །མཇུག་ཏུ་བྱམས་ཆེན་གསར་བཞེངས་ཀྱི་ཞལ་འདེབས་དང་སྦྲགས་དངུལ་སྲང་བརྒྱ་དང་གསེར་སྲང་འགའ་ཕུལ་ནས་བྱམས་ཆོས་སྡེ་ལྔའི་ལུང་ཞུས་ཏེ་ཐུགས་སྨོན་གནང་བར་ཞལ་བཞེས་བཟང་པོ་མཛད། དེ་དང་རྟེན་འབྲེལ་དུས་འཛོམ་པར་ལྷག་བསམ་རྣམ་དཔྱོད་ཡངས་པའི་ཐོར་གོད་དཀའ་བཅུ་དཀོན་མཆོག་བསམ་འགྲུབ་ཀྱིས་བྱམས་པའི་འཁོར་དུ་སྐྱེ་བའི་རྒྱུར་དམིགས་ནས་བྱམས་ཆོས་སྡེ་ལྔའི་ལུང་དང༌། མངོན་རྟོགས་རྒྱན་གྱི་བཤད་ལུང་གི་གསོལ་བ་བཏབ་པ་ཡབ་རྗེ་མཆོག་ལ་དགོངས་བསྟུན་ཞུས་པས། མངོན་རྟོགས་རྒྱན་ནི་ཁྱེད་ལ་བླ་མས་བཤད་ལུང་བྱས་ནས་གནང་བ་ཡིན་པས་དེ་ལྟར་མདོ་གང་དང་སྦྱར་ནས་བཤད་ན་ཡང་ཆོག །མདོ་སྡེ་རྒྱན་ལ་ཡང་ལུང་དང་སྦྲགས་ནས་བཤད་པ་ཞིག་གནང་ན་ཉན་པ་པོ་རྣམས་རྒྱ་གཞུང་ལ་བློ་འཇུག་པའི་དགོས་པ་ཡོད། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ཡང་རྒྱུན་དཀོན་པས་བྱམས་ཆོས་ཀྱི་མཇུག་ཏུ་གནང་རོགས་གྱིས་གསུངས་པ་ལྟར་མདོ་སྡེ་རྒྱན་གསུང་བཤད་དང་བཅས་པ། དཔག་བསམ་འཁྲི་ཤིང་དང༌། བྱམས་ཆོས་གཞན་གསུམ་གྱི་ལུང༌། མདོ་


GTD008_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པ་དང༌། མངོན་རྟོགས་རྒྱན་སྦྱར་བའི་གསུང་བཤད་གསལ་ལ་རྒྱས་ཤིང་གནད་འདྲིལ་བ། གཡོས་སུ་བྱས་པའི་བཟའ་བཏུང་ད་ལྟར་མིད་དུ་རུང་བ་ལྟ་བུ་བསྩལ་བས་ཉན་པ་པོ་རྣམས་རྒྱལ་བ་མི་ཕམ་མགོན་པོ་དངོས་དང་མཇལ་ནས་གསུང་གི་བདུད་རྩི་ཐོས་པ་ལྟ་བུའི་སྐལ་བ་བཟང་པོའི་དགའ་སྟོན་ལ་རོལ་པར་གྱུར་ཏོ། །སྐལ་བཟང་གདུལ་བྱ་བྱམས་པའི་ཆོས་ལ། །སྦྱངས་པའི་རྟེན་འབྲེལ་བླ་མའི་ཐུགས་རྗེ། །གོ་ལར་ཞུགས་པས་མི་ཕམ་མདུན་སར། །བགྲོད་པའི་སྐྱ་རེངས་དང་པོ་ཤར་རོ། །དགའ་ལྡན་ཆོས་ཀྱི་དགའ་ཚལ། །སྐྱེ་བའི་མྱུ་གུ་འཁྲུངས་ཤིང༌། །ལུང་དང་རྟོགས་པའི་འབྲས་བུས། །འགྲོ་ཀུན་ཚིམ་པར་སྨོན་ནོ། །མ་འོངས་བརྒྱད་ཁྲིའི་དུས་སུ། །བྱམས་མགོན་ཉིན་བྱེད་དབང་པོའི། །ཞལ་མཐོང་གསུང་གི་བདུད་རྩི། །མྱོང་བའི་རྟེན་འབྲེལ་འགྲིག་གོ །དེ་ཚེ་རྒྱལ་ཀུན་མདུན་སར། །གཟུངས་སྤོབས་ཏིང་འཛིན་མངོན་ཤེས། །རྫུ་འཕྲུལ་རྩེ་དགའ་འགྱེད་པས། །འགྲོ་ཀུན་སྐྱོང་བར་སྨོན་ནོ། །མཛོད་དགེ་སྨད་ཀྱི་མཁར་སྒོང་སྨྱུང་གནས་པ་སོགས་དུ་མའི་འདོད་པ་ལྟར་ཚེ་དཔག་ལྷ་དགུའི་དབང༌། སྒྲུབ་ཐབས་བརྒྱ་རྒྱམ་གཉིས་ཀྱི་རྗེས་གནང༌། ལྷོ་བྲག་བཀའ་འབུམ་སོགས་དམ་པའི་ཆོས་ཀྱི་ཆར་ཕབས་དགོན་པར་ཇ་སྲང་བཞི་རེའི་འགྱེད་བཏང་ཞིང༌། རྡོ་རྗེ་འཆང་གི་དྲུང་ནས་རིགས་གསུམ་མགོན་པོ། །རྟ་མགྲིན་ལྕགས་རལ་ཅན། བེག་ཙེ། ཀླུ་དབང་རྒྱལ་པོ། བཀའ་གདམས་ལྷ་བཞི། འཇམ་ལུགས་ཚེ་དཔག་མེད། མི་ཏྲ་ལུགས་ཀྱི་ཚེ་དཔག་མེད་དཀར་པོ། རྣམ་འཇོམས་ལྗང་སྔོན། འཇམ་དབྱངས་སྨྲ་སེང༌། ཕག་དཀར་ཤེས་རབ་གསལ་བྱེད། ཛམ་བྷ་ལ་དཀར་པོ་ལྷ་ལྔ་སོགས་ཀྱི་རྗེས་གནང༌། དྲིལ་བུ་ལུགས་ཀྱི་བདེ་མཆོག་ཕྱི་


GTD008_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གཉིས་ཀྱི་དབང༌། བཀའ་གདམས་གཞུང་དྲུག །རིགས་ཚོགས་དྲུག །བཞི་བརྒྱ་པ་རྣམས་ཀྱི་ལྗགས་ལུང་སོགས་ཆོས་བཀའ་མཐའ་ཡས་པ་གསན། གཞན་ཡང་ཕག་ལོའི་དཔྱིད་བར་དུ། རྗེ་འདི་ཉིད་གཅིག་པུར་གཟིམས་ཆུང་ཕུགས་ནས་བཀའ་ཆོས་དུ་མ་གནང་གི་འདུག་ཀྱང་ཕལ་ཆེར་གང་ཡིན་གྱི་མིང་ཙམ་ཡང་ཆ་མ་འཚལ་ཏོ། །རི་ཁྲོད་དུ་དབྱར་ཞལ་བཞེས་དང༌། ཕལ་ཆེར་རྒྱུན་བཞུགས་ལྟ་བུ་གནང་ནས་ཐུགས་དམ་ཉམས་བཞེས་ཉིན་མཚན་ཁོར་མོ་ཡུག་ཏུ་མཛད། དེ་ཡང་སྐྱ་རེངས་དང་པོ་ཤར་བསྟུན་ཁྲུས་ཆབ་བཞེས་པ་ནས་ཉི་དྲོས་བར་དུ་གསོལ་ཇ་པ་མ་གཏོགས་སྐུ་མདུན་དུ་མི་ཚུད་ཅིང༌། ཐུན་ཇ་བཞེས་སྐབས་སུ་ཡང་འཕགས་པའི་མི་སྨྲ་བ་ཁོ་ནའི་ངང་དུ་བཞུགས། གདུགས་ཚོད་སྔ་བར་གསོལ་རྗེས་སྐུ་པར་མང་པོ་ཕྱག་འདེབས་དང༌། བརྐྱངས་ཕྱག་སྟོང་ཕྲག་རེ། ཕྱི་དྲོ་ནས་བཟུང་སྟེ་ཐུན་སྔ་དྲོ་ལྟར་དམ་ཞིང༌། ནམ་གུང་གི་ཆ་ལ་ཅུང་ཟད་བསྙེལ་ཙམ་རེའི་ཚུལ་གནང་བ་འདི་ཙམ་ཀུན་ལ་མཐུན་གྲུབ་ཡིན་ལ། ཕལ་ཆེར་མཚན་ཕྱེད་ཀྱང་ཙོག་པུའི་ངང་ལ་བཞུགས་པར་སྣང༌། དེ་ལས་གཞན་རྗེ་ཡབ་སྲས་དང༌། ཀུན་མཁྱེན་བླ་མ་རིམ་བྱོན་གྱི་རྣམ་ཐར་དང་མཐུན་པའི་ཡི་དམ་ཆོས་སྐྱོང་གཙོ་བོར་བརྟེན་པ་ནི་མཛད་པའི་བབས་ལས་དཔག་ཙམ་མ་གཏོགས་ཐུགས་དམ་དཀྱུས་མ་ཅི་དང་ཅི་མཛད་སྦ་བར་མཛད་མོད། གཙོ་ཆེར་རིམ་གཉིས་དང༌། ཁྱད་པར་བདེན་གཉིས་ཟུང་དུ་འཇུག་པའི་རྫོགས་རིམ་ཉིད་ཡིན་པར་མངོན་ཏེ། ལོ་འདིར་རྗེ་བཙུན་མི་ལའི་བསྟོད་པ་གྲུབ་དབང་དགྱེས་པའི་འཛུམ་ཟེར་ཞེས་པ་གནང་བའི་མཛད་བྱང་དུ་འོད་གསལ་གྱི་ཐུན་བར་ཞིག་ལ་བྲིས་པའོ། །ཞེས་ཡོད་ཀྱང་ཕྱིས་སུ་མཚན་མོ་གཉིད་


GTD008_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་སྐབས་ཞེས་སོགས་བཅོས་པས་ཤེས་ལ། དེ་འདྲ་གཞན་ཡང་རིམ་གྱིས་འཆད་པར་འགྱུར་རོ། །འོན་ཀྱང་སྔགས་ཀྱི་ཉམས་ལེན་སྦས་ནས་མཁྱེན་གསུམ་བསྡུས་སྒོམ་རྒྱས་བསྡུས་ཅི་རིགས་རེ་མཛད་པ་གསུང་ཟུར་ལས་ཐོས་ལ་རྒྱས་བསྡུས་ཞེས་པའི་དོན་གོ་ན་སྨོས་མ་དགོས། སྔར་གྲྭ་སར་བཞུགས་སྐབས་ཇ་ཡུན་རེ་ལ་འགྲེལ་པ་དོན་གསལ་སྐྱོར་སྦྱངས་ཚར་རེ་དང༌། སྐྱོར་ཐང་རེ་ལ་རྣམ་བཤད་གསེར་འཕྲེང་གི་ཚིག་རིས་མ་ལུས་པ་རྫོགས་པར་འཆར་ཐུབ་པ་ཡོད་གསུངས། མདོ་རྩ་དང་བྱམས་ཆོས་སོགས་ཀྱང་དེ་ལྟར་ཉམས་འོག་ཏུ་ཆུད་པ་ཞལ་ནས་ཐོས་ཏེ། དེ་ཡང་ལམ་ཤེས་པ་གསུམ་དང༌། སྦྱོར་བ་བཞིའི་སྒོ་ནས་གཞི་ཤེས་སྤང་བླང་ཕྱེ་སྟེ་རྣམ་མཁྱེན་ཉམས་སུ་བླངས་པ་ལས་འབྲས་བུ་ཆོས་སྐུ་འགྲུབ་ཚུལ་ཚིག་རེ་རེའི་སྟེང་ནས་འཆད་ཤེས་པ་དང༌། དོན་རེ་རེའི་སྟེང་ནས་ཉམས་སུ་ལེན་ཤེས་པའི་སྐབས་ཡིན་ལ། ལམ་རྐྱང་པ་དང་ཁུག་པ་གཉིས་ལས་ཕྱི་མ་རང་ལུགས་སུ་མཛད་པ་ལ་གནད་དེ་འདྲ་ཡོད་པ་ཤེས་དགོས་སོ། །ཇི་ལྟར་སྐྱེས་བུའི་ཟོ་ཆུན་རྒྱུན། །རྡོག་ཐབས་གཅིག་གིས་བསྐྱོད་པ་ལྟར། །གཡོ་འགུལ་ཙམ་ལ་ཡང་སྐད་ཅིག་གིས། །ཆོས་ཀུན་གདམས་པར་འཁྱེར་འདི་རྨད། །བལྟར་མི་སྣང་བའི་ཆོས་ཀྱི་རྔ་བོ་ཆེས། །ལྷ་རྣམས་བསྐུལ་ཞིང་ལྷ་མིན་ཕམ་བྱེད་ལྟར། །འགྲོ་བློ་ཆོས་ལ་བསྐུལ་བའི་ཐུགས་རྗེའི་འོད། །གང་འཚམས་མཛད་པའི་ཟེར་དང་འགྲོགས་པ་འདིས། །སྐྱེ་འཆིའི་རྡུལ་མང་སྤོ་མཐོར་བརྩེགས་པ་ཡི། །ལས་ཀྱི་རི་དབང་རྒྱུན་གྱི་བང་རིམ་ལ། །འདི་སྣང་བདེ་སྡུག་ལྷ་དང་ལྷ་མིན་གཡུལ། །འགྱེད་པའི་ཟིན་མེད་ལས་འདི་སྤོང་བར་རིགས། །ལས་ཀྱི་རྫིང་བུ་ཁྲག་གི་མཚོར་བབས་ཤིང༌། །མི་བརྟན་ལང་ཚོའི་ལྦུ་བ་རྣམ་བཀྲ་བའི། །


GTD008_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རུས་གོང་ཐལ་བའི་སྙིང་པོར་གྲུབ་པའི་ལུས། །དོན་མེད་སྐྱོང་བས་ངལ་རྣམས་ཡིད་དབང་བྲལ། །དགུང་ལོ་ཉེར་བརྒྱད་པ་ས་བྱ་ལ་ཚེས་གཏོར་སྔར་རྒྱུན་ལྟར་མཛད། ལོ་སྔ་མར་ལྗོངས་འདིར་ཞྭ་སེར་གྱི་རིང་ལུགས་གཙང་མ་སྐྱོང་དགོས་ཞེས། གོང་མའི་གསེར་ཡིག་བབས་པའི་དོན་དུ་ཡབ་རྗེ་མཆོག་བྱ་ཁྱུང་སོགས་སུ་ཆིབས་བསྐྱོད་པ་ནས་ཚུར་ཕེབས་སྐབས་དགོན་པའི་གཞུང་ནས་ཆིབས་བསུ་ཞུས་པའི་གྲངས་སུ་རྗེ་འདིས་གན་སྦྱར་ཞྭ་མོ། ཁྲི་ཆེན་ནམ་མཁའ་བཟང་སྤྲུལ་བའི་སྐུ་ནས་ཕྲུག་གཟན་དང་ཞྭ་མོ་ཙམ་མནབས་ཏེ་ཆིབས་བསུར་ཕེབས། རྨོས་ཞིང་ཞིག་གི་སྟེང་ནས་རྡུལ་ལ་མི་འཛེམ་པར་ཕྱག་ཕུལ། ཀུན་མཁྱེན་མཆོག་ཆིབས་ཐོག་ཏུ་བཞུགས་པ་ལ་ཁོང་རྣམ་གཉིས་ཀྱིས་མཇལ་དར་ཕུལ་ཏེ་ཞབས་སྤྱི་བོར་བླངས་པས་བློ་ལྡན་ཀུན་ཡབ་སྲས་ཀྱི་མཛད་པ་ལ་ཡི་རང་བར་གྱུར། དེང་སང་ཕལ་ཆེར་གནའ་བོའི་སྲོལ་བཟང་དང༌། ཆེ་ཆུང་གི་བབས་ཚུགས་དང་མཐུན་མིན་མི་དཔྱོད་པར་གོས་ནས་གཟབ་འཕྱོར་སོགས་ཀྱི་ཆོས་བརྒྱད་ངོམས་གང་ཐུབ་འགྲན་པ་ལ་བླ་མ་བསུ་སྐྱེལ་གྱི་མཆོད་པའི་ཐ་སྙད་ཅི་འདྲ་རང་སྙམ་དུ་སེམས་སོ། །གསུང་ཆོས་སྨོན་ལམ་ལ་རྒྱུན་པར་ཕེབས་ཤིང་ཡབ་རྗེ་མཆོག་ནས་བསྒྲུབ་བྱ་བརྒྱ་ཕྲག་བསྙེན་པར་རྫོགས་པའི་གསང་སྟེ་སྟོན་པ་མཛད། རྣམ་སྣང་མངོན་བྱང་གི་དབང༌། འདུལ་བ་མེ་ཏོག་ཕྲེང་རྒྱུད། སུམ་བརྒྱ་པ། འོད་ལྡན། ཇོ་བོའི་ཆོས་ཆུང་བརྒྱ་རྩ་སོགས་བཀླག་ལུང་མང་ཞིག་གསན། འདི་སྐབས་སོགས་སུ་ཡབ་རྗེ་མཆོག་ལ་ན་བཟའ་བསྒྲོན་པ། ཕྱག་དཔེ་འབུལ་བ། ཡི་གེ་མི་གསལ་བ་རྣམས་སྙན་དུ་ཞུ་བ། དབུས་གཙང་རྒྱ་ནག་ཏུ་ཨེལྖི་འགྲོ་སྐབས་ལྟ་བུར་ཉིན་མང་


GTD008_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པོར་དྲུང་ཡིག་ཁང་དུ་བཞུགས་ནས་བསྐུར་ཡིག་བསྒྲིག་པ། ཕྱག་དཔེ་ཞུས་དག་སོགས་ཀྱི་བཀུར་སྟི་ཕུ་དུད་དང༌། དད་གུས་ཀྱི་ཉམས་གྲྭ་རྐྱང་རང་བཞིན་པ་ལས་ཆེ་ཞིང༌། མདུན་དུ་བཞུགས་སྐབས་ཀྱང་འཇིགས་ཤིང་བསྡམས་པའི་ཚུལ་གྱིས་བཞུགས་ཚུལ་རྗེ་བཙུན་དམ་པ་འཇིགས་མེད་རིགས་པའི་སེངྒེ་དང༌། རྗེ་འདི་པ་རྣམ་གཉིས་སློབ་མ་གཞན་ཐམས་ཅད་ལས་ལྷག་སྟེ། རྗེ་བཙུན་མི་ལས་སྒམ་པོ་པ་ལ། ད་སྟེ་ལོ་གསུམ་ན་ཁྱེད་ལ་དགེ་སྦྱོར་གཤའ་མ་སྐྱེ། དེའི་དུས་སུ་ང་ལ་ཡང་མཐོང་འདི་མིན་པ་གཅིག་འོང་གསུངས་པ་ལྟར་ནང་གི་རྟོགས་པའི་ཡོན་ཏན་གྱི་དབང་གིས་ཕྱིའི་ཡོངས་འཛིན་སངས་རྒྱས་སུ་མཐོང་ཚུལ་གཞན་དང་མི་མཉམ་པའི་ཁྱད་ཆོས་སོ། །དུས་རྒྱུན་དུ་དམ་ཚིག་ཐམས་ཅད་ལས་བླ་མའི་དམ་ཚིག་གཉན་པ་དང༌། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བླ་མ་ལ་རག་ལས་པས་བླ་མ་བསྟེན་ཚུལ་གལ་ཆེ་བའི་ཞལ་ཏ་ནར་མ་དང༌། ཡང་ཐེག་པ་གོང་མ་དང་སྔགས་ལ་སྙད་བཏགས་ནས་འདུལ་བ་གུ་ཡངས་སུ་བྱེད་མི་རུང༌། སོ་ཐར་གྱི་བཅས་རྐྱང་ལ་གཞན་སེམས་བསྲུང་ཆེད་དང༌། དོན་དང་བྱ་བ་ཉུང་བའི་ཆེད་དུ་བཅས་པ་གཉིས་ཡོད་པས་སྔ་མ་བྱང་སེམས་ཀྱིས་ཀྱང་ཉན་ཐོས་དང་འདྲ་བར་བསྲུང་དགོས། སྦྱིན་སྲེག་གི་སྐབས་ས་བོན་རུང་བ་མ་བྱས་ན་འདུལ་བར་ལྟུང་བྱེད་དུ་སོང་ཡང༌། བྱང་སེམས་ལ་རྩ་ལྟུང་དངོས་སམ་དེའི་ཕྱོགས་གཏོགས་དང༌། སྔགས་ལ་སྦོམ་པོ་དང༌། ཁྱད་དུ་བསད་ན་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དུ་འགྱུར་བས་མཚོན་ཐེག་པ་གོང་མར་ལྷག་པར་དམ་ཆ་ཆེ་ཞེས་ཡང་ཡང་འདོམས་པར་མཛད་དོ། །ཀྱེ་མ་རི་གཟར་འབབ་ཆུ་དག །གཤོང་བུ་དམའ་བར་ཇི་བཞིན་དུ། །རྨོངས་པའི་སྐྱེ་བོ་འཁོར་བ་ཡི། །ཡུལ་ལ་ཆགས་པས་མངོན་


GTD008_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱུ། །དེ་ཟློག་ཡིད་ཀྱི་གླང་ཆེན་ནི། །གདམས་ངག་ལྕགས་ཀྱུས་ཉེར་བཀུགས་ཏེ། །འདུལ་བྱེད་དྲན་ཤེས་ཁ་ལོ་པར། །གཏོད་ཁྱོད་ཐུབ་དབང་གཉིས་པ་འདྲ། །དོན་གཉེར་ཅན་དུ་མ་ལ་ལྷོ་བྲག་སྙན་བརྒྱུད་ཆ་ཚང༌། མགོན་པོ་བཀའ་བཅུ་གསུམ། སྒྲོལ་མ་ཉེར་གཅིག་སོགས་ཀྱི་རྗེས་གནང༌། རྒྱ་གཞུང་མང་པོའི་ལུང༌། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་ཆོས་བཀའ་མང་པོ་གནང༌། གཟིམས་ཁང་གསར་པའི་ལས་ཀ་དང་ཤིང་རྩི། རྙིང་པའི་ཞིག་གསོས་གང་དགོས་ལོ་འདིར་ལེགས་པར་གྲུབ། ཕལ་ཆེར་རི་ཁྲོད་དུ་རྒྱུན་བཞུགས་ལྟ་བུར་ཉམས་བཞེས་སྔར་བཞིན་མཛད། མགོན་པོའི་བསྙེན་པ་ཞིག་གི་སྐབས་དམིགས་རྟེན་རས་བྲིས་དེ་ཉིད་མགོན་པོ་དངོས་སུ་གྱུར་ནས་ཞི་རྒྱས་དབང་དྲག་གི་རྣམ་འགྱུར་མི་འདྲ་བ་དུ་མ་བསྟན་པས་སྐུ་མཚམས་གྲོལ་མ་ཐག་རས་བྲིས་དེ་ཉིད་ཀྱི་ཞལ་ཁེབས་ཕྱག་གིས་བཙེམས། ཡང་སྔ་ཉིན་དགུང་ཐུན་ལ་འཇུག་པར་གསུང་རྩོམ་གང་ཡང་མེད་ཀྱང་ཕྱི་ཉིན་ཞོགས་ཐུན་གྲོལ་མ་ཐག་དཔལ་མགོན་ཞལ་བཞི་པའི་བསྟོད་པ་རྒྱུན་ཆགས་ཤིག་སམ་ཊར་བཀོད་འདུག་པའང་དེ་དང་ཆ་མཚུངས་པར་མངོན། ཡང་བདེ་མཆོག་གི་བསྙེན་སྒྲུབ་ཅིག་གི་སྐབས་བླ་མ་ཡི་དམ་གྱི་སྐུའི་སྣང་བ་ཉིན་མཚན་ཁོར་མོ་ཡུག་ཏུ་བྱུང་བས་ལམ་གྱི་སྙིང་པོ་བདེ་སྟོང་གི་རྣལ་འབྱོར་ལ་བོགས་ཐོན་པའི་ཚུལ་གྱིས་བསྟོད་པ་ངོ་མཚར་ཅན་ཞིག་ཡོད་ཀྱང་ཕྱིས་སུ་སྦས་ནས་ཤོ་ལོ་ཀ་ཉུང་ངུ་ཞིག་གསུང་འབུམ་དུ་ཚུད་འདུག་པས་སྔ་རྩོམ་གྱི་དཔེ་དེ་གཟིགས་ན་གནད་མང་དུ་ཡོད་དོ། །ཆོས་ཀྱི་རྒྱུན་ཞེས་བྱ་བའི་ཏིང་འཛིན་དང༌། །རྣམ་པར་མི་རྟོག་ཞི་ལྷག་ཟུང་འབྲེལ་མཚོར། །བགྲང་ཡས་རྒྱལ་བའི་གཟུགས་སྐུ་སྣང་བ་ན། །དྭངས་


GTD008_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་ཟླ་གཟུགས་སྐྲག་ནས་འདར་བ་བཞིན། །འཁྲུངས་ཡུལ་མཛོད་དགེ་སྨད་ནས་གདན་དྲངས་པར། ཆིབས་བསུ་ཇ་ཐབ་སེར་སྦྲེང་དང་བཅས་ཐོག་མར་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཕེབས། གྲྭ་མང་ལ་མཇལ་ཁ་དང་ཆོས་འབྲེལ། རྒྱུད་གྲྭ་དང་ཚོགས་ཆེན་ལ་གྲྭ་ཇ་མང་ཇ་ཁ་དར་གྱི་འགྱེད་བཅས་བཏང་བར་སྐལ་བ་སྟོང་ཕྲག་མ་ལོང་ཙམ་སོང༌། རོང་འབྲོག་གི་སྦྱིན་བདག་སོ་སོས་དངོས་འབུལ་ཕུལ་བ་རྣམས་ལ་འཕོ་བ། བཀའ་བསྒོ། ལྗགས་བསྔོ་སོགས་འདོད་པ་ལྟར་གནང༌། དེ་སྐབས་མནལ་ལམ་དུ། གཉན་ཆེན་སྔོ་ལ་གཡུ་རྩེས་རྩེ་རྒོད་ཅེས་རྒྱངས་སྐད་བརྒྱབ་ནས། སྦ་ཡུ་འཛིན་དགོས་ཟེར་བ་རྨིས། རྐང་ཚའི་དཀའ་བཅུ་བློ་བཟང་བསྟན་འཛིན་ཞབས་ཕྱིར་ཡོད་པ་དེ་ཕྱོགས་ཀྱི་གཙོ་རྒན་ཡིན་སྟབས་ཐུགས་དོགས་མཛད་ཀྱང་ཕྱིས་སུ་མཛོད་དགེ་དགོན་པས་སྡེ་འཁྲུགས་སློང་བའི་ལྟས་རེད། ཡུལ་འཁྲུགས་པའི་སྔོན་དུ་གཞི་བདག་འཁྲུགས་ཟེར་བ་བདེན་པར་སྣང་གསུངས། གདན་སར་ཕེབས་བསྟུན་ཚོགས་ཆེན་ལ་མང་འགྱེད། རི་ཁྲོད་ཡིད་དགའ་ཆོས་འཛིན་ལ་རྟ་ནོར་བདུན་དང༌། མཛོ་མོ་བཅུ་གསུམ་བཞག །དགུང་ལོ་ཉེར་དགུ་པ་ལྕགས་ཁྱིའི་ལོ་ཚེས་གཏོར་དང། སྐྱབས་མགོན་མཆོག་གི་དྲུང་དུ་ལོ་གསར་མཇལ་ཞུ་སོགས་སྔར་ལྟར་དང། ལོ་སྔ་མ་བཞིན་བསྒྲུབ་བྱ་བརྒྱ་ཙམ་གྱི་གསང་སྟོན་མཛད། ཡབ་རྗེ་མཆོག་ལས། གསུང་འབུམ་ཕྱི་རྩོམ་ཕལ་ཆེར་དང། མི་ལའི་རྣམ་མགུར་སོགས་ཀྱི་ལུང༌། སྙིང་པོ་དོན་གསུམ་དང༌། བླ་མཆོད་དང་འབྲེལ་བའི་ཕྱག་ཆེན་གྱི་ཁྲོད་སོགས་གསན་ཏེ་ཟིན་བྲིས་ཀྱང་མཛད། དབུས་སུ་ཡོངས་འཛིན་རིན་པོ་ཆེའི་གསུང་ཟིན་བྲིས་མཛད་པ་རྣམས་མཐོང་བ་དང༌། གསུང་རྒྱུན་ལྟར་གསུང་བཤད་སྩལ་བ་ཐོས་པ་ཙམ་གྱིས་ཞལ་མཇལ་མ་མྱོང་བ་རྣམས་ཀྱིས་ཀྱང༌།


GTD008_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འཛིན་རིན་པོ་ཆེའི་གསུང་གི་ཉམས་འདི་འདྲ་ཞིག་ངེས་པར་ཡིན་རྒྱུ་རེད་སྙམ་པ་ཁོ་ན་དང༌། ཀུན་མཁྱེན་མཆོག་གི་གསུང་ཉམས་ཀྱང་གསུང་ལ་བརྟེན་ནས་དེ་ལྟར་འཆར་ཐུབ་པ་ནི་གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པའི་མཐུ་ཡིན་ཏེ། སྒོ་མཐའ་ཡས་པའི་མདོ་ལས། གཟུངས་ཞེས་བགྱི་བ་ནི་ཆོས་རྣམས་དང་མཚམས་སྦྱོར་བ་ལ་མཁས་པའི་ཚིག་བླ་དྭགས་སོ། །གཟུངས་ཞེས་པ་ནི་རྗེས་སུ་དྲན་པའི་ལས་ཀུན་བགྱིད་པ་ལགས་སོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བླ་མའི་གསུང་གི་མཛད་པའི་རྒྱུན་མི་ཉམས་པར་སྐྱོང་བ་ནི་དེ་བཞིན་གཤེགས་པའི་གདུང་འཚོབ་པའི་མཛད་པ་རྨད་དུ་བྱུང་བ་ཡིན་ཏེ། མདོ་ལས། བྱང་ཆུབ་སེམས་དཔའ་དེ་དག་ནི། དེ་བཞིན་གཤེགས་པ་དེས་བདག་ཅག་ལ་ཕན་གདགས་པའི་དམ་པས་ཕན་བཏགས་ཏེ། དེ་བཞིན་གཤེགས་པ་དེ་ནི་བདག་ཅག་ལ་རྗེས་སུ་བརྩེ་བའི་ཕ་ཡིན་ནོ་ཞེས་ང་ལ་ཕའི་འདུ་ཤེས་འཇོག་པར་འགྱུར་རོ་ཞེས་གསུངས་ལ། དེར་མ་ཟད། སྙིང་རྗེ་ཆེན་པོ་པད་དཀར་ལས། ཀུན་དགའ་བོའི་ལག་པ་གཡས་པ་བཅོམ་ལྡན་འདས་ཀྱི་ཕྱག་གཡས་པས་བསྣམས་ཏེ། ཀུན་དགའ་བོ་ཁྱོད་ང་ལ་སྡུག་ན་སྡུག་པའི་བྱ་བ་གྱིས་ཤིག །བསྐལ་པ་གྲངས་མེད་པར་བསྒྲུབས་པའི་ཆོས་ཀྱི་མཛོད་འདི་ཁྱོད་ལ་བཅོལ་ཞིང་གཏད་ཀྱི་ཅི་ནས་ཀྱང་ཆོས་འདུལ་བ་འདི་རྣམ་པར་འཕེལ་བ་དང༌། ཡོངས་སུ་མི་ཉམས་པ་དང༌། ཀུན་ཏུ་བསྲུང་ཞིང་སྦ་བ་དང༌། ཆུད་མི་ཟ་བར་གྱིས་ཤིག །ཅེས་གསུངས་པ་ལྟར་གསུང་གི་མཛད་པ་མི་ཉམས་པར་གནས་པ་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལ་བརྣག་པའི་འཕྲིན་ལས་ཡིན་པས་བསྟན་འཛིན་དམ་པ་རྣམས་ནས་བཤད་སྒྲུབ་ཀྱི་བྱ་བ་ཁུར་དུ་མ་སོང༌། རྒྱན་དུ་སོང༌


GTD008_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞིག་མཛོད་མཛོད་ཅེས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་ལགས་སོ། །ཧལ་ཧ་ཆེ་ཆེན་ཧན་གྱི་བླ་མ་ཡེ་ཤེས་རྒྱ་མཚོས་ཞུས་ངོར། སྒྲུབ་ཐབས་བརྒྱ་རྒྱམ་གཉིས་སོགས་ཆོས་བཀའ་མང་དུ་གནང༌། འདི་དག་གི་སྔ་ཕྱིར་རྣམ་ཐར་སྒོ་གསུམ་གྱི་མཐའ་དཔྱོད། བདེན་བཞིའི་མཐའ་དཔྱོད། དམིགས་བརྟགས་འགྲེལ་པ། བློ་སྦྱོང་མཚོན་ཆ་འཁོར་ལོའི་འགྲེལ་བ། སཙྪའི་བཤད་པ། ལྷ་མང་པོའི་སྒྲུབ་ཐབས་བསྟོད་པ་སོགས་གསུང་རྩོམ་མང་དུ་སྤེལ། གཞུང་ཆེ་ཆུང་ཇི་འདྲ་ཞིག་རྩོམ་ཀྱང་ཆེད་དུ་གཉེར་ནས་དཔེ་ཆ་ལ་གཟིགས་རྟོག་གནང་མི་དགོས་པར། རྩོམ་པའི་ཐོག་མར་སྤྱན་བར་སྣང་ལ་གཏད་ཙམ་གནང་བ་ན་ཐམས་ཅད་ཐུགས་ལ་ཤར་སོང་ངམ་སྙམ་པ་ཙམ་ལས་ཐུགས་བསམ་ཅུང་ཟད་ཀྱང་གཏོང་མི་དགོས་པར་ཡིག་མཁན་གྱིས་ལྕོགས་ན་ཤར་ཤར་བཏོན་པ་ལྟ་བུ་ཞིག་ཡོད་ཅིང༌། དེའི་སེང་བར་ལ་མཇལ་ཁ་དང༌། གསུང་བརྟགས་སོགས་ཞུས་ཀྱང་གསུང་རྩོམ་གྱི་རྒྱུན་ལ་མི་གནོད་པ་ནི་གཞན་དང་མི་མཉམ་པའི་ཁྱད་ཆོས་ཡིན་ལ། ཡབ་རྗེ་མཆོག་གིས་ནི་འགྲུལ་པ་སོགས་ལ་གསུང་འཕྲོས། དྲུང་འཁོར་བ་རྣམས་ལ་དོགས་གཅོད་ཀྱི་བཀའ་ལན། དྲུང་ཡིག་ལ་གསུང་རྩོམ་བྲི་ཞུས། མཆོད་དཔོན་ལ་མཆོད་ཤོམས་ཀྱི་གསུང་བཀོད། གསུང་བརྟག་མཇལ་ཞུ་སོགས་དུས་མཉམ་པ་བྱས་ཀྱང་གཅིག་གིས་གཅིག་ལ་མི་གནོད་པས་ཡབ་སྲས་འདི་འདྲའི་ཞབས་ཟུང་གཙུག་རྒྱན་དུ་ཐོབ་པ་དག་ནི་རྙེད་པ་ལེགས་པར་རྙེད་པའོ་སྙམ་དུ་སེམས་སོ། །སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུན། །རེ་རེ་བ་ཞེས་རྒྱལ་བས་གསུངས་དེ་རྫུན། །འོན་ཏེ་དཔག་མེད་དུས་ནས་སངས་རྒྱས་ཀྱང༌། །རྒྱལ་སྲས་ཟློས་གར་བསྒྱུར་བར་གོར་མ་ཆག །ཀུན་མཁྱེན་མཆོག་གི་བཀའ་ལྟར་ད་ཚང་དགོན་དུ་ཆིབས་བསྒྱུར་བར་ལམ་བར་གྱི་


GTD008_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བདག་སོ་སོས་འབུལ་ནོད་གཟབ་སྟེ་ཕུལ། དགུང་ལོ་བཅུ་བདུན་གྱི་ཐོག་དབུས་སུ་ཕེབས་པ་ནས་འདི་བར་དུ་གཤིན་སྔས་ལ་ཕེབས་མ་མྱོང་བ་ཡང་འདུན་ལྡན་སེམས་ལ་དད་གུས་བདེ་བའི་བསིལ་བ་སྟེར་ཡང་དཀོར་ཟན་ཆེར་རློམ་རྣམས་འདར་བར་བྱེད་པའི་གྲང་རེག་བླ་ན་མེད་པའོ། །ཞལ་ནས། ལྷ་བསྒྲུབས་ན་དབང་ཐོབ་མ་ཐོབ་དང༌། རྒྱུད་སྦྱངས་མ་སྦྱངས་སུ་ལ་ཡང་དངོས་གྲུབ་ཕྲན་ཚེགས་རེ་འབྱུང་བ་ནི་སྔགས་ཀྱི་ཁྱད་ཆོས་ཡིན་ཀྱང་དངོས་གྲུབ་དེ་ཙམ་གྱིས་ངན་འགྲོ་སྐྱོབ་མི་ནུས་པ་དང༌། དབང་མ་ཐོབ་པ་དང༌། བསྙེན་སོགས་དག་པར་མ་བྱས་པ་དང༌། ཆོ་ག་ཉམས་པ་དང་འཁྲུགས་པ་ནི་དངོས་གྲུབ་ཀྱི་གེགས་ཡིན་པར་གསུངས་པས་ཞི་དྲག་གི་རིམ་གྲོ་སྣ་ཚོགས་སོགས་གྲོང་ཆོག་བྱུང་རྒྱལ་དུ་འགྲིམ་པ་འདི་ཉེན་ཆེ་གསུངས། ཀློང་རྡོལ་རྗེའི་གསུང་མགུར་ལས་ཀྱང༌། ནོར་ཅུང་ཟད་ཙམ་ཕྱིར་འབུལ་སྡུད་ཀྱིས། །ཚེ་འདི་པའི་མི་དང་འགྲོགས་འགྲོགས་ནས། །ཚུལ་ཡ་རབས་སྤྱོད་པ་ཀུན་དང་བྲལ། །རྒྱུད་དུག་གསུམ་འཁྲུགས་པའི་འཁོར་གྱིས་བསྐོར། །གནས་གྲོང་མཐའ་ཁྱི་རྐུན་བཞིན་དུ་ཉུལ། །ཁ་བཟའ་བཏུང་བག་མེད་དུད་འགྲོ་འདྲ། །ངག་འཆལ་གཏམ་མི་སྙན་སྣ་ཚོགས་སྒྲོག །མ་སེམས་ཅན་བརྡུང་བརྡེག་བཀོལ་སྤྱོད་བྱས། །འཇུ་དཀའ་བའི་དད་ཟས་གཤིན་ཟས་སོགས། །སྡིག་རི་བོ་ལྟ་བུའི་ཁུར་གྱིས་ནོན། །ལུས་རབ་བྱུང་གཟུགས་འཆང་ཁྱིམ་པའི་སེམས། །ལྟོ་གོས་ཕྱིར་སྲོག་འཚོ་སྡིག་དང་སྡུག །ཐབས་དེ་འདྲར་སྦྱོར་བའི་གྲོགས་དང་བཤེས། །དུས་ནམ་ཡང་འཕྲད་པར་མ་གྱུར་ཅིག །ཅེས་གསུངས་པ་ལྟར་གྲོང་ཆོག་དང་འབུལ་སྡུད་ཀྱི་ཞར་ལ་གཉེན་པོ་ཆུང་བ་རྣམས་ཚེ་འདི་སྣང་གི་དབང་


GTD008_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་སྟེ། འདོད་ཆུང་ཆོག་ཤེས་ལ་དགྲར་བལྟ་བ་དང༌། མངོན་ཚན་ཅན་དང༌། ཉོ་ཚོང་དང༌། གསོག་འཇོག་གི་སྤང་བ་དང༌། ཡང་ཡང་ཟ་བ་དང༌། སྤངས་པ་ཟ་བ་དང༌། གསོག་འཇོག་ཟ་བ་དང༌། འདུས་ཤིང་ཟ་བ་སོགས་དབང་མེད་དུ་བྱེད་དགོས་པ་དང༌། བདག་བསྟོད་གཞན་སྨོད་དང༌། འཚོ་བ་ལོག་པ་དང་དུ་ལེན་པ་དང༌། རྫུན་གྱི་རྣལ་འབྱོར་ང་རྒྱལ་བྱེད་པ་དང༌། བསྟན་དགྲ་དང་དམ་ཉམས་ལ་ཡང་གཏམ་འདྲེ་བ་དང༌། ཕེབས་པར་སྨྲ་བ་དང༌། ལོངས་སྤྱོད་ཀྱིས་གནས་དགོས་པ་སོགས་སྡོམ་པ་གསུམ་གྱི་བཅས་འགལ་དུ་མས་དབང་མེད་དུ་ནོན་པ་དང༌། ཁ་གསག །གཞོག་སློང༌། ཟས་ཀྱི་ཞིམ་མངར་དང༌། ནོར་གྱི་བཟང་ངན། འབུལ་བའི་ཆེ་ཆུང་སོགས་སྨྲ་བ་དང༌། ཚུལ་འཆོས་དང༌། བརྣབ་སེམས། ཡོན་བདག་གི་ངོ་འཛིན། བརྒྱ་བཤིག་སྟོང་འགུག་གི་གཡོ་འཕྲུལ། ཁལ་རྟ་བཀོལ་སྤྱོད་དང་སྲོག་གཅོད། སྒེག་ཆས་དང་སྤྱོད་ལམ་སྣ་ཚོགས་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་མེད་དུ་སྤྱད་དེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་གང་བྱས་ཕལ་ཆེར་བློ་ཁ་ཐུར་དུ་ཕྱོགས་པའི་རྒྱུ་ཁོ་ན་ཤས་ཆེ་བས་ཕྱི་མ་ཕན་ཆད་ཀྱི་དོན་ལ་བསམ་བློ་བཏང་སྟེ་བག་ཡོད་པ་བྱེད་དགོས་སོ། །དཱ་ཚང་དགོན་དུ་ཉིན་བདེ་མ་རེ་དང། ཇ་རྒྱ་མ་བཞི་རེའི་འགྱེད་བཏང་བར་སྐལ་བ་བརྒྱད་བརྒྱ་སོང་ཞིང། ཚོགས་ཡོངས་ལ་བླ་མ་མཆོད་པའི་ཁྲིད་སོགས་ཆོས་བཀའ་མང་དུ་གནང་བས་སྐྱེ་རྒུ་ཀུན་གྱི་དད་གུས་སྦྲང་རྩི་རྒྱས་པས་ལུས་ཀྱི་པདྨོ་མགོ་ལྕོག་ལྡེམ་པར་གྱུར། དགོན་པར་བྱོན་ནས་ཇ་སྲང་གསུམ་རེའི་འགྱེད་སྩལ། སྐབས་འདིར་རྒྱལ་མཁན་པོ་སྤྲུལ་བའི་སྐུ་གྲགས་པ་རྒྱལ་མཚན་པ་དབུས་གཙང་ནས་བྱོན་པ་རྗེ་ཉིད་ཀྱི་ཞབས་དྲུང་དུ་མཇལ། དམ་པ་དེ་ཉིད་ནས་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་པོ་ཏི་


GTD008_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་དམ་བཅའ་བསྟན་པའི་རྒྱན་དུ་ཆེ་བ་བཞག་པ་སོགས་ལ་ཐུགས་དགྱེས་ཤིང་དཀར་སྤྲོ་དང༌། སྔ་ཕྱིར་གསུང་སྒྲོས་ཞིབ་ཏུ་མཛད། ཁོང་གི་ཕྱག་ནས་ལུང་བསྟན་ཤེལ་གྱི་མཁར་བ་བྱུང་བ་ལ་ལེགས་པར་གཟིགས་ཤིང༌། ལུང་བསྟན་དེར་དགོན་པ་ཆེན་པོ་ཞིག་ནས་དགེ་སློང་ཞིག་གིས་དར་དཀར་གཡབ་ཅིང་བྱམས་པ་མགོན་པོ་ཞེས་འོ་དོད་འབོད་པ་དང༌། དགོན་པ་ཤིན་ཏུ་ཆེ་བ་རྟེན་གྱི་གཙོ་བོ་བྱམས་མགོན་གྱི་སྐུ་བརྙན་ཤིན་ཏུ་ཆེ་བ་ཡོད་པ་ཞིག་ན་བླ་མའི་ཆས་སུ་ཞུགས་པ་ཞིག་གིས། ད་ལྟ་རྗེ་རིན་པོ་ཆེའི་བསྟན་པ་འདི་ན་འཕེལ་རྒྱས་ཆེ་བར་འདུག་ཅེས་པ་དང༌། གསེར་དང་པདྨ་རཱ་གའི་མཆོད་རྟེན། སྤྲེའུ་རྡོ་རྗེ་འཛིན་པ། རྒྱལ་པོ་ཨག་ཚོམ་དཀར་པོ་ཅན་སོགས་ཀྱི་གསུང་སྒྲོས་གནང་བ་ཞིབ་པར་ཐོས་ཀྱང་འདིར་སྐབས་སུ་མ་བབས་ལ། གྲུབ་པའི་གཙུག་རྒྱན་གར་དབང་ཆོས་ཀྱི་དབང་ཕྱུག་གི་ལུང་བསྟན་ཉེ་བར་མཁོ་བ་འགའ་ཞིག་དང༌། མ་ཅིག་ལབ་ཀྱི་སྒྲོན་མའི་ལུང་བསྟན་གུང་བསྒྲིགས་པའི་གསུང་སྒྲོས་སྐབས་སུ་བབས་པ་འགའ་ཞིག་ཡོད་ཀྱང་གླེགས་བམ་གྱི་ཁུར་དུ་ཆེ་བས་མ་བྲིས། གསེར་དང་བོང་བ་མཉམ་པའི་བློ་གྲོས་ཀྱིས། །འདོད་པའི་ལོངས་སྤྱོད་ཡང་ཡང་བཏང་གྱུར་ཀྱང༌། །ལྕགས་ཀྱུས་བཀུག་བཞིན་གཡང་དུ་འདུ་བ་ནི། །ཚ་ཟེར་ཅན་ལ་འོད་བཞིན་ཆོས་ཉིད་གཤིས། །མཁས་པའི་དྲུང་ན་མཁས་པ་ཆེར་མཛེས་ཏེ། །ཉིན་བྱེད་དྲུང་ན་གསེར་རི་ལྷག་པར་གསལ། །མཁས་དང་ཕྲད་ལས་མཁས་པའི་ལེགས་བཤད་འཕེལ། །བདུད་རྩིའི་ཟེར་གྱིས་ཀུན་དའི་ཚལ་རབ་རྒྱས། །དཔྱིད་ཀྱི་ཕོ་ཉའི་དབྱངས་སྙན་དང༌། །གཡུར་དུ་ཟ་བའི་སྟོན་འབྲས་ཀྱིས། །ཟླ་བའི་ཟེར་བཞིན་གདུང་སེལ་བ། །ཚོགས་དང་དུས་ལ་ལྟོས་པ་ཉིད། །


GTD008_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཐུ་མེད་ཀྱཱ་ཧུ་བླ་མ་རྡོ་རམས་པ་ངག་དབང་ཤེས་རབ་ལ་སྒྲུབ་ཐབས་རྒྱ་མཚོ་དང༌། སྣར་ཐང་བརྒྱ་རྩ། རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་སོགས་སྩལ། དགུང་ལོ་སུམ་ཅུ་པ་ལྕགས་ཕག་ལ་ཚེས་གཏོར་ལོ་གསར་གྱི་མཇལ་ཁ་སོགས་སྔར་རྒྱུན་ལྟར་ལ། ཐུ་མེད་ཀྱཱ་ཧུ་བླ་མ་དང་བྱ་བྲལ་དགེ་བཤེས་བསོད་ནམས་སོགས་ཀྱིས། སྐྱབས་མགོན་མཆོག་ལ་བཀའ་ཆོས་ཞུས་པ་རྣམས་ལས་མང་ཞིག་གསན། དེའི་སྐབས་ཤིག་སྐུ་མདུན་ནས་རྗེ་ཉིད་ལ་འབོལ་གདན་ཁྱད་འཕགས་བསྟབ་པ་ལ་འགའ་ཞིག་གིས་ཡི་རང་བྱས་པར། འཛུམ་པ་མཛད་ནས། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །ཞེས་གསུངས་པས་དེ་ཀུན་འཇིགས་ཞུམ་པར་གྱུར། བྱ་བྲལ་དགེ་བཤེས་བསོད་ནམས་ཀྱིས། སྡུག་བདེན་རྟོགས་ན་རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེ་བར་རྟོགས་དགོས། ཀུན་འབྱུང་རྟོགས་ན་རང་འབྲས་སྡུག་བདེན་སྐྱེད་པར་རྟོགས་དགོས་པས། སྡུག་ཀུན་གཉིས་ཀྱི་རྟོགས་རིམ་ཇི་ལྟར་ཡིན་ཞུས་པར། དེ་གོར་གོར་ཞིག་རེད་མོད་གསུངས་པ་ལ་ཡང་ཡང་བསམ་བློ་བཏང་བས་སེམས་ལ་ཕན་ཞིང་བློ་སྐྱེད་ཆེན་པོ་བྱུང་ཞེས་བསྔགས་པ་ཐོས་ཏེ་གདུལ་བྱའི་ཁམས་དང་བསམ་པ་མཁྱེན་པའི་རྟགས་སུ་འདུག །བྱམས་སྐུ་མཐོང་བ་དོན་ལྡན་རབ་གནས་ཀྱི་སྐབས་དམ་ཚིག་པ་ལ་ཡེ་ཤེས་པ་སྲས་བཅས་རྒྱལ་བས་བསྐོར་བཞིན་ཐིམ་པ་མངོན་སུམ་དུ་གཟིགས་ཀྱང་ཡབ་སྲས་གཉིས་ཀས་གཟི་བྱིན་ཇེ་ཆེར་སོང་ཞེས་སྦས་པའི་ཚུལ་གྱི་གསུང་གླེང་མཛད་པ་ཐོས་ཤིང༌། དེ་ལྟར་དུ་རྣམ་ཐར་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་སུ་ཡང་ཟུར་ཙམ་གསལ་མོད། དུས་དེར་སྔོན་གྱི་རྒྱལ་པོ་གུ་ཤྲཱི་ཧན་ཞེས་གྲགས་པ་གསང་བདག་མི་རྗེའི་རྣམ་རོལ་དེ་ཉིད་ཀྱི་གདུང་བརྒྱུད་དྲི་མ་མེད་པ། མཚོ་སྔོན་གཡས་རུའི་དཔོན་ཆེན་རྣམས་


GTD008_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀུན་མཁྱེན་བླ་མ་ཡབ་སྲས་དགེ་འདུན་གྱི་སྡེ་དང་བཅས་པར་རྙེད་དང་བཀུར་སྟིས་བླ་ལྷག་ཏུ་མཆོད་དེ། རྒྱལ་བ་རི་ཡི་དབང་པོའི་དྲུང་དུ། བསྟན་འཛིན་གསེར་རིའི་འཕྲེང་བ་ཚར་དུ་དངར་བར་བསྟན་པའི་སྦྱིན་བདག་རོལ་མཚོའི་དཔལ་གྱིས་རླབས་འཕྲེང་གཡོ་བཞིན་འཁྱུད་པའི་མཛེས་པ་སྲིད་འདིར་གསལ་བར་བྱས་སོ། །བྱ་བྲལ་དགེ་བཤེས་བསོད་ནམས་ཀྱིས་ཞུས་ངོར་བཀའ་གདམས་གླེགས་བམ་ཆ་ཚང་གི་ལུང་གནང་ཞིང༌། མདོ་རྩའི་བཤད་ལུང་གི་དབུ་ཚུགས་ཙམ་བྱས་ནས་སྔོན་ཆོག་ཡན་ཆད་ཀྱི་བཤད་པ་སྩལ་བར་ཁོང་པ་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པ་ཤུགས་དྲག་པོ་འཁྲུངས་ཏེ་ཐལ་མོ་ཡང་ཡང་སྦྱོར་ཞིང་བཞུགས་ཡུལ་ཐག་རིང་བ་དང་དཀོན་པའི་འདུ་ཤེས་ཀྱིས་མིག་ནས་མཆི་མ་འཁྲུགས་པས་ཀུན་ཧ་ལས་པ་ལྟ་བུར་གྱུར། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བསྒྲུབ་བྱ་བཅོ་བརྒྱད་བསྙེན་རྫོགས་ཀྱི་དཔལ་ལ་བཀོད། འདི་བསྙེན་རྫོགས་གནང་བའི་ཐོག་མ་ཡིན་པས་ཡོངས་འཛིན་རིན་པོ་ཆེའི་ཕྱག་ལེན་ལྟར་ཐུབ་དབང་གི་སྐུ་རེ་འབྲལ་སྤངས་སུ་སྩལ། ཡབ་རྗེའི་བཀའ་ལྟར་རྔ་བའི་ཕྱོགས་སུ་དགོན་པ་གསར་འདེབས་ཀྱི་ཆེད་དུ་ཕེབས་ཏེ་བཀྲ་ཤིས་ཀྱི་གསོ་སྦྱོང༌། ས་བརྟག་བསླང༌། ལྟོ་འཕྱེའི་ཐིག་སོགས་རྒྱས་པར་གནང༌། ཟོང་འཕན་ཏཱ་ཞིན་མགོ་ལོག་གི་དོན་དུ་འོང་བ་མཇལ་ནས་ཚེ་དཔག་དང༌། སྒྲོལ་མའི་རྗེས་གནང་ཞུས་ཤིང་བཀུར་སྟི་བསྙེན་བཀུར་དཔེ་མེད་ཀྱི་སྒོ་ནས་དགོན་པའི་དོན་དུ་ཕན་གྲོགས་གང་ལེགས་བྱས། རིམ་གྱིས་དཱ་ཚང་དུ་ཕེབས་ཤིང་རྔ་བ་དང་ཁེ་ཐ་ཕྱོགས་ནས་ཐུགས་རྗེ་ཆེན་པོའི་དབང་ལན་གསུམ་གནང་བ་སོགས་སོ་སོའི་འདི་ཕྱིའི་རེ་འབྲས་ཡིད་སྨོན་ལྟར་གྲུབ་པར་མཛད། དཱ་ཚང་


GTD008_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པར་ཇ་རྒྱ་མ་ལྔ་རེའི་འགྱེད་དང༌། འཇོག་པར་རྟ་ནོར་བརྒྱ་དང་ཉེར་ལྔ་གནང༌། དེར་སྐུ་མཚམས་ལ་བཞུགས་ནས་ཡབ་རྗེ་ཀུན་མཁྱེན་བླ་མའི་རྣམ་ཐར་བཀའ་རྩོམ་མཛད། ཉིན་གཅིག་བདག་ཀྱང་ལོ་ངོ་ལྔ་འགྲོ་བས་རྗེ་འདིའི་ཞབས་སེན་སྤྱི་བོར་རེག་པའི་སྐལ་བཟང་ཐོབ། ཅེས་པ་བྲིས་ནས་ཐུགས་སྤྲོ་ཉམས་དང་བཅས་ཏེ་གུང་ཚིགས་གནང༌། དེ་རྗེས་བྲིས་ན་སྙམ་དུ་ཐུགས་ལ་དགོངས་ནས་ཤོག་དྲིལ་ཕྱག་ཏུ་བསྣམས་པ་ན། དེ་རིང་མཚམས་འདིར་བཞག་ནས་སང་བརྩམས་ན་ཆོག་པར་འདུག་ཐུགས་ལ་དགོངས་ནས་བཞག །དེ་མ་ཐག་ཏུ་དངུལ་རའི་ལྷ་སྡེ་བརྒྱུད་ནས་བླ་བྲང་ཕྱག་མཛོད་ཀྱི་ཡི་གེ་འབྱོར་བའི་ནང་དུ། ྋསྐྱབས་མགོན་མཆོག་དགོངས་པ་གཞན་དུ་གཏད་པའི་གནས་ཚུལ་གཟིགས་ནས་ཐུགས་ངལ་བཟོད་དཀའ་བ་འཁྲུངས་ཏེ་ཅུང་ཟད་བརྒྱལ་བའི་ཉམས་བྱུང༌། འོན་ཀྱང་ཕྱིས་སུ་ཚིག་བཀྲ་དེ་རྟེན་འབྲེལ་ལེགས་པར་དགོངས་ནས། ཨེ་མ་ཧོ། ཞབས་སྐྱེས་གེ་སར་ར་ཡི་འཕྲེང༌། །ཟུར་ཕུད་བུང་བས་བསྟེན་པ་ཡིས། །བྱིན་རླབས་སྦྲང་རྩིའི་དོག་པ་ནི། །སྙིང་གི་ཟེའུ་འབྲུ་ལ་ཆགས་གྱུར། །ཅེས་པ་འདི་བྲིས་པ་ཡིན་ཞེས་ཞལ་ནས་ཐོས་པ་ལྟར་བཀོད་པ་ཡིན་ལ་འོག་ཏུ་ཡང་ཅུང་ཟད་གསལ་བར་འགྱུར་རོ། །དཱ་ཚང་ལྷུན་གྲུབ་གླིང་ལ་གདུང་མཆོད་རྒྱུན་འཛུག་གི་བཀོད་པ་དང་ཐེབས་བཅས་གནང་སྟེ་དེ་མ་ཐག་ཏུ་ཞབས་ཕྱི་གཉིས་ཙམ་དང་བཅས་རྐང་འགྲོས་ཀྱིས་ཕེབས་པས། ཞབས་ཕྱི་རྗེས་མ་རྣམས་ཀྱིས་ཁལ་རྟ་དང་དོ་པོ་བཞག་སྟེ་རྟ་དྲེལ་དང་ལམ་གྱི་དགོས་ཆས་ཙམ་བསྒྲིགས་ནས་མཚན་ཕྱེད་ཙམ་ནས་རྗེས་ལ་སླེབས། གུང་ཚིགས་རེ་གནང་ཙམ་བྱས་ནས་ཉིན་མཚན་གཉིས་ཀར་བར་མ་ཆད་པར་ཕེབས་པས་ཞག་དྲུག་གིས་དགོན་པར་འབྱོར། ཐུགས་སྐྱོ་ངལ་ཚད་


GTD008_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་སྐད་ཅིག་ཀྱང་རྒྱུན་མི་འཆད་པ་བྱུང༌། ཁྱད་པར་དཱ་ཚང་ནས་མཚན་མོ་དེར་ལ་གཟར་པོ་ལ་བབས་ནས་ཕེབས་ལམ་དུ་ངལ་ཅུང་ཟད་བསོས་ནས་ནམ་མཁར་གཟིགས་པས། དགུང་དབྱིངས་མཐོན་པོར་སྐར་མའི་རིགས་མི་གསལ་བ་ལ་ཟླ་བ་གཅིག་པུར་རྒྱུ་བ་གཟིགས་པའི་རྐྱེན་ལས་གདུང་བའི་དབྱངས་ཀྱི་མགུར་དབྱངས་མཛད། ཕྱིས་སྤྲུལ་སྐུ་མྱུར་འབྱོན་ཡང་དེ་ལས་བཏུས་པ་ཡིན་པས། སྟེང་ཡ་གི་དགའ་ལྡན་ལྷ་ཡུལ། ཞེས་ཟེར་དོན་དེ་ཡིན་གསུངས། རྒྱུ་མཚན་གཞན་ཡང་ཡོད་པར་ངེས་ཏེ་སྤྱན་ལྔ་དང་མངོན་ཤེས་དྲུག་སོགས་ཀྱི་རྒྱུ་མཚན་དཔྱད་ན་གསང་བའི་གནས་བསམ་གྱིས་མི་ཁྱབ་བོ། །དགོན་པར་འབྱོར་པའི་ཉིན་གདུང་མདུན་དུ་ཕེབས་པ་ན་སྐུ་ལུས་འདར་ནས་ཚུགས་མ་ཐུབ་པར་ཀུན་གྱིས་བརྟེན་དགོས་པ་བྱུང་ཞིང༌། སྤྱན་ཆབ་ཆར་རྒྱུན་ལྟར་བསིལ་ནས་མར་མེ་སྙན་ཤལ་སོགས་ཕུལ་ཏེ་ཐུགས་སྨོན་རྒྱུན་རིང་མཛད། བརྒྱ་མཆོད་སྣ་ལྔ་དང༌། དངུལ་སྲང་བརྒྱ། ལན་འདུའུ་ཉི་ཤུ། ཆིབས་ཆེན་བཅུ། དེ་འོག་རྟ་བཟང་བཅུ་སོགས་ཕུལ། ཐུའུ་བཀྭན་རིན་པོ་ཆེར་མཇལ་འཛོམ་མཛད་ཅིང༌། ཆིབས་ཆེན་ཁྱད་དུ་འཕགས་པ་ཕུལ། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་གསན་ཅིང་བཀའ་མཆིད་ཞིབ་པར་མཛད། རྗེ་ཐུའུ་བཀྭན་རིན་པོ་ཆེ་འདི་ཉིད་ཆོས་སྲིད་གཉིས་ཀྱི་སྒོ་ནས། འཛམ་གླིང་ན་ཆེ་བའི་བླ་མ་ཡིན་ཡང༌། ྋསྐྱབས་མགོན་རྡོ་རྗེ་འཆང་ལ་བྲན་ལྟར་གུས་ཤིང༌། འདི་གར་གསེར་ཁྲི་རྣམ་གསུམ་ནམ་མཇལ་ཡང་ཕྱག་རྩེ་སྤྲོད་རྒྱུན་དུ་གནང་བ་ནི། བསྟན་པའི་ཆེ་བ་ལ་དགོངས་པ་དང་ཐུགས་སྣང་དག་པའི་རྣམ་ཐར་ཇོ་འབྲོམ་ཡབ་སྲས་ཀྱི་ཕྱག་སྲོལ་དང་མཚུངས་པར་སེམས། དེར་མ་ཟད་རྗེ་དེ་ཉིད་ཀྱི་ཞལ་ནས། མདོ་


GTD008_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་གཞུང་དོན་དཔྱིས་ཕྱིན་པ་ཕར་ཞོག །སྒྲ་སྙན་ངག་དང་སྡེབ་སྦྱོར་དང་མངོན་བརྗོད་ཙམ་ཡང་ཕར་ཞོག་ཕལ་སྐད་ངོ་འཕྲོད་པ་བྱང་པོ་ཙམ་ཡང་མི་ཤེས། དགེ་བའི་བཤེས་གཉེན་ཡང་མི་བསྟེན་པར་གཞན་ལས་བརྐུས་ནས་ལྷུ་མི་འགྲིག་བཞིན་དུ་རྡོ་ཆག་སྦྱར་བ་ལྟ་བུའི་འཆད་རྩོམ་འདི་མཚང་ཆེ། མདོ་རྒྱུད་ཀྱི་ཁུངས་དང་རྟེན་འབྲེལ་གྱི་གནད་ལ་མི་སེམས་པར་ཆོས་བརྒྱད་ངོམ་པའི་ལག་ལེན་ཐམ་ཐོམ་འདི་ཉེན་ཆེ་བས། གང་དང་གང་ལ་ཡང་སྔོན་དུ་སྦྱངས་པ་ཞིག་གལ་ཆེ་ཞེས་སོགས་ཀྱི་ཞར་ལ་འཆད་རྩོད་རྩོམ་གསུམ་དང༌། མཁས་བཙུན་བཟང་གསུམ་འཛོམ་པ་གུང་ཐང་རིན་པོ་ཆེ་འདི་ལྟ་བུ་ཞིག་དེང་སང་སྙིགས་མའི་དུས་འདིར་འབྱོན་ལུགས་མི་སྣང་སྟེ། ཅིའི་ཕྱིར་བྱོན་པ་ཡིན་སྙམ་གསུངས། ཡབ་རྗེའི་ཉིན་བྱེད་ཞིང་གཞན་གཤེགས་གྱུར་ཀྱང༌། །དྷརྨ་བཛྲ་སྨྲ་བའི་ཟླ་རྒྱས་དཔལ། །སྐལ་བཟང་ཀུནྡའི་གཉེན་དུ་ཤར་བའི་རྩེར། །བུ་སློབ་སིལ་མའི་རྒྱུ་སྐར་སྐྱོང་བ་ལས། །དོན་མཐུན་བསྔགས་པའི་འོད་དཀར་བརྒྱ་ཕྲག་གིས། །ཡོན་ཏན་གངས་རིའི་ཕུང་པོར་འཁྱུད་པ་ན། །དམ་པའི་རང་བཞིན་གཟི་བརྗིད་ཆེར་འབར་བ། །ཐུབ་བསྟན་ནོར་འཛིན་མཛེས་པའི་རྒྱུ་རུ་ངོམས། །དེ་ནས་སྐུ་གདུང་གི་མདུན་དུ་སྒྲུབ་མཆོད་ཡང་ཡང་གནང་ཞིང་བླ་བྲང་ཆེན་མོ་ནས་ཐུགས་དམ་གསལ་འདེབས་ཀྱི་ཡོན་འབུལ་གཟབ་པར་ཞུས། ཞལ་ནས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །ཞེས་གསུངས་པ་ལྟར་བླ་མའི་སྐུ་ནི་གདོད་ནས་གྲུབ་པའི་དཀྱིལ་འཁོར་ཡིན་པས་ལུས་དཀྱིལ་དུ་དབང་བསྐུར་ཆོག་པའི་རྒྱུ་མཚན་དེ་ཡིན་གསུངས། དེ་དང་མཐུན་པའི་ཐུགས་དམ་དང༌། དེ་དང་མཐུན་པའི་ཉམས་རྟོགས་འཁྲུངས་པ་ཡིན་སྣང་སྟེ། དབུས་གཙང་དང་མདོ་སྨད་དུ་བླ་མ་


GTD008_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་རྣམས་ཀྱིས་བདག་འཇུག་གནང་བའི་ལོ་རྒྱུས་གསུང་འཕྲོས་ཀྱི་སྐབས་ཤིག་ཁོང་རྣམས་ཀྱིས་བདག་འཇུག་བླངས། ངས་གཞན་འཇུག་བླངས་པ་ཡིན་གསུངས་པ་ནི་བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་ནོད་པའི་གསུང་དཔྱད་གཞི་ཅན་དུ་སྣང༌། བཅུ་གཅིག་པའི་བཅོ་ལྔའི་ཉིན་བླ་བྲང་ཆེན་མོ་ནས་མཆོག་སྤྲུལ་མྱུར་འབྱོན་གྱི་ཐོག་མའི་ཞབས་བརྟན་ཚུགས་པ་དང་བསྡེབས་ནས་རྗེ་ཉིད་ཀྱང་སྐུ་མཚམས་སུ་བཞུགས་ནས་ཉེར་བཞིའི་ཉིན་གྲོལ། དེ་ཉིན་རྒྱབ་རིའི་རྩེར་ནམ་མཁའ་འཇའ་ཚོན་གྱིས་ཁྱབ་པ་དང༌། དམ་པ་གཞན་ལའང་མནལ་ལྟས་ཁྱད་པར་ཅན་འགའ་ཡང་བྱུང༌། གདུང་མཆོད་དུ་དགོན་པར་སྲང་བཞི་རེ་ཐེམ་ངེས་ཀྱི་ཇ་འགྱེད་དང༌། ཇ་སྲང་བཞི་རེ་ཐེམ་རྩིས་ཀྱི་ཟོག་འགྱེད་སྩལ། དགུང་ལོ་སོ་གཅིག་པ་ཆུ་བྱི་ལ་ཚེས་གཏོར་སྔར་རྒྱུན་དང༌། ཚེས་བཅུ་གསུམ་གྱི་ཉིན་བསྒྲུབ་བྱ་བཅུ་དྲུག་དང། བཅོ་ལྔའི་ཉིན་གུང་ཚིགས་ཀྱི་རྒྱབ་ནས་བསྒྲུབ་བྱ་ང་བདུན་བསྙེན་རྫོགས་གནང་བར། དགེ་བཤེས་རི་ཁྲོད་པ་འཇིགས་མེད་རབ་རྒྱས་ཀྱིས་དུས་གོ་བ་དང། ཕྲན་གྱིས་གསང་སྟོན་གྱི་ཁུལ་བྱས། ཕྱག་ལེན་ཕྲ་ཞིབ་དང། མངོན་གྱུར་བཅུ་སོགས་སོ་སོའི་ཐད་དུ་གསུང་བཤད་རྒྱས་པར་སྩལ་ནས་ཟླ་བ་བཞི་ཆ་ཤར་བའི་དུས་སུ་ལེགས་པར་གྲུབ་ཅིང༌། མཇུག་ཏུ་བསྟན་འབར་མ་སོགས་བསྔོ་སྨོན་གང་རྒྱས་མཛད། དེ་ནུབ་ཉིད་ཀྱི་ཁུ་བོ་རབ་འབྱམས་པས་ང་དེ་རིང་བསླབ་སྐྱོར་བྱས་ན་ཅི་མ་རུང་ཟེར་བ་ལ། ཞལ་རྩེད་ཀྱི་ཚུལ་དུ། འོ་ན་ཁྱེད་དེར་སྡོད་དང༌། ངས་བསླབ་སྐྱོར་བྱེད། འདིའི་རྗེས་ཟློས་མཛོད། ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ་ཞེས་གསུངས་པས་གད་མོ་དི་རི་བ་བྱུང༌། ཡང་སྙན་ངག་རྩོམ་རྒྱུགས་གནང་བའི་སྐབས་ཤིག །རྡོ་རམས་པ་བློ་བཟང་སྐུ་མདུན་དུ་འོངས་


GTD008_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྙན་ངག་སྤྱི་དང་ལྷན་ཅིག་བརྗོད་པའི་རྒྱན་གྱི་འཕྲོས་པ་དུ་མ་གནང་ནས་ཕྱི་དྲོ་ལ་སླེབས། ཁོང་སོང་རྗེས་ཞལ་ནས། དགེ་བཤེས་བློ་བཟང་འཇིགས་མེད་དེ། །ཉི་མ་དང་ནི་ལྷན་ཅིག་སོང་གསུངས། འདི་འདྲའི་ཞལ་རྩེད་ཀྱི་རིགས་ཡ་མཚན་པ་ཤ་སྟག་ཡིན་ལ། ལྔ་རིག་སྨྲ་བའི་ཁྱུ་མཆོག་གུ་ཤྲི་སྐལ་བཟང་དང་མཉམ་དུ་བརྒྱད་སྟོང་པ་དང༌། གྲྭ་ལྔ་སོགས་ཀྱི་ལཉྫ་ན་དང༌། ན་ག་རའི་དཔེ་འགའ་ཞིག་གཟིགས་རྟོག་གི་ཞར་ལ་ལེགས་སྦྱར་སྐད་དུ་སྙན་ངག་རྩོམ་པ་སོགས་ཕན་ཚུན་རྣམ་དཔྱོད་རྩལ་འགྲན་པ་ལྟ་བུ་མཛད་ཀྱང་ཡི་གེར་མ་བཀོད་འདུག །ཁོ་རང་གིས་བརྩམས་པའི་རྟ་མགྲིན་གྱི་བསྟོད་པ་ཞིག་ཡོད་པ་རྗེ་འདིས་ཉམས་གཅིག་ལས་ཕན་ཚུན་བསྒྱུར་བ་ངོ་མཚར་ཅན་ཡོད་ཀྱང་བྲིར་མ་ལང༌། ཟླ་མཇུག་དེར་རྒྱ་དཔོན་ལྟ་བུ་ཞིག་གི་རྨི་ལམ་གྱི་སྣང་བར་ཡབ་རྗེ་རྡོ་རྗེ་འཆང་གི་གསུང་ཉམས་བྱུང་བ་སོགས་ཀྱི་རྐྱེན་གྱིས་བླ་བྲང་ཆེན་མོར་གཉིས་པའི་ཚེས་གཅིག་ནས་མགོན་པོའི་ཞི་བའི་གཏོར་སྒྲུབ་ཚུགས་པའི་དབུར་བཞུགས་ཏེ། བླ་མ་མགོན་པོ་དབྱེར་མེད་དུ་བསྒྲུབས་པས་མཚན་མ་བརྟན་པོ་རྙེད། སྔ་ལོ་ཞིག་སྐྱབས་མགོན་རྡོ་རྗེ་འཆང་ནས་གསུང་སྒྲོས་ཀྱི་ལྷོངས་ལ། སྔ་སོར་ཅུན་གར་གྱི་ཕྱོགས་སུ་རྗེའི་བསྟན་པ་དར་རྒྱས་ཆེ་ཡང་ཕྱིས་སུ་ཅུན་གར་ཉམས་ཚུལ། མདོ་སྨད་ཀྱི་ཕྱོགས་འདིར་ཡང་རྗེའི་བསྟན་པ་དར་ཁུལ་ཡིན་ཀྱང་བསྟན་པ་སྤྱི་ལ་ཐུགས་ཁུར་མཛད་མཁན་དཀོན་ཚུལ། ཁམས་ཕྱོགས་ས་ཆ་རྒྱ་ཆེ་ཡང་གྲུབ་མཐའ་སྣ་ཚོགས་ཀྱིས་གང་ཚུལ་སོགས་གསུངས་ནས། ཁྱེད་ཀྱིས་ཅུན་གར་ཕྱོགས་དང་ཁམས་ཕྱོགས་འདི་ཚོ་ལ་ཐུགས་བསམ་རེ་གནང་ན་ཞེས་པ་ལྟ་བུ་ཞིག་བྱུང་བས་ཐུགས་མ་བདེ་བར། བྱ་ལོ་བླ་བྲང་མགྲོན་གཉེར་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་བོད་དུ་འགྲོ་གདོང་གནས་ཚུལ་དེ་གྲུབ་དབང་ཀློང་རྡོལ་རིན་


GTD008_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེར་ཞུས་ནས་དེ་འདྲའི་བྲེལ་བ་མེད་པར་སྤོང་བ་བསམ་གཏན་གྱི་ཕྱོགས་ཁོ་ན་ལྷུར་བླངས་ཆོག་པ་ཞིག་སྐྱབས་མགོན་རྡོ་རྗེ་འཆང་ལ་ཞུས་ན་ཅི་འདྲ་ཡོང་ཞུས་པའི་བཀའ་ལན་དུ། བཞད་སྤྲུལ་བྱང་ཆུབ་སེམས་དཔའ་ས་བསམ་གྱིས་མི་ཁྱབ་པ་ཡིན་པས་ཉེ་སྐོར་བླ་མ་བསྐོ་བཞག་བྱས་ན་བཀའ་གང་གནང་ལྟར་སྒྲུབ་དགོས། ཐུགས་དང་འགལ་བ་གཏན་ནས་མི་རུང་གསུངས། ས་བསམ་གྱིས་མི་ཁྱབ་པ་ཞེས་པ་ནི་བསྐལ་པ་དཔག་མེད་ཀྱི་དུས་ནས་མངོན་པར་སངས་རྒྱས་ཟིན་ཀྱང༌། མཛད་པ་བཅུ་གཉིས་ཀྱི་རོལ་གར་ཡང་དང་ཡང་དུ་རྒྱུན་མི་འཆད་པར་སྟོན་བཞིན་པ་ལས་བཀོད་པ་འདི་ཉིད་ཐུན་མོང་གི་སྣང་བ་དང་འཚམ་པར་སྐྱེ་བ་སོགས་དབང་བཅུ་ལ་དབང་བའི་དག་ས་ལ་གནས་པའི་ཚུལ་བསྟན་ནས་བཞུགས་པའི་དོན་ཡིན་པར་མདོ་སྡེ་ལས་ཤེས་ཏེ། དཔལ་འཕྲེང་སེངྒེ་ང་རོའི་མདོ་ལས། བྱང་ཆུབ་སེམས་དཔའ་དབང་ཐོབ་པའི་ཡིད་ཀྱི་ལུས་ཅན་རྣམས་ཀྱི་འཆི་འཕོ་བར་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་ལགས་སོ། །ཞེས་དང༌། ཡབ་སྲས་མཇལ་བའི་མདོ་ལས། ད་དུང་དང་པོར་ཐུགས་བསྐྱེད་པར། །དེ་དང་དེ་ནི་ཡོངས་བསྟན་ཏེ། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་དང༌། སྙིང་རྗེ་པད་དཀར་སོགས་མདོ་དུ་མར། ཀུན་དགའ་བོས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་འཛིན་པ་དང༌། སྒྲ་གཅན་འཛིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བ་དང༌། བྱམས་མའི་བུ་གང་པོ་ཡང་ཉན་ཐོས་སུ་གྱུར་པས། བསྐལ་པ་དཔག་མེད་ནས་བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་བསྒྲགས་པ་


GTD008_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྒྲོག་པར་འགྱུར་བར་གསུངས་པ་ལྟ་བུ་མཐའ་ཡས་པས་སོ། །དེས་ན་ཀུན་མཁྱེན་གོང་མས། ངས་དགོན་པ་ཕྱོགས་བཅུའི་སངས་རྒྱས་ལ་བཅོལ་ཡོད་གསུངས་པ་ཡང་འདི་འདྲའི་སྟེང་ནས་ཤེས་དགོས་ཏེ། སྲས་སྒྲ་གཅན་འཛིན་གྱི་བྱུང་བ་ལྟ་བུའོ། །དེ་དུས་རྗེ་བཙུན་དམ་པ་འཇིགས་མེད་རིགས་པའི་སེངྒེ་ནས་ཁྲིའི་དགོངས་པ་ཞུས་པར་དྲག་ཞན་ཀུན་གྱིས་བཞུགས་དགོས་ནན་ཅན་ཞུས་ཀྱང་གསོལ་བ་མ་ཐེབས། ཁོང་ནས་གྲོས་འགོ་བཏོན་ཏེ་བླ་བྲང་དཔོན་ཚང་མགྲིན་གཅིག་པའི་ངོས་ནས་གཉིས་པའི་བཅུ་གཅིག་གི་སྔ་དྲོ་ཚོགས་ཆེན་ཁྲིར་བཞུགས་དགོས་ཀྱི་སྙན་གསན་ཕུལ་བར། དང་པོ་དཀའ་ཙམ་བྱུང་ཡང༌། རྗེ་འཇིགས་མེད་རིགས་པའི་སེངྒེ་ཉིད་ནས་ཀྱང༌། ྋསྐྱབས་མགོན་མཆོག་ནས་བདག་ལ་ཐོག་མར། ད་རེས་ཁྱེད་ཅིས་ཀྱང་བཞུགས་ན་ལེགས། ཁྱེད་ཀྱི་འཕྲོར་ཁྱེད་ལས་གཞོན་པ་གཅིག་ཡིན་དགོས་གསུངས་པས། དོན་གྱིས་བཀའ་ཕེབས་པ་སོགས་གསེང་བཀྲོལ་ཞིང༌། ཀུན་གྱིས་ནན་ཞུས་བྱས་པས་ཞལ་བཞེས་མཛད་དེ་དཀར་ཕྱོགས་སྐྱོང་བའི་དབུ་འཕང་དང་དམ་པའི་ཆོས་ཀྱི་བ་དན་དུས་གཅིག་ཏུ་མཐོ་བར་གྱུར་ཏོ། །སྨྲས་པ། མཁྱེན་བརྩེའི་ཀླུང་བཞི་ཆེར་འབབས་ལྷག་བསམ་མཚོ། །བརྩོན་པའི་དྲི་བཞོན་འགྲོས་ཀྱིས་བསྐྱོད་པ་ལས། །ཀུན་བཟང་སྤྱོད་པའི་རླབས་འཕྲེང་གཡོ་ལྡན་པར། །གཞན་ཕན་ངང་མོ་བྱེ་བའི་རྩེ་དགའ་འཛིན། །གསུང་རབ་གདམས་པར་ཤར་བའི་ལུང་རྟོགས་སྤྲིན། །མཛད་འཕྲིན་གློག་འོད་འཁྱུག་པའི་ལྡིང་ཁང་ནས། །གཞུང་བརྒྱའི་དབྱངས་དང་ལྷན་ཅིག་གདམས་པའི་ཆར། །ཁྱེད་ཐུགས་མ་དྲོས་མཚོ་ཆེན་གསོས་སུ་བབས། །མདོ་སྔགས་དཔྱད་འཇོག་ནམ་འཕང་གཅོད་པའི་འགྲོས། །ཡང་དག་འཇོག་གི་དབྱིངས་སུ་གཞོལ་བ་ན། །འདོད་ཡོན་ཆར་ལ་སྡོད་


GTD008_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙན་ལྡན་འགའ། །གཉིས་སྐྱེས་རྒྱལ་པོའི་ལམ་དེར་རེ་བ་སྐྱུངས། །བསྟན་པའི་ཉི་མ་ཤར་བའི་སྣང་བ་དང༌། །ཆོས་ཀྱི་གནྜིའི་དབྱངས་ཀྱིས་རྨོངས་པའི་གཉིད། །སད་ཚེ་སྐྱེ་རྒུ་རྐང་དྲུག་གཞོན་ནུའི་ཚོགས། །ཁྱོད་ཞབས་པདྨ་མཆོད་པས་ཅིར་ཡང་བྲེལ། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་མདོ་སྨད་བཀྲ་ཤིས་འཁྱིལ་དུ་ྋཡབ་རྗེ་མཆོག་གི་ཞབས་པད་བསྟེན་བཞིན་སྒྲུབ་པ་སྙིང་པོར་མཛད་པའི་སརྒ་སྟེ་དྲུག་པའོ།། །། ༈ འཇིགས་མེད་སྟོབས་བཅུའི་རྒྱ་མཚོ་ལས་འཁྲུངས་པའི། །བསྟན་པའི་གཉེན་ཁྱོད་སྙིང་དབུས་རྟག་བཞུགས་ནས། །འཆད་རྩོད་རྩོམ་པའི་ངག་གི་མེ་ལོང་ལ། །དོན་བཟང་སྣང་བརྙན་ཅིར་ཡང་བཀྲ་བར་མཛོད། །དེ་ནས་ཨུ་རན་འཇམ་དཔལ་དཀའ་བཅུས་ཞུས་ངོར་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་ལྷ་རེ་གཉིས་མའི་དབང༌། སླར་ཡང་སྟ་གོན་དང་བཅས་ཏེ་དྲིལ་བུ་ལྷ་ལྔ་དང་ལུས་དཀྱིལ་གྱི་དབང། བླ་མཆོད་དང་འབྲེལ་བའི་ཕྱག་ཆེན་གྱི་ཁྲིད། བདེ་མཆོག་གི་བསྐྱེད་རྫོགས་ཀྱི་ཁྲིད་སོགས་ཞག་ཉི་ཤུ་སྐོར་ལ་གནང། གསུམ་པའི་ཚེས་བརྒྱད་ལ་བསྒྲུབ་བྱ་སོ་གསུམ་བསྙེན་རྫོགས་དང། ང་གསུམ་དགེ་ཚུལ་དུ་བསྒྲུབ། བཅུ་གཅིག་གི་ཉིན་མཆོད་མཇལ་རྒྱས་པ་གནང་ནས་བསྟན་པ་རྒྱས་པའི་སྨོན་ལམ་ཐུགས་འདུན་ནན་ཏན་མཛད། ཚེས་བཅོ་ལྔའི་ཉིན་ཆོས་ཀྱི་ཁྲི་ལ་ཞབས་སེན་བཀོད་དེ། འདུས་པ་རྒྱ་མཚོའི་མགོན་དུ་གྱུར་པར་ཀུན་གྱིས་དམུས་ལོང་དམིགས་པུ་རྙེད་པ་ལྟ་བུའི་དགའ་བ་ཐོབ། དཔོན་ཚང་ནས་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་ལེགས་འབུལ་མང་འགྱེད་ཕུན་སུམ་ཚོགས་པ་


GTD008_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ཤིང༌། བཞུགས་གྲལ་བགྲོ་གླེང་སོགས་ལེགས་པའི་རྟེན་འབྲེལ་འགྲིག །ཁྲི་བཤད་ངོ་མཚར་བས་ཀུན་གྱི་ཡིད་འཕྲོག་ཅིང་སྐུ་མཐོང་བ་དང༌། གསུང་ཐོས་པ་ཙམ་གྱིས་མཁས་བླུན་མཐའ་དག་དད་གུས་ཀྱི་མཆི་མ་འཁྲུགས་པར་གྱུར། དུས་མཐར་ཐུབ་བསྟན་ནོར་འཛིན་བུ་མོ་ནི། །བཤད་སྒྲུབ་ཉིན་བྱེད་གཞོན་ནུ་དང་བྲལ་མོད། །སླར་ཡང་མཁས་གྲུབ་རྟ་ལྗང་འོད་རྣོན་པོས། །ལུས་ཅན་བཤད་སྒྲུབ་སྦྲང་རྩིའི་མྱོས་པ་འཛིན། །ཆོས་གྲྭར་བརྩི་བཞག་ཆག་མེད་གནང་ནས་ལམ་རིམ་ཆུང་ངུའི་བཤད་ལུང་གི་དབུ་ཚུགས། ཉིན་ཁ་ཤས་ལ་བཅའ་ཡིག་བཀླགས་ཏེ། རྐུས་བྱས་པ་དང༌། བྲེ་ལོག་སྲང་ལོག་བུན་སྐྱེད་སོགས་ཕམ་པའི་རྒྱུར་འགྱུར་བ་ལ་ཁྱད་པར་མེད། གླ་རྔན་དང༌། གཡར་པོ་དང༌། བཅོལ་བ་སོགས་མི་སྟེར་བ་དང༌། བྲེ་སྲང་དང་གྲངས་རྩིས་དང༌། ཤོ་རྒྱན་སོགས་ལ་གཡོ་སྒྱུ་བྱས་ནས་རྫས་རིན་ཐང་ཚང་བ་ཐོབ་ན་ཕམ་པ་འབྱུང་ཚུལ་ཡོད་པ་སོགས་སྒྲིག་ལམ་སོ་སོར་འདུལ་བ་ལུང་གི་གླེང་གཞི་དང༌། མདོ་རྩའི་ལུང་འདྲེན་སྦྲགས་ཏེ་ཚོགས་གཏམ་གནང༌། དགེ་འདུན་གྲངས་མང་ཉུང་ལ་ལྟོས་པ་མེད། འདུལ་བའི་བཅས་ཁྲིམས་ལ་གནས་གལ་ཆེ་ཚུལ་དང༌། ལས་སྣེ་སོ་སོས་ཐབས་གང་མཁས་ཀྱི་སྒོ་ནས་སྒྲིག་ལམ་དམ་པར་བྱས་ན་ཆོས་འདུལ་བའི་ཕྱག་སྲོལ་ལ་ཕན་ཞིང་བསྟན་པ་ཡུན་རིང་དུ་གནས་པའི་ཐབས་རྨད་དུ་བྱུང་བ་ཡིན་ཚུལ། རྒྱུ་ནོར་བསོག་མཁས་པ་ཙམ་ལ་ཕོ་རྒོད་པར་བརྩི་བ་དེ་མགོ་འཁོར་བའི་རྟགས་རང་གི་ཕན་བདེ་རླག་བྱེད་ཡིན་ཚུལ་སོགས་ཀྱི་ཞལ་གདམས་སྩལ་བས་ཐམས་ཅད་ཡིད་འཁུལ་ངེས་བྱུང༌། ཨེ་མ་སྨྲ་བསམ་བརྗོད་མེད་ལྷུན་གྲུབ་ཡོན་ཏན་སྐྱིལ་ཀྲུང་ཉེར་འདེགས་བཛྲ་ཨ་ས་ན་གཉིས་པར། །སྐལ་བཟང་རེ་བའི་མེ་ཏོག་དགའ་བའི་


GTD008_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་རྒྱས་ཀུན་མཁྱེན་གཟུགས་ཅན་ཉི་གཞོན་འབར་བའི་སྣང་བ་ཐོབ། །བསྟན་ལ་སྡང་རྣམས་ངོ་ཟུམ་གནག་པས་བདུད་ལ་བསྡིགས་བཞིན་བག་མེད་རྒྱུ་སྐར་མ་བདས་པར་ཡང་བྲོས། །དོན་གཉེར་རྣམ་དཔྱོད་གཤོག་ཡངས་དད་བརྩོན་དྲི་བཞོན་གྱིས་བསྐྱོད་ཐུབ་བསྟན་མཁའ་ལ་འཕུར་ལྡིང་གར་གྱིས་རོལ། །བཞི་པ་སྔ་མའི་ཚེས་བརྒྱད་ལ་བསྒྲུབ་བྱ་སོ་བརྒྱད་དང༌། ཕྱི་མའི་ཚེས་བཅོ་ལྔ་ལ་བཅུ་ལྷག་བསྙེན་རྫོགས་དང༌། བསྒྲུབ་བྱ་གསུམ་ལ་དགེ་ཚུལ་གྱི་སྡོམ་པ་སྩལ། དཔྱིད་ཆོས་གསུམ་པ་ལ་བརྩི་བཞག་ཆག་མེད་དང། འཛིན་གྲྭ་གཏུགས་ཚུལ་གྱི་བཅའ་ཡིག་ཟུར་འདེབས་སྔ་ལོ་ཞིག་བོར་སོང་བ་དོན་མེད་ཀྱི་ས་ནས་རྙེད་པ་ཆོས་གྲྭ་ནས་བཀླགས་ཏེ་ཚོགས་གཏམ་གནང་བས་རྩོད་གྲྭ་གང་ལེགས་འཕེལ་བར་ཐུགས་ཤིན་ཏུ་གཉེས། བར་སྐབས་ཤིག་ནས་སྐྱོར་སྦྱངས་ཅུང་ཟད་ཉམས་ཡོད་པར་ཆོས་མཇུག་ཚོགས་གཏམ་ནན་ཅན་གནང་བས་ཆོས་མཚམས་དེ་ནས་སྐྱོར་སྦྱངས་འཕེལ་བའི་མགོ་ཚུགས། ཆོས་མཚམས་སྔ་ཕྱི་འདི་དག་ལ་བཀའ་ཆོས་གནང་བ་ཕྱོགས་གཅིག་ཏུ་བྲི་ན། འཇིགས་བྱེད་ལྷ་བཅུ་གསུམ་མ་དང༌། ཚེ་དཔག་ལྷ་དགུའི་དབང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་དང། ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་རྗེས་གནང། བདེ་མཆོག་དྲིལ་བུ་ཕྱི་ནང་གཉིས་ཀྱི་དབང། ཡང་ཆོས་རྒྱལ་ལྷ་མོ། རྡོར་སེམས་བླ་མེད་ལུགས། ཤྲ་མ་ཎ་སོགས་ཀྱི་རྗེས་གནང། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང། སྐྱབས་འགྲོའི་ཁྲིད། དམིགས་བརྩེ་མའི་ཁྲིད། རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང༌། ཚེ་རྟ་མགོན་གསུམ་སོགས་འདི་དག་ཞུ་བ་པོའི་དབང་གིས་བསྐྱར་མ་ཚར་ཁ་ཤས་རེ་ཡོད་ཀྱང་ཟུར་དུ་མ་བྲིས། ཟླ་ལྷག་ཆོས་ཐོག་


GTD008_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀའ་རམས་འཛིན་གྲྭའི་བགྲོ་གླེང་ལ་གཟིགས་ཀྱང་དབུ་ཕར་རྩོད་ལུགས་ལྟར་བྱས་སོང་ཞེས་ཧ་ཅང་ཐུགས་ཁེངས་པ་མ་བྱུང༌། དབྱར་ཆོས་ཆེན་མོར་བརྩི་བཞག་ཆག་མེད་དང༌། གླིང་བསྲེའི་དམ་བཅའ་ལ་གཟིགས་རྟོག་གནང༌། ཆར་འབེབས་མཁན་གྱི་རིགས་ངོ་ཚ་ཞིང༌། ཞིང་པ་རྣམས་ཨུ་ཐུག་པའི་ཐན་པ་བྱུང་སྟེ་དགོན་པའི་ལྷ་སྡེ་གོང་འོག་ཚང་མས་ཆར་འབེབས་ཞུས་པར། གསོ་སྦྱོང་ཞིག་བྱེད་ན་མ་གཏོགས་ཆར་འབེབས་ཀྱི་རིགས་མི་ཤེས་གསུངས་ནས་དྲུག་པའི་ཚེས་བརྒྱད་ཀྱི་ཉིན་བཀྲ་ཤིས་ཀྱི་གསོ་སྦྱོང་གནང་ནས། གསོ་སྦྱོང་གྲོལ་དུས་ནམ་མཁའ་ཕལ་ཆེར་སྤྲིན་གྱིས་ཁེབས་ཤིང༌། ཆར་ཟིམ་རེ་རེ་ཙམ་འཐོར་བ་བྱུང༌། དེ་ཡང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པའི་བདེན་པ་མངོན་དུ་གྱུར་ཏེ། དེའི་ཕྱི་དྲོ་ནས་ཆར་གྱི་རྒྱུན་བཟང་པོ་ཞག་ཁ་ཤས་ལ་བབས་པས་ཐམས་ཅད་བག་ཕེབས་ཤིང་དད་གུས་ཀྱིས་རྒྱུད་སྨིན་པར་གྱུར། གང་གི་མགུལ་ནས་ཆོས་འདུལ་དཀོན་མཆོག་སྣོད། །བདག་པས་གཞན་གཅེས་བྱམས་བརྩེའི་གདེང་ལྡན་དབྱངས། །བསྒྲགས་པས་ས་གསུམ་དཀར་ཕྱོགས་སྐྱོང་བ་རྣམས། །རབ་དགའི་གར་གྱིས་ས་གསུམ་ཀུན་དགར་བསྒྱུར། །དེ་ནས་མཁའ་ལ་སྤྲིན་འཕྲེང་ཆུ་རིས་ཅན། །རྣམ་པར་འཁྲིགས་པ་སོར་མོས་བསྡུས་པ་བཞིན། །སྦྲང་ཆར་སྙོམས་པར་བབ་པས་འཛིན་མའི་ཁྱོན། །དེ་ཡི་མོད་ལ་འདོད་དགུའི་ཚལ་གྱིས་བརྒྱན། །དེ་ཚེ་སྐྱེ་དགུའི་ཡིད་མཁར་སྡུག་མུན་སངས། །བཞིན་ལ་དགའ་བའི་མདངས་ཀྱི་སྐྱ་རེངས་ཤར། །སྤྱི་བོར་ཐལ་སྦྱར་མེ་ཏོག་གསར་པ་འཛུམ། །ཨེ་མ་རོ་འཛིན་བུང་བ་མྱོས་སྙམ་བྱེད། །བླ་མ་གླིང་བསྲེའི་ཉིན་དང་པོར་པོ་ཏི་ལྔའི་ས་བཅད་ཀྱི་སྟེང་ནས་དོགས་གཅོད་དུ་མ་དང༌། ཁྱད་པར་ཕར་ཕྱིན་ལ་གསུང་བཤད་གང་རྒྱས་གནང་བས་བཤད་མཚམས་ཀྱི་བརྡ་རིམ་པ་


GTD008_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕུལ་བ་མ་གསན་པར། འཕྲིན་ལས་ཉེར་བདུན་གྱི་སྐབས་ནས་འཕགས་སེང་གི་བཞེད་པ་མི་འདྲ་བ་སོགས་འབྱམས་ཀླས་པར་སྩལ་ཏེ། ད་ནི་མཚན་དུས་ལ་སླེབ་པས་བརྡ་བྱས་ཚར་བ་ཡིན་རྒྱུ་རེད་དགོངས་ནས་མཚམས་གནང་བས་བགྲོ་གླེང་གྲོལ་ཚེ་མཇུག་གཅོད་ཐལ་སྐད་ཀྱི་ཚོད་ལ་སླེབ་འདུག །ཉིན་གཉིས་པར་རྗེ་ཉིད་ཀྱི་བཀའ་ལྟར་སྨན་པ་དཔོན་སློབ་མཁས་དབང་བློ་བཟང་འཇིགས་མེད་ནས་རིག་གནས་ལྔའི་བཤད་པའི་སྲོལ་གསར་དུ་བཏོད་པར་རིག་གནས་སོ་སོ་ནས་བགྲོ་གླེང་གནང་བས་ཀུན་གྱི་ཡིད་འཕྲོག་པར་གྱུར། དེ་སྐབས་ཤིག་སྨན་པ་དཔོན་སློབ་དང༌། དགེ་བཤེས་འགའ་ཞིག་གིས་མཛོད་ལས། ཡིག་འབྲུ་བརྒྱ་དང་བགྲང་བཅས་པའི། །སྙན་ངག་གྲངས་ཏེ་གོ་རིམ་བཞིན། །ཞེས་པ་སྒྲ་རིག་པ་དང༌། བཟོ་རིག་པ་དང༌། སྡེ་སྣོད་གསུམ་སོ་སོ་ལ་སྦྱར་ཆོག་མི་ཆོག་གི་འཕྲོས་པ་དང་དོགས་གཅོད་མང་ཙམ་བྱས་ནས་དཔྱད་པ་འཕེལ་བཞིན་པའི་མུར་སྨན་པ་དཔོན་སློབ་པ་སྐུ་མདུན་དུ་ཕེབས་པར་མཇལ་ཁ་གནང་བ་དང་མཉམ་དུ། ཡིག་འབྲུ་བརྒྱ་དང་བགྲང་བཅས་པའི། །ཞེས་གསུངས་པར་ཁོང་གི་ངག་ནས་ཐོས། བསྟན་པའི་རིམ་གྲོར་གཏོར་ཆེན་རྒྱུན་བསྟར་ལ་གཏོར་མ་བྲག་རི་མ་སྨད་རྒྱུད་ལུགས་ལྟར་བརྩེགས་ཏེ་ཚོགས་དབུར་ཆག་མེད་དུ་ཕེབས་ཤིང་ཟོར་བཀྲ་སོགས་ཀྱང་གང་ལེགས་བྱུང༌། བདུན་པའི་ཚེས་གཅིག་ནས་རིགས་གྲྭ་བཏང་བས་སྦྱིན་བདག་ཆད་མེད་དུ་འབྱོར་པར་མང་ཇ་བཞི་ཙམ་ལ་ཁྲུས་ཆོག་བྱས་ན་ཚོགས་གླེང་ལ་གནོད་གསུངས་ནས་ཁྲུས་ཆོག་ཡོད་དུས་མང་ཇ་ལྔ་རེ་དང༌། མེད་དུས་བཞི་རེ་གཏོང་བའི་སྲོལ་བཙུགས། ཀུན་མཁྱེན་གོང་མ་སྒོ་མང་བླ་མ་མཛད་སྐབས་རིགས་གྲྭ་ལ་ཚོགས་


GTD008_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་གཙོ་ཆེ་བས་ཞལ་འདོན་མང་པོ་འདོན་ས་མེད། སྐུ་རིམ་དགོས་ན་ཡང་བགྲོ་གླེང་ལས་ལྷག་པ་མེད་ཅེས་གསུང་བ་ལོ་རེ་བཞིན་བསྐྱར་ནས་ཚོགས་གཏམ་གནང༌། སྔ་སོར་ཕོགས་ཆེན་ལ་ཕོགས་ཡིག་བཀླགས་ནས་རྟ་ཕོགས་གཏོང་བ་དཀའ་ཚེགས་ཆེ་ཞིང་དངོས་མི་གཙང་བར་དགོངས་ནས་ཇ་བག་རེའི་འགྱེད་ལོ་རེ་བཞིན་བཏང༌། ཆོས་གྲྭའི་གསུང་ཆོས་ལ་ལམ་རིམ་ཆུང་ངུའི་གསུང་བཤད་མངོན་པ་གོང་འོག །བྱམས་ཆོས་ས་སྡེ་སོགས་དང་སྦྱར་ནས་རྒྱས་པར་གནང་བ་ཆུང་འབྲིང་གཉིས་གྲུབ། སྟོན་ཆོས་ཆེན་མོར་བརྩི་བཞག་ཆག་མེད་དང༌། འཛིན་གྲྭ་སོ་སོར་དོགས་གཅོད་འཕྲོས་པ་སོགས་འཆད་ཉན་དམར་བར་གནང༌། བརྩི་བཞག་གི་རྒྱུགས་ཞིབ་པར་བླངས་པས་འཛིན་སྐྱོར་ལ་དོན་གཉེར་ཆུང་བ་རྣམས་ནོངས་ཤིང་འདར་ཞུམ་པར་མཛད། སྟོན་དུས་རྩོད་གྲྭ་མཚན་ཕུད་ཀྱི་སྲོལ་ཡོད་པར་འགའ་ཞིག་གིས་ཇ་ཐུག་བཏུང་བ་འདུལ་བ་དང་མི་མཐུན་ཞིང༌། ངོ་ཚ་བའི་གནས་ཡིན་ཚུལ་དང༌། མཚན་མོ་རིག་པ་དྭངས་པས་རྩོད་གྲྭ་བདར་ཤ་ཆོད་པ་ཁོ་ན་དགོས་ཚུལ་གནང་བས་ད་ལོ་ལས་བློ་སྐྱེད་ཆེ་བ་མ་བྱུང་ཞེས་ཀུན་གྱིས་མགྲིན་གཅིག་ཏུ་གླེང༌། དེ་ཚེ་བསླབ་གསུམ་འཛིན་པའི་འདུས་པའི་སྡེ། །ཡིད་འཕྲོག་ཆོས་ཀྱི་དགའ་བདེས་ཚིམ་པ་དང༌། །ལུང་དང་རིགས་པའི་དབྱངས་སྙན་སྒྲོག་པ་ནི། །འདབ་བརྒྱའི་ཚལ་ལ་བུང་བ་རོལ་པ་བཞིན། །རྔ་ཆིངས་ཀྱི་ཚོགས་ལ་ཡང་ཆག་མེད་དུ་ཕེབས་ཏེ་གཟིགས་རྟོག་མཛད། འདོན་རྟ་དབྱངས་སྐོར་དབུ་མཛད་རྒྱ་རམ་པ་ལ་གསུང་བཀོད་ཞིབ་གནང་ལྟར། ཁོ་རང་གིས་ཀྱང་བཀའ་དང་བླངས་བྱས་པས་ཚོགས་ཆོས་གྲྭའི་འདོན་རྟ་དབྱངས་ཉམས་པ་ཐམས་ཅད་སོར་ཆུད་ཅིང༌། དལ་བྲེལ་ཡང་གནའ་བོའི་སྲོལ་བཟང་ཆུ་ལམ་ཞུགས་སུ་སོང་བ་ལ། ཐུགས་ཤིན་ཏུ་


GTD008_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི་གསུང་འཕྲོས་ཡང་ཡང་ཐོས། ཆོས་མཇུག་ལ་སློབ་གཉེར་ཡོང་མི་ཡོང་སྐྱོར་སྦྱངས་ལ་རག་ལས་པ་དང༌། ཆོས་ཐོག་གི་རྩོད་པ་གནད་དུ་འགྲོ་བ་ཆོས་མཚམས་ཀྱི་སྐྱོར་སྦྱངས་ལ་རག་ལས་པས་འདུ་ཚོགས་དང་ལོང་གཏམ་སྤངས་ནས་དཔྱད་པ་དང་སྦྲགས་ཏེ་འཛིན་སྐྱོར་རྩལ་དུ་འདོན་དགོས་པ་དང༌། དུས་རྒྱུན་དྲན་ཤེས་བསྟེན་ནས་རང་རྒྱུད་བརྟག །མི་མང་གི་ཁ་ལ་མི་རྒྱུགས། གྲོགས་ངན་གྱི་ངག་ལ་མི་ཉན་པར་ཚུལ་ཁྲིམས་གཙང་མ་དགོས། གྲྭ་ཚོགས་མང་བ་ཙམ་ལ་དགོས་པ་མེད་ཅེས། མཁས་གྲུབ་ཐམས་ཅད་མཁྱེན་པས། ཕ་ཡུལ་ཉེ་དུ་གྲོགས་སོགས་བློས་བཏང་སྟེ། །རྩེ་གཅིག་དམ་ཆོས་བསྒྲུབ་པར་ཁས་བླངས་ནས། །གཞན་གྱི་ཡུལ་དུ་རྣམ་གཡེང་སྣ་ཚོགས་ཀྱིས། །དལ་འབྱོར་དོན་མེད་བྱེད་པ་སྨྱོན་པ་ཡིན། །ཞེས་པ་དང༌། རྒྱལ་སྲས་ཐོགས་མེད་དཔལ་གྱིས། སྐྱོང་རྒྱུའི་གཉེན་མེད་འདུལ་རྒྱུའི་དགྲ་མེད་ཅིང༌། །ཕར་ལྟོས་དཔོན་མེད་ཚུར་ལྟོས་གཡོག་མེད་པས། །དབེན་པའི་གནས་སུ་རང་སེམས་མི་འདུལ་ན། །ཁྱོད་ལ་བྱ་རྒྱུ་ཅི་འདུག་མ་ཎི་པ། །ཞེས་སོགས་གསུང་སྒྲོས་རྣམ་ཐར་དུ་མ་དང་སྦྱར་ནས་ཚོགས་གཏམ་ཡིད་འཁུལ་ངེས་གནང་བས། རྒན་གཞོན་བར་མ་མཐའ་དག་གཅིག་ཏུ་བློ་ཆོས་ལ་ཕྱོགས་པར་གྱུར། སྟོན་ཆོས་གཉིས་པར་མང་ཇ་ཟུར་པ་དཀོན་སྟབས་ཐོས་བསམ་གླིང་ལ་གྲྭ་ཇ་ཁྲིར་བཞུགས་རིང་ཆག་མེད་དང། བར་སྐབས་ཤིག་ནས་འབྲས་ཐུག་ཁ་ཤས་རེ་ཡང་བཏང། སྲོད་ཆོས་འདུལ་མཛོད་གཉིས་ལ་སྤྱི་བསྟན་དང་དུས་ཚིགས། དབུ་མ་ལ་ཚད་འགོག་དང་དུས་གསུམ་རྣམ་བཞག །ཕར་ཕྱིན་ལ་སྐབས་གསུམ་པ་ལྔ་པ་དྲུག་པ། བདུན་པ། བརྒྱད་པ། བློ་རྟགས་མན་ཆད་ལ་གྲུབ་


GTD008_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་རྩ་བ་དང། གྲུབ་མཐའ་རིན་ཆེན་འཕྲེང་བ་རེས་མོས་ཀྱི་ཚུལ་དུ་གཏོང་བའི་སྲོལ་ཡོད་པ་ལྟར་རྫོགས་པར་གནང། ཆོས་ཐོག་ཕལ་ཆེར་ལ་འདུ་ཁང་ཡང་རྩེར་ཁྲི་པ་བླ་བྲང་དུ་བཞུགས་ནས་གྲྭ་ཚང་སོ་སོའི་བསྒྲིག་ལམ་ལ་བྱ་ར་རྒྱུན་དུ་གནང་ཞིང། བླ་མ་རྣམས་ཁྲི་པ་བླ་བྲང་དུ་བཞུགས་པ་དེ་གྲྭ་ཚང་རྟིང་བསྐུལ་ལ་གནད་ཆེ་བ་ཞིག་ཡིན་འདུག་ཀྱང། ཕྱིས་སུ་བླ་མ་ཚོ་རང་རང་གི་གཟིམས་ཤག་ནས་སྡོད་པའི་སྲོལ་དོད་པ་དེ་མ་ལེགས་འདུག་ཅེས་ཡང་ཡང་གསུངས་པ་ཞལ་ནས་ཐོས། ཁྲི་པ་བླ་བྲང་རྒྱལ་མཚན་བརྟན་པོར་བསྟན་པའི་འཕེལ་རྒྱས་ཀྱི་ཆེད་དུ་རྡོ་རྗེ་སློབ་དཔོན་མཛད་ནས་མགོན་པོའི་རྒྱས་པའི་གཏོར་སྒྲུབ་དང། ཟུར་དུ་རྒྱུན་བསྟར་ཞི་བའི་གཏོར་སྒྲུབ་གཉིས་ཀའང་ཁྲིར་བཞུགས་རིང་མ་ཆག་པར་མཛད། ལྔ་མཆོད་ཆོས་ཐོག་ལ་ཡང་བརྩི་བཞག་སྲོད་ཆོས་ཆག་མེད་དུ་གནང། ལོ་འདིར་དབྱར་གནས་ལ་བཞུགས་དུས་དབྱར་མཇུག་གི་བདུན་མཚམས་ཀྱི་སྔ་ཉིན་གདན་འདྲེན་པ་ཞིག་བྱུང་བས་མཚན་ཕྱེད་ཙམ་ལ་ཕེབས། དཱ་ནའི་སྟོད་ཀྱི་སུ་རུ་སྣེ་ཕྲན་དུ་ཀུན་རིག་སོགས་རྒྱས་པར་གསུངས། ཉི་ནུབ་སྐབས་སུ་ཚུར་བྱོན་ནས་སྐྱ་རེངས་དང་པོ་མ་ཤར་གོང་ལ་དགོན་པར་འབྱོར་བ་ལྟ་བུས་མཚོན་ནས་ཕྱོགས་ཡས་མས་ཀྱི་ཕེབས་བཞུད་ཀྱང་ཤིང་སློང་དང། ཆོས་འདོན་སོགས་དང་བསྒྲིགས་ནས་ཕར་བསྣུར་ཚུར་བསྣུར་དང། མཚན་མོ་ལ་འཐུད་བླངས་ནས་ཕེབས་པས་བརྩི་བཞག་མེད་དུས་སྲིད་མཐའ་ཙམ་ཞིག་ཡིན་ལ། མཚན་མོ་ཡང་སྦྱིན་བདག་གི་ས་ནས་དུས་རྒྱུན་གྱི་སྔ་ཐུན་ཕྱི་ཐུན་གྱི་ཐུགས་དམ་དང། ཐུན་ཇ་བཞེས་ནས་ཀྱང་ཞལ་རས་ན་བཟས་བསྒྲིབས་ནས་བཞུགས་པའི་རིང་ལ་གསོལ་དཔོན་མ་གཏོགས་སུ་གང་ཡང་སྐུ་མདུན་དུ་སོང་མི་ཆོག་པ་སོགས་བཤད་སྒྲུབ་ཟུང་འབྲེལ་གྱི་


GTD008_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་སྐད་ཅིག་ཀྱང་མི་འདའ་བ་ནི་ཀུན་ལ་མཐུན་གྲུབ་ཡིན་ནོ། །དེས་ན་རྣམ་ཐར་འདི་འདྲ་ལ་ཁ་མིག་ཡར་བལྟ་བྱས་ཏེ་ལོངས་སྤྱོད་གསོག་བསྲུང་དང། གཉེན་གྲོགས་ཀྱི་ངོ་འཛིན་སྤངས་ཏེ་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་པའི་རྟེན་བཟང་དོན་ལྡན་དུ་བྱ་དགོས་ཏེ། ཞལ་ནས། གཉིད་དང་ལོང་གཏམ་ལ་དགའ་བ་དང། ཟས་གོས་ཞིམ་བཟང་ལ་སྲེད་པ་འདི་རྣམ་གཡེང་དང་འདུ་འཛིའི་ཚང་ཡིན། འདུ་ལོང་ཉུང་ན་རིག་པ་དྭངས། ཚེ་འདི་སྣང་གི་མི་དང་སེམས་མི་འདྲེ་བར་རང་ཚུགས་འཛིན་པ་དང། ཆོག་ཤེས་བསྟེན་པ་གལ་ཆེ་གསུངས་པ་སྙིང་གི་ཟེའུ་འབྲུར་ཆོངས་ཤིག །བཅུ་པའི་ཚེས་གཅིག་གི་ཉིན་རབ་འབྱམས་པ་དགེ་འདུན་ཕུན་ཚོགས་ཞལ་ངོར་བསྐོ་བཞག་གནང། སྔར་རྒྱུན་ལས་སྣེའི་འོས་ཐོ་བླ་བྲང་ཆེན་མོ་དང། ཚོགས་ཆེན་ཁྲི་རིན་པོ་ཆེར་གཟིགས་འབུལ་སོ་སོར་བྱེད་པ་ཡིན་ཀྱང་སྐབས་འདིར་ཕྱག་མཛོད་དར་ཧན་ཆོས་རྗེ་བློ་བཟང་དར་རྒྱས་ཞེས་གཏིང་མི་དཔོག་ཅིང། བསོད་ནམས་ཀྱི་དཔལ་མངོན་པར་མཐོ་བ་དེ་ཉིད་ཀྱིས་ཚོགས་འདུ་རྒྱས་པ་གལ་ཆེན་ཡོད་དུས་ཁོ་རང་རྗེ་འདི་ཉིད་ཀྱི་སྐུ་མདུན་དུ་དངོས་འཛོམས་ཀྱི་ཐོག་འོས་ཐོ་དང་དགོངས་ལེན་ཞུ་བ་སོགས་གཅིག་འཐུས་སུ་མཛད་པ་དང། བླ་བྲང་ཆེན་མོར་བླ་མ་ཚོགས་འདུ་རྒྱས་པ་དགོས་དུས་གཟིམས་ཆུང་བཞུགས་ཁྲིའི་སྤྱན་སྔར་བླ་མ་རྣམས་ཁྲི་སྟན་བབས་འོས་ལ་བཞུགས་བསྟུན། ཕྱག་མཛོད་རང་ཉིད་ཀྱིས་ཐོག་དྲངས་ཞབས་ཕྱི་བྱིངས་ནས་མཇལ་ཞུ་དང། གྲོས་འགོ་ཆེ་རིམ་ནས་འདོན་པ་སོགས་ཆོས་སྲིད་དང་གང་མཐུན་ལས་བྱུང་རྒྱལ་གྱི་རིགས་མི་མཛད་ལ། བླ་བྲང་ཞབས་ཕྱི་འཁོར་ལོས་བསྒྱུར་བའི་མདུན་ན་འདོན་


GTD008_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོས་པ་ཙམ་གྱི་བློ་རིག་སྙིང་སྟོབས་འཛོམ་པ་རྣམས་ནས། ༸སྐྱབས་མགོན་མཆོག་མ་བཞུགས་ཀྱང་ཕ་ཤུལ་བུས་ཟིན་ངེས་ཀྱི་ཐུགས་སྲས་དང། རྒྱལ་ཚབ་གཉིས་པ་གདན་སར་བཞུགས་པ་འདི་འདྲ་ཡབ་རྗེ་དེ་ཉིད་ཀྱི་བཀའ་དྲིན་ཡིན་ཞེས་འདུན་པ་ཆིག་དྲིལ་གྱིས་སྐུ་དོན་ཐམས་ཅད་ཀྱི་ཕུགས་རྗེ་འདི་ལ་གཏད་པ་ཞིག་ཡོད་དོ། །ཡབ་རྗེ་བླ་མའི་མཆོག་སྤྲུལ་མྱུར་ཕེབས་ཀྱི་ཆེད་དུ་དངུལ་སྲང་བརྒྱའི་རྩིས་ཀྱིས་སྲས་སྟོང་སྡེ་ངག་གི་དབང་ཕྱུག་གྲུབ་ཆེན་གྱི་ཆ་ལུགས་ཅན་བསྣན་པའི་འཁྲུངས་རབས་བཅུ་གསུམ་གྱི་ཞལ་ཐང་གྲབ་མཚུངས་བཞེངས། གསེར་ཁང་ཆེན་མོའི་ལོགས་རིས་ཀྱི་མཇུག་ཀྱང་གསུང་བཀོད་ལྟར་ལོ་འདིར་གྲུབ། མགོ་ཟླའི་ཚེས་བཅོ་ལྔའི་ཉིན་སྡེ་ཁྲི་སྤྲུལ་བའི་སྐུ་འཇམ་དབྱངས་ཐུབ་བསྟན་ཉི་མ་དགེ་ཚུལ་དུ་བསྒྲུབས་ཤིང། ཁོང་ནས་ཀྱང་རྗེ་འདི་ཉིད་ཀྱི་ཞབས་བསྟེན་ཏེ་ཆོས་གྲྭ་ཆག་མེད་ཙམ་དུ་མ་ཟད་ཚོགས་སུ་ཡང་རྒྱུན་ཕེབས་དང། བསླབ་བྱ་བསྔོ་བགྲང་ཕྱག་མཆོད། མཎྜལ། འཛིན་སྐྱོར་རྩོད་གྲྭ་སོགས་སྔོན་བྱོན་དམ་པའི་རྣམ་ཐར་ཕྱག་ལེན་དུ་ཐེབས་པར་མཛད། དགུན་ཆོས་ཆེན་མོར་བརྩི་བཞག་ཆག་མེད་དང། ཕར་ཕྱིན་སྟོན་མོའི་གྲྭ་སྐོར། སྨོན་རམས་པའི་གྲྭ་སྐོར་སོགས་དམར་པོ་འོང་བ་དང། རྡོ་བཅལ་ཆེན་མོར་ཤེར་སྙིང་དགུ་གསུམ་ངེས་ཅན་དུ་འགྲོ་དགོས་པ་སོགས་ཀྱི་རྟིང་བསྐུལ་ཚ་ནན་མཛད། དབུ་མཛད་ཐོན་པ་མཛོད་དགེ་བློ་བཟང་རིན་ཆེན་ལ་བཀའ་གནང་ནས་སྐད་གྲྭ་པ་འགར་གཤིན་རྗེའི་ངར་དབྱངས་ཞིབ་མོར་སློབ་བཅུག་ཅིང་ཕྲན་གྱིས་དེ་ཐོག་ནས་ཁྲི་ཆེན་བློ་བཟང་སྙན་གྲགས་དང། ཁྲི་ཆེན་དཀོན་མཆོག་བདེ་ཆེན་པ་ལས་ཞུས་དག་བྱས་པ་འཐེན་པའི་གདངས་ལྟར་རི་མོ་ཡང་ཕྱག་བྲིས་མཛད། མཁར་ཐབས་ཀྱི་བྲི་རྩིག་དང། ལིང་


GTD008_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

རིས་དང་གནད་ཡིག་འགོད་ཚུལ་སོགས་ཞིབ་ཁྲིད་བྱེད་བཅུག་ཅིང། ཕྱག་ལེན་ལ་དག་ཐེར་ཞིབ་ཐིག་དང་བཅས་ལྕགས་མཁར་ཆེན་མོ་ཚུགས་པའི་དབུར་བཞུགས་ནས་བསྟན་འགྲོའི་སྤྱི་རིམ་ཁུར་དུ་བཞེས། དགུང་ལོ་སོ་གཉིས་པ་ཆུ་གླང་ལ་ལྷ་མོའི་ཚེས་གཏོར་རི་ཁྲོད་ནས་སྔར་རྒྱུན་ལྟར་བཏང་ཞིང། རྗེ་ཉིད་ནས་དགོན་པར་ལོ་གསར་གྱི་དགའ་སྟོན་དང་བཞུགས་གྲལ་ཚོགས་དབུར་ཕེབས། ཆོ་འཕྲུལ་སྨོན་ལམ་གྱི་གསུང་ཆོས་ལ་སྐྱེས་ཚོམས་གཉིས་སྦྱར། བསླབ་སྤྱོད་གཉིས་སྦྱར། ས་རྒྱན་གཉིས་སྦྱར་ཏེ་བཀའ་གདམས་གཞུང་དྲུག་གི་གསུང་བཤད་མཛད། འདི་སྐབས་དཔལ་ལྡན་ཡོན་ཏན་དམ་པས་ཡོངས་བཟུང་བཀྲ་ཤིས་པ་ཞེས་སོགས་ཚིགས་བཅད་གཅིག་དང། དགའ་ལྡན་ལྷ་བརྒྱ་མ་དང། དཔལ་ལྡན་ས་གསུམ་མའི་ཚིགས་བཅད་རེ་བཅས་སྦྱར་ཏེ་ཤོ་ལོ་ཀ་གཅིག་སྐུ་རྩེད་ཀྱི་ཚུལ་དུ་ཕྱག་བྲིས་སུ་མཛད་པ་ནི། དགའ་བའི་དཔལ་ལྡན་ལྷ་བརྒྱའི་མགོན་པོར་ཡོན་ཏན་དམ་པས་ཡོངས་བཟུང་ས་གསུམ་གཉེན་གྱི་ཐུགས་ཀ་བཀྲ་ཤིས་དཔལ་བེའུ་དམ་པ་ནས། །ཞེས་པ་མ་གཏོགས་ཕྱི་མ་གསུམ་ཕྲན་གྱིས་བརྗེད། དེ་ནི་མཁས་པས་བཤད་ན་ཅི་ཡང་བདེན་ཞེས་པ་དང། གང་ནས་བཤད་ཀྱང་འབྲེལ། ཇི་ཙམ་བཤད་ཀྱང་རན། ཇི་ལྟར་བཤད་ཀྱང་འཐད་ཅེས་པའི་རྣམ་ཐར་རོ། །སྨོན་ལམ་གསུང་ཆོས་ལ་སྤོས་ཕོར་ཆ། གདུགས། འབོག་ལྕགས། དངུལ་དེམ་རྟེན་ཁེབས་ཅན། ཆོས་ལྡན་ཁ་དར་ཟུང་གི་པང་ཁེབས་སོགས་ཉིད་ཀྱི་སྐུ་གོང་མའི་དུས་ལྟར་དང་འཆམ་གཟིགས་དང། བཅོ་ལྔའི་མཆོད་སྐོར་ལ་ཡང་ལུག་ཞོན་གྱི་འཆམ་དང་བཅས་ཕེབས། གོས་སྐུ་གདན་འདྲེན་གྱི་ཉིན་གདུགས་རྟ་དར། རིན་ཆེན་རྒྱན་ཆ་སོགས་སྤྲད་ནས་ཕེབས་པ་ན་མི་མང་


GTD008_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གིས། ཀུན་མཁྱེན་སྐུ་འཕྲེང་གཉིས་པ་དེ་ཉིད་མ་བཞུགས་པས་ཕྱོགས་འདིར་མི་མེད་བསམས་ཀྱང་ཆོས་སྲིད་གཉིས་འཛོམ་གྱི་བླ་མ་འདི་འདྲ་བཞུགས་པ་ངོ་མཚར་ཆེ་ཞེས་གསེར་ཁྲི་རྣམ་པ་དང། ཁྲི་གདན་ཟུར་བགྲངས་པ་ཐོས་ཏེ་ས་པཎ་གྱིས། མོས་པའི་ཚེ་ན་མིག་ཙུམ་བྱེད། །ཅེས་པ་ལྟར་བླུན་དད་ཡིན་རུང་མཛད་པ་དེ་ནི་གདུལ་བྱ་རྗེས་འཛིན་གྱི་ཐབས་མཁས་སོ། །བཅོ་ལྔའི་ཉིན་བསྒྲུབ་བྱ་ཞེ་གསུམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། ལོ་འདིར་དཔོན་ས་ཝང་ངག་དབང་དར་རྒྱས་གསུང་ཆོས་སྨོན་ལམ་ལ་རེ་རེ་ཙམ་བྱོན་ནས་ཕུ་དུད་དཔེ་མེད་མཛད་ཀྱང་ཞལ་ནས། སྔ་སོར་སྐྱབས་མགོན་རྡོ་རྗེ་འཆང་གི་གསུང་ཆོས་ལ་དཔོན་ཚང་ཕེབས་པའི་ཐ་མའི་སྐབས་སུ་དང་པོའི་ཚིག་མཚམས། རྒྱལ་པོ་ཁྱོད་མཆོད་གནས་ངན་པས་བསླུས་ནས་ཞེས་སོགས་ལ་བབས་པ་ཤིན་ཏུ་སེམས་འཚེར་ཡོད་པའི་ཁར། ད་རེས་ཀྱང་རུས་པ་ཐར་ཐོར་ཞེས་སོགས་མ་ལེགས་གསུངས་ཏེ་མ་འགྱངས་པར་མཚོ་སྔོན་གཡས་རུ་གཡོན་རུ་ཐམས་ཅད་དགྲ་ཇག་གིས་འཐོར་བའི་ཚུལ་དེ་དགོངས་པར་སྣང། འཆམ་པ་གྲྭ་ཚང་གི་གསར་སློབ་རྣམས་ལ་དཔའ་གཅིག་གི་དབང་དང། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སྩལ་ཏེ་བསྙེན་པ་ལས་རུང་དང། འཆམ་ལྕགས་མཁར་དབེན་ས་སྙན་བརྒྱུད་ཀྱི་ཕྱག་ལེན་མི་ཉམས་པ་དགོས་ཚུལ་ནན་ཏན་མཛད་པ་གསར་སློབ་ནམ་ཡོད་ལ་འདྲ། ཕྲན་ལ་བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་དཔོན་སློབ་བྱུང་བར་གྲྭ་རྒན་ཚོས་འཆད་ཉན་དང། སྒྲིག་ལམ་ཉམས་གསོས་གལ་ཆེ་ཚུལ་རྣ་བ་ཚ་བར་གླེང་བ་ཞུས་པར། བཀའ་ལས། གཞན་སྟེང་གི་སྒྲིག་ལ་ཕན་ཐོགས་པ་ལ་རང་སྟེང་གི་སྒྲིག་ཁུར་ལེན་གལ་ཆེ་བས། གཏོར་ཆེན་བདག་འཇུག་གི་ཚོགས་དང། བརྩི་བཞག་


GTD008_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་སོགས་ཆག་མེད། གཏོང་སྒོ་དང་བྱ་བའི་ཁུར་གང་ཡོད་མ་ཉམས་པར་བྱས་ན་བསྡུ་བ་བཞིའི་ལག་ལེན་ཡང་དེ་ཡིན་གསུངས་པ་ལྟར་བསྒྲུབས་པས་བྱ་བ་ལམ་འགྲོ་བསམ་པ་ལྟར་བྱུང། ཕྲན་ཆུང་ངུའི་དུས་ཡབ་རྗེ་རྡོ་རྗེ་འཆང་གི་མདུན་དུ་ཕོར་པ་ལག་ནས་ལྷུང་བའི་རྟེན་འབྲེལ་གྱིས་འཚོ་ཆས་ཤིན་ཏུ་བཀྲེན་ཀྱང། འདི་དུས་ཉིན་གཅིག་ལྷུང་བཟེད་བཅུད་དང་ལྡན་པ་ཕྱག་གིས་གནང་ནས་འདིའི་ནང་ཟས་ཀྱིས་འགེངས་པ་བཞིན་དུ་རང་རྒྱུད་ཡོན་ཏན་གྱིས་འགེངས། འདིའི་ནང་ནས་ཟས་ལ་ལོངས་སྤྱོད་པ་བཞིན་དུ་ཆོས་ལ་ལོངས་སྤྱོད་ཅེས་གསུངས་པར་མཛད་པས་དེ་ཕྱིན་ཆད་མཐུན་རྐྱེན་ལ་ལག་མི་འཐོགས་པ་བྱུང་བ་ནི་དངོས་གྲུབ་ཀྱི་ཆ་ཤས་སོ་སྙམ་དུ་དད་གུས་ཀྱི་མེ་ཏོག་བཞད་པར་གྱུར། དཔྱིད་ཆོས་ཆེན་མོར་བགྲོ་གླེང་གི་རྒྱུགས་བླངས་ནས། བགྲོ་གླེང་གི་སྐབས་དམ་བཅའི་ཉེ་འཁོར་དུ་མ་བཅར་བ་ཡར་འགྲོ་མར་འགྲོ་རིང་པོ་དང། འཁོར་གསུམ་ཡང་རིང་པོ་བྱེད་དགོས་པ་དང། ཕྲེང་བ་ཞགས་འཕེན་དང། ཚིག་ལྷག་བཞག་མི་ཆོག་པ་དང། ཐལ་མོ་བརྡེབ་ལུགས། གཟན་རྐེད་པར་དཀྲི་ཚུལ་སོགས་ཞིབ་ཚགས་མཛད། སྔ་སོར་བལ་པོའི་བཟོ་བོ་རྟ་མགྲིན་རབ་བརྟན་དང། དོན་འགྲུབ་དབང་པོ་སོགས་བོད་དུ་འགྲོ་སྐབས་ལས་ཆོག་ཟེར་བ་སྡོད་བཅུག་པ་ལ་ལོ་སྔ་མ་ནས་གསུང་བཀོད་གནང་སྟེ། ༸སྐྱབས་མགོན་མཆོག་གི་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྙིང་པོར་བཞུགས་པའི་མཆོད་རྟེན། ས་འཛིན་ནི་དྲི་གཙང་ཁང་གི་ཀ་བར་དུ་ཤོང་ཚོད་དང། བང་རིམ་ཡན་ཆད་དེ་ལས་ཆེ་བའི་ཐིག་གནང་སྟེ་བྱིངས་དངུལ་དང། སྒོ་ཁྱིམ་གསེར་འབའ་ཞིག་ལས་བསྒྲུབ་པ་ལེགས་པར་གྲུབ། མཛོད་


GTD008_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རི་ཁྲོད་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་བསྟན་པ་འཛིན་པའི་སྐྱེས་ཆེན་དེ་ཉིད་ཀྱིས་རྒྱུད་སྡེའི་དགོངས་པ་དང་མཐུན་པར་གཟུངས་གཞུག་ཕྱག་བཞེས་རྣམ་པར་དག་པས་ཕུལ། རྗེ་ཐུའུ་བཀྭན་རིན་པོ་ཆེ་གདན་དྲངས་ཏེ་གསུམ་པའི་ཚེས་བཞི་ནས་རྡོ་རྗེ་འཆང་དེ་ཉིད་དང། རྗེ་ཉིད་ཀྱིས་གཙོ་མཛད། ཁྲི་གདན་ཟུར་དང། གྲྭ་པ་བསྙེན་སོང་བརྒྱ་ལྷག་གིས་ཉིན་གསུམ་གྱི་རིང་དགེ་ལེགས་ཆར་འབེབས་ཀྱི་ཕྱག་ལེན་རྒྱས་པའི་སྟེང་ནས་རབ་གནས་ཞི་རྒྱས་ཀྱི་སྦྱིན་སྲེག་དང་བཅས་པ་མཛད། བྱང་ཆུབ་ལམ་གྱི་རིམ་པའི་མངའ་བདག་རྗེ་བླ་མ་འགྲན་གྱི་དོ་མེད་མཁས་ཤིང་གྲུབ་པའི་དབང་ཕྱུག་བློ་བཟང་ཆོས་ཀྱི་ཉི་མ་དཔལ་བཟང་པོའི་དྲུང་ནས་བདེ་ལམ་གྱི་ཁྲིད་སྨིན་རྒྱས་ཞལ་ཤེས་དང་བཅས་པ་དགོན་པའི་ཚོགས་ཡོངས་དང་ལྷན་ཅིག་ཏུ་གསན། མཇུག་ཏུ་རྗེ་ཉིད་ནས་བརྟན་བཞུགས་ཀྱི་བཤད་པ་ཞུས། དེ་སྐབས། ནཱ་ལེནྡྲའི་དགེ་འདུན་རྣམས་ནས་མགོན་པོ་ཀླུ་སྒྲུབ་ལ་ཕུལ་བའི་ཞུ་ཡིག་ཏུ། ཤིན་ཏུ་ཁུར་དཀའི་ཁུར་གྱིས་ལུས་དུབ་ཁྱུ་མཆོག་རྣམས་ནི་ཁྱེད་ལ་གསོལ་འདེབས་ན། །ཞེས་སོགས་དྲངས་ནས་བསྟན་པའི་ཁུར་བཞེས་དགོས་ཚུལ་ཞུས་པ་ན་ཡབ་རྗེ་རྡོ་རྗེ་འཆང་དག་པའི་ཞིང་དུ་དགོངས་པ་གཏད་པ་དང། བསྟན་པ་ཉམས་དམའ་བ་སོགས་ཀྱིས་སྤྱན་ཆབ་དབང་མེད་དུ་ཤོར་བས་དགེ་འདུན་མང་ཡང་འདྲེན་བྱེད་ཆབ་རྒྱུན་གྱིས་བརླན་བཞིན་སེམས་སྐྱོ་བས་བློང་བློང་པོར་གྱུར། བླ་མ་རྡོ་རྗེ་འཆང་དེ་ཉིད་ནས་ཀྱང་ཞལ་བཞེས་བཟང་པོ་དང་ཞལ་གདམས་བླ་ན་མེད་པ་སྩལ། དཔོན་སློབ་འདི་ཙམ་ཞིག་ཐུགས་མཐུན་པར་བླ་མའི་བཀའ་དྲིན་མ་གཏོགས་བསམ་རྒྱུ་མེད་པ་འདི་ནི་ཤིན་ཏུ་ཡི་རང་བའི་གནས་རྫོགས་ལྡན་དུས་ཀྱི་བྱ་བ་ལྟ་བུ་ཞིག་སྣང་


GTD008_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཡང་ཡང་གསུངས་པ་ཐོས། ཐུའུ་བཀྭན་རྡོ་རྗེ་འཆང་ནས་གུང་ཐང་བླ་བྲང་དུ་ཉིད་ཀྱི་ཞབས་བརྟན་ལ། རྟ་མགྲིན་གྱི་སྦྱིན་སྲེག་གནང་བས་སྔར་སྐུ་འཁྲུགས་ཀྱི་ཉམས་ཤིག་རྒྱུན་དུ་ཡོད་ཀྱང་དེ་ནས་བཟུང་སྟེ་སངས་དྭངས་སུ་སོང། བརྩི་བཞག་གི་རྒྱུགས་མ་འཕྲོད་པ་རྣམས་ལ་བརྒྱ་ཕྱག །ཚོགས་ཆུ། རྡོ་བཅལ་བསྒྲིགས་པ་སོགས་ཀྱི་ཆད་ལས་མཛད་པ་འདི་འདྲ་ཡང་བསྟན་པའི་བྱ་བ་བསྒྲུབ་པའི་ཡན་ལག་ཏུ་བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་ཏེ། མདོ་ལས། དམ་པའི་ཆོས་རྣམ་པར་ཉམས་པ་ན་དགེ་སློང་མ་དད་པ། ཚུལ་ཁྲིམས་འཆལ་བ། སྡིག་པ་སྤྱོད་པ། སྙོམས་ལས་ཅན། ལེ་ལོ་ཅན། ཐོས་པ་ཉུང་བ། དམ་པའི་ཆོས་ལ་འདུན་པར་མི་འགྱུར་བ་དག་འབྱུང་ཞིང། དེ་དག་གིས་ཆོས་འཆད་ཉན་སྤངས་པའི་རྐྱེན་གྱིས་བསྟན་པ་ནུབ་པར་འགྱུར་བས་དེ་དག་ཡལ་བར་འདོར་མི་རུང་ཞེས་ཆོམ་རྐུན་གྱི་སར་མདའ་གཞུ་ཐོགས་ཏེ་ཟོང་སྦ་དགོས་ཤིང། ཚོང་འདུས་སུ་ཟོང་ཐང་མར་བདལ་དགོས་པ་དང། ཁྱིམ་མེས་ཚིག་པ་ན་མེ་གསོད་པ་ལ་གཡེལ་མི་རུང་བ་སོགས་དཔེ་དུ་མས་གསུངས་ཤིང་སྡོམ་གསུམ་སོ་སོའི་བསླབ་བྱར་ཡང་གསུངས་སོ། །ཆོས་ཐོག་རྣམས་དཀྱུས་དང་འདྲ་བར་བརྩི་བཞག་ཆག་མེད། འཕྲོས་པ་དང་དོགས་གཅོད། གསུང་བཤད་སོགས་འཆད་ཉན་དམར་བ་ཁོ་ནས་དུས་འདའ་བར་མཛད། ཚོགས་གཏམ་ཞིག་གི་སྐབས། ཟས་གོས་གནས་མལ་བཟང་དགོས་པའི་ངེས་པ་མེད། ལྟོ་སྐྱ་གོས་ཧྲུལ་བྱུང་ན་དེ་རྒྱན་དུ་གོ་ནས་ཆོས་ལ་བརྩོན་དགོས། རང་གི་དཀའ་སྤྱད་ལ་ཆོས་མིན་སྤྱོད་པའི་མིས་ཚུར་ལ་སྙིང་རྗེ་ཟེར་བའི་གནས་སུ་སོང་ཡང། རང་ཉིད་ཆོས་ཀྱི་


GTD008_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བདེས་ཚིམ་ནས་གཞན་སྐྱིད་ཉལ་བྱས་ཀྱང་སྡིག་པའི་ཕུང་པོར་གྱུར་པ་ལ་ཕར་སེམས་ཀྱི་གཏིང་ནས་སྙིང་རྗེ་འཆོར་བ་དེ་འདྲ་དགོས། གོས་རྫི་བོའི་གོས་དང། ཟས་བྲན་གཡོག་གི་ཟས་ཙམ་བསྟེན་རྒྱུ་བྱུང་ན་དེ་ཙམ་གྱིས་ཆོག་ཤེས་བྱས་ནས་ཆོས་ལ་བརྩོན་དགོས། ཁ་ཕྱིར་བལྟས་ཀྱི་ཡེངས་མ་ལམ་ལ་མི་ཚེ་ཟད། རང་གི་བྱ་བ་རང་གིས་ངོས་མི་ཟིན་པར་གང་ཡག་ཡག་ཅིག་བྱས་ཡོད་མདོག་ཁ་བོ། མི་ཤི་བའི་མང་འགྱེད་ལ་དགའ་བཞིན་དུ་ལོངས་སྤྱད་ནས་དེ་ཁོ་ན་མ་གཏོགས་རང་ཉིད་འཆི་སྙམ་མེད་པར་གཏན་དུ་སྐྱིད་ཐག་ཆོད་ཡོད་པ་ལྟ་བུ། འཆི་བ་དྲན་ན་བཟའ་བཏུང་གི་བྲོ་བ་མི་ཚོར་དགོས་རྒྱུ་རེད་མོད་དེ། དེ་ཙམ་མིན་ཀྱང་སླར་རྟེན་འདི་འདྲ་དང། སྐལ་བ་བཟང་པོ་འདི་འདྲ་ཐོབ་རྒྱུ་ཨེ་རེད། བློ་ཁ་ནང་དུ་ཕྱོགས་ལ་སོམས་དང། ཆོས་བྱས་ཡོད་སྙམ་པའི་ཡམ་མེ་བ་ཞིག་ལས་བློ་བདེ་ངེས་ཀྱི་ཆོས་བྱས་ཨེ་འདུག །ཚེ་འདིའི་བདེ་བ་སྐད་ཅིག་མ་རེ་དང། སྐྱེ་བ་གཏན་གྱི་བདེ་བ་གཉིས་བརྗེ་ཚུལ་ཨེ་འདུག །བསམ་བློ་ཐོང་དང་མི་རེད་མོད། མཁས་པ་སློབ་པའི་དུས་ན་སྡུག །གསུངས་པ་དེ་སློབ་གཉེར་སྒོམ་སྒྲུབ་ཆོས་སྲིད་ཀྱི་བྱ་བ་ཐམས་ཅད་ལ་འདྲ་འདྲ་རེད་མོད། ཚེ་འདི་དང་འཇིག་རྟེན་གྱི་བྱ་བཞག་ཅིག་ལ་འུར་ལངས། ཆོས་ཀྱི་བྱ་བ་ཞིག་དང་ཕྱི་མ་ཕན་ཆད་ཀྱི་དོན་ཞིག་བཤད་ན་ཡང་དེ་ཡུད་དེ་མགོ་འཐོམས་པ་འདྲ་བ། སྐྱིད་འདོད་གཅིག་དང་མཐོ་སྙེགས་གཅིག་ཁོ་ན་སེམས་ལ་བཅངས་ནས། འདོད་ཡོན་གྱི་ཕྱོགས་དང་ཆོས་མིན་གྱི་ཕྱོགས་ལ་དྲན་རྒྱུ་དང་ལབ་རྒྱུ་མང། ཆོས་ཀྱི་ཕྱོགས་ལ་སྙོམས་ལས་ཐེ་ཚོམ་གྱིས་ཚེ་གར་སོང་མི་ཤེས། ཚབ་ཚུབ་ཀྱི་ངང་ལ་མི་ཚེ་ཟད་ན་སྨྱོན་པ་དང་ཁྱད་པར་ཨེ་འདུག །ཆོས་ཤིག་བྱེད་འདོད་ན་ལས་འབྲས་ཀྱི་སྤང་བླང་དང། ཕྱི་མ་ཕན་ཆད་ལ་


GTD008_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བློ་ཞིག་གཏོང་དགོས་རྒྱུ་རེད་མོད། བསམ་བློ་དེ་ལྟར་གཏོང་མཁན་གྱི་ཆེད་དུ་ཀུན་མཁྱེན་བླ་མས། བསྟན་པ་སྤྱི་ལ་ཕན་ངེས་དང། རང་རང་གི་འདི་ཕྱིའི་དོན་ལ་ཕན་ངེས་ཀྱི་སྒྲིག་ལམ་ཞིབ་མོ་འདི་འདྲ་ཚུགས་པ་ཁྱེད་ཚོས་ཧ་གོ་བར་ཨེ་འདུག་གསུངས། གླིང་བསྲེའི་སྐབས་པོ་ཏི་ལྔའི་བརྒྱུད་པའི་ཆོས་འབྱུང་རྣམ་ཐར་དོགས་གཅོད་ཀྱིས་བརྒྱན་པའི་གསུང་བཤད་ཀུན་ཡིད་འཕྲོག་པ་དང། བགྲོ་གླེང་སོགས་ལ་ལན་གང་ཞིབ་གང་མྱུར་ངར་ངར་གྱིས་རྣམ་པ་མཚན་ཉིད་པ་སྤྱི་ལུགས་ཀྱི་མིག་རྒྱན་ལ་ཕན་པ་གནང། ཉིན་གཉིས་པར་རྒྱུད་བླའི་ཁུར་འཛིན་ཕྲན་ནས་འགྲེལ་པ་བཞི་སྦྲགས་ཀྱི་ས་བཅད་ཆ་ཚང་བའི་སྟེང་ནས་དོགས་གཅོད་དང་བཅས་པའི་བཤད་པའི་ཁུལ་བྱས་པར་བགྲོ་གླེང་གི་བཀའ་དྲིན་སྩལ་ཅིང། སྔ་སོར་བདག་ལ་དགོན་པ་འདིར་སྐུ་ཞབས་རིན་པོ་ཆེའི་ཐུགས་རྗེར་བགྲོ་གླེང་གཏོང་ཚུལ་ལེགས་ཀྱང་དམ་བཅའི་ལན་ངར་ཞིང་མྱུར་བའི་མིག་ལྟོས་གང་ལེགས་ཤིག་ཁྱོད་རང་གིས་རྡོ་རམས་པའི་དམ་བཅའི་སྐབས་སུ་ཀུན་གྱིས་མཐོང་བ་ཞིག་བྱེད་དགོས་གསུངས་པ་དགོས་པ་ཅན་གྱི་གསུང་དུ་བསམ་སྟེ་འདི་སྐབས་སྐད་གཟེངས་མཐོ་བར་བྱས་ཏེ་ལན་གང་མྱུར་ཕུལ་བར་ལུང་དང་རིགས་པའི་མེ་ཏོག་ཆར་དུ་བསྙིལ། ཐུའུ་བཀྭན་རྡོ་རྗེ་འཆང་ནས་དགོན་པའི་བྱང་ཕྱོགས་སུ་བདུད་འདུལ་མཆོད་རྟེན་བརྩིགས་པའི་འོག་ཏུ་དམ་སྲི་མནན་པ་དགོས་གསུངས་པ་ལྟར། མཛོད་དགེ་རི་ཁྲོད་དབང་པོ་དང། སློབ་མ་འདུལ་འཛིན་རྣམས་ཀྱིས་སྒྲུབ་པ་བྱས་ཏེ་མནན་རྟགས་ཐོན་པ་ན་རྗེ་འདི་ཉིད་ནས། བཀྲ་ཤིས་ཀྱི་གསོ་སྦྱོང། ས་བསླང། ལྟོ་འཕྱེ་བརྟག་ནས་བརྐོ་བ་སོགས་སྔོན་དུ་འགྲོ་བས་མཆོད་རྟེན་གྱི་ལས་གྲ་བདུན་པའི་ཚེས་བཞི་ལ་ཚུགས།


GTD008_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཕྱིར་བསྒྲུབ་བྱ་སུམ་ཅུ་མ་ལོང་ཙམ་རབ་བྱུང་བསྙེན་རྫོགས་ལ་བཀོད། རིགས་གྲྭའི་ཉིན་དང་པོར་ཁ་དར་ཉིན་བདེ་མ་རེའི་འགྱེད་དང། དོང་ཚེ་བཅུ་གཉིས་ཀྱི་དོད་དུ་ཞོ་གང་འཕར་ནས་གནང་བ་སོགས་འགྱེད་ཁྱོན་བསྡོམས་ལ་དངུལ་སྲང་སྟོང་དང་དྲུག་བརྒྱ་སུམ་ཅུ་ལྷག་དང་གུང་ཐང་བླ་བྲང་དུ་ཀུན་དགའ་ར་བ། མཆོད་ཁྲི་རྐོས་མ་གསེར་ཚོན་གྱིས་སྤྲས་པ་ཆ་མཚུངས་བསྒྲུབས་པར་དངུལ་སྲང་བརྒྱ་ལྷག །ཚོགས་ཆེན་རྒྱུན་ཇ་ཁྲ་ཙེ་གང་བཟང་རྒྱུན་འཇགས་ཀྱི་ཆེད་དུ་སྤྱི་སོར་དངུལ་དཀར་སྲང་བརྒྱ། འདུ་ཁང་ཆེན་མོར་ཀ་བར་དགུ་ཁེབས་པའི་གོས་ཀྱི་བླ་བྲེ་དངུལ་སྲང་བརྒྱ་དང་ལྔ་བཅུའི་རྩིས་ཀྱིས་བསྒྲུབས་ཏེ་ཕུལ། ལོ་སྔ་མར་མགྲོན་གཉེར་དཀའ་བཅུར་གྲགས་པ། བྱ་ཁྱུང་ཕྱག་མཛོད་ཤེས་རབ་རྒྱ་མཚོ། ༸སྐྱབས་མགོན་མཆོག་གི་དགོངས་རྫོགས་བསྒྲུབ་པར་བོད་དུ་འགྲོ་གདོང་མནལ་ལྟས་འཚུབ་པ་སོགས་ཀློང་རྡོལ་རིན་པོ་ཆེར་ཞུས་པའི་བཀའ་ལན་ཕྱིར་ཕེབས་སུ། ཉིད་སྐུ་ཡོན་གཞན་དང་མི་འདྲ་བས་བྱམས་སྙིང་རྗེའི་དམིགས་རྣམ་རྩལ་དུ་བཏོན་ན་འཚུབ་སློང་གི་རིགས་ལྷག་མེད་དུ་ཞི་འགྲོ་གསུངས་པ་དང། ཐུའུ་བཀྭན་རྡོ་རྗེ་འཆང་ནས་ཀྱང་གཅོད་བཏང་ན་ལེགས་ཚུལ་གསུངས་པ་ལྟར་ཁྲི་ཆེན་རྡོ་རྗེ་འཆང་བློ་བཟང་སྙན་གྲགས་ལ་དབེན་ས་ལུགས་ཀྱི་ནམ་མཁའ་སྒོ་འབྱེད་ཀྱི་དབང་གསན་ཅིང། ཁྲི་སྙན་ས་ལེའི་ར་དུང་ཡང་བཟོ་བར་མཛད། ཞལ་ནས། མ་ཅིག་གི་ལུང་བསྟན་དུ་གསུངས་པའི་བླ་མ་དུང་གི་མཆེ་བ་ཅན་ནི་ཁྲི་ཆེན་འདི་ཉིད་དང། བླ་མ་དངུལ་གྱི་སྨ་ར་ཅན་ནི་ཁྲི་ཆེན་ངག་དབང་འཕྲིན་ལས་ཡིན་པར་གྲགས་གསུངས། སྟག་གེ་སྤྲུལ་སྐུ་སོགས་བསྒྲུབ་བྱ་དྲུག་ཅུར་དགེ་ཚུལ་དང། བཅུ་གཉིས་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། བདུད་འདུལ་མཆོད་རྟེན་གྱི་ཟ་ར་ཚགས་དང། ཉི་ཟླ་གསེར་ཟངས་ལས་བསྒྲུབ་ཆེད་


GTD008_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསེར་སྲང་དོ་དང་ཞོ་བཞི་སོགས་གནང་སྟེ་ཐམས་ཅད་ལེགས་པར་གྲུབ་ནས་དགུ་པའི་ཉེར་གཉིས་ཀྱི་ཉིན་རབ་གནས་མཛད། ཞལ་ངོ་བསྐོ་བཞག་གི་སྐབས་དུས་འཁོར་དཔོན་སློབ་རྡོ་རམས་པ་ངག་དབང་དོན་གྲུབ། སྨན་པ་དཔོན་སློབ་རྡོ་རམས་པ་བློ་བཟང་འཇིགས་མེད། བླ་མ་དབུ་མཛད་པ་རྡོ་རམས་པ་དཀོན་མཆོག་ལྷུན་གྲུབ། དུས་འཁོར་རྡོར་འཛིན་རྡོ་རམས་པ་འཇམ་དབྱངས་གྲགས་པ། ཕྲན་སོགས་ཚོགས་འདུ་ཐུན་མོང་ནས་སྒྲིག་ལམ་ལ་དག་ཐེར་གལ་ཆེ་ཚུལ་དང། ཞལ་ངོ་སོགས་ཀྱང་དེ་མཐུན་དགོས་ཚུལ་ཞུས་པར། སྒྲིག་ལམ་གྱི་རྒྱུ་མཚན་བཤད་པ་ལེགས། ཞིབ་ཆ་སླར་ཚོགས་འདུ་རྒྱས་པ་ཞིག་གི་སྟེང་ནས་བྱས་ཆོག །དགེ་བསྐོས་བསྐོ་བཞག་ཀྱང་དེ་བཞིན་བྱས་པ་ཡིན་གསུངས་ནས་མདོ་སྔགས་གཉིས་འཛོམ་གྱི་དགེ་བཤེས་ལམ་རིམ་ཆེན་མོ་རྒྱུན་དུ་སྐྱོར་མཁན་རྡོ་རམས་པ་དཀོན་མཆོག་དགེ་ལེགས་བསྐོ་བཞག་གནང། རྒྱས་པའི་གཏོར་སྒྲུབ་གྲོལ་བའི་ཉིན་ཚོགས་འདུ་རྒྱས་པའི་སྟེང་ནས་སྒྲིག་ལམ་ཉམས་པའི་རིགས་གླེང་གཞི་བཀྲམ་དགོས་གསུངས་པར། རྒྱུད་པ་བླ་མ་དབུ་མཛད་པ་ནས། སྤྱིར་ཚོགས་འདུའི་ལུགས་སྲོལ་ལ་ཐོག་མར་ཀུན་གྱི་ཁ་བསྡུར། དེ་རྗེས་གྲོས་བསྡུས། དེ་རྗེས་བདར་ཤ་བཅད། དེ་རྗེས་དགོངས་ལེན་ཞུ་བ་ཡིན་མོད་ཀྱང་ད་རེས་སྔོན་གྱི་རྒྱུས་ཡོད་རྣམས་གཙོ་ཆེ་ཟེར་བ་ལྟར། ཆོས་རྗེ་རྡོ་རམས་པ་དགེ་སློང་སེར་དྲིས། གསོལ་དཔོན་གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས། ལ་མོ་རབ་འབྱམས་པ་ངག་དབང་ཆོས་འབྱོར། ཨ་རྐོང་རབ་འབྱམས་པ་ནོར་བུ་རྒྱལ་མཚན། རབ་འབྱམས་པ་ངག་དབང་དར་རྒྱས་སོགས་རྒན་པ་ཆེ་བགྲེས་རྣམས་ནས་བཅའ་ཡིག་ཟུར་འདེབས་རེ་རེའི་གླེང་གཞི་བྱུང་བ་རྒྱུ་མཚན་དང་བཅས་གསུངས་པ་ལ་


GTD008_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་རུང་མཐུན་སྦྱར་འོས་པ་རྣམས་ཀྱང་གྲོས་བསྡུར་ནས་ཞུས་པར། བཀའ་ལས། ཁྱེད་རྣམས་ཀྱིས་གང་གསུངས་ཐམས་ཅད་དོན་དང་མཐུན་པ་ཤ་སྟག་ཏུ་སྣང། དགེ་འདུན་ཁྲིམས་གཙང་བ་ནི་སྐྱེ་རྒུའི་འཕྲལ་ཕུགས་ཀྱི་ཕན་བདེའི་གཞི་རྩ་གཅིག་པུ་ཡིན་མོད། ཁྲིམས་གཙང་བའི་གཞི་རྩ་ཐུགས་མཐུན་པ་ལ་རག་ལས། ཐུགས་མཐུན་ཞེས་པ་དེ་ལྟ་བ་བདེན་བཞིའི་བླང་དོར་ལས་མི་འདའ་བ་ཞིག་གི་མིང་ཡིན་པས། ཁྱེད་རྣམས་ཀྱང་སྒྲིག་ལམ་གྱི་རྩ་བ་བྱས་ནས་མགྲིན་གཅིག་དབྱངས་གཅིག་དགོས་གསུངས། ཀུན་གྱིས་བཀའ་བཞིན་བསྒྲུབ་པར་ཞུས། བསྒྲུབ་བྱ་བཅུ་གཉིས་བསྙེན་རྫོགས་ལ་བཀོད་ཅིང་འཆད་ཉན་དམར་བར་མཛད། བཅུ་པའི་ཉི་ཤུ་བརྒྱད་ལ་རྔ་ཆིངས་ཀྱི་ཚོགས་དབུར་ཕེབས་ཀྱང་མཚན་མོ་སྐུ་སྟོད་ལ་གཟེར་མིག་ལྟ་བུ་ཞིག་བྱུང་བར་བརྟེན། ཉེར་དགུའི་ཉིན་ཕྲན་གྱིས་རྡོར་སློབ་བྱས་ནས་ཟོར་འཕངས་པས་མེ་བཀྲ་སོགས་ལེགས་པར་བྱུང། ཀུན་གྱིས་ཞབས་བརྟན་ཁུར་དུ་བླངས་ནས་བསྒྲུབས་པས་སྐུ་འཁྲུགས་སངས་དྭངས་སུ་གྱུར། ནུབ་དེར་འདུ་ཁང་ཡང་རྩེར་བཞུགས་པར་རྒྱང་རིང་པོ་ཞིག་ན་ཨ་ལགས་ཚང་ཞེས་རྒྱང་འབོད་ཡང་ཡང་བྱེད་པར། སུ་ཞིག་ཡིན་དགོངས་ནས་མནལ་སད་པ་ན། དོན་ལ་ཁྱི་ཞིག་ཡིན་འདུག་པར། མནལ་སད་ནས་ཀྱང་ལན་ཁ་ཤས་ཀྱི་བར་ལ་ད་དུང་ཁྱི་སྐད་ཀྱི་ནང་ན་ཨ་ལགས་ཚང་ཞེས་གྲགས་པ་སོགས་སྐབས་འདིར་མནལ་ལམ་རྒྱུན་དུ་འཚུབ་ཀྱང། ནུབ་གཅིག་ཡབ་རྗེ་རྡོ་རྗེ་འཆང་བཞུགས་འདུག་པར། དུས་ཕྱིས་རྨི་ལམ་འཚུབ་པས་སྐུ་ཞབས་ལ་མཇལ་བ་དེ་བཟང་སྙམ་ནས་མཇལ་བས་ཕྱག་དབང་གནང། ཞལ་ཕུ་ཞིག་བཏབ་པས་སྤྱི་བོའི་གཙུག་ནས་སྙིང་གི་དཀྱིལ་གྱི་བར་དུ་བསིལ་བའི་རེག་བྱ་ཞིག་གིས་བདེ་སངས་ཀྱིས་


GTD008_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་རྨིས་པས་ད་ནི་སྐྱོན་མི་འདུག་གསུངས། མི་དང་མི་མིན་སྒྱུ་མ་མཁན་པོ་འགས། །བསམ་ངན་སྦྱོར་རྩུབ་སྣ་ཚོགས་སྔགས་རྫས་ཀྱིས། །རྟེན་འབྱུང་སྤྲོས་བྲལ་གཟིགས་པའི་ཡེ་ཤེས་མིག །དག་པའི་ཡུལ་དུ་འཁྲུལ་སྣང་ཇི་ལྟར་བསྐྲུན། །དད་དང་དམ་ཚིག་གཙང་མའི་རྫིང་བུ་རུ། །ལྷ་དང་བླ་མའི་བྱིན་རླབས་ཟླ་སྣང་གཟུགས། །ཇི་དགར་འཆང་བའི་འདོད་པ་འཇོ་བ་ནི། །ཐ་མལ་མོས་ལྡན་དག་ལའང་དགག་ཏུ་མེད། །ཞལ་ངོ་གསར་པ་ལ་བཀའ་གནང་ནས་ཚོགས་ཆོས་གྲྭའི་ཡུན་ཚད། དབྱར་དགུན་གྱི་ཉི་ཚོད་གྲིབ་ཚོད། མཚན་མོ་སྐར་ཚོད། ཉིན་མཚན་གྱི་སྤོས་རྒྱུན་སོགས་ཆ་མཚུངས་པ། དགུན་ཆོས་ཆེན་མོར་ཞོགས་ཇ་དང་པོ་ཐོན་པ་དང་ནམ་ལངས་པ་དུས་མཚུངས་སོགས་སྔར་སྲོལ་ལྟར་གནས་པ་མཛད། ཡབ་རྗེའི་མཆོག་སྤྲུལ་མྱུར་ཕེབས་ཀྱི་ཆེད་དུ་འཇིགས་བྱེད་རྩ་སྔགས་དང། གཙུག་ཏོར་འཁོར་བསྒྱུར་གྱི་ཕྲེང་སྔགས་གང་མང་ཚོགས་ཆེན་ནས་བསྒྲུབས། བསྒྲུབ་བྱ་བཅུ་དྲུག་བསྙེན་རྫོགས་གནང་ཞིང་འཆད་ཉན་དམར་བའི་ཞར་ལ་བཀའ་ཆོས་ཀྱང་ཞུ་བ་པོའི་འདོད་མོས་ལྟར་གནང། དགུང་ལོ་སོ་གསུམ་པ་ཤིང་སྟག་གི་ལོ་ཆོ་འཕྲུལ་སྨོན་ལམ་གྱི་གསུང་ཆོས་ལ་སྔར་གྱི་འཕྲོ་ནས་བཀའ་གདམས་གཞུང་དྲུག་གི་བཤད་པ་མཛད། ཚེས་བཅོ་ལྔའི་ཉིན་བསྒྲུབ་བྱ་སོ་བདུན་བསྙེན་རྫོགས་དང་དྲུག་ལ་དགེ་ཚུལ་གྱི་སྡོམ་པ་སྩལ། ཆོས་མཚམས་ལ་འཛིན་སྐྱོར་གྱི་རྟིང་བསྐུལ་དམ་པར་མཛད་ཐོག །ལྷ་སྡེ་ཁ་གསུམ་དུ་གཏོགས་པའི་སེར་སྐྱ་སྤྱི་ལ་ཇག་རྐུན་གྱི་གནས་ཚང་ཙམ་ཡང་བྱས་མི་ཆོག་པའི་བསྡམ་ར་དང། བཙུན་ཆས་སྤྲད་ནས་ཚོང་ཁེ་སྤོགས་དང་བྲེ་སྲང་གི་གཡོ་སྒྱུ་ཕར་ཞོག་སྤྱི་སོའི་བྲེ་སྲང་མ་གཏོགས་མངོན་སར་འགྲིམ་མི་ཆོག་པ་


GTD008_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དང། རབ་བྱུང་གིས་ནག་ཆང་རྐུས་གསུམ་དང་མཚོན་ཆ་ཐོགས་པ་ཕར་ཞོག་གོས་དམུ་ལུགས་མ་དང་ཞྭ་ཕོ་ཐོད་དང། ཚི་ལེན་དཀར་པོ་གྱོན་པ། ཤོ་འཕེན་པ་སོགས་བྱས་མི་ཆོག་ཚུལ་སྐྱ་སེར་སོ་སོར་ནན་ཅན་གནང་བ་ལྟར་ཞལ་ངོ་སོགས་ཀྱིས་ཉིན་པར་ཡང་གླིང་བསྐོར་ཞིང། ཚོགས་འདུས་ཚོང་རྭ་དང། མཐའ་བ་གོང་འགབ་སོགས་བསྐོར་ནས་དག་ཐེར་མཛད། བཟའ་བཏུང་ངག་འཁྱལ་འགྲོ་འདུག་སོགས་ཁྱིམ་པ་ལས་ཁྱད་པར་མ་དོད་ན་ཁྱིམ་པ་རྣམས་རབ་བྱུང་སྤྱི་ལ་མི་དད་པའི་སྡིག་རྐྱེན་དུ་འགྲོ་བ་ནི་བསྟན་པའི་དབུ་འཕང་སྨོད་པ་དང། དགེ་འདུན་གྱི་ཞབས་འདྲེན་པའི་བདུད་ལས་ཡིན་ཞེས་ཚོགས་གཏམ་བཙན་བརྗིད་དང། དགོན་པའི་གླིང་ན་མི་ཡན་པ་མང་ན་གནོད་ཚབས་ཆེ་ཞེས་ཀློང་རྡོལ་གྲུབ་ཆེན་ནས་སྐྱབས་མགོན་རྡོ་རྗེ་འཆང་ལ་གསུངས་ཚུལ་ཚོགས་གཏམ་གྱི་རྒྱུན་ལ་ཡོད་ཀྱང། སྒྲིག་ལ་མི་ཐེ་བའི་གྲྭ་པ་མང་ན་ལྷག་པར་གནོད་གསུངས་ནས། དགོངས་པ་གཏན་ཞུས་བྱས་ཡོད་པ་རྣམས་རང་རང་གི་གྲྭ་ཚང་ལ་བཅུག །གཞན་སྐྱ་སེར་སུ་ཡང་ཁང་པ་བཟུང་ནས་སྡོད་ས་མེད་པར་བྱས་ཏེ། ཆོས་སྒྲུབ་པར་འདོད་པ་རྣམས་ཞེ་གཙང་བར་མཛད། མི་ཟད་སྙིགས་མ་ལྔ་བདོའི་མུན་པའི་སྨག །སྡུག་བསྔལ་རང་བཞིན་ངོམས་པའི་སྡིག་པའི་ལས། །རང་གི་ཡིད་དང་ལྷན་ཅིག་གནག་པ་རྣམས། །ཁྱོད་ཀྱི་དྲིན་ལས་ཆོས་ལམ་སྣང་བར་ཞུགས། །ཚེ་འདིར་ཆགས་པས་བློ་ནི་རྨོངས་པར་བྱས། །བྱམས་པས་བསྐྱངས་ལའང་དྲིན་དུ་གཟོ་བ་སྤངས། །ཆོས་ཀྱི་འདུ་ཤེས་ལས་ནི་རང་ཉམས་པ། །དེ་དག་རྣམ་དཀར་ལས་ལ་ཁྱོད་བཀས་ཞུགས། །དོན་གཉེར་བ་འགའ་ཞིག་ལ། མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང། ནམ་མཁའ་སྒོ་འབྱེད་ཀྱི་དབང། བསྒྲུབ་བྱ་བརྒྱད་ལ་


GTD008_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བསྙེན་རྫོགས་འདོད་མོས་བཞིན་གནང། དཔྱིད་ཆོས་ཆེན་མོར་བགྲོ་གླེང་གི་རྒྱུགས་བཞེས་ཤིང། བླ་སློབ་ཐམས་ཅད་འཆད་ཉན་ལ་འདུན་པ་ཆིག་དྲིལ་གྱིས་ཐུབ་བསྟན་མཛེས་པའི་རྒྱན་དུ་མཐོང་བ་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གཉིས་པ་ལྟ་བུར་གྱུར། ཆོས་ཐོག་དང། ཆོས་མཇུག་ཏུ་སྔར་གྱི་འགྲིག་ལམ་དེ་དག་དང། མདུན་རི་དང། རྒྱབ་རི་སོགས་སུ་ཐོད་རྒལ་དུ་ལམ་མི་བཏོད་པ་དང། ལུང་བསྟན་ལྟར་གྱི་ས་དཔྱད་ལ་གནོད་པའི་ས་རྐོ་རྡོ་སློག་བྱུང་རྒྱལ་དུ་བྱས་ན་སྤྱི་སྒེར་ལ་གནོད་ཚུལ། ཐ་མ་ཁ་ལ་བཀག་ཆ་གང་ལྕི། རི་རྒྱ། ཀླུང་རྒྱ། ཀུ་ཅོ་རྒྱང་སྐད་སོགས་རེ་རེ་ལ་འདུལ་བ་མདོ་རྩ་དང། བྱང་ས་བསླབ་བཏུས་སོགས་དྲངས་ནས་ཚོགས་གཏམ་སེམས་ལ་ཕན་པ་གནང་བས། དགེ་འདུན་རྣམས་སྟོན་པའི་འཁོར་གྱི་ཉན་ཐོས་ལྟར་དུལ་ཞིང། སྐྱེ་བོ་ཀུན་གཅིག་ཏུ་རྣམ་པར་དཀར་བའི་ལས་ལ་འདུན་པར་གྱུར། དེ་ཡང་ཚོགས་ཆོས་གྲྭའི་སྒྲིག་ལམ་ནི་ཀུན་གྱི་རྩ་བ་ཡིན་ཀྱང། སྨིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །གསུངས་པ་ལྟར་ཕྲན་ཚེགས་ཀྱི་རིགས་སྣང་མེད་བྱས་ན་རྩ་བ་ཆེན་པོ་ཚོ་ཡང་ཉམས་འགྲོ་བས་གནད་གཅིག་ཏུ་བསྒྲིལ་དགོས་གསུངས། ཁྲིར་བཞུགས་པའི་ལོ་དང་པོར་ལམ་རིམ་ཆུང་ངུ་སྐྱེས་བུ་ཆུང་འབྲིང་གི་སྐོར་དང། ལོ་གཉིས་པར་ཆེན་པོའི་སྐོར། ས་རྒྱན་རིགས་ཚོགས་སོགས་སྦྱར་ཏེ། གསུང་བཤད་རྒྱས་པར་གྲུབ་ནས། ལོ་འདིར་འགྲེལ་པ་དོན་གསལ་གྱི་སྟེང་ནས་མངོན་རྟོགས་རྒྱན་དང་སྡུད་པ་སྦྱར། བརྒྱད་སྟོང་པ་ཕལ་ཆེར་དྲངས་ཤིང། ཡུམ་རྒྱས་འབྲིང་གཉིས་དང་སྦྱར་ཚུལ་འགྲེལ་པ་དང་བསྒྲིགས་ནས་རྒྱ་འགྲེལ་སོ་


GTD008_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་མདོ་རྒྱན་གྱི་བཤད་པ་མི་འདྲ་བ་དག་དང། སེ་འབྲས་དགེ་གསུམ་གྱི་ཡིག་ཆ་སོ་སོ་ལ་དོགས་གཅོད། དགག་བཞག་དང་བཅས་འབྱམས་ཀླས་པར་སྩལ་བས་འཕགས་སེང་གཉིས་དངོས་སུ་བྱོན་ཀྱང་འདི་ལས་ལྷག་པ་རང་རེ་ལ་གསུང་དུ་མེད་ཅེས་ཀུན་གྱིས་མགྲིན་གཅིག་ཏུ་གླེང། མདོ་རྒྱན་སྦྱར་ནས་ཐོས་བསམ་གཤའ་མ་བྱེད་མཁན་དང། ཟིན་བྲིས་ཐོར་བུ་བྱེད་མཁན་ཆེས་ཤིན་ཏུ་མང་ལ། དྲུང་ཡིག་དགེ་འདུན། མཛོད་དགེ་བློ་བཟང། ཐོར་གོད་ཆོས་ལྡན། དཀོན་མཆོག་དབང་ཕྱུག་སོགས་ཆ་ཚང་ཟིན་བྲིས་མཁན་ཡང་མང་བར་སྣང། མཁས་མང་ལྷ་བརྒྱས་ཉེར་བསྟེན་སུམ་རྩེན་གནས། །སྡེ་བཞིའི་བང་རིམ་རྣམ་བཀྲ་རི་དབང་སྤོར། །མཁྱེན་པའི་སྤྱན་སྟོང་གཡོ་བ་ཁྱོད་ཀྱིས་ནི། །འཆད་ཉན་དགག་སྒྲུབ་རྩེ་བརྒྱ་ཕྱར་ཙམ་གྱིས། །འགལ་འདུའི་ས་འཛིན་གཏིང་ན་མལ་བཅས་པའི། །ཕྱོགས་རེས་ཁེངས་ལྡན་རྨོངས་པའི་སྦྱིན་སྐྱེས་འགའ། །ཆོས་མིན་སྤྱོད་པའི་རུ་མཚོན་ཉལ་གྱིས་སོང། །སྐྲག་བཞིན་འདར་བཞིན་ཞུམ་པའི་ས་འོག་ཚུད། །དགོས་པ་མེད་པར་དབྱར་སྟོན་རོང་འབྲོག་ཏུ་འགྲོ་བ་ལ་བཀག་ཆ་ཆེ་བ་མཛད་ཅིང། ལྷག་པར་མཚན་ཉིད་ཀྱི་སློབ་གཉེར་ཐད་ལྷོད་མེད་པར་རྒྱུན་བསྲིང་བ་གལ་ཆེ་བས་འགྲོ་འདུག་མང་ན་སློབ་གཉེར་ལ་གནོད། མཚན་ཉིད་བདར་ཤ་ཆོད་པ་མེད་ན་རིགས་པའི་ལམ་ནས་དྲངས་པའི་ཐོས་བསམ་སྒོམ་གསུམ་རང་ཚུགས་ཟིན་པ་ཡོང་དཀའ་ཞིང། བླུན་སྒོམ་གྱིས་གང་ཡང་མི་ཡོང་བས་ས་མི་ཆོད་དགོངས་ནས་མཁས་གྲུབ་རྗེས་དགའ་ལྡན་དུ་མཚན་ཉིད་བཙུགས་པ་ཤེས་དགོས། ཕ་མའི་དྲིན་གཟོ་འདོད་ན་ཡང་གཡོག་བྱེད་པ་ལས་ཆོས་བསྒྲུབ་པ་དྲིན་གཟོའི་མཆོག་ཡིན་ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པས། ཐོས་བསམ་སྒོམ་པའི་བྱ་བ་ཡལ་བོར་ནས། །མ་


GTD008_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བསྙེན་བཀུར་ཙམ་ལ་ཆགས་པ་ནི། །རྒྱལ་བའི་ལམ་བཟང་དེ་ཉིད་མ་རིག་པའི། །འཇིག་རྟེན་རྒན་པོའི་སྤྱོད་ཚུལ་ལགས་པར་འཁུམས། །ཞེས་པ་དྲངས། སྔ་ཕྱིར་བསྒྲུབ་བྱ་ཉེར་དགུ་བསླབ་པ་ཡོངས་རྫོགས་ཀྱི་གཞི་ལ་བཀོད། ཉེར་དྲུག་དགེ་ཚུལ་བསྒྲུབས་ཤིང། ཆོས་གྲྭ་ལ་མི་གནོད་པའི་སེང་བར་གང་ཡོད་ལ་མི་ལའི་རྣམ་མགུར་གྱི་ལུང། སྨེ་བརྩེགས། ཚོགས་བདག །རིག་བྱེད་མ། མགོན་པོ་ཞལ། མི་གཡོ་བ། རྣམ་སྲས་མདུང་དམར་ཅན། ལྷ་བཞི་དྲིལ་སྒྲུབ། སྒྲོལ་མ་དཀར་ལྗང། རྣམ་རྒྱལ་མ། རྣམ་འཇོམས། ལོ་གྱོན་མ་སོགས་ཀྱི་རྗེས་གནང། ཐུགས་རྗེ་ཆེན་པོའི་དབང། བསྒྲུབ་བྱ་དྲུག་བསྙེན་རྫོགས། གཉིས་དགེ་ཚུལ། དགེ་ཚུལ་མ་གཅིག་བཅས་སོ་སོར་ཆོས་མཐུན་གྱི་རེ་བ་སྨིན་པར་མཛད། བླ་མ་གླིང་བསྲེའི་ཉིན་དང་པོར་པོ་ཏི་ལྔའི་གསུང་བཤད་གང་རྒྱས། བགྲོ་གླེང་ལ་ལན་ངར་ཞིང་མྱུར་བ་སོགས་རྗེས་འཇུག་གི་མིག་ལྟོས་ལ་ཕན་པ་ཁོ་ན་མཛད། ཉིན་གཉིས་པར་མཁས་བཙུན་གྱི་གྲགས་སྙན་རྣ་བའི་རྒྱན་དུ་འབར་བའི་དུས་འཁོར་དཔོན་སློབ་ངག་དབང་དོན་གྲུབ་ནས་འགྲེལ་ཆེན་དྲི་མེད་འོད་ལ་བཤད་པ་མཛད་པར་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་གིས་སྒྲིབ་གཉིས་སྤོང་ཚུལ་ལས་བརྩམས་ནས་བགྲོ་གླེང་གནང་བར། ཁོང་སྔོན་གྱི་དགེ་བཤེས་རྙིང་པ་ཡིན་པས། སྐད་ཀྱི་གཟེངས་མཐོ་ཞིང། སྐུ་གཟུགས་བརྗིད་པ་སོགས་ཀྱིས་གཞན་ཡིན་ན་འདར་བར་འོས་པ་ཙམ་གྱི་ལན་མཛད་ཀྱང་ལུང་རིགས་སྤྲོས་པ་ན་རིམ་གྱིས་གསུང་གདངས་ཆག་པར་གྱུར། དངུལ་སྲང་སྟོང་དང་དྲུག་བརྒྱ་ལྔ་བཅུ་སྐོར་གྱིས་རིགས་གྲྭའི་ཕོགས་ཆེན་ལ། ཇ་ལན་འདུའུ་བརྒྱ་སྐོར་གྱི་ཕོགས་སོགས་འགྱེད་སྣ་བརྒྱད་དང།


GTD008_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཟམ་དམར་ཆ་བདུན་བརྒྱ་བཞི་བཅུ་སྐོར་གྱིས། ཐོས་བསམ་གླིང་ལ་རས་ཡ་རེའི་འགྱེད་བཏང། ཐུགས་བསྐྱེད་གསེར་འགྱུར་རྩི་ཡིས་རེག་པའི་མདོ། །དད་གཤིན་དཀོར་གྱི་ཕུང་པོ་ལྕགས་ཀྱི་ཁམས། །ཚོགས་གཉིས་འཛམ་བུའི་གསེར་དུ་བསྒྱུར་བ་ལས། །འབྲེལ་ཐོགས་རྒྱལ་བའི་སྐུ་ཡི་ཁམས་སུ་བསྒྲུབ། །ལོ་སྔ་མར་རྗེ་ཐུའུ་བཀྭན་རིན་པོ་ཆེ་བཀྲ་ཤིས་འཁྱིལ་དུ་བྱོན་སྐབས། གཞུང་གི་ཚོགས་འདུ་ནས་རྗེ་འདི་ཉིད་ཀྱི་ཞབས་བརྟན་སོགས་བརྟགས་པ་ནན་ཆེན་ཞུས་ཏེ་ཕྲན་བཀའ་ལན་ཞུ་བར་སོང་བ་ན། བཀའ་གསལ་དཔྱིས་ཕྱིན་པ་གནང་ནས་དེ་རྣམས་གསལ་པོ་བྱུང། ཆོས་སྐྱོང་ཞིག་གི་ཐུགས་དམ་སྐོང་དགོས་པའི་ཉམས་ཤིག་འདུག་ཀྱང་ཁོང་ཉིད་ལ་ཞུས་ན་མཁྱེན་ཡོང་མོད་གསུངས། དེ་རྗེ་ཉིད་ལ་ཞུས་པས། ཞལ་ནས། དེ་མི་ཤེས་རྒྱུ་མེད། ཆོས་རྒྱལ་ཡིན་གསུངས། དེ་ཅི་ལགས་ཞུས་པས། སྔ་སོར་ལྕགས་མཁར་གྱི་ཚོགས་དབུར་བཞུགས་སྐབས། དམ་ཚིག་མི་གཙང་བའི་ས་ནས་རྫས་འབག་བྱུང་བའི་རྐྱེན་གྱིས་འཚུབ་ཉམས་དངོས་སུ་ཆེ་ལ། མནལ་ལམ་དུ། མགོན་ཁང་གི་ཆོས་རྒྱལ་ཁྲག་རོལ་མའི་མདུན་དུ་བྱོན་ནས་བསྟན་པའི་འཕེལ་རྒྱས་ཀྱི་ཆེད་དུ་འཕྲིན་བཅོལ་བྱེད་རྩིས་ལ། མ་ཧེའི་འོག་ན་དགྲ་བགེགས་ལུས་ཕྱེད་པ་ཞིག་འདུག་གསུངས། དུས་རྒྱུན་སྒྲུབ་གཏོར་གྱི་རིགས་འཁྱག་པ་དང་རུལ་བ་སོགས་མི་སྲིད་ཀྱང་ལྷག་པར་སྐབས་འདིར་ལྕགས་མཁར་མར་ཁུ་ཞུ་བ་ལྟ་བུར་གདན་འདྲེན་དཀའ་བ་བྱུང་ཞེས་མཆོད་དཔོན་གྱིས་གླེང། ཚུལ་དེར་དམིགས་ནས། དངུལ་སྲང་བརྒྱ་སྐོར་གྱི་ཟོང་གི་གོས་རྒྱུ་བཟང་འབའ་ཞིག་ལས། ཆོས་རྒྱལ་གྱི་གོས་ཐང་འཆམ་གྱི་ཉིན་བཀྲམ་རྒྱུར་བཞེངས་པར་མཛད། དེ་ཕྱིན་ཆད་གཞུང་གི་འདི་མི་མང་གི་སྤྱི་ལ་སོང་བ་དངོས་གཙང་ཡོང་དཀའ་གསུངས་ནས། གསེར་


GTD008_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ཆེན་མོར། བླ་བྲང་ཐུབ་བསྟན་ཕོ་བྲང་ནས་སྲད་རྒྱུད་ལུགས་ཀྱི་ཕྱི་སྒྲུབ་ཀྱི་ལྕགས་མཁར་ཆག་མེད་དུ་བསྒྲུབ་པའི་རྡོ་རྗེ་སློབ་དཔོན་ལོ་རེ་བཞིན་མཛད། དེ་དག་གི་སྐབས་སུ་མཁས་གྲུབ་རིན་པོ་ཆེ་ཡིན་ཟེར་ཀྱང་དོན་ལ་རྗེ་འདི་ཉིད་བཞེངས་ནས། སངས་རྒྱས་ཀྱི་བསྟན་པ་འདིའི་དོན་ལ་ཞེས་ཚོགས་གཏམ་གནང་བ་སོགས་སྒྲུབ་པ་པོ་རྣམས་ལ་མཚན་ལྟས་ངོ་མཚར་བ་མང་པོ་བྱུང་བ་ཡོད་ཀྱང་མ་བྲིས། ལོ་འདིར་བདུན་པའི་ཉི་ཤུ་དགུ་ལ་ལྕགས་མཁར་འཕངས་པས། གཏོར་ཟོར་བརྡབ་པ་དང་དུས་མཉམ་དུ་ཁ་བ་བབས་ནས་རི་ཐམས་ཅད་དཀར་པོར་གྱུར། བསྟན་པ་སྤྱི་ལ་དམིགས་པ་ཁོ་ན་ཡིན་ཀྱང། ཡབ་རྗེ་མཆོག་ལ་དགྲར་འཛིན་པ་དུ་མ་བཛྲ་མུའི་གནས་སུ་སོང་བས། རྗེ་དགེ་འདུན་གྲུབ་ཀྱིས། མ་བསྐུལ་བར་ཡང་མཐུན་པའི་ལས་ཀུན་བསྒྲུབས། །གསུངས་པ་ལྟར་མངོན་དུ་གྱུར། སྟོན་ཆོས་གསུམ་པ་ལ་འཆད་ཉན་གོང་འཕེལ་དང། ཁྱད་པར་སྲོད་ཆོས་ལ་རྩལ་འདོན་མཛད། དགུན་ཆོས་ལ་ལོ་སྔ་མ་ལྟར་འཆད་ཉན་དང། ཕར་ཕྱིན་སྟོན་མོའི་སྐབས་འཛིན་གྲྭ་སོ་སོར་འཕྲོས་པ་དང། དོགས་གཅོད་གནང་བས་ཀུན་གྱིས་དོན་གཉེར་དང། བློ་གྲོས་ཡར་ཟླ་ལྟར་འཕེལ། དགུང་ལོ་སོ་བཞི་པ་ཤིང་ཡོས་ལོ་གསུང་ཆོས་ལ་བཀའ་གདམས་གཞུང་དྲུག་གི་གསུང་བཤད་ལོ་སྔ་མ་བས་ཀྱང་རྒྱས་པ་གནང། བསྙེན་རྫོགས་པ་ཞེ་བདུན་དང། དགེ་ཚུལ་དྲུག་ཅུ་རེ་བདུན་བསླབ་པའི་གཞི་ལ་བཀོད་ཅིང། དབང་དང་རྗེས་གནང་སོགས་སོ་སོའི་འདོད་མོས་བཞིན་སྩལ། དཔྱིད་ཆོས་ཆེན་མོ་དང། དཔྱིད་ཆོས་གཉིས་པ་ལ་བགྲོ་གླེང་དང་བརྩི་བཞག་གི་རྒྱུགས་རིམ་པར་བཞེས་ནས་རྒྱུགས་མ་འཕྲོད་པ་རྣམས་བསྡུས་ཆུང་གི་འཛིན་གྲྭ་བྱས་ཏེ་ཕར་ཕྱིན་སྟོན་མོ་མན་ཆད་དུ་སློབ་


GTD008_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་མི་བྱེད་པར་བསྡད་མི་ཆོག་པའི་སྒྲིག་ལམ་ལ་རྟིང་བསྐུལ་ཚ་ནན་མཛད། དེ་ཡང་དགེ་འདུན་གྱི་བཅའ་ཁྲིམས་དམ་པར་བྱེད་པ་ནི་སྙིགས་མའི་དུས་སུ་བསྟན་པ་བསྲུང་བའི་མཆོག་ཏུ་བཅོམ་ལྡན་འདས་ཀྱིས་བསྔགས་ཏེ། ནམ་མཁའི་སྤྱན་གྱི་མདོ་དྲངས་པ་ལས། རྒྱལ་པོ་ཆེན་པོ་མ་འོངས་པའི་དུས་ན་གང་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་བསླབ་པའི་ཁྲིམས་སུ་བཅའ་བ་འཆའ་བར་བྱེད་དེ། གནོང་མི་བཀུར་བ་རྣམས་ཚར་བཅད་པ་དང། ངོ་ཚ་ཤེས་པ་རྣམས་བདེ་བ་ལ་རེག་པར་གནས་པ་དང། ཚེ་འདིའི་ཟག་པ་སྤངས་པ་དང། མ་འོངས་པའི་ཟག་པ་བསྡམས་པ་དང། ངའི་བསྟན་པ་རིང་དུ་གནས་པར་བྱ་བའི་ཕྱིར་ལམ་གོལ་བར་ཞུགས་པ་ཁ་ཅིག་ལ་ལུས་དུབ་པ་སྤྱད་པའི་ཆད་པ་བཅའོ། །ཁ་ཅིག་ལ་ཡིད་དུ་མི་འོང་བ་དང་ཕྲད་པའི་ཆད་པའོ། །ཁ་ཅིག་ནི་དབྱུང་ཞིང་ཐ་དད་དུ་གནས་པའི་ཆད་པའོ། །ཁ་ཅིག་ནི་བསྙིལ་ཞིང་སྨད་པར་འོས་པའི་ཆད་པ་བཅད་དེ། རྒྱལ་རིགས་ད་ལྟ་བྱུང་བ་ཁྱེད་དང་མ་འོངས་པ་ཐམས་ཅད་ཀྱི་ལག་ཏུ་ཉན་ཐོས་ཀྱི་ཁྲིམས་སུ་བྱ་བ་གཏད་དོ། །ཞེས་པ་ནས། ལྔ་བརྒྱ་ཐ་མའི་བར་དུ་དེ་ལྟ་བུའི་བརྩོན་པ་དང། ཕ་རོལ་གནོན་པས་ངའི་ཆོས་ཀྱི་ཚུལ་འབར་བར་བྱེད་པ་དེ་དག་ནི་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ཡིན་ཏེ། ལྷ་རྣམས་ཀྱང་བསྲུང་ཞིང་ཡོངས་སུ་སྐྱོབ་པར་འགྱུར་རོ། །ཞེས་དགེ་འདུན་གྱི་བཅའ་ཁྲིམས་དགེ་སློང་གིས་བསྲུང་མི་ནུས་ན་རྒྱལ་པོས་ཀྱང་བསྲུང་དགོས་པར་གསུངས་སོ། །མདོ་གཞན་ལས་ཀྱང། སངས་རྒྱས་མྱ་ངན་ལས་འདའ་ཁར་ཚངས་པ་ཆེན་པོ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་ནི་ངའི་སངས་རྒྱས་ཀྱི་ཞིང་ཡིན་པས། འཇིག་རྟེན་འདི་ཁྱོད་ལ་གཏད་ཀྱི་དགེ་བའི་ཚུལ་དང་དཀོན་མཆོག་གསུམ་གྱི་ཚུལ་རྒྱུན་མི་འཆད་པར་གྱིས་ཤིག །ངའི་བུ་ཐུ་བོ་སྐྱེ་བོ་མང་


GTD008_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དོན་འདོད་པ་འོང་བ་རྣམས་ལ་ང་ལ་རྗེས་སུ་མཐུན་པར་བྱེད་པ་དེ་བཞིན་དུ་རྗེས་སུ་མཐུན་པར་གྱིས་ཤིག །ཅེས་ཞིང་ཁམས་གཏད་པར་གསུངས་པ་སོགས་ཐུབ་པའི་དབང་པོའི་བཀའ་དྲིན་དྲན་ནས་བཤད་སྒྲུབ་ལ་བརྩོན་པར་བྱ་དགོས་སོ། །སྔ་སོར་སྐུ་ཁམས་མ་བདེ་བའི་སྐབས་ཡབ་རྗེ་མཆོག་ནས་འཇིགས་བྱེད་སྦྱིན་སྲེག་དང། ལོ་སྔ་མར་ཐུའུ་བཀྭན་རིན་པོ་ཆེ་ནས་རྟ་མགྲིན་སྦྱིན་སྲེག་གནང་བ་ཆོད་ཆེ་བ་བྱུང་བས། སྐབས་འདིར་ཡང་འཚུབ་ཉམས་བཟློག་ཕྱིར་རྒྱུད་པ་གྲྭ་ཚང་ནས་སྦྱིན་སྲེག་བསྒྲུབ་དགོས་གསུངས་པ་ལྟར། ཕྲན་གྱིས་རྡོ་རྗེ་སློབ་དཔོན་བྱས་ནས་བདེ་མཆོག་གི་སྦྱིན་སྲེག་བཀའ་ལྟར་བསྒྲུབས། བཞན་ཡང་ཁྲིར་བཞུགས་རིང་གྲྭ་ཚང་གི་འཆད་ཉན་འཕེལ་རྒྱས་དང། བསྟན་པ་སྤྱིའི་རིམ་གྲོར་གུང་ཐང་བླ་བྲང་རང་ནས་ལོ་རེ་བཞིན་མགོན་པོའི་གཏོར་སྒྲུབ་གཉིས་རེ། གདུགས་དཀར་བཟློག་ཆེན། སྒྲོལ་མ་གཡུལ་བཟློག །སེང་གདོང་མའི་གཏོར་བཟློག །སྒྲོལ་དཀར་ཚེ་སྒྲུབ། མགོན་ཆོས། ཞལ། ལྷ་མོ་རྣམས་ཀྱི་བསྐང་བ་ཁྲི་ཚར་རེ། མགོན་པོའི་གློ་བུར་ལས་བཅོལ་བཅས་ཆག་མེད་དང། རྟ་མགྲིན་བྱེ་བ། སེང་གདོང་མ་བྱེ་བ། གདུགས་དཀར་འབུམ་ཐེར། རྣམ་རྒྱལ་གཟུངས་རིང་འབུམ་ཐེར། མགོན་པོའི་བསྐང་བ་འབུམ་ཐེར་སོགས་བསྒྲུབས་པ་དང། ཡབ་རྗེ་རྡོ་རྗེ་འཆང་གི་མཆོག་གི་སྤྲུལ་བའི་སྐུ་མྱུར་གསལ་གྱི་ཆེད་དུ། བླ་བྲང་ཆེན་མོར་གསུང་བཀོད་གནང་ནས། ཕྲན་རང་ཉིད་རྡོ་རྗེ་སློབ་དཔོན་བྱས་ནས་བསྙེན་སོང་དམ་གཙང་སྡེ་སྣོད་འཛིན་པ་ལྷ་གྲངས་ཀྱིས་རྡོ་རྗེ་འཇིགས་བྱེད་ཀྱི་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་བཟླས་པའི་བཅུ་ཆ་རེ། མགོན་པོའི་ཞི་བའི་གཏོར་སྒྲུབ། བར་ཆད་སེལ་བའི་གཏོར་སྒྲུབ་ཀྱི་སྒོ་ནས་ཡུངས་ཀར་གྱི་སྦྱིན་སྲེག་ཁྲི་ཕྲག །


GTD008_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་མཁར་ཆེན་མོ་ལན་གསུམ་འཕངས་ཤིང། གྲྭ་ཚང་སོ་སོ་དང། གྲྭ་དཔོན་སློབ་སོ་སོས་ཡི་དམ་ཆོས་སྐྱོང་དུ་མའི་བསྙེན་སྒྲུབ་བསྐང་གསོ། མདོ་རྒྱུད་ཀྱི་ཀློག་འདོན་སོགས་བར་མ་ཆད་དུ་བསྒྲུབ་པ་ཞིབ་པར་མ་ངེས། གཟིམས་ཆུང་ཐུབ་བསྟན་ཕོ་བྲང་དུ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་མཆོད་ཟླ་གང་མ་སྔ་ཕྱིར་ཡང་ཡང་བསྒྲུབས་པ་སོགས་དང། ཚོགས་ཆེན་ནས་ལོ་སྔ་མ་གཉིས་ལ། འཇིགས་བྱེད་ཀྱི་རྩ་སྔགས་དུང་ཕྱུར། ཁྲོ་བཅུའི་བསྙེན་པ་བྱེ་ཆེན། མགོན་ཆོས་གཉིས་ཀྱི་བསྐང་བ་འབུམ་ཐེར་རེ་ངོས་གཙང་བ་བསྒྲུབས་ནས། བཞི་པའི་ཚེས་གཅིག་གི་ཉིན་རྗེ་ཉིད་ནས་རྡོ་རྗེ་སློབ་དཔོན་མཛད། རུས་རྒྱན་སོགས་བཞེས་ནས་རྡོ་བཅལ་ཆེན་མོར་སྦྱིན་སྲེག་མཛད་པས་ལེགས་ཚོགས་ཀྱི་མཚན་མ་ཚེས་ཀྱི་འཕེལ་བ་ལྟ་བུར་གྱུར་པ་འདི་ཡང་རྗེ་ཡབ་སྲས་ནས་བདུད་ཀྱི་དམག་དཔུང་བཅོམ་པའི་རྣམ་པར་ཐར་པའི་རྗེས་འགྲོ་ཙམ་དུ་སེམས། དབྱར་ཆོས་དང་རིགས་གྲྭ་ལ་འགྲེལ་པ་དོན་གསལ་གྱི་སྟེང་ནས་མདོ་རྒྱན་སྦྱར་བའི་གསུང་བཤད་གྲུབ་པར་མཛད་པས་བློ་གསལ་བྱེ་བའི་ཡིད་ཀྱི་བུམ་བཟང་ལེགས་བཤད་བདུད་རྩིའི་བཅུད་ཀྱིས་ཡོངས་སུ་གང་བར་གྱུར། གསུང་རབ་ཀུན་གྱི་ཕུལ་གྱུར་ཤེར་ཕྱིན་མདོ། །དེའི་རྒྱན་ཚིག་ལེའུར་བྱས་པ་དང་སྦྱར་ནས། །དངོས་བསྟན་སྦས་དོན་སྦྱར་བའི་ཟབ་རྒྱས་ལམ། །འཆད་ལ་འཕགས་སེང་ལས་ཀྱང་བརྒལ་མིན་ནམ། །ཤེས་རབ་ཕ་རོལ་ཕྱིན་པའི་རང་བཞིན་ལུས། །དངོས་བརྒྱད་བདུན་ཅུའི་དོ་ཤལ་རྣམ་བཀྲ་བ། །གསལ་བྱེད་རྒྱན་གྱི་མེ་ལོང་ནང་ཤར་གཟུགས། །འཆད་མཁས་ངག་གི་སོར་མོས་མཛུབ་ཚུགས་བསྟན། །སྟོན་ཆོས་ཆེན་མོར་བརྩི་བཞག་གི་རྒྱུགས་བླངས་པས་བསྡུས་ཆུང་ལ་ཞལ་འདེབས་གསུམ་བཞི་ཙམ་བྱུང་བ་མ་གཏོགས་


GTD008_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་བརྩི་བཞག་ངེས་པོ་བྱུང་བ་ལ་དགྱེས་ཚོར་ཆེ་བ་མཛད། ལོ་འདིར་རིགས་གྲྭ་སྔར་ལས་ཀྱང་ངོས་གཙང་བའི་ཐོག །སྟོན་ཆོས་གཉིས་པར་ཐོས་བསམ་གླིང་ལ་གྲྭ་ཇ། འབྲས་ཐུག་སྔར་ལྟར་མཛད། བྱས་པ་ཆུང་ངུ་ལ་ཡང་རྣམ་སྨིན་ཆེར། །འབྱུང་བའི་ཞིང་མཆོག་མཆོད་པའི་ཆར་རྒྱུན་གྱིས། །ཕྲ་མོའི་རྒྱུ་ལས་ལེགས་ཚོགས་མྱུ་གུའི་ཚལ། །བསྐྲུན་པའི་ཐབས་མཁས་བྱེད་པོ་ཁྱོད་མིན་སུ། །སྔར་ཀུན་མཁྱེན་གོང་མས་སྡེ་འདིར་འཇིགས་བྱེད་ཀྱི་རྩ་སྔགས་བསྙེན་པ་དུང་ཕྱུར་བདུན་སོང་ན། མི་དང་མི་མིན་གྱིས་གླགས་མི་རྙེད་ཅེས་པའི་གསུང་རྒྱུན་ལྟར། འཇམ་མགོན་ཁྲི་རིན་པོ་ཆེ་ངག་དབང་བཀྲ་ཤིས་ཀྱི་དུས་སུ་དུང་ཕྱུར་གཉིས། ལོ་སྔ་མ་གཉིས་ལ་དུང་ཕྱུར་གཅིག །ལོ་འདིར་སླར་ཡང་དུང་ཕྱུར་གཅིག་གི་དབུ་བཙུགས་ནས་ལྔ་མཆོད་དང་དགུན་ཆོས་ལ་འགྲོ་ཆེ་བར་མཛད། དུས་རྒྱུན་ཕལ་ཆེར་འདུ་ཁང་སྟེང་དུ་བཞུགས་ནས་ཚོགས་ཀྱི་ཞལ་འདོན་ཀུན་སྤྱོད། ཆོས་གྲྭའི་རྩོད་གྲྭ། གྲྭ་ཚང་སོ་སོའི་འཆད་ཉན་སྒྲིག་ལམ། སོ་སོའི་གཏོར་ཆེན། ལག་ཁྲིད། སྒྲུབ་མཆོད་སོགས་དང། ཆོས་མཚམས་ཀྱི་སྐྱོར་སྦྱངས་སོགས་ཐམས་ཅད་ལ་སྤྱན་རས་ཀྱིས་བཙའ་བར་མཛད་པས་མེ་འབར་བ་ལ་བུད་ཤིང་བསྣན་པ་བཞིན་དུ། ཆོས་སྡེ་ཆེན་པོ་གང་གི་བཤད་སྒྲུབ་རྣམ་དཀར་གྱི་འོད་སྣང་མཁའ་ཁྱབ་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་དུ་གྱུར། དགུང་ལོ་སོ་ལྔ་པ་མེ་འབྲུག་ལོ་འདོད་ཁམས་དབང་མོ་དགྱེས་པའི་དུས་གཏོར་དང། གྲྭ་མང་ལ་ལོ་གསར་གྱི་མཇལ་ཁ་གནང། དེ་དང་སྦྲགས་ནས་འཁུར་བ་དང། ཀ་ར་ཤིང་ཐོག་སོགས་བཀྱེ་བ་དང། དགོན་པའི་ནང་ཆེན། བླ་སྤྲུལ་སོ་སོ་ནས་གནམ་ལོ་གསར་ཚེས་ཀྱི་དཀར་སྤྲོ་འབུལ་བ་དང། དགྱེས་སྟོན་གནང་བ་ལོ་ལྟར་འཆར་ཅན་དུ་ཤེས་


GTD008_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། སྨོན་ལམ་གསུང་ཆོས་ལ་ཆག་མེད་དུ་ཕེབས་ནས། འཕགས་ཆེན་རྣམས་ཀྱང་སོམ་ཉིའི་རྒྱ་ལ་འཐུམ་པ་སྙམ་བྱེད་པའི་བཀའ་གདམས་གཞུང་དྲུག་གི་དཀའ་གནད་ལྷུག་པར་བཀྲོལ། འབྱམས་བཤད་ཐང་མར་བདལ་བས། མཁས་པར་རློམ་པ་མཐའ་དག་གི་ང་རྒྱལ་གྱི་རི་བོ་ཕྱེ་མར་བརླག །སྨོན་ལམ་གྱི་ཚོགས་དབུར་ཕེབས་ཏེ་ཉི་མའི་གཉེན་གྱི་རིང་ལུགས་སྤྱི་དང། བྱེ་བྲག་འཇམ་མགོན་བླ་མའི་བཀའ་སྲོལ་དྲི་བྲལ་བསྟན་པའི་སྙིང་པོ་མཁའ་ཁྱབ་ཏུ་འཕེལ་བའི་ཐུགས་སྨོན་ཤུགས་དྲག་མཛད། ཁེངས་ལྡན་དུ་མས་མ་ལྕིགས་དཀའ་བའི་གནས། །ངལ་བ་མེད་པར་ལྷོད་ཀྱིས་བཀྲོལ་བ་ན། །ཟུར་ཕུད་ལྔ་པ་དགེ་སློང་གཟུགས་ཅན་ཞེས། །དཔྱོད་ལྡན་མགྲིན་མཚོར་བསྔགས་པའི་སྦྲང་གླུ་སྒྲོགས། །བསྔོ་ཡིག་རྣམས་འདག་པ་ལ་སྦྱར་ནས། སཙྪ་དང་སྐུ་པར་རྒྱུན་དུ་འདེབས་ཤིང། དེ་ཙམ་གྱི་རྟེན་བཞེངས་ལ་ཡང་སླ་ཆོས་མཛད་མི་སྲིད། གཟུངས་གཞུག་སོགས་ཀྱི་བསྔོ་སྨོན་ལ་བསྟན་པའི་འཕེལ་རྒྱས་དང་འབྲེལ་ཐོགས་དོན་ལྡན་དུ་འགྲོ་བ་ཁོ་ན་མཛད། གཞན་གྱིས་ཕུལ་བའི་དད་རྫས་རྣམས་ཆུད་མི་འཛའ་བར་མཆོག་གསུམ་གྱི་ཞིང་ལ་བསྔོས་ནས་བསྟན་འགྲོ་སྤྱི་སྒེར་ལ་གང་ཕན་ཐུགས་ལ་དགོངས་པ་ལས། སྦྱིན་བདག་གི་ངོ་འཛིན་སོགས་འབྱོར་པ་སྡུད་ཐབས་གཞན་ཕར་ཞོག །སྐུ་ན་ཕྲ་དུས་གསོལ་དཔོན་རབ་འབྱམས་པས་མྱུར་མ་དཔའ་མོའི་བསྙེན་པ་བདུན་མཚམས་ཤིག་བཙན་ཐབས་ཀྱིས་བྱེད་བཅུག་པ་མ་གཏོགས་ནོར་སྒྲུབ་དང་དབང་སྡུད་ཀྱི་རིགས་ཤིག་བྱེད་འདོད་པ་དང་བྱེད་མྱོང་བ་ཡིད་ལ་མི་དྲན་གསུངས། རྣམ་ཐར་སྤྲིང་ཡིག་ལས་ཀྱང། བཟླས་བརྗོད་དམིགས་པ་རྒྱ་ཆེན་དཀའ་ན་ཡང། །ཅུང་ཟད་ཕྱི་མའི་དོན་དུ་དམིགས་པ་ལས། །ནོར་སྒྲུབ་དབང་སྡུད་གཅིག་ཀྱང་མ་བྱས་


GTD008_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མཁོས་ཆུང་འདོད་པ་སྐྱུང་བའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར་རོ། །ཆོ་འཕྲུལ་དང། ས་ག་ཟླ་བའི་དུས་ཆེན་སོགས་སྔ་ཕྱིར་བསྒྲུབ་བྱ་དོན་ལྔ་ལ་ཚིགས་སྔ་ཕྱིའི་སྡོམ་པ་བསྩལ། དཔྱིད་ཆོས་ཆེན་མོར་བགྲོ་གླེང་གི་རྒྱུགས་བླངས་པས། མཛོད་པ་མན་ཆད་ན་སློབ་གཉེར་མི་བྱེད་མཁན་མེད་པར་གྲྭ་ཐོག་ངོས་གཙང་བ་བྱུང་བས་ཐུགས་ཤིན་ཏུ་དགྱེས། ཆོས་གྲྭའི་གསུང་ཆོས་ལ་འདུལ་བ་མདོ་རྩ་བའི་གཞུང་གི་འབྲུ་འགྲེལ་ཞིབ་མོ་དང། ལུང་སྡེ་བཞི་འགྲེལ་པ་དང་བཅས་པའི་བཤད་སྲོལ་གྱིས་བརྒྱན་པ་གནང་བཀག་གི་ཆ་ལ་འཁྲུལ་པ་ཆོད་ངེས་ཀྱི་གསུང་བཤད་གནང་བས་བསྟན་པའི་གཞི་རྩ་རྨང་ནས་གསོས། འདུལ་བ་འབུམ་སྡེའི་གཞུང་གི་ཆུ་གཏེར་ཆེ། །དགག་སྒྲུབ་གནང་གསུམ་བཅས་པའི་རླབས་འཁྲུགས་པས། །བློ་དམན་བྱིས་པ་སྙིང་ལ་འཇིགས་སྐྱེད་པར། །བདེ་བླག་བགྲོད་བྱེད་མན་ངག་གྲུ་གཟིངས་སྦྱར། །རིག་གནས་མང་ཐོས་འདབ་མ་རྣམ་བཀྲ་ཡང། །ཚུལ་ཁྲིམས་སྦྲང་རྩིའི་བཅུད་དང་མི་ལྡན་ན། །རི་མོར་བྲིས་པའི་མེ་ཏོག་ཇི་བཞིན་དུ། །སྙིང་པོས་སྟོངས་ཞེས་ཁྱོད་ཀྱིས་འགྲོ་ལ་བསྟན། །དེ་སླད་ཐར་པ་འདོད་པའི་སྐྱེ་བོ་རྣམས། །ཚུལ་གནས་ཐོས་བསམ་སྒོམ་པའི་ལྗོན་པ་ལས། །སྐུ་བཞིའི་འབྲས་བུ་གཡུར་དུ་ཟ་བ་ལ། །སྤྱོད་པའི་ཐབས་ཚུལ་དང་དུ་བླངས་པར་མཛོད། །སྔ་སོར་མི་ཡན་དབྱུང་བའི་སྐབས་དཔོན་ཚང་གཉེར་པ་མ་ལི་ཁ་རབ་འབྱམས་པའི་མི་སེར་ཞིག་ལ་ཚོགས་འདུ་ནས་ཚ་འཇུན་དྲག་པོ་བྱས་པའི་རྐྱེན་གྱིས་ཝང་གི་དཔོན་མོ་ལྷ་ས་ནས་ཕྱིར་ཕེབས་པ་དང། མཉམ་དུ་གཉེར་པ་བླ་མ་ཡང་འབྱོར་ནས་ཁ་མཆུ་བསླང་ཞིང། དེའི་རྟིང་པ་ཆེན་པོ་དུ་མས་མནན་ཏེ་དགོན་པའི་ལྷ་སྡེའི་དོན་སོགས་ལ་ཟིང་


GTD008_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཆེན་པོ་བྱུང་ཡང། ཟི་ལིང་ཨམ་བན་ནས་སྔར་གྱི་ལུགས་སྲོལ་གཏན་འཇགས་སུ་ཐག་བཅད། དགོན་པའི་ངོས་ནས་མཆོད་ཡོན་གྱི་འབྲེལ་ལམ་ནོར་བ་གང་ཡང་མ་བྱས་ཀྱང། དཔོན་ཚང་ནས་གཏེ་པོར་ངོས་གཟུང་བའི་མི་འགའ་ཨུ་གེ་ཐོག་ཏུ་སོང་ནས་བཤགས་པ་ཕུལ། ལྷ་སྡེའི་སྐོར་སོགས་ལ་གླེང་བརྗོད་མེད་པའི་ཡི་གེ་ཐེལ་རྟགས་བཅས་དཔོན་རང་ཉིད་ནས་གནང་སྟེ་འཁྲུན་ཆོད་པ་བྱུང། བླ་མ་གླིང་བསྲེའི་སྐབས་བླ་མ་ཡི་དམ་དབྱེར་མེད་ལ་གསོལ་བ་བཏབ་ན། མཆོག་ཐུན་གྱི་དངོས་གྲུབ་ལག་རྩེར་ཡོད་པ་དང། བར་ཆད་ཀྱི་སྣང་བ་འགའ་ཞིག་ལེགས་ཚོགས་ཀྱི་རྒྱུར་འགྱུར་བ་ཡང་ཡོད་པས། གང་ལ་ཡང་རེ་དོགས་མི་བྱ་བར་མཆོག་གསུམ་ལ་བློ་རྩེ་གཏད་དགོས་པ་སོགས་ཚོགས་གཏམ་གྱི་ཞར་ལ་གསུང་བཤད་རུས་པ་ཅན་དུ་མ་དང། པོ་ཏི་ལྔའི་དཀའ་གནད་ལ་འབྱམས་བཤད་བློ་ཡུལ་ལས་འདས་པ་མཛད། སྐུ་དོན་ཆེ་ཕྲ་གང་ལ་ཡང་གཞན་ལ་ལུང་ཞུ་དང་མོ་རྩིས་སོགས་མི་བྱེད་པར་ལྷོད་བཞུགས་གནང་ཞིང། གལ་ཆེར་སྙན་བསྐུལ་ཞུས་ན་ཡང་དཀོན་མཆོག་མཁྱེན་མོད། ལས་ལ་རག་ལས་མོད་ཅེས་དང། གཞན་ལ་ཡང། སྐྱིད་སྡུག་གང་ལ་ཡང་ལས་བདག་གིར་བྱས་ནས་དཀོན་མཆོག་ལ་བློ་གཏད་དགོས། སྡུག་བསྔལ་ལས་ངན་གྱི་འབྲས་བུ་དང། བདེ་སྐྱིད་དཀོན་མཆོག་གི་བཀའ་དྲིན་དུ་བསམ་ཤེས་དགོས་གསུངས། ཕལ་ཆེར་རེ་དོགས་བྱ་བའི་ལོ་མ་འགའ། །སྟོང་པའི་དབྱིངས་སུ་ཡལ་བའི་སྔོ་མདངས་གསལ། །གང་ཐུགས་མཁའ་ངོར་དུས་གསུམ་གཟིགས་པའི་ཉི། །གསལ་མོད་མ་བརྟགས་བྱ་བའི་མེ་ཏོག་གང། །བགྲང་ཡས་འཇིག་རྟེན་ཁམས་ཀྱི་འདུལ་བྱའི་ཚོགས། །བསམ་པ་ཐ་དད་འཇའ་ཚོན་ལྟར་བཀྲ་ན། །ལག་མཐིལ་ཁྱོན་གྱི་སྐྱེ་བོའི་ཟེར་སྒྲོས་


GTD008_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རེ་དོགས་བྱེད་རྣམས་བྱིས་ལས་བྱིས་པ་འོ། །ཞེས་ཁོ་བོ་སྨྲའོ། །གླིང་བསྲེའི་ཉིན་དང་པོར་ཕྲན་གྱིས་འོག་མིན་སྟུག་པོ་བཀོད་པ་མཁའ་ཁྱབ་ཀྱི་འཇིག་རྟེན་ཡིན་མིན་ལས་བརྩམས་ཏེ་བགྲོ་གླེང་ཕུལ་བར་དགྱེས་ཉམས་ཆེ་བ་མཛད། ཉིན་གཉིས་པར་ཕྲན་གྱིས་མདོ་ལུགས་ལ་ཆོས་སྐུ་དང་རྣམ་མཐུན་གྱི་ལམ་ཡོད་པར་ཁས་བླངས་པ་ལ། དེས་ཆོས་སྐུ་འགྲུབ་མི་འགྲུབ་དང། ཆོས་སྐུ་འགྲུབ་བྱེད་ཀྱི་ལམ་ལ་གཉུག་སེམས་ཀྱིས་སྟོང་ཉིད་རྟོགས་པ་དགོས་མི་དགོས་སོགས་འཕེན་པ་གནང་བས་ཐེ་ཚོམ་གྱི་ཁྱོགས་ལ་འཕྱང་བར་གྱུར། ཡབ་རྗེ་དམ་པའི་སྲས་མཆོག་བུ་སློབ་ཞབས་ཕྱི་མང་བཅས་བཀའ་བགྲོས་ལྟར་རྗེ་བཙུན་དམ་པ་འཇིགས་མེད་རིགས་པའི་སེངྒེས་གཙོ་མཛད་པ་རྣམས་སྐྱབས་མགོན་མཆོག་གི་སྤྲུལ་སྐུའི་དོགས་གནས་བཞི་ཡོད་པ་སོ་སོར་ངོས་འཛིན་སྟོན་པར་ཕེབས། ཚུར་ཕེབས་འཕྲལ་ཐུའུ་བཀྭན་རྡོ་རྗེ་འཆང་བཀྲ་ཤིས་འཁྱིལ་དུ་གདན་དྲངས། ངོས་འཛིན་གྱི་སྐོར་སོགས་ཞིབ་བཀྲོལ་གྱིས་བཀའ་གྲོས་དང་གསུང་བརྟག་ཞུས་པར། རྗེ་དེ་ཉིད་ཀྱི་ཞལ་ནས། ངེད་ཀྱི་རྨི་ལམ་དུ། རྒྱལ་ཁབ་པེའི་ཅིང་ན། བསང་གི་ལྷ་སྡེ་འཚོགས་ནས་མདའ་འཕེན་པར། མི་ཞིག་གི་ལག་ན་མདའ་བཞི་ཡོད་པའི་གཉིས་པ་འབེན་ལ་ཕོག་པ་རྨིས་པས་དོགས་གནས་བཞི་པོ་འདིའི་ནང་ན་སྤྲུལ་སྐུ་འཁྲུལ་མེད་ཡོད་ངེས་སུ་སྣང། ཞེས་གསུངས་ཤིང་སྤྲུལ་སྐུའི་དོན་སྐོར་ཨམ་བྷན་བརྒྱུད་ནས་གོང་དུ་གྲེའུ་ཙེ་འབུལ་བར་ཐག་བཅད། ཡུན་རིང་རེ་བས་ངལ་བའི་མཚན་མོའི་མཐར། །སྐྱེ་རྒུའི་ལེགས་བྱས་ཤར་གྱི་རི་བོའི་རྩེར། །ཀུན་དགའི་སྣང་བ་སྦྱིན་པའི་འོད་སྟོང་ཅན། །འདྲེན་བྱེད་ཡིད་ཆེས་ལུང་གི་སྐྱ་རེངས་ཤར། །ཀུན་མཁྱེན་གོང་མའི་དངོས་སློབ་མ་ཎི་པ་ཤེས་རབ་


GTD008_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དང། ཁྲི་ཆེན་དགེ་འདུན་ཕུན་ཚོགས་གཉིས་འཛིན་གྲྭ་གཅིག་ཅིང། དམ་ཚིག་གི་འབྲེལ་ཆེ་བའི་རྒྱུ་མཚན་དང་བཅས་སྔར་རྫོང་དཀར་སྤྲུལ་བའི་སྐུ་ནས་ཞལ་ཏ་དང་ཞལ་ཆེམས་ནན་ཏན་དུ་ཕུལ་ཡོད་པ་ལྟར་སྐབས་འདིར་ཆོས་སྲིད་ཀྱི་ཡོན་ཏན་དཔག་པར་དཀའ་ཞིང། བཀའ་གདམས་པའི་རྣམ་ཐར་ལས་ཅུང་ཟད་ཀྱང་མི་འདའ་བ་སྤྲུལ་བའི་སྐུ་བློ་བཟང་མཁས་མཆོག་ཞི་བར་གཤེགས་པའི་སར་གདན་དྲངས། ཐུགས་དགོངས་རྫོགས་ཤིང་སྤྲུལ་བའི་སྐུ་འཁྲུལ་མེད་མྱུར་དུ་འབྱོན་པ་སོགས་ཀྱི་ཐུགས་དམིགས་ཞལ་འདོན་རེ་བ་བཞིན་མཛད། སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་ཉི་མས་འབུལ་ནོད་རྒྱ་ཆེར་ཕུལ་ཐོག་སླད་མར་གང་ཅིའི་མགོ་འདྲེན་གནང་དགོས་ཀྱི་ཞུ་བ་ནན་ཏན་མཛད་པས་བླ་སློབ་ཐམས་ཅད་ཐུགས་ཡིད་གཅིག་ཏུ་འདྲེས། ལམ་བར་ཇ་ཐབ་སྟེང་ནས་སྐྱེ་རྒུའི་གཙུག་རྒྱན་དམ་པ་ལ་མོ་ཞབས་དྲུང་སྤྲུལ་བའི་སྐུ་བློ་བཟང་དགེ་ལེགས་རྒྱལ་མཚན་དང་མཇལ་འཛོམ་མཛད། ཇ་སྦྱོར་བར་དུ་ཆོས་སྲིད་ཀྱི་གསུང་འཕྲོས་རྒྱུན་རིང་དང། ཕན་ཚུན་བཀུར་སྟི་ཕུ་དུད་རྨད་དུ་བྱུང་བས་ཀུན་གྱི་མིག་དང་ཡིད་ལ་བདེ་དགའ་སྟེར་བ་བྱུང། སྟོན་ཆོས་ཆེན་མོར་བརྩི་བཞག་གི་རྒྱུགས་བཞེས་པར། མཛོད་པ་མན་ཆད་ན་རྒྱུགས་མི་འཕྲོད་མཁན་མེད་པར་མ་ཟད། སྒྲ་དག་གསལ་གསུམ་བྱང་ཆ་འཛོམ་པ་ལ་ཐུགས་དགྱེས་པས། སྐལ་ལྡན་དེ་རྣམས་བླ་མ་སྒྲུབ་པའི་མཆོད་པས་དགྱེས་པར་བྱེད་པའི་ལེགས་སྨོན་ཅན་དུ་འཕྲིན་ལས་དུས་ལས་མི་ཡོལ་བའི་ལུང་རིགས་ཀྱིས་གྲུབ་བོ། །སྐབས་དེ་དག་ཏུ་ཆོས་ཤིག་འདོད་ན་ཞིམ་ཟས་ཟོས་ནས་སྐྱིད་ཉལ་བྱེད་པ་འདི་ཆོས་ཀྱི་གེགས་ཡིན། ཉ་པ་གདོལ་པ་ཞིང་པ་ལ་སོགས་པ། །རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང། །གྲང་


GTD008_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚ་ལ་སོགས་པའི་གནོད་བཟོད་ན། །འགྲོ་བ་བདེ་ཕྱིར་བདག་ལྟ་ཅིས་མི་བཟོད། །ཅེས་པ་ལྟར་བསམ་བློ་བཏང་ནས་དཀའ་སྤྱད་བཟོད་དགོས། སྡུག་སྲན་ཆུང་ན་ཆོས་འགོ་མི་ཐོན་པ་ཡང་སྲིད། གཉོམ་གང་ཆུང་དང་སྡོད་གང་ཚུགས་བྱེད་དགོས། མི་མང་གི་འདུ་ཚོགས་དང་ལོང་གཏམ་འདི་མི་ཚེ་སྟོང་ཟད་དུ་གཏོང་བའི་རྐྱེན་སྡུག་ཤོས་ཡིན་པས་སྨྲ་བ་ཉུང་དགོས། ངག་འཁྱལ་གྱིས་གཞན་གྱི་དཔེ་ཆ་འཛིན་སྐྱོར། ཁ་འདོན་སོགས་ལ་བར་ཆད་བྱས་ན་ཉེས་པ་ཆེ་བས་སྤང་དགོས་ཚུལ་མདོ་ལུང་དྲངས་ནས་གསུངས་ཤིང། སྤྱིར་ཚོགས་གཏམ་གྱི་རིགས་སེམས་ལ་ཕན་ངེས་དང། སློབ་གཉེར་བ་ཚོ་ལ་སློབ་གཉེར་བྱས་ཙམ་གྱིས་མི་ཆོག །རང་རྒྱུད་ལ་བརྟག་དགོས། འཆི་བ་མི་རྟག་པ་ལ་བསམ་བློ་བཏང་ན་འདོད་ཡོན་ལ་ཞེན་པ་ཇེ་ཆུང་དུ་འགྲོ །རིམ་གྱིས་ལས་འབྲས་ལ་བློ་ཁ་ཕྱོགས་ནས་བག་ཡོད་བསྟེན་པ་ཞིག་ཡོང། དེས་ཡོན་ཏན་ཐམས་ཅད་དྲངས་ཡོང་བས། མདོ་ལས། བག་ཡོད་གོ་འཕང་མཆོག་ཉིད་དུ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །གང་ཡང་འཆི་བདག་རྟག་དྲན་དང། །མི་དགེ་རྣམས་ཀྱང་སྤང་བར་བགྱི། །ཞེས་གསུངས་པ་ཡིན་ཞེས་དང། ཆོས་ལ་བློ་རྩེ་གཏད་ན་ལྟོ་རྒྱབ་ལ་དཀའ་ལས་མི་ཡོང་ཞེས་སྟོན་པའི་སྐུ་ཚེ་སུམ་ཆ་རྗེས་འཇུག་གི་ལོངས་སྤྱོད་ཀྱི་ཆེད་དུ་བསྔོས་པའི་རྣམ་ཐར་སྙིང་རྗེ་པད་དཀར་ལྟར་གསུངས་པ་སོགས་ཆོས་མཐུན་གྱི་བསླབ་བྱ་རྒྱུན་དུ་གནང་བས་གྲྭ་ཐོག་དེར་ཚ་གྲང་བཀྲེས་སྐོམ་སོགས་ཀྱི་དཀའ་སྤྱད་སྡུག་བསྔལ་དང་དུ་བླངས་ཏེ། ཟས་གོས་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང། འཛིན་སྐྱོར་དང་དཔེ་ཀློག །ཁས་ལེན་འཛིན་ལུགས། བགྲོ་གླེང་གཏོང་ཚུལ་


GTD008_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སློབ་ཅིང། དོགས་གཅོད་དང་གསུང་རྒྱུན་གླེང་མོས་དུས་འདའ་ཞིང། དམ་པའི་གསུང་གི་རྗེས་སུ་འབྲང་བ་མ་གཏོགས་ཚེ་འདི་སྣང་གི་མིས་འཕྱ་སྨོད་སོགས་ལ་ཅིར་ཡང་མི་བརྩི་བའི་ཆོས་མཐུན་གྱི་སྐྱེས་བུས་སྡེ་འདི་པད་མོའི་ཚལ་ལ་མེ་ཏོག་གསར་བས་ཁེབས་པ་ལྟ་བུ་གྱུར། སྟོན་ཆོས་གཉིས་པ་སོགས་ལ་འཆད་ཉན་དམར་བ་སྔར་རྒྱུན་ལྟར་གནང། ཕྱོགས་ཉེ་རིང་ནས་གསུང་གི་བདུད་རྩི་དོན་དུ་གཉེར་བའི་སྐྱེ་བོ་གློ་བུར་བ་དག་ལ་ཚོགས་ཆོས་གྲྭའི་སེང་བར་དུ། འཇིགས་བྱེད། བདེ་མཆོག་ལཱུ་ནག་དྲིལ་གསུམ། ཀུན་རིག །ཚེ་དཔག་མེད། ཐུགས་རྗེ་ཆེན་པོ་སོགས་ཀྱི་དབང། སྒྲུབ་ཐབས་བརྒྱ་རྒྱམ། སྣར་ཐང་བརྒྱ་རྩ། མགོན་པོ་བཀའ་བཅུ་གསུམ། རྣམ་སྲས་བཀའ་བཅོ་ལྔ། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་དང། བྱམས་ཆོས། རིགས་ཚོགས། བཀའ་གདམས་གཞུང་དྲུག །རྩ་འཇུག་བཞི་གསུམ་སོགས་ཀྱི་ལུང་དང། ཁྲིད་ཀྱི་རིགས་བར་མ་ཆད་ལྟ་བུར་གནང་བཞིན་པ་ཡིན་ཀྱང་ཞིབ་པར་མ་ངེས། ཟི་ལིང་ཨམ་བྷན་ནས་ཡབ་རྗེའི་མཆོག་སྤྲུལ་གྱི་དོགས་གནས་བཞི་ཡོད་པར། ཁོ་བོས་དངོས་སུ་བལྟ་བར་ཕྱིན་ནས་གོང་དུ་གྲེའུ་ཙེ་འབུལ་དགོས་ཟེར་ནས་བརྟག་སྐབས་ར་ངན་བེ་ཧུ་བདུད་ལ་རྒྱལ་གྱི་བུ་གསལ་ཁ་བྱུང་བར་བརྟེན་མི་མང་ནས། དེ་སྤྲུལ་སྐུ་འཁྲུལ་མེད་ཡིན་ངེས་ཀྱི་གཏམ་རྩྭ་སྦུར་མེ་མཆེད་ལྟ་བུ་བསྒྲགས་པར། ཞལ་ནས། དེ་གྲགས་ཆེ་བ་ནི་བདག་གིས་བསམ་ན་བགེགས་ཀྱི་སྟབས་ཤིག་ཨེ་ཡིན་སྙམ་གསུངས་ཤིང་དེ་མཐུན་གྱི་ཚོགས་གཏམ་ཡང་གནང་བ་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་གསུང་ཁོ་ནར་ངེས། དགུན་གྱི་རིང་འཆད་ཉན་དམར་ཞིང་མཆོག་སྤྲུལ་མྱུར་གསལ་གྱི་དོན་སྐོར་བསླུ་མེད་ཀྱི་རིམ་གྲོ་རྩལ་འདོན་མཛད། ཁྲིར་བཞུགས་ནས་རིང་པོ་མ་ལོན་པ་ཕྱི་ནང་ཀུན་ན་མི་བསྲུན་པའི་


GTD008_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཅན་མང་སྐབས་ཤིག །ཆོས་གྲྭ་ནས་ཚོགས་གཏམ་གནང་སྟེ། དེང་སང་སྐྱབས་རྗེ་དམ་པ་དེ་ཉིད་དག་ཞིང་དུ་དགོངས་པ་གཏད་དེ་སླ་ང་ཁ་ཁེབས་མེད་པ་ལྟ་བུའི་མགོ་མེད་མཇུག་མེད་ཀྱི་སྐབས་འདིར་དྲལ་ཁུང་ནང་ནས་ལག་སྙོབ་རེ་བྱེད་སྙམ་པ་འདུག་སྟེ་རྭ་ལོ་ཆེན་པོས། རྡོ་རྗེ་འཇིགས་བྱེད་རྭ་མ་ཆག །རྭ་རྒན་ལོ་ཙཱ་མཐུ་མ་རྡུག །གསུངས་པ་ལྟར་ཡིན། ད་ཁྱེད་ཚོས་ཚད་རྒྱབ་ཐོག་ན་ཡོད་མེད་བལྟ་གསུངས་པ་ལྟར། སྐབས་འདི་དག་ཏུ་ཆོམ་རྐུན་གྱིས་གྲྭ་པ་དམར་གསོད་བྱས་པ་ཧ་ཅང་མང་བར། རྗེ་ཉིད་ཚོགས་དབུར་བཞུགས་ནས་ཁྲོམ་དཀྱིལ་དུ་བསྒྲལ་ཆོག་དང་མདོ་སྒྲུབ་བྱས་པས། རྒྱ་མི་རྣམས་ཀྱིས་ཧ་ཧ་རྐུན་མ་བཟུང་སོང་ཞེས་འཕྱ་རྒོད་བྱས་ཀྱང། དེའི་གནངས་ཉིན་མོ་ཆོམ་རྐུན་དེ་རྣམས་ཀྱིས་ཡང་བསྐྱར་འཕྲོག་བཅོམ་དང་དམར་གསོད་བྱས་པའི་རྐྱེན་གྱིས་ཆོམ་རྐུན་ལྔ་ཡོད་པ་མ་ལུས་པར་གཤིན་རྗེའི་བཙོན་ར་དང་འདྲ་བའི་རྒྱལ་ཁྲིམས་ཀྱི་ཁྲི་མོན་དུ་བཙུད་པས། རྒྱ་མི་རྣམས་ཧ་ལས་ནས་བོད་ཀྱི་ཆོས་འདི་གོང་མའི་ཁྲིམས་ལས་ཀྱང་མྱུར་ཞེས་གླེང་བ་བྱུང་བ་སོགས་ཆོས་སྐྱོང་གིས་འཕྲིན་ལས་བསྒྲུབ་པའི་རྟགས་མཚན་མངོན་སུམ་པ་མང་ཡང་འདི་མཚོན་བྱེད་ཙམ་ཡིན་ནོ། །སྤྱིར་རྗེ་འདི་ཉིད་ནས་ཚོགས་གཏམ་དང་གསུང་སྒྲོས། བཀའ་ཆོས་སོགས་གང་གི་སྐབས་སུ་ཡང་རྒྱལ་བ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པའི་བསྔགས་བརྗོད་དང། གྲུབ་མཐའ་གཙང་དགོས་ཚུལ་ཞལ་གདམས་ནན་ཏན་དུ་མཛད་པ་ཞིག་ཡོད་ལ། ཁྱད་པར་སྐབས་འདིར། རྙིང་མ་པར་ཁས་འཆེ་ན་ཡང་ལྟ་སྤྱོད་རྙིང་མ་པ་དག་དང་མི་མཐུན་ཞིང། སྟོང་ཉིད་ཀྱི་ལྟ་བ་དང་རླུང་སེམས་ལ་དབང་བསྒྱུར་བའི་བརྡ་ཙམ་ཡང་མི་འཁྱོལ་


GTD008_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཚངས་སྤྱོད་ཀྱི་ཆ་ལུགས་བཟུང་བཞིན་དུ་བུད་མེད་དང་མཉམ་པར་སྦྱོར་བ་དང། བྱུག་རྫས་སོགས་ཀྱིས་ཕྱག་ཞབས་ཀྱི་རྗེས་འཇོག་ཁུལ་བྱས་ཀྱང་རྫས་དང་རྟེན་འབྲེལ་མ་ཚང་བ་སོགས་ཀྱིས་ཕྱེད་ཙམ་རེ་ལས་མ་བབས་ཀྱང་འུད་ཆེན་པོ་བྱེད་པ་དང། བྲག་བཤིག་ནས་སྒོ་འདྲ་བ་ཆ་འདྲ་རེ་བྱས་ཏེ་གནས་སྒོ་ཕྱེ་ཞེས་སྒྲོག་པ་དང། ས་དང་ལུང་པ་ཆེ་གེ་མོ་ན་གཏེར་འདོན་རྒྱུ་ཡོད་སོགས་རྫུན་གྱི་ངན་སྐད་སྒྲོག་པ་དང། བླུན་པོ་མིག་བསྒྱུར་བའི་ཆེད་དུ་ཆ་ལུགས་དང་ཆས་གོས་སྣ་ཚོགས་བྱེད་པ་དང། བདུག་རྫས་དང་བཏུང་རྫས་སོགས་ལ་བརྟེན་ནས་འདྲེ་ཕབ་པའམ་སྲོག་རླུང་དཀྲུགས་པའི་ཐབས་བྱས་ཏེ་ལྷ་དང་ཡེ་ཤེས་པ་བབས་སྐད་ཀྱིས། འདས་མ་འོངས་ལུང་བསྟན་འབྲེལ་མ་ཆགས་པ་དུ་མ་སྟོན་པ་སོགས་ཀྱིས་བསྟན་པ་ལ་བསླད་འཇུག་པའི་སྦྱོར་བ་རྩོམ་མཁན་འགའ་དང་འགའ་བྱུང་ན་ཡང་རྗེ་འདི་ཉིད་ནས་ལུང་དང་རིགས་པའི་བདེན་ཚིག་གིས་སུན་ཕྱུང། བསྟན་སྲུང་རྒྱ་མཚོའི་མཐུ་སྟོབས་ཀྱིས་ཚར་བཅད་པས་མེ་འབར་རེས་ཀྱིས་ཆར་བབས་པ་བཞིན་རེ་བ་འབྲས་མེད་ཁོ་ནར་གྱུར། སྤྱོད་ངན་དེ་འདྲ་འབྱུང་ཚུལ་བཀའ་ཆེམས་ཀ་ཁོལ་མའི་ལུང་བསྟན་གྱི་ཚིག་རེ་གཉིས་ཕྱོགས་བསྒྲིགས་ཀྱི་ཚུལ་དུ་འགོད་ན་ཇི་སྐད་དུ། ལྷ་ཡིས་བསྟན་ཞེས་འདྲེ་ཆོས་སྣ་ཚོགས་བྱེད། །འགོང་བོ་འདྲེ་ཡི་ཆས་དགུ་གྱོན་བྱེད་ཅིང། །ར་སློག་ཁྱི་སློག་རེ་བ་ཟེ་མོན་གོས། །རྩི་ཞྭ་བྷེ་ལོག་གོས་དཀར་ལུས་ལ་གྱོན། །བེར་ག་དབྱུག་པ་སྣ་ཚོགས་ཐོགས་པ་འབྱུང། །སྨྱོན་ཐབས་ཅན་ལ་རྟོགས་ལྡན་བྱེད་པ་འབྱུང། །ལོག་སྤྱོད་མཁན་ལ་རྣལ་འབྱོར་པ་ཞེས་ཟེར། །འདྲེས་བརླམས་པ་ལ་ཡེ་ཤེས་བབས་ཞེས་ཟེར། །བདུད་ཀྱིས་སྤྲོ་བསྐྱེད་བྱིན་རླབས་ཟེར་བ་འབྱུང། །གདམས་ངག་ཟེར་ཞིང་ལོག་ཆོས་མང་དུ་སྨྲ། །གདམས་པ་ཟེར་ནས་མུ་སྟེགས་གསང་ཚིག་སྟོན། །ལོག་


GTD008_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དག་ལ་ཤིན་ཏུ་དད་པར་འགྱུར། །རང་གི་རླུང་སེམས་དབང་དུ་མ་འདུས་པར། །གསང་བ་ཤེས་རབ་ཡེ་ཤེས་མངོན་སུམ་བསྐུར། །དེ་དག་སྨད་འཚོང་བསྟེན་དང་ཁྱད་པར་མེད། །ལ་ལས་དགེ་སློང་ཤེས་རབ་ཡེ་ཤེས་ནི། །བུད་མེད་དང་སྦྱོར་དབང་ནི་སྐུར་བར་བྱེད། །སྡོམ་ཁྲིམས་ཞིག་ནས་དམྱལ་བར་འཕེན་པར་བྱེད། །ཅེས་གསུངས་སོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྐྱེས་པ་རབས་ཀྱི་རྒྱུད་ལས། མི་ཡི་བདག་པོ་ལྟ་བ་བཟང་ངམ་ངན། །རིགས་མཐུན་ལས་ནི་བསྒྲུབས་པའི་རྒྱུ་དག་གིས། །དེ་དང་དེ་ལ་ཁྱོད་ཀྱིས་བརྟག་ན་ནི། །ཚིག་དང་སྤྱོད་པ་རྣམས་ཀྱིས་གསལ་བར་སྟོན། །ཞེས་གསུངས་པ་ལྟར་བློ་དང་ལྡན་ན་ལྟ་སྤྱོད་བཟང་ངན་ནི་བལྟས་པ་ཙམ་གྱིས་ཤེས་ནུས་ཀྱང་སྙིགས་དུས་ཀྱི་སྐྱེ་བོ་བློའི་ནོར་གྱིས་དབུལ་བ་རྣམས་མགོ་བསྐོར་ཐུབ་ཙམ་སྙིང་པོར་གཟུང་སྟེ། མཐོ་བའི་ཁྲི་ལ་ཞིམ་པའི་ཟས་དང་མཛེས་པའི་གོས་ཀྱིས་རོལ་ཞིང་བླུན་པོའི་འཁོར་ལ་འཆལ་བའི་གཏམ་གྱིས་དུས་འདའ་བ་མཐོང་ཚེ་བདག་ཉིད་ཆེན་པོ་འདི་ནི་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་དང། བཤད་སྒྲུབ་འཕྲིན་ལས་ཀྱི་སྒོ་ནས། གསེར་རིའི་དབུས་ན་ལྷུན་པོ་ལྟར་གསལ་བར་མཐོང་ངོ་། །དགུང་ལོ་སོ་དྲུག་པ་མེ་སྦྲུལ་གྱི་ལོ་གསར་ཚེས་གཏོར། སྨོན་ལམ་གསུང་ཆོས་སོགས་སྔར་རྒྱུན་ལྟར་ལ། ལོ་འདིར་རྒྱ་རྩིས་དང་བོད་རྩིས་ཀྱི་ལོ་གསར་ལ་སྔ་ཕྱི་བྱུང་བས། ཟླ་བ་དང་པོའི་ཚེས་བཅུ་བཞིའི་ཉིན་གོང་ནས་གྲེའུ་ཙེ་བབས་པར། འཇམ་དབྱངས་ཧུ་ཐོག་ཐུའི་སྤྲུལ་སྐུའི་དོགས་གནས་གསེར་གྱི་བུམ་པ་ནས་གསལ་བརྟག་བྱེད་པར་ཕྱག་མཛོད་བློ་བཟང་དར་རྒྱས་སོངས་ཞེས་པའི་བཀའ་ཕེབས། དེ་དང་མཉམ་དུ་ཨམ་བྷན་ནས་ཕྱག་མཛོད་ལོ་བརྒྱད་ཅུར་སླེབས་པས་བྱང་ལམ་


GTD008_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་དཀའ་ཚུལ་ཁོ་བོས་ཞུས་ཆོག་པས་དོད་ཕེར་གྱི་མི་གཉིས་ཚགས་ཚུགས་ཞེས་ཡི་གེ་བྱུང་བ་ལྟར་ཚེས་བཅོ་ལྔའི་ཞོགས་ཀ་གཟིམས་ཆུང་ནས་འབུམ་སྟོད་ཇོ་བོའི་མདུན་དུ་ཐིག་ལེ་བཅུ་དྲུག་གི་སྒྲུབ་མཆོད་དང་འབྲེལ་བར་རྗེ་ཉིད་ནས་ཟན་བསྒྱུར་བས། བླ་བྲང་མགྲོན་གཉེར་སྟོང་འཁོར་དཀའ་བཅུ་ཤེས་རབ་རྒྱ་མཚོ་དང། ཕྲན་གཉིས་ལ་ཟན་བབས་པ་ལྟར་གསུང་དང་དུ་བླངས། ཉིན་དེར་བསྒྲུབ་བྱ་སོ་བརྒྱད་དང། བཞི་པའི་ཡར་ངོར་བསྒྲུབ་བྱ་སོ་གཅིག་བསྙེན་རྫོགས་ལ་བཀོད། དཔྱིད་ཆོས་གསུམ་ལ་བརྩི་བཞག་ཆག་མེད་ནས་གྲྭ་ཚང་གི་འཆད་ཉན་འཕེལ་ཐབས་ཀྱི་རྟིང་བསྐུལ་གོང་འཕེལ་ཁོ་ན་མཛད། ཆོས་སྡེ་ཆེན་པོ་དགོན་ལུང་ནས་འཆད་ཉན་དང། སྒྲིག་ལམ་ཉམས་གསོ་ཐུབ་ངེས་ཀྱི་བླ་མ་ཞིག་གལ་ཆེ་ཞེས་ཨམ་བྷན་ལ་ཞུས་ཏེ་ཀུན་ཁ་འཆམས་ཀྱི་ངོས་ནས་ཐུའུ་བཀྭན་རིན་པོ་ཆེའི་སྐུ་ཚབ། ཨམ་བན་གྱི་ཐོང་ཤི་རྒྱུད་པ་བླ་མ་སོགས་ལས་སྣེ་རགས་བསྡུས་གདན་འདྲེན་ལ་འབྱོར། འདི་ཀའི་གྲྭ་དཔོན་སློབ་མགྲིན་གཅིག་གིས་གདན་སའི་ཁུར་བཞེས་ཡུན་རིང་དགོས་ཚུལ་ནན་ཆེ་བ་བཅས་མཛད་དཀའ་བ་ལྟ་བུའི་ངང་ལ་ཞག་ཤས་འགྱང་ཡང་ཞལ་ནས། ཨམ་བན་དབང་ཆེ་ན་ཡང་ཐབས་སྣ་ཚོགས་བྱས་ཆོག་མོད། བླ་མའི་གསུང་འདི་བཟློག་དཀའ་ཞིང་མངོན་ལྐོག་སོགས་ཀྱི་ཐབས་བྱེད་ལུགས་མེད་གསུངས་ནས་རེ་ཞིག་གཉིས་འཛིན་བྱེད་རྒྱུའི་ཞལ་བཞེས་མཛད་པ་ལྟར་ལྔ་པའི་ཚེས་ལ་དེ་ཕྱོགས་སུ་ཆིབས་བསྒྱུར། ཐན་ཆེན་གྱིས་ལོ་ཏོག་ལ་རེ་བ་ཆད་སྐབས་ཡིན་ཀྱང། ཨམ་བན་ལ་འཚམས་ཞུས་གནང་ནས་དགོན་ལུང་དུ་ཕེབས་པར་རྩོམ་པ་ན་ཆར་ཟིམ་ཅུང་ཟད་བབས་པ་ལ་ཆར་གོས་མ་མནབས་པར་ཕེབས་པས་སྤྲིན་ལེགས་པར་འཐིབས་ཏེ། ཆར་གྱི་རྒྱུན་བཟང་པོ་ཉིན་མང་པོར་བབས། རིམ་གྱིས་ཆར་ཆུ་དུས་བབས་ཀྱིས་ལོ་ལེགས་


GTD008_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་བྱུང། གཟའ་སྐར་ཚེས་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ཡུལ་མདོ་སྨད་ཀྱི་བཤད་གྲྭ་ཀུན་གྱི་ཕྱི་མོ་ལྟ་བུར་གྱུར་པ་ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་མི་འཇིགས་ཆོས་ཀྱི་ཁྲི་ལ་ཞབས་ཀྱི་པདྨོ་ཉེ་བར་བཀོད། དངུལ་སྲང་བརྒྱ་སྐོར་གྱིས་སྟོན་མོ་དང། བཞུགས་གྲལ་གྱི་དབུར་ཐུའུ་བཀྭན་རྡོ་རྗེ་འཆང་བྱོན་ནས་ཡུལ་ལུགས་ཀྱི་བཤད་པ་དང་སྦྲགས་ཏེ་ཚིག་བཀྲ་ལེགས་པའི་བདེན་ཚིག་ཀྱང་བརྗོད། ཁྲི་འགྱེད་ཁ་དར་དྲི་མེད་རེ་བཏང་བར་སྐལ་བ་ཉིས་སྟོང་ཉིས་བརྒྱ་ཙམ་སོང། ཆོས་གྲྭར་བརྩི་བཞག་འབད་མེད་དུ་གནང་བའི་ཞར་ལ་འདུལ་བ་རྒྱ་མཚོའི་སྙིང་པོའི་བཤད་ལུང། འདུལ་བའི་སྡོམ་ཚིག་དང་སྦྲགས་ནས་གསུང་བཤད་གང་རྒྱས། ལམ་རིམ་ཆུང་ངུའི་བཤད་ལུང། ཚོགས་ཆེན་ལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་གནང། གྲྭ་མང་གིས་ཀྱང་དད་འདུན་རྩེ་གཅིག་པས་གསུང་བཀོད་དང་དུ་བླངས་པས་ཐུགས་མཐུན་ཁྲིམས་གཙང་གི་ངོས་ནས་འཆད་ཉན་སོགས་ཆོས་སྲིད་ཀྱི་བྱ་བ་དབྱར་མཚོ་ལྟར་རྒྱས། ཆོས་གྲྭར་བཀའ་ཆོས་ཤིག་གནང་སྐབས་ཐུའུ་བཀྭན་རིན་པོ་ཆེ་ནས་ཀྱང། གསུང་བཤད་གསན་ས་ཞིག་ཏུ་མི་མངོན་པའི་ཚུལ་གྱིས་བཞུགས་ནས་གསུང་བཤད་གསན་པས། ཨ་དེ་འདྲའི་སྐུ་ཡོན། དེང་སང་སྙིགས་མའི་མཐའ་འདིར་འདི་འདྲ་འབྱོན་པ་དེ་ཅི་ཞིག་ཡིན། འདིའི་ཡོན་ཏན་འདི་སུ་ཞིག་ལ་དགོས་པ་ཡིན་ནམ་ཞེས་ཡང་ཡང་གསུངས་པར་རྗེ་དེ་ཉིད་ཀྱི་ཞབས་ཕྱི་རྣམས་ལས་ཐོས། མཁས་པའི་ཡིད་འཕྲོག་གསར་བཤད་བདུད་རྩིའི་རྒྱུན། །རྒྱལ་ཀུན་དགྱེས་པའི་མཆོད་ཡོན་འགྲེམ་པ་ན། །མཁས་གྲུབ་གཙུག་རྒྱན་རིགས་ཀྱི་བདག་པོ་དེའི། །ཐུགས་མཚོར་བབ་ལས་བསྔགས་བརྗོད་རླབས་


GTD008_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་སྤྲོས། །ལྷོ་བྲག་བཀའ་འབུམ་གྱི་ལུང་རྗེས་གནང་ཆ་ཚང། རྟ་མགྲིན། ཕྱག་རྡོར། རྡོར་སེམས་ཀྱི་རྗེས་གནང་སོགས་སོ་སོའི་མོས་པ་བཞིན་སྩལ། ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་མཇལ་བར་ཕེབས་རྩིས་གནང་མུར་འཚམས་ཞུས་པ་ཡང་འབྱོར་ཏེ། ཆུ་བཟང་དུ་མཇལ་འཛོམ་དང་ཆོས་སྲིད་ཀྱི་དགའ་སྟོན་སྤེལ། ཐུའུ་བཀྭན་རིན་པོ་ཆེ་ནས་སྐྱེད་ཚལ་ཡིད་དགའ་ཆོས་འཕེལ་དུ་ཕེབས་གསུངས་པ་ལྟར་ཡབ་སྲས་ལྷན་རྒྱས་ཀྱིས་ཞག་མང་པོར་ཆོས་ཀྱི་བགྲོ་བ་མཛད། ཆོས་བཟང་རི་ཁྲོད་པ་རྣམས་ལ་ཞལ་སྒྲུབ་དུས་ཀྱི་རྗེས་གནང་ཞིག་གལ་ཆེ་གསུངས་པ་བཀའ་བཞིན་བསྒྲུབས། སླར་བཀྲ་ཤིས་འཁྱིལ་དུ་བྱོན་ནས་འཆད་ཉན་དམར་བ་ཁོ་ནའི་ངང་ནས་བསྒྲུབ་བྱ་དུ་མར་རབ་བྱུང་བསྙེན་རྫོགས། དོན་གཉེར་པ་རྣམས་ལ་འདོད་མོས་ཀྱི་ཆོས་བཀའ་སོགས་སྔར་རྒྱུན་བཞིན་གནང། གནའ་དུས་དགོན་འདིར་རྟ་དང་བཞོན་སོགས་འཛིན་པའི་དམིགས་བསལ་ཅན་ལ་ཡང་ཐེལ་ཚེ་སྟེར་སྲོལ་ཡོད་ཀྱང་བར་སྐབས་ཤིག །བཀའ་རམས་འཛིན་གྲྭར་ཡང་ཆ་བྱས་པ་སྒྲིག་ལམ་དང་འཆད་ཉན་སོགས་ལ་གནོད་གསུངས་ནས་ཅུང་ཟད་དམ་པར་མཛད། དེ་ཡང་བཀའ་གདམས་གླེགས་བམ་ལས། རྨིག་གཅིག་པ་དང་མཆེ་བ་ཅན། །ཁྲིམས་འཆལ་བྱོལ་སོང་སྐྱོང་བར་བྱེད། །སྡིག་གྲོགས་འཕེལ་ཞིང་སྐྱེ་བོས་གང། །རང་ཉིད་མི་བསྲུན་གཞན་ལ་འཕྱ། །ནོར་བདུན་དོར་ཞིང་ནོར་མིན་བསྒྲུབས། །ཁྲིམས་བོར་འདོད་ཡོན་དོན་དུ་གཉེར། །ཨེ་མ་དེ་འདྲའི་བསྟན་པ་ལ། །ཆོས་གྲྭ་དེ་ཡང་གཡེལ་བར་འགྱུར། །ཞེས་གསུངས་པ་ལྟར། རྟ་དྲེལ་སོགས་རྨིག་གཅིག་པ་དང། ཁྱི་དང་བྱི་ལ་སོགས་མཆེ་བ་ཅན་དང། མཛོ་འབྲི་བ་ལང་སོགས་བྱོལ་སོང་སྐྱོང་བ་དང། དེའི་སྟོབས་ཀྱིས་ཚོང་ཁེ་སྤོག་གསོག་


GTD008_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

རུམ་སོགས་ཚེ་འདི་སྣང་གི་བྱ་བ་ལ་ཞེན་ནས་སྡིག་པ་ལ་སྦྱོར་མཁན་འཕེལ་བ་དང། མགར་བ་དང་ཤིང་བཟོ། ཚོང་པ་དང་གླ་མི་སོགས་གྲོང་པའི་སྐྱེ་བོས་གང་བ་དང། རང་གི་སྐྱོན་ལ་མི་རྟོག་པར་ཕ་རོལ་གྱི་བླ་མ་དགེ་བཤེས་སྦྱིན་བདག་སོགས་ལ་འཕྱ་ཞིང། དད་པ་དང་ཚུལ་ཁྲིམས་དང། ཐོས་པ་སོགས་འཕགས་པའི་ནོར་བདུན་ཡལ་བར་བོར་ནས་ངོ་ཚ་དང་ཁྲེལ་མེད་ཀྱི་བྱ་བ་དུ་མས་ཤེས་རབ་འཆལ་ཞིང། རྨོངས་པར་གྱུར་པས་ཚུལ་ཁྲིམས་ལ་མི་བརྩོན། འདོད་ཡོན་ཁོ་ན་དོན་དུ་གཉེར་མཁན་མང་ན་བསྟན་པ་ཉམས་པ་ཨེ་མ་ཞེས་སྐྱོ་བའི་ཚིག་གིས་གསུངས་ཤིང། ཆོས་གྲྭ་གཅིག་ཙམ་མ་ཡིན་པར་བཀའ་གདམས་ཀྱི་དགོན་པ་ཐམས་ཅད་ལ་སྦྱར་དགོས་པ་ནི། དེ་ཡང་ཞེས་པའི་ཚིག་གི་ནུས་པས་གསལ་བར་བསྟན་པས། གོང་དུ་སྨོས་པའི་སྒྲིག་ལམ་དེ་དག་ནི་བཀའ་གདམས་ཀྱི་བསྟན་པའི་དག་ཐེར་ཡིན་པ་ཤེས་པར་གྱིས་ཤིག །དེར་མ་ཟད་རྙེད་བཀུར་གྱི་བྱ་བས་བསྟན་པ་ལ་གནོད་པར་བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་ཏེ། མདོ་སྡེ་རབ་ཏུ་རྣམ་པར་འབྱེད་པ་ལས། ཤཱ་རིའི་བུ། སྐྱེས་བུ་དམ་པ་མ་ཡིན་པའི་འཚོ་བའི་ལམ་དང། བྱིས་པ་འཐབ་མོ་འཛིན་པས་བདག་དང་གཞན་ཕུང་བར་བྱེད་པ་དེ་ལྟ་བུས་འཛམ་བུའི་གླིང་འདི་གང་བར་འགྱུར་རོ། །ཤཱ་རིའི་བུ། བཅོམ་ལྡན་འདས་འོད་སྲུང་གིས་ཀྱང་ཤཱཀྱ་ཐུབ་པའི་གསུང་རབ་ནི་རྙེད་པ་དང་བཀུར་སྟིས་ནུབ་པར་འགྱུར་བར་ལུང་བསྟན་ཏེ། ཤཱ་རིའི་བུ་རྙེད་པ་དང་བཀུར་སྟིས་ནི་ཆོས་འདུལ་བ་འདི་མྱུར་དུ་ནུབ་པར་འགྱུར་རོ། །ཞེས་སོ། །འོ་ན་རབ་བྱུང་གི་གཟུགས་བརྙན་ལྟ་བུ་དག་སྨད་པར་རིགས་པ་ཁོ་ནའམ་ཞེ་ན་དེ་ནི་མ་ཡིན་ཏེ། སྤོས་བསྲེགས་ན་སྤོས་ཉིད་ཚིག་


GTD008_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་མེད་པར་སོང་ཡང་གཞན་ལ་དྲི་བསུང་བྲོ་བར་བྱེད་པ་བཞིན་དུ། དགེ་སློང་ཚུལ་ཁྲིམས་འཆལ་བ་ཡང་དད་པས་བྱིན་པས་བསྲེགས་ཏེ་རང་ཉིད་ངན་འགྲོར་འགྲོ་ཡང་སེམས་ཅན་དཔག་ཏུ་མེད་པ་ལ་མཐོ་རིས་དང་ཐར་པའི་དྲི་བསུང་བྲོ་བར་བྱེད་ཅེས་མདོ་ལས་གསུངས་ལ། ཡུལ་འཁོར་མོ་འཇིག་གི་བཤང་གཅིའི་གནས་ན་སྲིན་བུ་དཔག་མེད་ཡོད་པར་སྤྱན་རས་གཟིགས་བུང་བའི་གཟུགས་སུ་སྤྲུལ་ནས་དཀོན་མཆོག་གསུམ་གྱི་སྒྲ་བསྒྲགས་པས། དེ་དག་བདེ་བ་ཅན་དུ་སྐྱེས་ནས། བྱང་སེམས་ཁ་ན་སྤོས་ཀྱི་དྲི་ཞེས་བྱ་བ་ཤ་སྟག་ཏུ་གྱུར་ཅེས་ཟ་མ་ཏོག་བཀོད་པའི་མདོ་ལས་གསུངས་པས་རང་རྒྱུད་ལ་བརྟག་པ་དང། བླ་མའི་བཀའ་བཞིན་དུ་བསྒྲུབས་པ་གནད་ཀྱི་དོན་པོར་ཟུངས་ཤིག །གླིང་བསྲེས་བསྟན་འབར་མའི་གོ་རིམ་དང་པོ་ཏི་ལྔ་སྦྱར་བའི་གསུང་བཤད་ངོ་མཚར་ཅན་དང། རིགས་གྲྭའི་གཏོང་སྒོ་སོགས་ཀྱང་འཆར་ཅན་ལྟར་མཛད། དུས་འཁོར་གྲྭ་ཚང་ལ་མགོན་པོ་ཞལ་གྱི་རྗེས་གནང། རི་ཁྲོད་ཡིད་དགའ་ཆོས་འཛིན་དུ་བཅུ་གཅིག་ཞལ་གྱི་དབང་སོགས་ཆོས་བཀའ་དུ་མ་སྩལ། ཨ་མཆོག་དགོན་པ་དགའ་ལྡན་ཆོས་འཁོར་གླིང་ནས་དེ་ཀའི་ཁྲིར་གདན་ཞུ་ཕུལ་ཀྱང་ད་རེས་མི་འགྲིག །སླར་སེམས་ལ་འཛིན་གསུངས་ནས་ཁ་དར་གྱི་འགྱེད་གནང། སྐུ་བཅར་ཐོར་གོད་དཀའ་བཅུ་མཆོག་ལྡན་ཞི་བར་གཤེགས་པ་ལ་མཛོ་རྟ་ལྔ་བཅུ་ཙམ་གྱི་འགྱེད། གཞན་ཡང་གྲྭ་ཚང་རི་ཁྲོད་སོ་སོར་འོ་རྒྱུན་གྱི་མཛོ་མོ་བཅོ་བརྒྱད། སྨོན་ལམ་སྐབས་སུ་འདུ་ཁང་དུ་བཀྲམ་རྒྱུའི་མཎྜལ་དངུལ་སྲང་བདུན་བརྒྱའི་སྐོར་ལས་བསྒྲུབས་པ། རྗེའི་རྣམ་ཐར་དང་མཐུན་པའི་གསེར་ཟངས་ཀྱི་དབུ་རྒྱན་ཁྱད་འཕགས་དངུལ་སྲང་བརྒྱ་ལྷག་ལས་བསྒྲུབས་པ་སོགས་གསར་འཇོག་གནང། སྔ་སོར་ཡབ་རྗེ་རྡོ་རྗེ་འཆང་གི་


GTD008_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་རྫོགས་བོད་དུ་ཁྱེར་སྐབས་མགྲོན་གཉེར་དཀའ་བཅུས་གྲུབ་དབང་ཀློང་རྡོལ་རིན་པོ་ཆེར་སྤྲུལ་སྐུའི་སྐོར་གསུང་བརྟག་ཞུས་པར། ཞལ་ནས། རྒྱལ་དབང་ལྔ་པ་ཆེན་པོ་ཟེར་བའི་ཡོན་ཏན་ཆེན་པོ། སྐུ་བསོད་ཆེན་པོ། དབང་སྡུད་ཆེན་པོ། ཕན་ཐོགས་ཆེན་པོ་དེ་ཁྱེད་ཚོས་ཨེ་གོ་གསུངས། ཐོས་མྱོང་ཞུས་པར། དེ་རྭ་སྒྲེང་ཇོ་བོ་འཇམ་པའི་རྡོ་རྗེའི་མདུན་ནས་ཟན་བསྒྲིལ་གྱིས་ཐག་བཅད་པ་རེད། འཇམ་དབྱངས་བཞད་པའི་སྤྲུལ་སྐུ་ཡང་བླ་མ་དང་ཆོས་སྐྱོང་གིས་ཐག་ཆོད་མི་ཡོང། རྭ་སྒྲེང་ཇོ་བོ་འཇམ་པའི་རྡོ་རྗེའི་མདུན་ལྟ་བུ་ཞིག་ནས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་མཆོད་བྱས་ཏེ་ཟན་བསྒྱུར་ན་འཁྲུལ་མེད་བབས་ཡོང་གསུངས། དེ་ནས་མ་འགྱང་བར་གོང་མ་བདག་པོ་ཆེན་པོ་ནས་སྤྲུལ་སྐུའི་རིགས་བརྟག་བསྒྲིལ་གྱིས་ཐག་གཅོད་དགོས་པར་བཀའ་བབས། དབུས་པ་འཁོར་བསྟུན་རྗེ་ཉིད་ཀྱི་མདུན་ནས་གླེང་མོ་ཞིག་གི་སྐབས། དེ་དུས་བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་བླ་མ་སོགས་ཀྱིས་ཟན་བསྒྱུར་དགོས་རྒྱུ་རེད། གསུངས་པ་རྩེད་མོའི་རྣམ་པར་གོ་ཡང་ཕྱིས་སུ་ཡིད་ཆེས་བླ་མེད་རྙེད། དེར་མ་ཟད་ངེས་པར་སྤྲུལ་སྐུ་འཁྲུལ་མེད་ཅིག་ལག་ཏུ་ཨེ་ཡོང་ན་ཞུས་པར། དཱ་ཚང་དུ་རྣམ་ཐར་རྩོམ་སྐབས་ཀྱི་ལོ་རྒྱུས་དེ་ཞིབ་པར་གསུངས་ནས་རེ་ཞིག་གཞན་ལ་མ་བཤད་ཅེས་བཀའ་ཕེབས་པ་འབྲུག་ལོ་ངོས་འཛིན་ཚུན་ཆད་འདི་ལ་དགོངས་པར་སྣང། ཕྲན་རྣམས་དབུས་སུ་འགྲོ་སྐབས་གསུང་བཀོད་ལ། རྭ་སྒྲེང་ཇོ་བོའི་མདུན་དུ་ཟན་བསྒྱུར་རྒྱུ་སྟབས་མི་འགྲིག་ཀྱང་ཐིག་ལེ་བཅུ་དྲུག་གི་སྒྲུབ་མཆོད་ལེགས་པར་བསྒྲུབ་པ་གལ་ཆེ། དད་གུས་གསོལ་འདེབས་སོགས་རྒྱུ་ཚོགས་ཚང་བར་བསྒྲུབས་ན་ཟན་རིལ་མདུན་དེར་བསྒྲིལ་མ་བསྒྲིལ་ལ་ལྟོས་པ་ཅི་ཡོད། ལམ་བར་


GTD008_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐུའུ་བཀྭན་རིན་པོ་ཆེའི་སྐུ་མདུན་དུ་གསུང་བཀོད་ཞིབ་མོ་ཞུ་ཐབས་གྱིས་གསུངས། དེ་ནས་བཟུང་སྟེ་གདན་ས་རང་དུ་ཐིག་ལེ་བཅུ་དྲུག་གི་སྒྲུབ་མཆོད་བར་མ་ཆད་ལྟ་བུ་མཛད། ཕྲན་དོན་གྲུབ་གཞིས་ཀར་ཆེད་གཉེར་གྱིས་ཕྱིན་ཏེ་ཐུའུ་བཀྭན་རིན་པོ་ཆེར་མཇལ་ནས་ཞུས་པར། གུང་ཐང་ཚང་གི་གསུང་དེ་མད་པར་སྣང། སྔར་གྱི་ངེད་རང་གི་རྨི་ལྟས་དེ་དང་འགྲིག་དགོས་ལ། དེ་ཐོག་ཏུ་བབས་འགྲོ་བ་འདྲ་གསུངས། འགའ་ཞིག་གིས་བརྟག་བསྒྲིལ་ལ་དོགས་པ་ཟ་བའི་གཏམ་སྨྲས་པ་ཐོས་ཚུལ་ཞུས་པས་དེ་ལ་དོགས་པ་ཟ་རྒྱུ་ཅི་ཡོད། རྒྱལ་བ་གོང་མའི་དུས་ཡན་ཆད་དུ་གཞུང་གི་ལ་རྒྱ་འགངས་ཆེ་བའི་རིགས་ལ་ལྷ་མོའི་མདུན་གྱི་བརྟག་བསྒྲིལ་གཙོ་བོར་འཛིན་པ་ཡིན་གསུངས། ཕྲན་རྣམས་དབུས་སུ་སླེབས་ནས། ༸རྒྱལ་བའི་དབང་པོ་བློ་བཟང་འཇམ་དཔལ་རྒྱ་མཚོས་གཙོ་མཛད། སྲིད་སྐྱོང་རྒྱལ་ཚབ་རྟ་ཚག་རིན་པོ་ཆེ་བློ་བཟང་བསྟན་པའི་མགོན་པོ། རྒྱལ་ཚབ་སྤྲུལ་སྐུ་དེ་མོ་ཧུ་ཐོག་ཐུ་བློ་བཟང་འཇིགས་མེད་རྒྱ་མཚོ། རྭ་སྒྲེང་ནོ་མོ་ཧན་བློ་བཟང་བསྟན་པ་རབ་རྒྱས། གླིང་སྤྲུལ་བའི་སྐུ་སོགས་བོད་ཀྱི་བླ་ཆེན། བཀའ་བློན་བཞི་སོགས་མི་ཆེན། རྣམ་རྒྱལ་གྲྭ་ཚང་བ་དང། མཚན་ཉིད་ཞབས་ཕྱི། རྩེ་དྲུང་ལས་བྱེད་ཏིལ་གྱི་གང་བུ་ལྟར་བཅེར་བའི་དབུས་སུ། བོད་བཞུགས་ཨམ་བྷན་གཉིས་ནས་གོང་མ་བདག་པོ་ཆེན་པོའི་འདྲ་ཐང་གི་སྤྱན་སྔར་གསེར་བུམ་དཀྲུགས་ཏེ་མཚན་བྱང་འཐེན་པས་ཨང་གཉིས་པ་རོང་བོ་ཤ་བི་ནར་དུ་སྐུ་འཁྲུངས་པའི་ད་ལྟའི་མཆོག་སྤྲུལ་རིན་པོ་ཆེ་འདི་བ་ལ་བབས་པས་བླ་མ་རྣམས་ལ་བསླུ་མེད་ཀྱི་ངེས་པ་རྙེད། དེ་དུས་ཨམ་བྷན་གྱི་སྣང་བར་མཚན་བྱང་གྱེན་དུ་འཕར་ཟེར་བ་ཡང་ཕྱིས་སུ་ཐོས། ངེས་པ་དོན་གྱི་བློ་བཟང་བསྟན་པའི་མགོན་པོ་ས་མ་དྷི་པཀྵི་ནོ་མོ་ཧན་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ལྷ་སར་བྱོན་ནས་ཇོ་བོ་


GTD008_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་མུ་ནེའི་མདུན་དུ་ཟན་བསྒྱུར་གནང་བ་ཡང་དེ་དང་མཐུན་པར་བྱུང་བས་ལྷག་པར་ཡིད་ཆེས་བརྟན་པར་གྱུར་ཅིང། ཕྲན་གྱིས་ཚུར་ལམ་ཇོ་བོ་འཇམ་པའི་རྡོ་རྗེ་ལ་མཇལ་ནས་གསོལ་བ་འདེབས་བཞིན་དུ་སྤྱི་བརྟོལ་བསྐྱེད་དེ་བརྟག་དཔྱད་ཕྲན་བུ་བྱས་པ་ཡང་དེ་མཐུན་བྱུང་བ་རྗེས་འཛིན་གྱི་མཚན་མར་གོ །རྗེ་གྲུབ་པའི་དབང་ཕྱུག་སྐལ་ལྡན་རྒྱ་མཚོའི་སྤྲུལ་བའི་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་ནས་གསུང་དུ་མ་རིམ་པར་བྱོན་ཚུལ་ཚད་ལྡན་ཡིད་ཆེས་པའི་ལུང་དང། རྟགས་མཚན་གྱི་གཏན་ཚིགས་སྤྲོ་དགོས་དུ་མ་ཡོད་ཀྱང་གཞན་དུ་གསལ་བར་འགྱུར་རོ། །རྩེ་ནས་བརྒྱད་པའི་ཚེས་ལ་ཐག་བཅད་པའི་གྲེའུ་ཙེ་ཕུལ་བའི་བཀའ་ལན་བོད་དུ་མ་འགྱང་བར་བབས་ཤིང། དེ་ཟི་ལིང་བརྒྱུད་དེ་མགོ་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་དང་པོའི་ཉིན། གོང་ནས་སྤྲུལ་སྐུ་ཐག་བཅད་ཚུལ་གྱི་གྲེའུ་ཙེ་བཀྲ་ཤིས་འཁྱིལ་དུ་འབྱོར་བ་ལྟར། རྗེ་ཉིད་ནས། མཐོང་བ་དོན་ལྡན་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་གསར་རྩོམ་མཛད་དེ་བསོད་ནམས་ཁ་དར་གྱི་འགྱེད་དང་བཅས་ཚོགས་འདོན་དུ་བཙུགས། དགུང་ལོ་སོ་བདུན་པ་ས་རྟའི་ལོ་གསར་དགྱེས་སྟོན་ཚེས་གཏོར་སོགས་སྔར་རྒྱུན་ལྟར་དང། ཆོ་འཕྲུལ་སྨོན་ལམ་གྱི་སྐབས་ཉིན་རེ་ཞིང་སྔ་དྲོ་བཀའ་གདམས་གཞུང་དྲུག་གི་བཤད་པ་དང། ཕྱི་དྲོ་བསྟན་པ་རྒྱས་པའི་ཐུགས་སྨོན་ནན་ཏན་མཛད། སྐབས་འགར་ཐུགས་བྲེལ་གྱི་དབང་གིས་རྗེ་བཙུན་དམ་པ་འཇིགས་མེད་རིགས་པའི་སེངྒེ་དཔལ་བཟང་པོ་སྨོན་ལམ་གསུང་ཆོས་ལ་ཕེབས། ལོ་སྔ་མ་འགའ་རེར་ཡང་ཆོས་སྲིད་ཀྱི་བྲེལ་བའི་དབང་གིས་ཁྲི་ཆེན་བློ་བཟང་སྙན་གྲགས་པས་སྨོན་ལམ་གསུང་ཆོས་ཀྱི་ཚོགས་དབུ་ལན་འགའ་མཛད་


GTD008_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་བྱུང། སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་གདན་སར་སྤྱན་འདྲེན་རྒྱུར། སྔར་ནས་རིམ་བཞིན་ཆིབས་བསུ་རིམ་པ་གསུམ་སེར་སྦྲེང་སོགས་ཀྱི་བཀོད་ཁྱབ་ཞིབ་གནང་ལྟར་རྗེ་ཉིད་ཀྱང་ཆིབས་བསུར་བྱོན། ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་གཅིག་གི་ཉིན་ཡབ་རྗེ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་ནམ་མཁའི་ནོར་བུ་མཐོང་བ་དོན་ལྡན་གྱི་ཞབས་སྐྱེས་བཀྲ་ཤིས་འཁོར་ལོའི་རི་མོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བླ་བྲང་ཐུབ་བསྟན་ཕོ་བྲང་དུ་འཇིགས་བྲལ་རྡོ་རྗེའི་ཁྲི་ལ་མངའ་གསོལ་བར་མཛད། དེའི་ཚེ་མཆོག་སྤྲུལ་དམ་པའི་ཞལ་བཟང་ཉི་མའི་དཀྱིལ་འཁོར་ནི་མངོན་དུ་གྱུར། སྐལ་བཟང་དད་པའི་ཆུ་སྐྱེས་དགའ་བདེ་སྦྲང་རྩིས་ནི་མངོན་པར་གཏམས། ཕྱོགས་ཀྱི་སྐྱེད་ཚལ་དགའ་སྟོན་པདྨའི་འཕྲེང་བ་ནི་ཚར་དུ་དངར། ཐུབ་བསྟན་སྦྲང་རྩིར་རོལ་པའི་བསྟན་འཛིན་རྐང་དྲུག་གི་ཚོགས་རྣམས་བཤད་སྒྲུབ་རྩེད་འཇོར་ནི་རྣམ་པར་རོལ། རྫོགས་ལྡན་གསར་པའི་དཔལ་མོས་རབ་ཡངས་ནོར་འཛིན་གཞོན་ནུར་འཁྱུད་པའི་དགའ་སྟོན་སྲིད་མཐའི་བར་དུ་ཉམས་པ་མེད་པར་གྱུར་ཏོ། །སྨྲས་པ། འགྲོ་བའི་གཉེན་གཅིག་འཇམ་དབྱངས་རྒྱལ་བའི་ཞལ། །དགའ་བའི་མིག་གིས་མངོན་སུམ་མཐོང་བའི་མོད། །ཡང་ཡང་བསམ་པས་ཆེར་ངལ་སྐྱེ་བོའི་ཚོགས། །རེ་བའི་བང་བ་འབྲས་ལྡན་དུས་བཞིན་གང། །རྒྱལ་སྲས་མཚན་མོའི་མགོན་པོ་ཡིས། །མཛད་བཟང་བདུད་རྩིའི་འོད་ཟེར་གྱིས། །སྐལ་ལྡན་ཡིད་ཀྱི་འོ་མའི་མཚོ། །དགའ་བདེའི་རྦ་རླབས་ཅིར་ཡང་གཡོ། །གང་དེའི་ངོ་མཚར་ལྦུ་བའི་ཕྲེང། །འཛུམ་འཕྲེང་རོལ་པའི་རྣམ་འགྱུར་གྱིས། །མཁའ་ཡང་དོག་པོར་བྱེད་བཞིན་དུ། །ཕྱོགས་ཀུན་སྙིང་གི་བདུད་རྩིར་གྱུར། །འོན་ཀྱང་མགོན་ཁྱོད་ཐབས་མཁས་


GTD008_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བཟང་གི །རྟ་ལྗང་རོལ་པའི་ཤིང་རྟས་མ་དྲངས་ན། །མཆོག་སྤྲུལ་ཉི་གཞོན་འོད་ཀྱིས་འཇིག་རྟེན་འདིར། །དགེ་མཚན་རྒྱ་མཚོའི་སྣང་བ་གང་དུ་མཐོང། །དེ་སླད་སྐུ་ཚེ་འཕྲེང་བར་ཡབ་སྲས་ཟུང། །ཐུགས་བསྐྱེད་སྨོན་ལམ་མི་ཤིགས་ལུ་གུ་རྒྱུད། །གཅིག་ཏུ་སྦྲེལ་བའི་རྣམ་ཐར་ཟླ་ཤེལ་ལ། །དད་པའི་ལག་པད་ཟུམ་སྟེ་ཕྱག་བགྱི་འོ། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་ཡབ་རྗེའི་གདན་ས་ཆོས་ཀྱིས་སྐྱོང་བཞིན་པར་མཆོག་སྤྲུལ་ཉི་མ་གཞོན་ནུ་སྤྱན་དྲངས་པའི་སརྒ་སྟེ་བདུན་པའོ།། །། ༈ ཐུབ་བསྟན་རིན་ཆེན་རྡུལ་བརྩེགས་རི་བོའི་སྤོར། །རྟག་འཆར་འཇིགས་མེད་རྒྱལ་དབང་ཉི་མ་མཆོག།།འཇམ་དཔལ་དབྱངས་ཅན་བྱེ་བའི་ཟློས་གར་གྱིས། །བདག་སྙིང་འདབ་བརྒྱའི་ཟེའུ་འབྲུར་རྟག་བཞུགས་གསོལ། །དེ་ནས་ཉིན་མང་པོར། ༸སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་སྤྱི་སྒེར་སོ་སོ་ནས་ལེགས་འབུལ་གྱི་གསོལ་སྟོན་ཟམ་མ་ཆད་པ་ལ་ཚོགས་གླེང། གྲལ་འཕྲོས། མདོ་དར་སོགས་རོལ་ཆ་སྣ་ཚོགས་ཀྱི་རྩེད་སྣ། ཁྲི་འབུལ་སོགས་ལུགས་སྲོལ་དང་མཐུན་པའི་སྤྲོས་པ་གང་རྒྱས་ཀྱི་བཀོད་ཁྱབ་དང། རྗེ་ཉིད་ནས་ཀྱང་ཟུར་དུ་དཀར་སྤྲོ་དང་མཛོད་བཏགས། གོས་ཕྲུག་ལྔ། ལན་འདུའུ་བཅོ་ལྔ་སོགས་ཀྱི་མཆོད་སྤྲིན་སྤྲོས། དགེ་ཚུལ་སློང་དོན་དུ་གཉེར་བའི་བསྒྲུབ་བྱ་བརྒྱ་ལྷག་བསླབ་པའི་གཞི་ལ་བཀོད་ཅིང། རྒྱུད་གྲྭ་སྤྱི་ནས་ཞུས་པ་ལྟར། རྒྱུད་ཁང་དུ་དོན་གཉེར་པ་བཞི་བརྒྱ་ལྷག་ལ་བདེ་མཆོག་ལཱུ་ཨི་པའི་དབང། དགེ་འཕེལ་རི་ཁྲོད་སྤྱི་ཞུས་ཀྱིས་བདེ་མཆོག་ལྷ་ལྔ་དང་ལུས་དཀྱིལ་གྱི་དབང། གཞན་ཡང་རྒྱལ་བ་དགེ་འདུན་རྒྱ་མཚོའི་བཀའ་འབུམ་གྱི་


GTD008_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་སོགས་ཆོས་བཀའ་དུ་མ་འདོད་མོས་བཞིན་གནང། རྗེ་ཐུའུ་བཀྭན་རིན་པོ་ཆེ་གདན་འདྲེན་ལ་སྔ་ཕྱིར་མངགས་ནས་གང་མྱུར་ཕེབས་དགོས་ཞུས་པ་ལྟར་ཕེབས་པ་ལ་གསུམ་པའི་ཚེས་དྲུག་གི་ཉིན་སྟག་རི་ཐང་ནས་ཆིབས་བསུ་ཞུས་ནས་བླ་བྲང་ཐུབ་བསྟན་ཕོ་བྲང་དུ་གདན་དྲངས། ཚེས་བཅོ་ལྔའི་ཉིན་མཆོག་སྤྲུལ་རིན་པོ་ཆེའི་གཙུག་ཕུད་བཞེས་ཏེ། བློ་བཟང་ཐུབ་བསྟན་འཇིགས་མེད་ཉི་མ་ཞེས་མཚན་གསོལ་བར། ཡབ་སྲས་རྣམས་ཆོས་སྲིད་ཀྱི་དགའ་སྟོན་དུ་མས་མཉེས་པར་མཛད། བཀྲ་ཤིས་འཁྱིལ་དུ་ཁྲི་ཁུར་སྤོ་དགོས་ཀྱི་གསུང་གནང་བར་གྲྭ་དཔོན་སློབ་ཚང་མས་ཕ་མས་བོར་བའི་བུ་ཆུང་ལྟར་ངུ་ངག་དང་བཅས་ཏེ་གསོལ་བ་བཏབ་ཀྱང་བསྒྱུར་དུ་མ་བཏུབ་པར་རྗེ་ཉིད་ཀྱིས་སྙན་སྒྲོན་ཕུལ་བ་ལྟར། མཆོག་སྤྲུལ་རིན་པོ་ཆེ་ནས་ལས་སྣེ་བསྐོ་བཞག་གི་དང་པོ་སྒོ་མང་དཔོན་སློབ་བསམ་བློ་པ་བློ་བཟང་ཆོས་དར་བ་ལ་བཀའ་ཕེབས་ཤིང་ཁོང་ནས་ཀྱང་གང་ཅིའི་ངོས་ནས་དམ་པའི་ངང་ཚུལ་གསལ་བར་བསྟན། དཔོན་སློབ་དེ་ཉིད་ཀྱི་ཞལ་ནས། ཀུན་མཁྱེན་འཇམ་དབྱངས་བཞད་པ་དེ་རྗེ་བཙུན་འཇམ་དབྱངས་དངོས་རེད་མོད། དེའི་བྱིན་རླབས་ཡིན་པ་འདྲ། བཀྲ་ཤིས་འཁྱིལ་འདིར་ཤེས་རབ་ཅན་ཧ་ཅང་མང་པོ་རེད་གསུངས་པ་ནི་རྗེ་འདིས་འཆད་ཉན་གྱིས་ཐུགས་ཁེངས་པའི་གསུང་དུ་སྣང། ཡེ་ཤེས་མཚོན་གྱིས་བདུད་སྡེའི་སྙིང་ལ་འབིགས། །བསོད་ནམས་མཐུ་ཡིས་དྲེགས་ལྡན་ཟིལ་གྱིས་མནན། །ཐུགས་རྗེའི་སྣང་བས་སྙིགས་མའི་མུན་པ་བཅོམ། །མཛད་འཕྲིན་འོད་བརྒྱས་འགྲོ་བློའི་པད་ཚལ་རྒྱས། །བར་སྐབས་དེར་ནག་པོའི་ཕྱོགས་སུ་གྱུར་པ་འགའ་ཞིག་གིས་མཛོད་དགེའི་སྨད་ཀྱི་རྒྱུད་གྲྭ་དང་འབུམ་ཁང་རི་ཁྲོད་གཉིས་བཤིག །བསྟན་འཛིན་དམ་པ་དུ་མ་ཐུགས་དཀྲུག་པའི་སྦྱོར་བ་ལ་བརྟེན་ནས། དེ་ཕྱོགས་ཀྱི་དཔོན་པོ་དཀོན་མཆོག་རབ་བརྟན། ཚེ་དབང་


GTD008_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ། པདྨ་རྡོ་རྗེ་གསུམ་གྱིས་རྒྱུད་ལམ་རིམ་གྱི་དགོན་པ་གཉིས་ཚུགས་རྒྱུར་བྱས་པ་ལྟར་མཆོག་གསུམ་སྤྱི་དང་སྐྱབས་མགོན་མཆོག་ལ་དད་པ་བརྟན་པའི་དཔོན་པོ་དཀོན་མཆོག་རབ་བརྟན་གྱིས་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་དགོན་པ་དང་གྲྭ་རྒྱུན་བཅས་ཕུལ་ནས་རྗེ་འདི་ལ་རྒྱུད་གྲྭ་འཛུགས་དགོས་ཀྱི་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས། དེར་ས་རྟགས་གསུམ་ཡོད་པ་རྗེ་ཐུའུ་བཀྭན་རིན་པོ་ཆེར་གསུང་བརྟག་ཞུས་པར་གཡས་གཡོན་དང་རྒྱབ་མདུན་གྱི་རི། མདུན་གྱི་ཆུ་དང་འདམ། རྡོ་དང་བྲག་དང་ས་དབྱིབས་སོགས་མིག་གིས་མཐོང་བ་ལྟ་བུའི་གསལ་ཆ་མཛད་པ་ལྟར། ཟླ་བ་གསུམ་པའི་ཚེས་བཅུ་བདུན་ལ་དེར་བྱོན་ནས་བཀྲ་ཤིས་ཀྱི་གསོ་སྦྱོང། ས་བརྟག་བསླང། ལྟོ་འཕྱེ་བརྟགས་ནས་བརྐོ་བ་སོགས་ས་འདུལ་གྱི་ཆོ་ག་ཚང་བར་བསྒྲུབས། འདུ་ཁང་སོགས་དགོན་པ་གསར་འདེབས་ཀྱི་ཡོ་བྱད་གཞན་གང་ཡང་ལག་འཐོགས་མི་ཡོང། དཀར་རྩི་རྒྱག་རྒྱུ་རང་ཅི་འདྲ་ཡིན་གསུངས་པར། དགེ་སློང་ངག་དབང་བསྟན་འཛིན་གྱིས་དེ་རྐང་ཚའི་ས་ན་ཡོད་ཞུས་པར་ཡིན་ཤས་ཆེ། དཔོན་པོ་འདིའི་ས་ཆ་ན་མི་འདུག་གསུངས། ཐོ་བཙུན་བསྡུས་པ་ཉིས་བརྒྱ་ལྔ་བཅུ་སྐོར་ལ་ཁ་དར་གྱི་འགྱེད་དང། ཚེ་དབང་སྩལ་ཏེ་བཀྲ་ཤིས་འཁྱིལ་དུ་བྱོན། ཐུའུ་བཀྭན་རྡོ་རྗེ་འཆང་གི་བཀའ་བཞིན་གདན་ས་པ་སྒོ་མང་སློབ་ཟུར་སོགས་དགོན་པའི་ཚོགས་འདུ་རྒྱས་པ་མགྲིན་གཅིག་གིས་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་གནང་དགོས་ཞུས་པ་ལྟར་ཞལ་གྱིས་བཞེས་ཏེ། བཞི་པའི་བཅོ་ལྔ་ནས་ཚེ་དབང་བརྒྱ་རྩ་སོགས་འབུལ་བའི་དབུ་ཚུགས། ཟུང་འཇུག་རྡོ་རྗེའི་སྐུ་ཡི་ཉིན་བྱེད་ལ། །སྐྱེ་འགག་མུན་པའི་གོ་སྐབས་ག་ལ་སྲིད། །ལུས་ཅན་ཉེར་འཚོ་རགས་པའི་ཟ་མ་ཏོག །ཀུན་དགའི་གཞི་རྩར་


GTD008_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་རྟེན་འབྱུང་དུ། །རྒྱལ་ཀུན་སོ་སོར་རྟོག་པའི་ཡེ་ཤེས་ཉིད། །ཐུན་མཚམས་ལི་ཁྲིའི་དཔལ་ཆགས་ཚེ་མཐའ་ཡས། །མཐར་བྱེད་ལས་རྒྱལ་འཆི་མེད་གྲུབ་པའི་གཉེན། །དེ་ཡི་འཕྲིན་ལས་སྦྲང་རྩིའི་དུས་སྟོན་རྒྱས། ཁྲི་ཆེན་དགེ་འདུན་ཕུན་ཚོགས་སོགས་སྐུ་འཕྲེང་གསུམ་གྱི་ཐུགས་དམ་གྱི་རྟེན་ཟླ་གྲགས་འབྲལ་སྤང་ཐུབ་དབང་གི་སྤྱན་སྔར་སྡེ་ཁྲི་སྤྲུལ་བའི་སྐུ་འཇམ་དབྱངས་ཐུབ་བསྟན་ཉི་མ་བསྙེན་རྫོགས་དང། གཞན་ཡང་བསྒྲུབ་བྱ་གོ་གཉིས་བསྙེན་རྫོགས་བཅུ་གཅིག་དགེ་ཚུལ་དུ་བསྒྲུབས། དེ་ནས་དགོན་ལུང་དུ་བྱོན་ནས་ཆོས་གྲྭར་བརྩི་བཞག་ཆག་མེད་དང་གསུང་བཤད། ཀུན་གཞིའི་མཐའ་དཔྱོད་དང་མི་འཁྲུགས་པའི་སྒྲུབ་དཀྱིལ་སོགས་ལྗགས་རྩོམ་ཡང་མང་དུ་གནང། རྡོ་རྗེ་འཆང་ཐུའུ་བཀྭན་རིན་པོ་ཆེའི་དྲུང་ནས། སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང། ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཡན་ཆད་ཡོངས་རྫོགས། འཇམ་དབྱངས་ཆོས་སྐོར་ནང་གི་གཅོད་ཁྲིད། སྒྲོལ་དཀར་གྱི་རྗེས་གནང། རོལ་པའི་རྡོ་རྗེའི་གསུང་གི་རྡོར་སེམས་བུམ་ཆོག་དང་རྗེས་གནང་གི་ཆོ་ག །སྒྲོལ་དཀར་ཚེ་ཁྲིད་བསྟོད་པ་སོགས་ཀྱི་ཉེར་མཁོ་དུ་མ་མན་ངག་ལྐོག་ཁྲིད་དུ་གསན་པ་དང། རྒྱུད་གྲྭ་པ་སོགས་ཉན་མཁན་དྲུག་བརྒྱ་སྐོར་ལ་བདེ་མཆོག་ལཱུ་ཨི་པའི་དབང། གཞན་ཡང་བདེ་ལམ་གྱི་ཁྲིད། སྙིང་པོ་དོན་གསུམ་དང་ལམ་གཙོའི་ཁྲིད། ཐུན་དྲུག་རྣལ་འབྱོར་གྱི་ཁྲིད། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས། མགོན་པོ། ཆོས་རྒྱལ་ཕྱི་ནང་གསང་གསུམ་སོགས་ཀྱི་རྗེས་གནང། གཏོར་ཆོག་སོ་སོའི་ལུང་སོགས་དོན་གཉེར་ཡིད་ཀྱི་རེ་བ་སྨིན་པར་མཛད། དགོན་ལུང་གི་བཙན་ཁང་དང། ཆོས་བཟང་རི་ཁྲོད་རྟེན་དང་བརྟེན་པར་བཅས་པ་ལ་རབ་གནས་མཛད་དེ་བྱིན་རླབས་ཀྱི་གཏེར་དུ་བསྒྲུབས། དྲུག་པའི་སྨོན་ལམ་སྐབས་


GTD008_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གསུང་ཆོས་ཆག་མེད་དང་དབྱར་ཞལ་བཞེས་མཛད་དེ་བསྙེན་རྫོགས་གསར་སྒྲུབ་དུ་མ་གཙོར་གྱུར་ཉན་མཁན་མང་པོར་བསླབ་བྱ་གཞན་ཕན་སྙིང་པོའི་བཤད་པ་དང། བུ་སྟོན་གྱི་འདུལ་བའི་ལས་ཆོག །མདོ་རྩ། རྒྱན་འཇུག །ལམ་སྒྲོན་སོགས་ཀྱི་ལུང་གནང། ཚོགས་ཆེན་དུ་དགེ་འདུན་ཞལ་གྲངས་ཉིས་སྟོང་སྐོར་ལ་མང་ཇ་དང། དོང་ཚེ་ཞོ་འགྱེད། མན་ཐོའི་རི་ཁྲོད་དུ་གདན་དྲངས་པར་ཡང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། སྒྲོལ་མའི་རྗེས་གནང། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར། རྡོར་གཅོད། ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་སོགས་ཀྱི་ལུང། མང་འགྱེད་གྱ་ནོམ་པ་གནང་བ་དང། རིགས་སྨྲ་དྲུང་ཡིག་དགེ་འདུན་དང། མཛོད་དགེ་བློ་བཟང་གཉིས་ཞབས་ཕྱིར་ཁྲིད་ནས་དོན་གཉེར་པ་འགའ་ལ་སྒྲ་དང་སྙན་ངག་ཁྲིད་བཅུག །བཀྲ་ཤིས་འཁྱིལ་གྱི་མཛོད་འདུལ་དབུ་ཕར་གྱི་རིགས་སྨྲ་མང་པོ་བྱང་ཕྱོགས་ཀྱི་ཆོས་སྡེ་སོ་སོར་གྲྭ་སྐོར་ལ་མངགས་པ་སོགས་ཉིན་མཚན་ཁོར་མོ་ཡུག་ཏུ་བསྟན་པའི་བྱ་བ་འབའ་ཞིག་ལ་གཞོལ་བ་མཛད། ནོར་འཛིན་དཔལ་མོའི་རྒྱན་གྱུར་འདུས་པའི་སྡེས། །ཟབ་རྒྱས་ལེགས་བཤད་དགའ་སྟོན་ཚོལ་བ་ན། །བཅུ་ཕྲག་རིག་པའི་གནས་ལ་དབང་འབྱོར་བའི། །མཁྱེན་གཏེར་ཁྱོད་ཞབས་གཙུག་གི་རྒྱན་དུ་ཐོབ། །ཆོས་ཀྱི་སྡེ་ཆེན་གངས་ཀྱི་རི་བོའི་སྤོར། །ཟླ་བྲལ་སྨྲ་བའི་སེདྒེ་ཁྱོད་ཉིད་ཀྱིས། །མདོ་སྔགས་ཆོས་ཀྱི་སྒྲ་དབྱངས་བསྒྲགས་པ་ན། །མངོན་རློམ་གླང་ཆེན་ཚོགས་རྣམས་འདར་ཞིང་ཞུམ། །དགུ་པའི་ཚེས་ལ་སླར་ཡང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཚོགས་ཆེན་ལ་མང་ཇའི་ཐོག་ཇ་སྲང་བཞི་རེའི་འགྱེད་གནང། སྔར་དགོན་ལུང་གཟིམས་གཤག་ཏུ་ཐུའུ་བཀྭན་རིན་པོ་ཆེ་ཉིད་གློ་བུར་དུ་ཕེབས་ནས་དངུལ་གྱི་


GTD008_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ནང་མཛོད་ཀྱིས་སྤྲྲས་པ། མཎྜལ་སོགས་ཕུལ་ཏེ་ས་རྒྱན་སྦྱར་བའི་འགྲེལ་པ་ཞིག་གནང་ན་བབས་འོས་ཆེ་བའི་བསྔགས་བརྗོད་དང་བཅས་རྩོམ་པར་བསྐུལ་བ་བཀའ་དང་བླངས་མཛད་བཞེད་ཀྱིས་རྒྱ་གཞུང་ལ་གཟིགས་རྟོག་མཛད། གཞུང་གི་མགོར་ས་སྡེའི་སྤྱི་དོན་ཞིག་གལ་ཆེ་གསུངས་ནས་མགོ་བརྩམས། བཅུ་པའི་ཉེར་གཅིག་ལ་མཛོད་དགེ་སྨད་དུ་དགོན་པ་གསར་འདེབས་ཀྱི་སར་བྱོན་ནས་ཐོ་བཙུན་རྣམས་ལྔ་མཆོད་ལ་བསྡུས་ནས་ཇ་ཐུག་དང། དོང་ཙེ་ཞོ་ལྔ་རེའི་འགྱེད་གནང། ཉི་ཤུ་དགུའི་ཉིན་ཉིད་དཔོན་སློབ་ཀྱིས་སྨད་རྒྱུད་ལྟར་བསྐང་གསོ་བཏང། རྗེ་ཉིད་ནས་གཏོར་རྒྱག་གནང་སྟེ་གནས་འདིར་ལས་རབ་འབྱམས་འགྲུབ་པའི་རྟེན་འབྲེལ་གྱི་སྒོ་འཕར་ཕྱེ། དེ་ནས་གདན་སར་བྱོན་ནས་བཞུགས་ཡོད་སྐབས་སྟོད་ཀྱི་ལྷ་སྡེ་འགའ་ཞིག་གིས་རྒྱ་ཚོང་བ་ཞིག་བཅོམ་པའི་དོན་སྐོར་ཟ་འདོད་གཙོར་བཟུང་གིས་ཟི་ལིང་དུ་ཕེབས་བྱས་པར། སླར་བསྙད་འདོགས་ཀྱིས་བླ་མ་དང་དགོན་པ་སོ་སོར་གནོད་ན་མི་ལེགས་པར་དགོངས་ཏེ་རྗེ་ཉིད་ཟི་ལིང་བརྒྱུད་དེ་ལན་ཇུར་ཕེབས། དགུང་ལོ་སོ་བརྒྱད་པ་ས་ལུག་གི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ལན་ཇུ་མཁར་མོ་ཆེར་གནང། དེ་ནས་ཀ་ཇུའི་མཁར་དུ་ལིན་ཐོའུ་བརྒྱུད་ནས་བྱོན། བྱམས་ཆེན་ཆོས་རྗེའི་བཞུགས་གནས་ཤན་ཆིན་ཟིར་བཞུགས་གདན་འཇགས། ལོ་མཇུག་ནས་བཟུང་སྟེ་དགོན་པའི་ཚོགས་སྤྱི་སྒེར་བླ་བྲང་ཆེན་མོ་དང། ཉིད་ཀྱི་བླ་བྲང་སོགས་ནས་ཞབས་བརྟན་ཕོན་ཆེར་བསྒྲུབས། ཕྲན་གྱིས་རྡོར་སློབ་བྱས་ཏེ་བསྙེན་སོང་སུམ་ཅུས་མགོན་པོའི་སྟོབས་ཆེན་ཤུགས་བཟློག་དང་འབྲེལ་པར་གློ་བུར་ལས་བཅོལ་གྱི་གཏོར་མ་བརྡབ་པས་མི་དགུ་མ་གཏོགས་བྲོ་འཚལ་བ་སོགས་དང་པོར་འཚུབ་ཀྱང་མཐར་ཐམས་ཅད་སངས་དྭངས་སུ་སོང་སྟེ་ཟོར་བཀྲ་ལེགས་ཤིང་འཇམ་པ་སོགས་


GTD008_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང། ཀ་ཇུར་ཕེབས་པའི་གཏམ་ཐོས་འཕྲལ་གདན་ས་ནས་ཆོས་སྲིད་གཉིས་འཛོམ་གྱི་རྒྱུད་པ་དཔོན་སློབ་དཀོན་མཆོག་ལྷུན་གྲུབ་དང། བླ་བྲང་ཆེན་མོའི་ཞབས་ཕྱི་ཆེ་ཆུང་སོགས་རིམ་པར་སོང། ཕྲན་ཡང་མྱུར་དུ་ཤོག་གསུངས་པ་ལྟར་མགྱོགས་ཤད་ཀྱིས་ཕྱིན་ནས་ཞལ་དཀྱིལ་མཇལ། ལན་ཇུ་སོགས་གང་དུ་ཕེབས་སར་རྒྱ་དཔོན་རྣམས་སྐུ་མཐོང་བ་ཙམ་གྱིས་དད་པས་བསྙེན་བཀུར་དང་ཆོས་འབྲེལ་ཞུ་བ་ལས་འཚེ་བའི་ཉམས་ཙམ་ཡང་མེད་པ་ནི། སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །ཅེས་པའི་དོན་དེར་སྣང། ཀ་ཇུ་མཁར་གྱི་མི་དཔོན་ཚང་མས་གུས་འདུད་ལྷག་པར་ཆེ་བའི་ཁར་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཉིན་མོ་ས་འགུལ་ཆེ་བ་བྱུང་སྟེ་སྲང་བར་དང་ཁྲོམ་གྱི་མི་རྣམས་ཕར་ཁ་ཚུར་ཁར་ལན་ཁ་ཤས་རེ་འབྲོས་ལོང་གི་བར་དུ་ལྡེམ་ལྡེམ་དུ་གཡོས་པས་ཐམས་ཅད་ཤིན་ཏུ་སྐྲག་ནས་གླེང་བརྗོད་མང་པོ་བྱུང། དེ་ནས་རྒྱུད་པ་དཔོན་སློབ་དང། བླ་བྲང་མགྲོན་གཉེར་དཀོན་མཆོག་གྲགས་པ་སོགས་ཀྱིས་རྒྱ་དཔོན་སོ་སོའི་ངོ་ཚབ། ལིའུ་བན་ཐོའུ་སོགས་ཁྲིད་ནས་མཛོད་དགེ་སྟོད་ཕྱོགས་སུ་སོང། ཕྲན་གྱིས་ཞབས་ཕྱི་ཞུས་ཏེ་སྔ་དྲོ་ཕྱི་དྲོ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཕྱིར་བཟློག་གི་བསྒོམ་བཟླས་དང། འོད་ཟེར་ཅན་གྱི་དགྲ་དང་ཆོམ་རྐུན་ཞི་བའི་ལས་སྦྱོར། ཆོས་སྐྱོང་སོ་སོར་འཕྲིན་བཅོལ་བཅས་ཐུན་རིང་པོ་གཉིས་རེ་ཆག་མེད་མཛད་པས་བྱ་གཟུགས་དང་བྱ་སྐད་མངོན་སུམ་དུ་བྱུང་ནས་ས་དེར་མེད་འགྲོ་བ་སོགས་ལྟས་སྣ་ཚོགས་པ་བྱུང་ཡང་ཇེ་འཇམ་ཁོ་ནར་སོང། ཉི་མ་རེ་རེ་བཞིན་གུང་ཚིགས་ཀྱི་སྔ་ཕྱིར་ཉིན་ལམ་གསུམ་ཚུན་ཆད་ནས་འོངས་པའི་དོན་གཉེར་པ་རྣམས་ལ་འདོད་ཆོས་དང། བསྙེན་རྫོགས་གནང་བ་བསྡོམས་ན་ཉིས་བརྒྱ་མ་ལོང་ཙམ་གྱི་


GTD008_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་བྱུང། ཕྱི་དྲོའི་ཆ་ལ་ཕྲན་གྱིས་ཡི་གེ་པ་བྱས་ནས་ཡབ་རྗེ་རྡོ་རྗེ་འཆང་གི་རྣམ་ཐར་སྔར་གྱི་ཚིག་མཚམས། ཞབས་སྐྱེས་གེ་སར་ར་ཡི་འཕྲེང། །ཞེས་སོགས་ཀྱི་འཕྲོས་ནས་བཀའ་རྩོམ་ཕལ་ཆེར་གྲུབ་ཀྱང་རྟེན་འབྲེལ་གྱི་ཁྱད་མཛད་བྱང་དགོན་པ་རང་ནས་གནང་རྒྱུ་བྱས། སྐབས་འདིར་ཡང་དོན་རེ་རེ་ལ་སྡེབ་ལེགས་ཚིགས་བཅད་མང་པོ་ཐོགས་མེད་དུ་སྤེལ་བའི་མཚན་གཞི་ཙམ་ནི་མཇུག་གི་སྨོན་ཚིག་གི་སྐབས་སུ། ད་ནི་ཚིག་བཀྲ་ལེགས་པའི་ཁྱད་གཞི་ཞིག་ཞོག་གསུངས་པར་བཀྲ་ཤིས་རྟགས་བརྒྱད་ཞུས་པར། རྒྱུན་ཆགས་གཅིག་དང་བཅས་མི་འདྲ་བ་འགའ་གསུངས་པ་ཕྲན་གྱིས་རྔོ་མ་ཐོགས་པར། གཏམ་འདི་སྲིད་པའི་ཚ་གདུང་སེལ་བའི་གདུགས། །སྨྲ་མཁས་ཡོངས་ཀྱི་མགྲིན་པར་ཆོས་ཀྱི་དུང། །སྐལ་བཟང་ཡིད་ལ་དགེ་མཚན་དཔལ་བེའུའི། །བཀྲ་ཤིས་རི་མོའི་རྣམ་པར་གནས་གྱུར་ཅིག །ཅེས་སོགས་བཞད་མོ་མཛད་བཞིན་དུ་གནང། དེ་དུས་ཞལ་ནས། ཁོ་བོ་མངལ་ན་ཡོད་སྐབས་རྩིས་པ་ཞིག་གིས་བྱམས་ཆེན་ཆོས་རྗེའི་ཐང་ཀ་ཞིག་བཞེངས་དགོས་བྱས་ནས་བཞེངས་པ་ད་ལྟའི་མ་ཁྱིམ་དུ་ཡོད་ཅིང། ད་རེས་འདིར་ཀུན་གྱིས་ལྷ་ཁང་སོ་སོར་བཀུར་སྟི་དང། ཆོས་འབྲེལ་སྨོན་ལམ་ཁ་ཞེ་མེད་པའི་ཐོག་བྱམས་ཆེན་ཆོས་རྗེའི་དབུ་ནབ་དང། དགེ་སློང་བསོད་ནམས་རིན་ཆེན་ལ་ཏཱ་མིང་གིས་གནང་བའི་འཇའ་ས་སོགས་བསྟན། སྙིང་ཐག་པ་ནས་དད་ཅིང་གུས་པས་ངུ་ངག་རྩོལ་མེད་ཀྱིས་འདི་ཕྱིའི་བློ་རྩེ་གཏད་ཚུལ་འདི་དག་རྟེན་འབྲེལ་ཁྱད་པར་བ་ཞིག་ཏུ་སྣང་གསུངས་པ་གསང་བའི་གནས་ཤིག་དཔག་རྒྱུ་ཡོད་དམ་སྙམ། དེ་ནས་མཛོད་དགེ་སྟོད་དུ་སོང་བའི་དོན་གཅོད་པ་རྣམས་ཕྱིར་འཁོར་འཕྲལ་ཐང་ཤང་ནས་ཐག་བཅད་པ་ལོག་སྒྲུབ་མཁན་གྱི་རྒྱ་མི་ཚོས་དང་བླངས་མི་བྱེད་ཁུལ་བྱས་མ་ཐག་ཁྲིམས་


GTD008_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱིས་ཚར་བཅད་དེ་ཡི་གེ་བཞག །བཞི་པའི་བཅུ་དགུའི་ཉིན་མཁར་ནས་ཆིབས་བསྒྱུར་བར་སེར་མོ་བ་རྣམས་ཀྱིས་མཆོད་རྫས་རོལ་མོ་སོགས་དང། སྐྱེ་ཕོ་མོ་ས་གཞི་གང་བ་རྣམས་ཀྱིས་སྤོས་དང་མེ་ཏོག་སོགས་ཅི་རིགས་ཐོགས་ནས་སྐྱེལ་མ་ཞུ་ཞིང་ཕྱག་འཚལ་བའི་རྡུལ་དང། རྒྱ་སྐད་ཀྱིས་སྐྱབས་འཇུག་ཞུ་བའི་སྒྲས་ལུང་པ་གང་ཞིང་ཀུན་ཀྱང་མིག་ནས་མཆི་མ་འཁྲུག་བཞིན་འབྲལ་མ་ཕོད་པར་ལེ་བར་དུ་མའི་བར་དུ་རྗེས་བསྙེགས་པ་མཐོང་ནས་དམ་པའི་བྱིན་རླབས་ལ་ངེས་པ་རྙེད། དབང་སྔོན་མདངས་ལྡན་ཆེ་མཐོ་མཁར་ཆེན་བ་གམ་སུམ་རྩེན་གནས་སུ་སྙེགས། །བདེ་དགས་འཚོ་བའི་མི་རྣམས་འདོད་པས་མྱོས་ཤིང་དགའ་བའི་གླུ་དབྱངས་ལེན། །བྱ་རྣམས་གར་བྱེད་སྲོག་ཆགས་སྣ་ཚོགས་རྣམ་མང་རྟོག་པའི་ཆོ་འཕྲུལ་འགྱེད། །ལྗོན་ཤིང་ལོ་ཏོག་ཆུ་གཙང་གིས་བསྐོར་སྤྲིན་སྔོན་བླ་བྲེ་བྲེས་པ་དེར། །མགྲོན་དུ་གཉེར་བ་བཞིན་དུ་སློབ་མ་འདུ། །ལྗོན་ཤིང་དུད་པ་བཞིན་དུ་ཕྱག་འཚལ་ཞིང། །མཁའ་ལས་ཆར་པ་བཞིན་དུ་ཟང་ཟིང་འབུལ། །འབྲས་བུ་སྨིན་པ་བཞིན་དུ་དུལ་བར་མཛད། །གདན་སར་ཕེབས་ནས་ཚོགས་སུ་མང་ཇའི་ཐོག་བསལ་དོང་ཙེ་ཞོ་རེ་དང། ཇ་སྲང་བརྒྱད་རེའི་འགྱེད་གནང། རེབ་ཙ་བཀའ་འགྱུར་བ་སྤྲུལ་བའི་སྐུ་དཀོན་མཆོག་དམ་ཆོས་ཡར་འཕེལ་སོགས་བསྒྲུབ་བྱ་བདུན་ཅུ་བསྙེན་རྫོགས་དང་སོ་བརྒྱད་དགེ་ཚུལ་དུ་བསྒྲུབས། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང། ཆོས་རྒྱལ་གསུམ་གྱི་རྗེས་གནང། བླ་མཆོད་དང་འབྲེལ་བའི་ཕྱག་ཆེན་གྱི་ཁྲིད་རྒྱས་པ་སོགས་སོ་སོའི་མོས་པ་བཞིན་གྱི་ཆོས་བཀའ་དང་བཀའ་རྩོམ་ཡང་ཅི་རིགས་མཛད། དབྱར་སྔ་ཕྱི་འདི་དག་ཏུ་གཟིམས་གཤག་གི་ནུབ། མེ་ཏོག་གི་སྐྱེད་ཚལ་དུ་བསིལ་


GTD008_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་བསྒྲུབས་ནས་བཞུགས་ཤིང། བསིལ་ཁང་དེར་སྒོ་མེད་སར་སྒོའི་རི་མོ་དང་ལག་ཟུང་བཞག །སྒོ་ངོས་ཡུག་འཇམ་བྱས་པས། ཕལ་ཆེར་གྱིས་སྒོ་མེད་སར་འཛུལ་རེ་བྱེད་ཅིང། ཤེལ་སྒོ་དུ་མར་རྗེ་ཉིད་ཁང་བཟང་དང་བཅས་པའི་གཟུགས་བརྙན་ཤར་བར་རྒྱུས་མེད་ཀྱིས་མཇལ་ཁ་ཞུ་རྩིས་བྱེད་པ་དང། གཟུགས་བརྙན་ལ་དད་གུས་ཀྱི་སྒོ་ནས་གསུང་ལ་ཉན་ཅིང། གཟུགས་བརྙན་ལ་ཐལ་མོ་སྦྱོར་བ་དང། མི་གཟུགས་ཀྱི་རི་མོ་ལ་མི་མགོ་འབུར་གཟུགས་བཞག །ལག་ན་ཤིང་སྒམ་འབུར་དུ་དོད་པ་ཐོགས་པ་དང། ཤེལ་སྣོད་ཀྱི་རི་མོ་ལ་ཤེལ་མདངས་བྱུག་པའི་ཤོག་སྲུབ་ལ་རྨ་བྱའི་སྒྲོ་བཙུགས་པ་སོགས་ཕལ་པས་བལྟས་ན་རྩེད་མོའི་རྣམ་པ་མང་པོ་དང། འཕྲུལ་གྱི་གླེགས་བམ་གཟུགས་བྱས་པའི་སྟེང་ཀུན་རྫོབ་སྒྱུ་མའི་འཁྲུལ་འཁོར་སྦ་མེན་བཞུགས་སོ་ཞེས་བྲིས་པ། གདུལ་བྱ་རྣམས་ཡང་དག་པའི་ལྟ་བ་ལ་བཀྲི་བའི་ཐབས་དམ་པར་གོ །ཆགས་སྡང་གྲྭ་ཟུར་ཐོགས་ས་མེད་པས་བདེ། །ཡུལ་དྲུག་བྱིས་པའི་རྩེད་འཇོར་མ་གཡེངས་བདེ། །ཏིང་འཛིན་དམིགས་པར་ཆོས་ཀུན་ཆུབ་པས་བདེ། །རྟག་ཏུ་ཟག་མེད་དགའ་བས་འཛུམ་པས་བདེ། །སོགས་ཀྱི་རི་མོ་ཡང་འདིར་ཐོག་མར་འགོད་པ་གནང་སྟེ་གོ་དགོས་པའི་གནད་མང་དུ་མཆིས། སྟོན་ཀ་དགོན་ལུང་གི་ཚོགས་གྲྭ་ཚང་སོ་སོར་གཏོང་སྒོ་དང། ཐུའུ་བཀྭན་རྡོ་རྗེ་འཆང་ལ་དངུལ་རྡོ་ཚད་སོགས་ཀྱི་ལེགས་འབུལ། དཀར་སྤྲོ་དང་བཅས་དགོན་ལུང་གི་ཁྲི་ཁུར་སྤོས་པས་དགེ་འདུན་པ་རྣམས་མཚོ་འཁྱག་པའི་ངང་པ་ལྟར་ཅི་བྱ་གཏོལ་མེད་ཀྱི་ཐུགས་ངལ་མཛད། དེ་ཡང་རྗེ་འདི་ཉིད་ཀྱིས་སྐབས་དེ་དག་ཏུ་འཆད་ཉན་གཙོ་བོར་མཛད་ཅིང། དེའི་མཐུས་དགེ་འདུན་གྱི་སྡེ་རྣམས་སུ་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་ཐོས་པ་དོན་དུ་གཉེར་བ་དང། ཐོས་པ་འཛིན་པའི་


GTD008_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་འདོད་བློ་གསལ་གྱི་སྐྱེ་བོ། དབྱར་གྱི་ཆུ་མཚོ་བཞིན་དུ་འཕེལ་བ་ནི་རྒྱལ་བས་བསྔགས་པའི་གནས་སུ་གྱུར་པ་ཡིན་ཏེ། གཟི་བརྗིད་ཅན་གྱི་མདོ་ལས། མང་དུ་ཐོས་པའི་དགེ་སློང་གིས་སྒྲིབ་པའི་གནས་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །ལམ་ངན་པ་ཐམས་ཅད་བཀག་པར་འགྱུར་རོ། །འདིའི་ནང་དུ་དཀར་པོའི་ཆོས་རྣམས་འདུ་བར་འགྱུར་རོ། །མཆོག་ཏུ་ཉེ་བ་ཉིད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པར་འགྱུར་ཏེ། གནས་བརྟན་ཤཱ་རིའི་བུ་དང། གནས་བརྟན་རབ་འབྱོར་དང། དགེ་སློང་ཀུན་དགའ་བོ་བཞིན་ནོ། །ཀུན་དགའ་བོ་དེ་ལྟར་དགེ་སློང་མང་དུ་ཐོས་པ་དག་ནི་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་མི་སྐྱེ་ཞིང་གང་དང་གང་དུ་སྐྱེ་བ་ཐམས་ཅད་དུ་ཤེས་རབ་ཆེན་པོར་འགྱུར་རོ་ཞེས་དང། དགེ་སློང་མང་དུ་ཐོས་པ་འཚོལ་བ་ནི་གནས་ལྔ་འཛིན་པར་འགྱུར་རོ། །ལྔ་གང་ཞེ་ན། འདིའི་ཡིད་ཆོས་ཀྱི་ནང་དུ་ཆུད་པར་འགྱུར་བ་དང་ཤི་འཕོས་ཀྱང་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་དང། དེར་ཡང་ལྷ་རྣམས་འཁོར་བྱེད་པ་དང། ལྷ་དང་མི་རྣམས་ཆོས་དང་ལྡན་པའི་གཏམ་གྱིས་དགའ་བར་བྱེད་པ་དང། ལྷ་དང་མི་རྣམས་ཀྱིས་ཟིལ་གྱིས་མི་ནོན་པར་འགྱུར་བ་དང། ཤི་འཕོས་ནས་ཀྱང་མིའི་ནང་དུ་སྐྱེ་ཞིང་རྒྱལ་སྲིད་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེས་ན་ཐོས་པ་ལས་འདས་པ་ནི་རྒུད་པ་ཐམས་ཅད་ཀྱི་གནས་སུ་མདོ་ལས་གསུངས་པས་རྒྱལ་སྲས་གཞོན་ནུ་ནོར་བཟང་ཐོས་པས་མི་ངོམས་པའི་རྣམ་ཐར་ལྟར་ཐར་འདོད་རྣམས་ཀྱིས་ཐོས་པ་དང་ཡོན་ཏན་འཚོལ་བ་ལ་འབད་པར་བྱའོ། །དེ་ལྟར་མདོ་སྨད་ཀྱི་བཤད་གྲྭ་ཀུན་ལས་ཕྱི་མོ་ལྟ་བུར་གྱུར་པ་དགོན་ལུང་


GTD008_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་གླིང་དང། དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གདན་ས་མཛད་པའི་དུས་འདིར་བཤད་པ་དང་སྒྲུབ་པའི་སྦྲང་རྩིའི་ཁུར་གྱིས་ལྕི་བའི་དགེ་འདུན་གྱི་སྡེ་པདྨའི་མཚོ་ཆེན་ལྟ་བུ་དག །ཉི་མའི་ཟེར་གྱིས་ཕྱེ་བའི་ཆུ་སྐྱེས་བཞིན་དུ་ཆོས་དང་སྲིད་ཀྱི་དཔལ་འབྱོར་འདབ་བརྒྱ་རྣམ་པར་རྒོད་པས་བློ་གསལ་རྐང་དྲུག་བྱེ་བའི་ཉེར་འཚོ་ཟླ་མེད་པར་གྱུར་ཏོ། །སྨྲས་པ། མཁས་པས་ཉེར་བཏེག་འཇིགས་མེད་ཆོས་ཀྱི་ཁྲིར། །རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་ཁྱོད་འཁོད་ཚེ། །སྐྱེ་རྒུའི་གཙུག་ཏུ་ཞབས་སྐྱེས་པདྨའི་རྡུལ། །དྲི་མེད་ནོར་བུའི་ཅོད་པན་ཇི་བཞིན་མཛེས། །བྱིས་པའི་བློ་གྲོས་མེ་ལོང་ཆུང་ངུའི་ངོར། །དོགས་པའི་གཟུགས་བརྙན་འཆར་དཀའ་ཤིང་རྟ་ཆེའི། །བཞེད་གཞུང་སྟོང་གསུམ་བྱེ་བ་ཕྲག་བརྒྱའི་ཞིང། །ཕྲ་རྡུལ་གནས་སུ་འགོད་མཛད་ཁྱོད་མིན་སུ། །མཁས་མཁས་པཎ་གྲུབ་བྱེ་བའི་གཞུང་བརྒྱའི་དོན། །དམ་དམ་ཚིག་དོན་རྒྱས་སྤྲས་དཀའ་གནད་མདུད། །གསལ་གསལ་ལུང་དང་རིགས་པས་ལེགས་བཀྲོལ་ནས། །ལྷོད་ལྷོད་མགྲིན་པའི་ལམ་ནས་འཆད་མཁས་ཁྱོད། །ཐོགས་མེད་འཆད་པས་ཐོགས་མེད་གཉིས་པ་བཞིན། །ཕྱོགས་ལས་རྣམ་རྒྱལ་ཕྱོགས་ཀྱི་གླང་པོའམ། །ཆོས་མིན་ཕམ་བྱེད་ཆོས་ཀྱི་གྲགས་པ་ལྟར། །སྙན་པར་གྲགས་པ་སྙན་པའི་དབྱར་རྔ་བཞིན། །རྩོད་ངག་དགག་སྒྲུབ་རཱ་མ་ཎ་ཡི་མདའ། །འཕངས་པས་དཀའ་གནད་མགྲིན་པའི་དངོས་བཏགས་ལ། །རྨོངས་པའི་འབོད་གྲོགས་མགྲིན་བཅུ་བཅད་མཐོང་ཚེ། །ཚིག་སྤྱིའི་རི་དྭགས་སྙེགས་རྣམས་གྱི་ནར་ངལ། །ཁྱོད་གསུང་བདུད་རྩིས་འཚོ་བའི་སློབ་མའི་ཚོགས། །མང་ཐོས་ཞི་དུལ་དཔལ་གྱིས་ཉེར་མཛེས་ཤིང། །རང་གཞན་ཕན་བདེའི་བསིལ་བ་མི་འདོར་བ། །སོས་ཀའི་དུས་ཀྱི་ཤིང་གི་


GTD008_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་བཞིན། །མཁས་མང་གསེར་གྱི་རི་བོ་ཚར་དུ་དངར། །ཐུབ་བསྟན་རོལ་མཚོ་འཆད་ཉན་རྦ་རླབས་གཡོ། །བཤེས་གཉེན་ལྷུན་པོ་འཕྲིན་ལས་ཉི་ཟླས་མཛེས། །ཐུབ་བསྟན་གླིང་བཞི་རྫོགས་ལྡན་རྩེ་དགའ་འཛིན། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་མདོ་སྨད་ལྷོ་བྱང་གི་ཆོས་གྲྭ་ཆེན་པོ་དག་ཏུ་བཀའ་པོཏ་གཙོར་གྱུར་གྱི་འཆད་ཉན་སྤེལ་བའི་སརྒ་སྟེ་བརྒྱད་པའོ།། །།འཇིགས་མེད་གསང་གསུམ་རྒྱ་མཚོ་ལས་འཁྲུངས་པའི། །བླ་མ་མཁྱེན་པའི་གཏེར་ཆེན་དབྱངས་ཅན་ཟུང། །སྙིང་དབུས་རྨོངས་འཇོམས་སྒྲྲོན་མེར་རྟག་བཞུགས་ནས། །ནམ་ཡང་གཟུངས་སྤོབས་རྣམ་དཔྱོད་ཟླ་མེད་མཛོད། །དེ་ནས་ཟླ་བ་བཅུ་བའི་ལྔ་མཆོད་ལ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་དུ་བྱོན། འདུ་ཁང་གི་འོག་ཤོད་གྲུབ་པའི་ནང་དུ་ཐོ་བཙུན་བསྡུས། མང་འགྱེད་གཏོར་རྒྱག་སྔ་ལོ་ལྟར་གནང། རྟེན་འབྲེལ་གྱི་ཁྱད་མཆོད་རྫས་གདུགས་གཅིག །རྒྱལ་མཚན་ཕྱེ་ཕུར་ཆེ་ལེགས་དྲུག་བཅས་བཞག །ཚུར་ཕེབས་འཕྲལ་དགུན་གྱི་རིང་བཅད་རྒྱ་མཛད་ཅིང། ཉི་ཟློག་གི་སྐབས་སུ་བསྟན་འཛིན་གྱི་སྐྱེས་བུ་མཐའ་དག་གི་ཞབས་བརྟན་དུ། ཡིད་དགའ་ཆོས་འཛིན་གྱི་སྤོང་བ་པ་རྣམས་ཀྱིས་སྒྲོལ་དཀར་ཚེ་སྒྲུབ་ཉིན་བདུན་རེ་མཛད་པར་ཇ་ཐུག་དང། ཇ་སྲང་བརྒྱད་རེའི་འགྱེད་གནང་བ་ལོ་འདི་ནས་བཟུང་སྟེ་ད་ལྟའི་བར་དུ་མ་ཆད་པར་གནས། དགུང་ལོ་སོ་དགུ་པ་ལྕགས་སྤྲེལ་ལོ་གསར་དགའ་སྟོན་སོགས་དཀྱུས་ལྟར་ལ། བསྒྲུབ་བྱ་བཅུ་གཉིས་རབ་བྱུང་དང། དོན་བདུན་བསྙེན་རྫོགས་ལ་བཀོད། མགོན་པོའི་བཀའ་


GTD008_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཅུ་གསུམ། ཁྱུང་ཁྲ། འཇམ་ནག །ལྷོ་བྲག་སྙན་རྒྱུད་ཀྱི་རྗེས་གནང་སོགས་སྩལ། གཉིས་པའི་ཚེས་དགུའི་ཉིན་རི་ཁྲོད་དུ་ཕེབས་པའི་ལམ་ནས་བརྒྱད་སྟོང་པའི་ཤོག་གུ་གཅིག་རླུང་གིས་ཁྱེར་འོངས་ནས་ཕྱག་ཏུ་བབས་པ་ལ་གཟིགས་པས་ཆོས་ཟབ་མོ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཞེས་པ་ནས། དགེ་བའི་བཤེས་གཉེན་ལ་གུས་པར་བྱའོ། །རབ་ཏུ་དང་བར་བྱའོ་ཞེས་ཡོད་པ་གཟིགས་ནས་རྟེན་འབྲེལ་ལེགས་ཞེས་དགྱེས་ཚོར་མཛད། ཕྱིས་སུ་ཐུའུ་བཀྭན་རིན་པོ་ཆེའི་སྤྲུལ་སྐུའི་དོན་བརྟག་ཞུར་འོངས་སྐབས་རྗེ་ཉིད་ནས་བོད་ཀྱི་གྲུབ་མཐའ་ཤེལ་དཀར་མེ་ལོང་ལ་དཔེ་མོ་གཟིགས་པས་རྡོ་རིང་པའི་མདུན་དུ་ཚར་ཆེན་ཕེབས་ཏེ་བཙུན་མ་ཞིག་ནས་མཁའ་སྤྱོད་མའི་བེའུ་བུམ་བྱིན་ནས་འདི་ཁྱོད་ལ་རྡོ་རིང་པས་བསྐུར་ཚུལ་བཤད་པ་ཞུས་པར་རྡོ་རིང་རྗེ་ནས་རྗེ་བཙུན་མས་དཔེ་ཆ་བརྐུ་བར་འདུག་ཅེས་བེའུ་བུམ་དཔེ་ཁང་དུ་བསྐྱལ་ཏེ་སྔར་གྱི་དཔེ་བཏོན་ཤུལ་དུ་ཁྲིགས་ཀྱིས་འགྲིག་པ་བྱུང་ཞེས་པ་དེ་བབས་པས་ཐག་བཅད་པ་སོགས། དོན་གལ་ཆེ་བ་འགའ་ཞིག་ལ་དཔེ་མོ་བཏབ་པས་ཕྱིས་འབྱུང་ཇི་ལྟ་བ་བཞིན་ཐོན་པ་མང་སྟེ་འགོད་པར་མ་ནུས་སོ། །ཚེས་བཅུ་ནས་བདེ་ལམ་གྱི་ཁྲིད་སྨིན་རྒྱས། སེམས་བསྐྱེད་མཆོད་པ་དང་བཅས་པ། འཇིགས་བྱེད་དབང་སྟ་གོན་བཅས་ཞག་བཅུ་བཞིའི་རིང་ལ་གནང་སྟེ། གདུལ་བྱ་རྣམས་ལམ་ཐུན་མོང་བས་རྒྱུད་སྦྱངས་པ་སྔོན་དུ་འགྲོ་བས་རིམ་གཉིས་སྨིན་གྲོལ་གྱི་སྐལ་བ་བཟང་བོར་བཀོད། ཆབ་ཚན་གྱི་འཕྲོད་བསྟེན་ཞག་བདུན་མཛད་ནས་ཧལ་ཧ་དགེ་བཤེས་བསོད་ནམས་དབང་རྒྱལ་སོགས་དོན་གཉེར་བ་དུ་མ་ལ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང། བདེ་མཆོག་ནག་པོའི་དབང། ལྷོ་བྲག་བཀའ་


GTD008_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱི་ལུང་རྗེས་གནང་ཆ་ཚང། བདེ་མཆོག་གི་བསྐྱེད་རྫོགས་ཀྱི་ཁྲིད། བདེ་མཆོག་ནག་པོ་ལུགས་ཀྱི་སྒྲུབ་ཐབས་དཀྱིལ་ཆོག་ཆ་ལག་ཚང་མའི་བཀའ་རྩོམ་ལུང་དང་བཅས་པ་གསུམ་པའི་ཟླ་ཁོངས་སུ་གྲུབ། དགོན་པ་སྤྱི་ནས་ཞུས་པ་ལྟར་བཞི་པའི་ཚེས་གཅིག་ནས་ཚོགས་ཆེན་འདུ་ཁང་དུ་ཉན་མཁན་དེར་ཤོང་ལ་བདེ་ལམ་གྱི་ཁྲིད་སྨིན་རྒྱས་སུ་སྩལ་ཏེ་བཅོ་ལྔའི་ཉིན་སེམས་བསྐྱེད་མཆོད་པ་མཛད། སྐབས་འདིར་མ་ཟད་ལམ་ཁྲིད་རྒྱས་པ་ནམ་གནང་ལ་སེམས་བསྐྱེད་མཆོད་པ་རེ་ཕལ་ཆེར་ཆག་མེད་གནང། མདོ་རེ་རེ་གསུངས་པ་ན་ལྷ་དང་མི་མང་པོས་སེམས་བསྐྱེད་པ་ནི་ཐོས་པའི་སྟོབས་སུ་གསུངས་པ་ལྟར། འདི་ཡང་སྟོབས་བཞིའི་ནང་གི་ཐོས་པའི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱ་སྟེ། མདོ་སྡེ་རྒྱན་གྱི་འགྲེལ་བཤད་སློབ་དཔོན་བློ་བརྟན་གྱིས་མཛད་པ་ལས། ཚེ་འདི་ལ་དགེ་བའི་བཤེས་གཉེན་མང་པོ་ལས་ཆོས་ཐོས་པ་ཡང་ལན་གྲངས་མང་དུ་མཉན་ཏེ་ཆོས་དང་དོན་ཤེས་རབ་ཀྱིས་མཐོང་ནས་སེམས་བསྐྱེད་པ་ནི་ཐོས་པ་གོམས་པའི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །སེམས་བསྐྱེད་པ་ཙམ་ལ་ཡང་ཕན་ཡོན་དང་བསྔགས་པ་བསམ་གྱིས་མི་ཁྱབ་པ་མདོ་ལས་གསུངས་པ་ལྟར་དོན་ཤིན་ཏུ་ཆེ་ཞིང། ཉིན་མོའི་སྐར་མ་ལས་ཀྱང་དཀོན་པས་ཤིན་ཏུ་དད་པར་བྱ་རིགས་ཏེ། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྨོན་པ་དེ་དག་ཀྱང་དཀོན་ནོ། །ཞེས་གསུངས་སོ། །བཅུ་བདུན་ནས་བཅད་རྒྱ་མཛད་ཅིང། བཤོལ་ཟླ་ཕྱི་མ་ལ་བཅད་རྒྱའི་ཁོངས་ནས་སུམ་ཅུ་དགེ་ཚུལ་དང་


GTD008_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བདུན་བསྙེན་རྫོགས་སུ་བསྒྲུབས་ཏེ་བསྟན་པའི་རྒྱལ་མཚན་བསྒྲེངས། སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་སྐྱེས་རབས། སྤྱོད་འཇུག །རྣམ་ཐར་དད་པའི་འཇུག་ངོགས་སོགས་ཀྱི་ལུང་ཕུལ། དཱ་ཚང་ནས་གདན་འདྲེན་པ་འབྱོར་བ་ལྟར་ཟླ་བ་ལྔ་པའི་ཚེས་དགུ་ལ་བཏེག །དངུལ་རའི་ལྷ་སྡེ་ནས་གདན་འདྲེན་ཞུས་ཏེ་མར་རྒྱ་མ་སྟོང་སོགས་བསྙེན་བཀུར་གྱ་ནོམ་པ་ཞུས། ཚ་གན་པེ་ཤིང་དུ་གདན་དྲངས་པ་ལྟར་རྨ་ཆུ་ཚུར་བརྒལ་ནས་བྱོན། སེར་སྐྱའི་ཁྲོམ་ཆེན་པོ་ལ་ལམ་གཙོའི་ཁྲིད་དང། འཇིགས་བྱེད་ཀྱི་དབང་བསྐུར་མཛད། རྨ་ཆུ་བརྒལ་ནས་བྱམས་མེ། གླིང་པ། ཟངས་དཀར། རོང་རུ། སྐྱ་མགོ་སོགས་ལམ་བར་གྱི་འབྲོག་པ་རྣམས་ཀྱིས་གདན་དྲངས། བཅུ་གཅིག་ཞལ་གྱི་དབང་ཚར་བདུན་སོགས་ཀྱིས་སོ་སོའི་རེ་བ་ཚིམ་པར་མཛད། སོ་སོས་དད་འདུན་རྩེ་གཅིག་གིས་ནོམ་རྫས་སབ་སོབ་དང་གནག་རྟ་ཁག་ཁོག་མིན་པར་གཅེས་ནོར་བཟང་དགུ་ཡོད་འབུལ་ལྟ་བུ་བྱས་པས་ཞག་ཉུང་ཤས་ལ་རྟ་ནོར་གང་བཟང་བཞི་བརྒྱ་ལྷག་དང་གོས་ཕྲུག་རས་ཟམ་སོགས། འབུལ་ནོད་བློར་མི་ཤོང་བ་ལྟ་བུ་འདུས། རབ་བྱུང་བསྙེན་རྫོགས་རེ་རེ་གཉིས་གཉིས་ཞུས་པ་འཕྲལ་དུ་གནང་བས་སུམ་ཅུ་སྐོར་ཅིག་བསླབ་པ་ལ་བཀོད། དཔའ་རྩལ་དྲེགས་པས་ལྷ་མིན་ཕམ་བྱེད་གེ་སར་དམག་གི་རྒྱལ་པོ་ཡིས། །གནའ་དུས་བཟུང་བས་གླིང་ཡུལ་ཞེས་གྲགས་འབྱོར་པའི་མཛོ༷ད་དང་དགེ༷་བའི་དཔལ། །ལྷ་ཡུལ་འགྲན་ནུས་མར་གད་ས་གཞིར་ནེའུ་གསིང་དག་གིས་ཕྲ་བཀོད་ཅིང། །བཞད་དང་ཁྲུང་ཁྲུང་ངང་པས་འཕུར་ལྡིང་རྣམ་རོལ་ནོར་འཛིན་ཐིག་ལེ་དེར། །གནམ་སྔོན་ས་ལ་ལྷུང་འདྲའི་ཁྱོན་ཡངས་པོར། །གནག་ལུག་རྟ་ཁྱུ་ཐང་མར་བདལ་བས་གང། །ཉི་ཟླ་རྒྱུ་སྐར་རྩེ་དགའ་ལ་འགྲན་པར། །མི་རྣམས་


GTD008_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་འབྱོར་ལང་ཚོས་འགྱིང་བག་འཛིན། །རྩྭ་བཅུད་མེ་ཏོག་དོ་རར་རྐང་དྲུག་ཚོགས། །སྙན་པའི་སྦྲང་གླུས་རྣ་བའི་བཅུད་ལེན་འགྱེད། །སྐྱེ་འགྲོའི་ཚོགས་རྣམས་སྣོད་བཅུད་ཕུན་ཚོགས་པའི། །བདེ་སྐྱིད་དཔལ་གྱིས་མྱོས་པའི་ཅ་ཅོ་སྒྲོགས། །ཆུ་ཀླུང་ཆེ་རྣམས་ཆད་མེད་དལ་གྱིས་འབབ། །སྣ་ཚོགས་རླབས་ཀྱི་མེ་ཏོག་ཕྱོགས་བརྒྱར་འཕེན། །འབྱོར་པ་ཆེ་རྣམས་དད་སྟོབས་ཕན་ཚུན་འགྲན། །མཆོག་གསུམ་མཆོད་པའི་མེ་ཏོག་ཕྱོགས་བརྒྱར་འཐོར། །གང་དུ་མཆོད་ཡུལ་མཁའ་ལ་ཆར་སྤྲིན་ནམ། །ས་ལ་མེ་ཏོག་སྣ་ཚོགས་འཁྲིགས་པ་བཞིན། །གཏོང་བ་མཚོ་ལས་རླངས་པ་འཕྱུར་བའམ། །མཁའ་ལས་ཆར་པ་འབེབས་པའི་ཚུལ་འཛིན་མོད། །ཁྱད་པར་མགོན་ཁྱོད་བྱིན་རླབས་འོད་སྟོང་གི །བགྲོད་པ་ཞུགས་པ་དེ་ཚེ་གདུལ་བྱའི་ཚོགས། །ཞལ་མཐོང་ཙམ་གྱིས་ཚེ་འདིའི་སྣང་མུན་སངས། །དད་པའི་པདྨོ་གཞན་ལ་འཕྱ་བཞིན་རྒོད། །དགའ་བདེའི་གཉིད་ལ་ཡུར་བའི་སྐྱེ་བོ་འདི། །གློ་བུར་མི་ལུས་ཐོབ་བཞིན་དྲན་པ་རྙེད། །འོན་ཀྱང་འཕྲལ་དུ་རང་གིས་རང་ཉིད་བརྗེད། །ཁྱོད་ཉིད་སེམས་པའི་ངང་ལ་ཅུང་ཟད་བརྒྱལ། །དེ་དག་མོས་འདུན་གསེར་གྱི་དཀྱིལ་འཁོར་ལ། །སྣ་ཚོགས་ཁམས་དང་མཐུན་པའི་ཆོས་ཆར་ཕབ། །བསྔོ་སྨོན་རླུང་གིས་རྒྱ་ཆེར་བསྲུབས་པ་ལས། །བརྟན་གཡོ་རྣམ་དག་འགྲུབ་པའི་རྟེན་འབྲེལ་འགྲིག །ཟླ་བ་བདུན་པའི་ཚེས་ཉེར་གཉིས་ལ་དཱ་ཚང་དུ་ཕེབས། བརྒྱད་པའི་ཚེས་མགོར་ཇ་ཕུའི་སྡེ་གཤམ་མ་དང། ཟླ་མཇུག་ལ་སྡེ་སྟོད་མས་གདན་འདྲེན་ཞུས་པར་ཞག་ཁ་ཤས་རེ་ཕེབས་པ་མ་གཏོགས་དགོན་དེར་རྒྱུན་རིང་ཙམ་བཞུགས་ནས་ཞག་བཅུ་གཅིག་གི་བར་དུ་བདེ་ལམ་གྱི་


GTD008_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་སྨིན་རྒྱས། གཞན་ཡང་རིགས་གསུམ་མགོན་པོ། ཁྱུང་ནག །རྣམ་འཇོམས། རྟ་མགྲིན། མགོན་པོ་དཀར་ནག །ལྷ་མོ་སོགས་ཀྱི་རྗེས་གནང། དམུ་དགེའི་ཁྲི་པ་གླིང་སྤྲུལ་བའི་སྐུ་དང་ཁྲི་ཟུར་ལྷ་རམས་པ་དགེ་བའི་བཤེས་གཉེན་ཁྲིམས་ཆོས་མཛད་ཀྱིས་ཞུས་པ་ལྟར་ཚོགས་མང་ལ་བཅུ་གཅིག་ཞལ་དང། ཚེ་དཔག་མེད་ཀྱི་དབང། ཉུང་བསྡུས་ལ་གཅོད་དབང། བསྒྲུབ་བྱ་དུ་མར་རབ་བྱུང་བསྙེན་རྫོགས་སོགས་གང་འདོད་ཀྱི་རེ་བ་བསྐང་ཞིང། བཀའ་རྩོམ་ཐོར་བུ་ཡང་ཅི་རིགས་གནང། རྟ་དང་མཛོ་མཛོ་མོ་འདྲེས་པ་བདུན་ཅུ་སྐོར་ཅིག་གིས་གྲྭ་པ་རེ་ལ་ཇ་བག་གཉིས་རེ་ཐེམ་རྩིས་ཀྱི་འགྱེད་དང། སླར་ཡང་མང་ཇ་དང་ཁ་དར་ཉིན་བདེ་མ་རེའི་འགྱེད་བཏང་ནས། ཞབས་བརྟན་གསོལ་འདེབས་སྐལ་བཟང་བསོད་ནམས་མ་ཚོགས་ལ་བཙུགས། ཨ་མཆོག་བྱིང་འདྲེན་ཞབས་ཕྱིར་ཡོད་པ་ཟས་མ་འཕྲོད་པའི་གཟེར་ནད་ཀྱིས་འཆི་ལ་ཐུག་པར་བཞེས་ཕོར་གྱི་ཇ་ལ་རྩམ་པ་ཅུང་ཟད་བསྲེས། ཞལ་ཕུ་བཏབ་ནས་གནང་བས་འཕྲལ་དུ་ཟུག་གཟེར་ཆག་ཅིང་དེ་ནུབ་ནས་སྦྱོང་རྒྱུགས་ཏེ་སངས་དྭངས་སུ་སོང། དེ་ནི་གྲུབ་ཆེན་ལ་ལི་ཏས་ཨུ་རྒྱན་གྱི་ཡུལ་ནས་འཇིགས་བྱེད་ཀྱི་རྒྱུད་སྤྱན་དྲངས་པའི་ལོ་རྒྱུས་ལྟར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་མཚན་སོ་སོའི་ལས་ཚོགས་ཀྱིས་མཚོན་པའི་ལས་རབ་འབྱམས་ལ་མངའ་བརྙེས་པའི་འབྲས་རྟགས་ཀྱི་མཛད་པ་ཐུན་མོང་དུ་བསྟན་པའོ། །ལུས་ཟུངས་གསོ་བར་འདོད་ནས་སྣ་ཚོགས་ཟས། །སྤྱད་པས་མི་འཕྲོད་སྦྱར་ལོག་གྱུར་དུག་གིས། །གདུངས་པ་སྦྱོང་བྱེད་སྔགས་དང་ཏིང་འཛིན་མཐུ། །སྲོག་འཕྲོག་བི་ཥའི་གཤེད་དུ་བདུད་རྩིར་སྨིན། །དགུ་པའི་ཚེས་ལྔ་ལ་བསྒྲུབ་བྱ་རེ་དགུ་དགེ་ཚུལ་དུ་བསྒྲུབས། བཅུ་གཅིག་ལ་དེ་ནས་བཏེག་སྟེ། རིམ་གྱིས་ཕེབས་པས་ཁ་ནག་དབལ་ཤུལ་བ་རྣམས་ཀྱིས་


GTD008_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་གི་ཁྲོམ་དབང་ཞུས་ནས་དངུལ་སྲང་ལྔ་བཅུ། མར་རྒྱ་ཆེན་སུམ་བརྒྱ་ལྔ་བཅུ་ཕུལ་བ་ཕྱིར་སློག་ཅིང་གང་མྱུར་གྱིས་ཕེབས་ཀྱང་སྦྱིན་བདག་འགའི་འདུན་པ་སྐོང་དགོས་ཐབས་མེད་བྱུང་བས་བཅུ་པའི་བཅུ་དགུའི་ཉིན་བཀྲ་ཤིས་འཁྱིལ་དུ་ཕྱག་ཕེབས། ཉི་གཞོན་གསར་བའི་འོད་རླབས་མཁའ་ལམ་ཁྱབ་པར་བདལ་ཡང་ས་ལ་སྙོམས་པར་འབབ། །སྤྲིན་སྔོན་བླ་བྲེ་ཀུན་གསལ་ཁྱབ་པར་འཁྲིགས་ཀྱང་འཛིན་མའི་ཁྱོན་ལ་ཆར་རྒྱུན་སྙོམས། །དག་པ་གཉིས་ལྡན་ཆོས་སྐུར་གཞོལ་ཡང་ཕན་བདེའི་འཕྲིན་ལས་རིས་མེད་འགྲོ་ལ་སྙོམས། །འདི་དག་མཚུངས་པར་སྒྲོགས་ཀྱང་དམ་པའི་མཛད་བཟང་མི་མཉམ་ཁྱད་པར་བླ་ན་མཐོ། །ཚ་ཁོར་མ་ཕེབས་གོང་དུ་ཕྲན་མཛོད་དགེར་དགོན་པ་གསར་འདེབས་ཀྱི་རྡོ་རྗེ་སློབ་དཔོན་དུ་རྗེ་ཉིད་ཀྱི་ཐུགས་བཞེད་ལྟར། སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་ནས་བཀའ་བབས་པ་བཞིན་ཟླ་བ་བརྒྱད་པའི་ཚེས་གསུམ་ལ་ཁྲི་འདོན་བྱས། དགེ་ཚུལ་སློང་ཁ་ཤས་ཡོད་པ་ལ་ཕྱིར་བཅོས་ཀྱི་ཕྱག་ལེན་སོགས་བསླབ་ནས་བཅོ་ལྔའི་ཉིན་གསོ་སྦྱོང་ཚུགས། གཟན་ཤམ་ཞྭ་ཟླམ་སོགས་ཞིབ་ཚགས་བྱས། ལོ་བཞི་བཅུ་ལོན་པ་མན་ཆད་ལ་རང་རང་གི་བབས་དང་བསྟུན་པའི་རྒྱུགས་དང། གཞོན་བཟང་སུམ་ཅུ་སྐོར་ལ་འཇིགས་བྱེད་བདག་འཇུག་འཛིན་བཅུག་སྟེ། གདངས་དབྱངས་སོགས་བསླབས་ནས་རྒྱུན་རིང་ཙམ་སོང་སྐབས་མ་ཡུམ་གཟུགས་གཞི་ཅུང་ཙམ་མ་བདེ་བར་བརྟེན། རྗེ་ཉིད་ཚ་ཁོ་ནས་ཕེབས་མིན་བལྟ་ཕྱིར་སོང་བ་རྣམས་གདན་སར་ཕེབས་པ་དང་འགྲིག །མ་ཡུམ་གྱི་རྒྱུ་མཚན་ཞུས་ནས་གདན་འདྲེན་གྱི་ཞུ་བ་ཕུལ་བས་འཕྲལ་དུ་ཕེབས། རིམ་གྲོ་ཅུང་ཟད་གནང་བས་ཡུམ་གྱི་གཟུགས་གཞིའི་ན་ཚ་


GTD008_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས། ལྔ་མཆོད་ཀྱི་རིང་དགོན་གསར་དུ་བཞུགས་ཤིང། གདངས་དབྱངས་དང་ཕྱག་རྒྱ་བསླབ་པ་ལ་གཟིགས་རྟོག་མཛད། གྲྭ་པ་ཐམས་ཅད་ཞྭ་ཟླམ་དང་བཅས་ཏེ་འཚོགས་ནས་འཇིགས་གསང་གཉིས་གདངས་དང་བཅས་ཏེ་ཚུགས། ཉི་ཤུ་དགུའི་ཉིན་བསྐང་གསོ་བཏང་ནས་ཕྲན་གྱིས་གཏོར་མ་འཕང་བར་སྐུ་འཁོར་རྣམས་ཕྲན་གྱི་རྗེས་སུ་མངགས་ཏེ་སྤྱན་དམིགས་བཀའ་དྲིན་བསྐྱངས། གདན་སར་བྱོན་པའི་ལམ་ནས། ཤིས་ཚང་དུ་ཕེབས་དགོས་བྱུང་བར་དུས་རྒྱུན་ཧོ་ཤི་སྔ་བར་འགྲོ་བཞིན་པ་ཡིན་ཀྱང་ནུབ་གཅིག །སང་ཞོགས་ཉི་མ་མ་ཤར་བར་དུ་སྡོད་གསུང་བ་ལྟར་བྱས་ནས་ཕེབས་པས། ཧོ་ཤི་སྔོན་མའི་ཐོག་ཏུ་ཇག་པ་རྒྱུག་གྲབས་བྱེད་པའི་བར་དུ་རྗེ་ཉིད་ཀྱི་དབུ་གདུགས་མཐོང་ནས་ལེན་རྒྱུ་བཤོལ་ཏེ་མཇལ་ཁ་ཞུས། བསྒྲུབ་བྱ་ཉེར་ལྔ་ལ་ཚིགས་སྔ་ཕྱིའི་བསླབ་པ་སྩལ། བཅུ་གཉིས་པའི་ཉེར་གསུམ་ལ་སྔ་སོར་གསོལ་བ་བཏབ་པ་ལྟར་སླར་ཡང་དགོན་གསར་དུ་བྱོན། ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་དང་སྦྲགས་ནས་བདེ་མཆོག་དང། འཇིགས་བྱེད་ཀྱི་དབང་སྟ་གོན་དང་བཅས་པ་གནང། གསང་འདུས་ཀྱི་དབང་ཁྱོད་རང་གིས་བསྐུར་ཞེས་ཕྲན་ལ་བཀའ་བབས། རྗེ་ཉིད་ནས་མཁན་པོ་གནང། ཕྲན་གྱིས་ལས་སློབ་བྱས་ནས་བསྒྲུབ་བྱ་གོ་བདུན་བསྙེན་རྫོགས་དང། བརྒྱ་དང་སུམ་ཅུ་དགེ་ཚུལ་དུ་བསྒྲུབས། དགུང་ལོ་བཞི་བཅུ་པ་ལྕགས་བྱ་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་དགོན་དེ་ཉིད་དུ་མཛད། ཚེས་གཅིག་གི་ཕྱི་དྲོ་ཆོས་གྲྭ་གསར་ཚུགས་ཀྱི་རྟེན་འབྲེལ་དུ་རྗེ་ཉིད་ནས་ཆོས་གྲྭར་ཡོན་ཏན་གཞིར་གྱུར་མའི་སྟེང་ནས་མདོ་སྔགས་ཡོངས་རྫོགས་ཀྱི་གསུང་བཤད་དང། བརྩི་བཞག་སོ་སོའི་མགོ་ནས་


GTD008_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐུན་རེ་གནང། དེ་ཡང་ཞལ་ནས། དབུས་སོགས་ན་རྒྱུད་སྟོད་སྨད་དང་གྲྭ་ས་ཚོ་ཕན་ཚུན་གཅིག་གྲོགས་སུ་གཅིག་འགྲོ་བ་ཡིན་ཀྱང་འདིར་གྲྭ་ཚང་གཅིག་ལས་མེད་སྟབས་ལམ་རིམ་དང་འདུལ་བའི་བརྡ་རྣ་བར་བྱང་བ་གལ་ཆེ། འཛིན་གྲྭ་གོང་མ་ལ་ལམ་རིམ་དང་འདུལ་བའི་བསླབ་བྱ་རེ་མོས་བརྩི་བཞག་དང། ཆོས་གྲྭ་དགུན་ཆོས་ལྟར་འཚོགས་ཏེ་བློ་སྦྱོང་རེ་གསུང་ཆོས་བྱས་ན་ལམ་རིམ་དང། འདུལ་བའི་བརྩི་བཞག་གསུང་བཤད་བཅས་འཛིན་གྲྭ་གསུམ་གས་ཉན་ཆོག་པའི་དགོས་པ་ཡོད་གསུངས། ཚེས་གསུམ་གྱི་ཕྱི་དྲོ་ཚ་ཁོ་སྔགས་རམས་པ་བཀྲ་ཤིས་རྒྱ་མཚོས་དགེ་བསྐོས་དང། བྱིང་འདྲེན་སྔགས་རམས་པ་བསྟན་འཛིན་གྱིས་བྱིང་འདྲེན་བྱས། གྲྭ་པ་རྣམས་བསླབ་གྲྭའི་ལུགས་ལྟར་འཚོགས་ནས་རྒྱུད་གྲྭ་གསར་དུ་ཚུགས་པར་དོང་ཙེ་ཞོ་ལྔ་རེ་དང། ཁ་དར་གྱི་འགྱེད། འདུ་ཁང་དུ་རྒྱལ་མཚན་ཆ་གཅིག་ཕྱེ་ཕུར་བཅས་གནང། ཚེས་བཞིའི་ཉིན་རྗེ་ཉིད་ཚོགས་དབུར་བྱོན། ཕྲན་བླ་མ་དབུ་མཛད་པའི་ཚུལ་བྱས་ཏེ་རས་བྲིས་ལ་བརྟེན་ནས་འཇིགས་བྱེད་བདག་འཇུག་གསར་ཚུགས་དང། སྒྲུབ་མཆོག་ཞག་ལྔ་དང། རིམ་གྱིས་ཚོགས་ཆོས་གྲྭ་དགུང་ཇ་སྐུ་རིམ་སོགས་རྒྱུད་གྲྭའི་ལུགས་ལྟར་བྱས། ཚེས་ལྔའི་ཉིན་རྗེ་ཉིད་གདན་སར་བྱོན། སྨོན་ལམ་ཆེན་མོའི་རིང་དགེ་འདུན་སུམ་སྟོང་ལ་ཇ་ཐུག་དངོས་གཙང་དང། དངུལ་སྲང་བརྒྱད་སྟོང་བཞི་བརྒྱ་ལྷག་གི་རྩིས་ཀྱིས་གྲྭ་པ་རེ་རེའི་ཕྱག་ཏུ་དོང་ཙེ་ཁྲོན་དྲུག་རེ་ཐེམ་ངེས་ཀྱི་འགྱེད་ཉིན་རེ་མོས་ཀྱི་ཚུལ་དུ་གནང། སྐོར་ལམ་ནས་ཉིན་རེ་ཞིང་མུ་ལྟོ་བ་སུམ་བརྒྱ་ལྷག་མན་ཆད་ལ་ཇ་ཐུག་དང། ཇ་མར་རྩམ་གསུམ་གྱི་སྦྱིན་གཏོང་རྒྱ་ཆེར་མཛད། ཚེས་བཅུ་


GTD008_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཉིན་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་ཚོགས་དབུར་གདན་དྲངས་ཏེ་དངུལ་སྲང་སྟོང་དང་ལྔ་བརྒྱའི་རྩིས་ཀྱི་ནོར་སྣ་རྣམ་གྲངས་མང་ཙམ་ཕུལ། དེ་དང་འབྲེལ་བར་འཁྲུངས་རབས་ལྷ་ཁང་དུ་སྐྱབས་མགོན་མཆོག་གི་འཁྲུངས་རབས་བཅུ་གསུམ་གྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་གཙོ་འཁོར། བླ་བྲེ། ཀ་འཕན་མཆོད་རྫས་སོགས་ལ་དངུལ་སྲང་ཉིས་སྟོང་གི་རྩིས་ཀྱིས་ལེགས་པར་བཞེངས་ཏེ་རིང་བསྲེལ་རྣམ་བཞིས་བྱུར་བུར་གཏམས། སྨོན་ལམ་གྱི་སྐབས་སུ་བཀྲམ་རྒྱུའི་ངོ་མཚར་བའི་མཆོད་པ་བཅོ་བརྒྱད་ནི་སྒྲུབ་པའི་མཆོད་པ་འབའ་ཞིག་ཡིན་པས་རི་མོ་བྲི་དཀའ་གསུངས་ནས། ༸སྐྱབས་མགོན་རྡོ་རྗེ་འཆང་གི་དུས་བཏང་སྙོམས་སུ་བཞག་ཡོད་པ་ལོ་འདིར་ཕར་ཕྱིན་བཅུ་ལ། གཏེར་དང་རིན་ཆེན་འབྱུང་གནས་མཚོ། །ཞེས་སོགས་ལྟར་དང། རྣམ་ཐར་སྒོ་གསུམ་ལ་ཆོས་འབྱུང་གྲུ་གསུམ་པ་སོགས་མདོ་རྒྱུད་དང་མཐུན་པར་བྲིས་ནས་བཞག་པ་འདི་ཙམ་ཡང་མཁས་རློམ་ཕལ་གྱིས་བསམ་པའི་ཡུལ་ལས་འདས་པའི་གནས་ཤིག་ཡིན་ནོ། །དེ་དག་གི་ཞར་ལ་བསྒྲུབ་བྱ་བརྒྱ་དང་ཞེ་གསུམ་ལ་ཚིགས་སྔ་ཕྱིའི་སྡོམ་པ་དང། རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་སོགས་སྩལ་བ་དང། རྒྱུད་པའི་མགོན་ཁང་གི་མགོན་ཆོས་འཇིགས་གསུམ་གྱི་གསེར་སྐུ་རབ་གནས་སོགས་ཟླ་ཕྱེད་འདི་ཙམ་གྱི་རིང་ལ་ཡང་བསྟན་པའི་བྱ་བ་རྒྱ་ཆེ་བར་མཛད། སྨོན་ལམ་གྲུབ་པའི་དགའ་སྟོན་དུ་མཆོག་སྤྲུལ་རིན་པོ་ཆེ་གཟིམས་ཤག་ཏུ་གདན་དྲངས་ཏེ་དགྱེས་སྟོན་དང་དངུལ་སྲང་ལྔ་བཅུ་སོགས་ཀྱི་ལེགས་འབུལ་ཞུས། ཉི་མའི་གཉེན་གྱིས་མུ་སྟེགས་སྟོན་པ་དྲུག །ཉི་མའི་འོད་ཀྱིས་མེ་ཁྱེར་ཟིལ་གནོན་ལྟར། །ཆོ་འཕྲུལ་གྱིས་བཅོམ་ཆོ་འཕྲུལ་དུས་ཆེན་ལ། །ཆོ་འཕྲུལ་ལ་


GTD008_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན་ཆོ་འཕྲུལ་མཆོད་སྤྲིན་སྤྲོས། །ཕལ་པའི་རྫས་ཀྱི་དངོས་པོ་འཛམ་བུའི་འབྲས། །ཞིང་མཆོག་མཆོད་པའི་མ་དྲོས་མཚོར་ལྷུང་བས། །བྱང་ཆུབ་སྙིང་པོ་བླ་མེད་གསེར་སྦྱངས་སུ། །གྲུབ་པས་འཕྲལ་ཕུགས་ཕན་བདེའི་འོད་བརྒྱ་འབར། །གཉིས་པའི་བཅུ་གཅིག་ལ་རྒན་ཀྱའི་བྲག་དཀར་དུ་གདན་དྲངས་པ་ལྟར་བྱོན། ཚོགས་ཆོས་གྲྭ་སོ་སོར་འདོད་མོས་ལྟར་ཕེབས་ནས་གསུང་གི་བདུད་རྩིས་ཚིམ་པར་མཛད། འབུལ་བ་རྣམས་ཕྱིར་སློག་ཅིང་ཚོགས་སུ་མང་ཇ་དང་ཉིན་བདེ་མ་རེའི་འགྱེད་གནང། གཟིམས་ཁང་རྙིང་པ་ཞིག་རལ་དུ་སོང་བར་གསར་ཕུབས་ཀྱི་ཐེབས་བཞག །སླར་ཡང་དགོན་པར་བྱོན་ནས་ཟླ་བ་ལྔ་པའི་བཅུ་དགུ་བར་དུ་བཅད་རྒྱ་དམ་པར་མཛད། མཚམས་ཁོང་དེར་བསྒྲུབ་བྱ་བརྒྱད་ཅུ་དགེ་ཚུལ་སློང་དུ་བསྒྲུབ་ཅིང། ཚོགས་སུ་མང་ཇ་ཉིན་འཁྱོངས་དང་ཁ་དར་གྱི་འགྱེད་སྩལ། དེ་ནས་ཁྱ་དགེ་དགོན་དུ་གདན་དྲངས་པ་ལྟར་ཉེར་ལྔ་ལ་བཏེག །ལམ་བར་ནས་བྲག་ལུང་རི་ཁྲོད་དུ་གཞི་གསུམ་ཆོ་གའི་ལུང། ཨ་འཁོར་བྲག་དཀར་རི་ཁྲོད་དུ་རྣམ་རྒྱལ་མ། རྟ་མགྲིན། ལོ་གྱོན་མ་སོགས་ཀྱི་རྗེས་གནང་སྩལ། དགེ་སློང་རི་ཁྲོད་པ་ངག་དབང་དཔལ་འབྱོར་ཟེར་བའི་ཕ་སྔགས་པ་ཞིག་ཡོད་པས་རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་པ་བགྲངས་ནས་ཐོད་འཕྲེང་གཅིག་དང་བཅས་ཕྲེང་བ་བཅུ་གཅིག་ཟད། རི་ཁྲོད་པ་ཁོ་རང་གིས་ཀྱང་དེ་དང་འདྲ་ལ་ཁད་བགྲང་བས་འདིར་རྟ་མགྲིན་གྱི་རྗེས་གནང་སྐབས་རྗེ་ཉིད་ཀྱི་ཞལ་རས་དང་ན་བཟའ་ཐམས་ཅད་དམར་པོ་དང། ཁྱད་པར་སྤྱན་ནས་འོད་དམར་པོ་མེའི་ཕུང་པོ་ལྟ་བུ་འཕྲོ་བ་མཐོང་ཚུལ་ཆོས་གྲོགས་རི་ཁྲོད་པ་གཅིག་ལ་བཤད་པས་བླ་མ་ཡི་དམ་དབྱེར་མེད་ཀྱི་མཐོང་སྣང་


GTD008_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡིན་མོད་ཟེར། དུས་ཕྱིས་ཤིག་རི་ཁྲོད་པ་ཁོ་རང་བཀྲ་ཤིས་འཁྱིལ་དུ་ཞལ་མཇལ་ནས། སྔར་གྱི་ལོ་རྒྱུས་དང་དད་པའི་ངུ་ངག་གིས་མ་ཤི་ཚུན་ཆད་དུ་མཇལ་ཐུབ་མི་ཐུབ་གང་ལྟར་ཡང་སྐྱབས་འཇུག་གནང་དགོས་ནན་གྱིས་ཞུས་པར། མཇལ་མ་མཇལ་ལ་ལྟོས་པ་མེད་ང་དང་འོད་དཔག་མེད་དབྱེར་མེད་པ་མ་བརྗེད་པ་གྱིས་གསུངས་པ་རི་ཁྲོད་པ་རང་གི་ངག་ནས་ཐོས། སྤྱིར་རྗེ་བླ་མ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་གཞན་ལྟ་ཅི། སྤྱན་གྱིས་གཟིགས་སྟངས་གཅིག་པོ་ལ་ཡང་དུས་རྒྱུན་བརྩེ་བའི་ཉམས་དང་འདྲེས་པའི་ཞི་བའི་གཟིགས་སྟངས་ཀྱིས་ཐམས་ཅད་ཡིད་དང་བར་བྱེད་ཅིང། རེས་འགའ་མི་ཚོགས་ཆེ་སྐབས་སོགས་སུ་སྤྱན་རྩ་དམར་ཁྱུར་རེ་ནམ་མཁའ་ལ་འབུར་ཚུགས་སུ་གཟིགས་པས་མཆོག་དམན་ཀུན་ཟིལ་གྱིས་གནོན་པ་དང། དྲེགས་པ་ཅན་རྣམས་སྤ་བཀོང་བས་ཞུམ་སྟེ་རྒྱལ་དབང་ལྔ་པའི་སྐུ་ཉམས་ངོ་མ་ལྟ་བུའི་གཟི་བརྗིད་འདུག་ཅེས་དཔྱོད་ལྡན་རྣམས་མཐུན་པར་གླེང་ཞིང། སྐབས་འགར་གཟིགས་སྟངས་ཀྱི་ཉམས་ཤིག་གིས་སོ་སོའི་བསམ་ངོར་རང་ཁོ་ནར་སྒེར་དུ་གཟིགས་པ་སྙམ་དུ་ཆོས་མིན་གྱི་སྤྱོད་པ་དང། ལྐོག་ཏུ་འཕྲོས་གླེང་སྣ་ཚོགས་སོགས་གནོང་ལ་ཕོག་པས་འཇིགས་ཞུམ་པ་དང། སྐབས་གཞན་དུ་སྤྱན་གྱིས་གཟིགས་སྟངས་ཀྱིས་མི་མ་ཡིན་གྱིས་གཙེས་པ་འགའ་བརྒྱལ་འགྲོ་བ་སོགས་དགྱེས་ཤིང་བརྩེ་བའི་ཉམས། བརྟན་ཅིང་ཕ་རོལ་གནོན་པའི་ཉམས་སོགས་སྣ་ཚོགས་ཤིག་ཡོད་པ་ཐམས་ཅད་ཀྱང་གདུལ་བྱ་རྗེས་སུ་འཛིན་པའི་ཐབས་མཁས་དང་འབྲེལ་བ་ཁོ་ནར་ཡོད་པ་ཀུན་ལ་མཐུན་སྣང་དུ་གྲུབ་པ་དེ་ལྟར་ཡིན་ནོ། །བརྩེ་བའི་ཉམས་ལྡན་ཞི་བའི་གཟིགས་སྟངས་ཀྱིས། །ཀུན་ཡིད་དད་པའི་ཆབ་ཀྱིས་རླན་བྱེད་ཅིང། །དམར་བའི་མདངས་ཆགས་འབུར་ཚུགས་


GTD008_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་སྟངས་ཀྱིས། །སྐྱེ་རྒུ་ཟིལ་གནོན་བདུད་རིགས་འཇིགས་པར་བྱེད། །བརྟན་ཅིང་ཕ་རོལ་གནོན་དང་འབྱུང་པོའི་ཚོགས། །སྐྲག་སོགས་གང་ལ་གང་འཚམ་སྣ་ཚོགས་སུ། །སྣང་བའི་སྤྱན་ཟུར་གཟིགས་པའི་སྟངས་ཙམ་ཡང། །མཁས་དང་གྲུབ་རློམ་བརྒྱ་ཡི་དོ་ཟླ་མིན། །ཁྱ་དགེ་དགོན་དུ་བྱོན་ནས་ཉིན་གསུམ་གྱི་རིང་ལ་བདེ་ལམ་གྱི་ཁྲིད་སེམས་བསྐྱེད་མཆོད་པ་དང་བཅས་པ། དེ་ནས་ཚོགས་པ་སྟོང་དང་སུམ་བརྒྱར་སྟ་གོན་གཅིག་འཐུས་ཀྱི་སྒོ་ནས་འཇིགས་བྱེད་དཔའ་གཅིག །བཅུ་གསུམ་མ། བདེ་མཆོག །སླར་ཡང་སྟ་གོན་གཅིག་འཐུས་བྱས་ཏེ་ཀུན་རིག །གདུགས་དཀར། བཅུ་གཅིག་ཞལ། ཚེ་དཔག་མེད་བཅས་ཀྱི་དབང། ལེགས་ལྡན་མཆེད་གསུམ། ཆོས་རྒྱལ་གསུམ། མ་མགོན། རྣམ་སྲས། སེང་གདོང་མ། ཁྱུང་ནག།།རྟ་མགྲིན། ཚེ་དཔག་མེད། རྣམ་རྒྱལ་མ། འཇམ་དབྱངས་དཀར་པོ་སོགས་ཀྱི་རྗེས་གནང། བསྙེན་གནས་པ་བཞི་བརྒྱ། དགེ་ཚུལ་སློང་བཅུ་བདུན་འདོད་མོས་ལྟར་གནང་ཞིང། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་འཕྲུལ་ཁྱ་དགེ་དཔོན་སློབ་རིན་པོ་ཆེ་ཡབ་སྲས་ཀྱི་གདུང་མདུན་དུ་མཆོད་པ་གང་རྒྱས་དང་བསྔོ་སྨོན་ཤུགས་དྲག་མཛད། དགེ་འདུན་བཞི་བརྒྱ་ལྷག་ལ་དོང་ཚེ་ཞོ་བཞི་རེ་ཁ་དར་ཉིན་བདེ་མ་རེའི་འགྱེད་དང། སྤྱི་འཇོག་ལ་མཛོ་མོ་བཅོ་ལྔ་བཞག །ལྗགས་རྩོམ་ཐོར་བུ་ཅི་རིགས་དང། མཇལ་བ་བསགས་ནས་དྲུག་བརྒྱ་སྐོར་རེ་ལྷན་དུ་མཇལ་བ་ལ་ཡིག་དྲུག་གི་ལུང་སོགས་ཀྱིས་འབྲེལ་ཚད་དོན་ལྡན་དུ་བསྒྲུབས། དྲུག་པའི་བཅོ་ལྔའི་ཉིན་དེ་ནས་བཏེག་སྟེ་མཛོད་དགེ་དགོན་གསར་དུ་བྱོན། ཞག་ཁ་ཤས་ལྷོད་བཞུགས་མཛད། རེབ་ཙ་སྤྲུལ་བའི་སྐུ་དབུས་


GTD008_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྱོར་ཏེ་མཇལ་བར་ཕེབས། བདག་གིས་གླེང་མོ་བྱས་སྐབས་ཁོ་བོ་དབུས་སུ་འགྲོ་རྒྱུ་སོགས་ཀྱི་འདུན་གྲོས་བློ་རྩེ་ཙམ་ཡང་མེད་ཀྱང། སྡེ་སྤྲུལ་རིན་པོ་ཆེ་དང། ཁོ་བོ་ཅག་གཉིས་ཀར་ཉམས་མཚར་གྱི་རྣམ་པས་ཕྱག་བྲིས་ཀྱི་རི་མོའི་སྟེང་ནས། སེ་འབྲས་དགེ་གསུམ། ལྷ་ས། པོ་ཏ་ལ་བཅས་ཀྱི་བཀོད་པ་ཐ་ན་རི་རྒྱུད་སོ་སོའི་རྣམ་པ་ཡང་ཆེས་གསལ་བ། རྒྱུས་མེད་ཀྱིས་བལྟས་ན་ཡང་ཡུལ་གྱི་དོན་སྤྱི་ཡིད་ལ་འཆར་ཐུབ་པ་ཞིག་སྟོན་པ་གནང་སྟེ་ངོ་སྤྲོད་ཞིབ་རྒྱས་མཛད་དེ། ཁྱེད་རྣམ་པ་གཉིས་ཀའི་གཅིག་དབུས་ལ་སྔ་མགྱོགས་སུ་ཕེབས་དགོས་ཡོང་ན་འདི་ལ་བལྟས་ན་བཟང་གསུང་བ་ལུང་བསྟན་དུ་ངེས། ཁོ་བོ་དབུས་སུ་འགྲོ་སྐབས་རྐྱེན་སེལ་རྗེས་གནང་དང་གསུང་བཀོད་གནང་བའི་ཞོར་ལ། ངེད་ལ་བྱང་ས་མཆན་ཅན་ཞིག་དགོས་པས་ཁྱོད་ཀྱིས་རྩད་ཆོད་གསུངས། གང་ཚོར་རྩད་གཅོད་ཞུས་པས། གཙང་གི་དགོན་རྙིང་ཚོར་རྙེད་འགྲོ་མོད་གསུངས་པ་ཁོ་བོས་དབུས་གཙང་གི་དགོན་པ་ཀུན་ཏུ་བཙལ་ཡང་མ་རྙེད་པ་སྣར་ཐང་དུ་ཚེགས་མེད་ལག་ལ་འབྱོར་པ་དང། སྐུ་པར་མང་པོ་རྩད་གཅོད་ཀྱི་བཀའ་གནང་ཁྲོད་ན་མི་ལ་རས་པའི་སྐུ་པར་གྱི་མ་དཔེ་བྱེད་རྒྱུའི་ཕྱག་ཚ་ཨེ་དཀོན་ནམ་ཞུས་པར། ཁམས་ཚན་སོ་སོ་ན་ཡོད་འགྲོ་གསུངས། དེ་ཡང་ཕྱོགས་ཀུན་ནས་མ་རྙེད་པ་བཀྲས་ལྷུན་སྟག་མོ་སྤྱི་ཁང་ནས་ཚེགས་མེད་དུ་རྙེད་པ་སོགས་ཁོ་བོ་ལ་མིག་མཐོང་ལག་ཟིན་དེ་འདྲ་མང་ཞེས་གླེང་བ་ཐོས་སོ། །སྔར་ས་ཕྱོགས་འདིར་བདེ་མཆོག་གི་སྒྲ་གྲགས་མ་མྱོང་བས་ཕྲན་གྱིས་རྟིང་བསྐུལ་དང། གྲྭ་མང་གིས་བརྩོན་འགྲུས་བྱས་ཏེ་སྐབས་འདིར་བདེ་མཆོག་བདག་མདུན་གཉིས་ཚོགས་སུ་ཚུགས་ཐུབ་ཙམ་བྱུང་བ་ལ། རྒྱ་མཐོངས་ནས་དགྱེས་བཞིན་དུ་གསན། ཕྱག་


GTD008_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ལ་གཟིགས་ནས་མཉེས་པའི་གསུང་ཕེབས། གྲྭ་པ་བཅུ་ལྷག་ཙམ་ལ་ཚགས་བཙུགས་ནས་འགྲེལ་པའི་ས་ཁུངས་ཁྲིད་དེ་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་ཚུགས་པ་དང། རྒྱུད་གཞུང་གི་ཡང་ལེའུ་ཁ་ཤས་ཚུགས་ཐུབ་པ་སོགས་ལ་གྲྭ་མང་དང་ཕྲན་ལ་ཡང་ཐུགས་དགྱེས་ཤིང། ཚོགས་སུ་མང་ཇ་དང་དོང་ཙེ་ཞོ་འགྱེད། འདུ་ཁང་གི་ཤིང་རྩི་གཟིགས་རྟོག་དང། ལོགས་རིས་སོགས་ཀྱི་བཀོད་པ་མཛད་ནས། སླར་ཡང་གདན་སར་བྱོན་ཏེ་བཅད་རྒྱ་གནང། དེ་ཡང་གསང་ཆེན་ཆོས་ཀྱི་དབྱངས་སྙན་ཕྱོགས་བཅུའི་རྒྱལ་བའི་མཆོད་སྤྲིན་དུ་སྤེལ་བའི་ལེགས་བྱས་ཉམས་པ་མེད་པའི་གཞི་རྟེན་དམ་པ་དགའ་ལྡན་རབ་རྒྱས་གླིང་ཞེས་ཡོངས་སུ་གྲགས་པའི་རྟེན་དང་བརྟེན་པའི་ངོ་མཚར་གྱི་གཏམ་ནི། གང་གི་ས་གཞི་ལག་མཐིལ་ལྟར་མཉམ་པའི་དཔལ་ནི་ཤིན་ཏུ་དག་པའི་གཙང་མའི་མེ་ལོང་ལ་འགྲན་ཞིང། དྭངས་ཤིང་བསིལ་བའི་ཉལ་འགྲོ་རྣམས་ནི་མུ་ཏིག་གི་ལྦུ་བ་ངོམ་པས། སྟོན་གྱི་ནམ་མཁར་རྒྱུ་སྐར་གྱི་ཕྲེང་བ་འོད་འཚེར་བ་ལ་རྩེ་བ། རྫ་བྲག་སྤང་རིའི་འཕྲེང་བ་ཚར་དུ་དངར་བས་མིག་ལ་དགའ་བ་བསྐྱེད་པ་ནི་རོལ་མཚོའི་དབུས་སུ་གསེར་རིའི་ཕྲེང་བ་མཐོང་བ་སྙམ་བྱེད་པ་ཁ་དོག་སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་བཞད་ཅིང་འཁྲིགས་པས་ས་གཞི་མཛེས་པ་ནི་པཉྩ་ལི་ཀའི་གོས་བཟང་པོས་ནོར་འཛིན་ཀླུབས་པའམ། ནམ་མཁའི་ངོས་སུ་དབང་གཞུའི་རི་མོ་བཀྲ་བ་ལྟ་བུ། གནག་ཕྱུགས་ཀྱི་ཁྱུ་ཚོགས་མང་པོས་རི་ལུང་གང་ཞིང། རོ་བརྒྱའི་འབྲས་བུ་དུས་སུ་སྨིན་པ་སོགས་སྣོད་བཅུད་ཀྱི་འབྱོར་བས་སྐྱེ་དགུ་བདེ་སྐྱིད་དང་དགའ་བས་བརླན་པ་ནི་སུམ་རྩེན་གྱི་ལོངས་སྤྱོད་འགྲོ་ལ་མཚོན་པ་ལྟ་བུ། ངུར་སྨྲིག་འཛིན་པའི་དགེ་འདུན་གྱི་ཚོགས་


GTD008_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གསང་ཆེན་རྒྱུད་སྡེའི་བཤད་སྒྲུབ་ཀྱིས་འགྲོ་ལ་ཕན་བདེའི་མཆོག་སྦྱིན་མཛད་པ་ནི་གུར་ཀུམ་མེ་ཏོག་རྒྱས་པའི་ཚལ་ལས་ཡིད་དུ་འོང་བའི་དྲི་བསུང་འགྱེད་པ་ལྟ་བུ་སོགས་སྣོད་དང་བཅུད་ཀྱིས་བསྔགས་པའི་རོལ་མོ་དབྱངས་སུ་སྒྲོགས་པས་སྐྱེ་དགུའི་རོ་འཛིན་ངལ་བར་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལེགས་བྱས་བང་མཛོ༷ད་དགེ༷་བཅུ་གཡང་དུ་འཁྱིལ། །སྣོད་བཅུད་ཕུན་ཚོགས་དག༷འ་བདེའི་དཔལ་དང་ལྡ༷ན། །ཆོས་སྲིད་འབྱོར་པའི་གཟི་བྱིན་ར༷བ་ཏུ་གསལ། །བཤད་སྒྲུབ་དགའ་སྟོན་རྣམ་པར་རྒྱ༷ས་པའི་གླི༷ང། །གང་གི་འཛིན་མར་སྤང་ལྗོངས་ཉམས་དགའ་མེ་ལོང་ངོས་ལྟར་མཉམ། །ལྷུང་ལྷུང་སྒྲ་སྒྲོགས་དྭངས་བསིལ་ཆུ་བོ་ཆད་མེད་དལ་གྱིས་འབབ། །གཙང་ཞིང་ཡིད་འོང་རྩྭ་འཇམ་མྱུ་གུ་འཛིན་མའི་གོས་སུ་བསྟར། །ཆེ་ཆུང་སྙོམས་པའི་རི་ཡི་འཕྲེང་བ་སྐར་མའི་ཕྲེང་བཞིན་མཛེས། །དགུན་གྱི་དུས་སུ་ཉལ་འགྲོའི་ཚོགས་རྣམས་ཆུ་ཤེལ་གོས་གྱོན་ཟླ་གཞོན་གསར་པའི་དཔལ་ལ་འགྲན། །བར་སྣང་སྒྲིབ་པའི་རྡུལ་ཚོགས་རྣམ་འཐོར་དཔྱིད་ཀྱི་རླུང་གིས་ཕྱོགས་ཀྱི་ཁོར་ཡུག་བྱི་དོར་བྱེད། །སོས་ཀའི་དུས་སུ་ནོར་འཛིན་བུ་མོ་མེ་ཏོག་གོས་གྱོན་གསེར་བཟང་འོད་ཀྱི་མཛེས་པ་འཕྲོག །དཀར་སེར་དམར་ལྗང་སྔོ་བའི་མེ་ཏོག་འབྲས་བུས་རྣམ་བཀྲ་སྟོན་གྱི་ལང་ཚོའི་དགེ་མཚན་ངོམས། །འོད་དཀར་ཅན་གྱི་བསིལ་ཟེར་ལ་འཁུ་རྟ་བདུན་བདག་པོ་ཆུ་མཐོངས་གནས་སུ་འགོག་མེད་རྒྱུ་བས་ཆུ་སྐྱེས་ཚོགས་རྣམས་དགའ་ཞིང་འཛུམ། །མཁའ་དབྱིངས་མཛེས་མའི་སྟོང་གསལ་ལ་རོལ་འདབ་ལྡན་ཚོགས་རྣམས་འཕུར་ལྡིང་རོལ་པས་ཕྱོགས་རྣམས་ཉུལ་ཞིང་རྩེ་དགའི་གར་གྱིས་བལྟ་བས་བྲེལ། །ཉི་ཟླའི་དཔལ་གྱི་མཐོ་བ་ལ་སྙེགས་རྫ་བྲག་སྤང་རི་རྔམས་བརྗིད་རླབས་


GTD008_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁྲི་ཤིང་གཡོ་ལྡན་རི་རབ་ཟོམ་གྱི་གཟི་བྱིན་འཕྲོག །རེས་འགའ་རི་རྣམས་ཁ་བའི་གོས་གྱོན་ཤེལ་དཀར་མདངས་འཛིན་དྲི་བཞོན་རླབས་གཡོ་གངས་རིའི་ལྗོངས་ཀྱི་གྲགས་པའི་བ་དན་གསལ་བར་བྱེད། །ཞི་དུལ་སྡོམ་བརྩོན་ངུར་སྨྲིག་གོས་འཆང་གུར་ཀུམ་ཚལ་གྱིས་ཟབ་གསང་ཆོས་ཀྱི་དྲི་བསུང་འཐུལ་བས་སྨིན་གྲོལ་དགའ་སྟོན་བདུད་རྩི་མཆོག་གིས་སྙིང་ལ་སིམ་པ་སྟེར། །ཐུན་མོང་ལམ་གྱིས་ལེགས་སྦྱངས་སྣོད་དུ་རིམ་གཉིས་ནོར་བུས་ལེགས་པར་གཏམས་པའི་ངོ་མཚར་རི་མོ་གདངས་དབྱངས་ཕྱག་རྒྱའི་གར་གྱིས་མཁའ་སྤྱོད་གནས་ལ་ཅོ་འདྲི་བྱེད། །འབུམ་ཕྲག་གཟི་འོད་མཆོག་ཏུ་འབར་བའི་བགྲང་ཡས་རྟེན་རྣམས་སྐར་ཚོགས་ལྟར་བཀྲ་གཙུག་ལག་ཁང་བཟང་སྤོ་མཐོར་བརྩེགས་པས་རྣམ་རྒྱལ་ཁང་བཟང་མཆོག་གི་དཔལ་ལ་འགྲན། །ངོ་མཚར་བྱེ་བའི་རླབས་ཀྱི་འཕྲེང་བ་ཆེས་ཆེར་སྤྲོ་བས་གང་འདིའི་འགྲོ་རྣམས་ལེགས་སྨོན་གྲུབ་པའི་བཀོད་པ་གསལ་བྱེད་འདི་ཡི་དཔེ་ཟླ་སྲིད་འདིར་བཙལ་ཀྱང་དཀོན། །བླ་མ་ལ་གུས་དད་དང་སྙིང་སྟོབས་ཡོན་ཏན་རབ་རྒྱས་སྟོབས་འབྱོར་དཔུང་དང་དྲེགས་པའི་འཕྱང་འཕྲུལ་ཆེས་ཆེར་གཡོ་བས་ཕྱོགས་ཀྱི་འཁོར་ལོའི་ཁྱོན་ཡངས་འགེངས་བྱེད་ཅིང། །ཞི་བའི་བདེ་སྟེར་ཆོས་ཀྱི་དཔལ་ལས་ནམ་ཡང་མི་གཡེལ་སྦྱིན་བདག་ཚོགས་རྣམས་མཁོ་དགུའི་དངོས་པོ་འདོད་དགུར་སྟོབ་པས་རོལ་མཚོའི་རླབས་ཕྲེང་དུས་སུ་བསྐྱོད་པ་བཞིན། །ཆོས་དང་སྲིད་ཀྱི་དགའ་བདེའི་འཁྲི་ཤིང་ལེགས་བྱས་འབྲས་བུ་རྣམ་པར་རྒྱས་པས་ཚིམ་པ་རབ་སྟེར་སྙན་པའི་དྲི་བཞོན་ཕྱོགས་ཀྱི་འཁོར་ལོར་རྣ་བའི་བཅུད་ལེན་འགྱེད། །བདེ་སྐྱིད་འོད་བརྒྱ་འབར་བས་སྟོང་ཕྲག་ཉི་མ་འབུམ་གྱི་རྩེ་དགའ་ཟིལ་གནོན་རྨད་


GTD008_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་དམ་པའི་མཛད་བཟང་སྣང་བརྙན་མཆོག་ཏུ་གསལ་འདིར་མི་གུས་བློ་ལྡན་སུ། །འདི་ཡི་ངོ་མཚར་ཡོན་ཏན་གྱིས། །སྐྲག་ལྡན་རྣམ་སད་གཞོན་ནུའི་ཚོགས། །སིལ་བུའི་རྒྱུ་སྐར་ཟོལ་གྱིས་ནི། །མཁའ་དབྱིངས་མཐོན་པོར་བྲོས་སམ་སྙམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡང་རྣམ་ཐར་སྤྲིང་ཡིག་ལས། བླ་མའི་སྐུ་དགྲར་མཛའ་གཅུགས་མ་བྱས་ཀྱང། །རང་ལ་སྒེར་གྱི་གནག་པ་སུ་ལ་ཡང། །སྡང་བས་དམོད་བཅོལ་ཙམ་ཡང་བགྱིས་པ་མེད། །མ་ནུས་ཇོ་བཟང་བྱས་པའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར། ཆོས་སྡེ་འདི་ཉིད་གསར་འདེབས་ཀྱི་དུས་སུ་ཡབ་རྗེ་བླ་མའི་མཛད་འཕྲིན་ལ་ཤིན་ཏུ་སྡང་བའི་བླུན་པོ། བདུད་ཀྱི་ཕྱོགས་སུ་ཞུགས་པ་དུ་མས་ལོག་པར་འཁུ་བའི་སྦྱོར་བ་མང་དུ་བརྩམས་པ་ལ་རྗེ་བླ་མ་ཉིད་ཀྱི་ངོས་ནས་ཇི་མི་སྙམ་པར་བཞུགས་ཀྱང་སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་དུས་སུ་སྨིན་པའི་མཐུ་དང་བསྟན་སྲུང་དམ་ཅན་རྒྱ་མཚོའི་འཕྲིན་ལས་ལ་བརྟེན་ནས། དེ་དག་རིས་དང་བཅས་པ་མེ་ཁྱེར་ལ་ཉི་མའི་འོད་ཟེར་བབས་པའམ། རི་དྭགས་ཀྱི་ཁྱུ་ལ་སེངྒེ་བབས་པ་ལྟར་ཟིལ་གྱིས་མནན། ཕུབ་མ་སྤར་གང་ལ་རླུང་དམར་བབས་པའམ། བ་རྗེས་ཀྱི་ཆུ་ལ་ཉི་ཚན་བབས་པ་ལྟར་རྣམ་པར་འཐོར་ཞིང་ཉམས་ཏེ། ཁྲུང་ཁྲུང་རྒན་པོ་འདབ་མ་བྲེགས་པ་བཞིན་དུ་གནས་པར་གྱུར་ཏོ། །རི་ཁྲོད་ཡིད་དགའ་ཆོས་འཛིན་དུ་བདེ་ལམ་གྱི་ཁྲིད། བླ་མ་ལྔ་བཅུ་པའི་བཤད་ལུང། བདེ་མཆོག་གི་དབང་སོགས་དང། རི་ཁྲོད་པ་རྣམས་ཀྱི་འདོན་ཆ་ཕྱག་ལེན་ལ་གཟིགས་རྟོག་དང་བཀོད་ཁྱབ་འཆམ་པ་ལྕགས་མཁར་བ་ཡོངས་རྫོགས་ལ་ཆོས་རྒྱལ་གསུམ་གྱི་རྗེས་གནང། དོན་གཉེར་བ་འགའ་ལ་ཚེ་རྟ་མགོན་གསུམ་གྱི་རྗེས་གནང་སོགས་ཅི་རིགས་སྩལ་ཞིང་སྔ་ཕྱིར་


GTD008_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་ཉེར་ལྔ་བསྙེན་རྫོགས་སུ་བསྒྲུབས། ཚ་ཁོ་རྒྱལ་ཁག་སོ་སོས་སྔར་ནས་གདན་འདྲེན་ཞུས་ཡོད་པ་བཞིན་དགུ་པའི་ཉེར་བདུན་ལ་བཏེག །སྦྱིན་བདག་གི་སར་མི་ཕེབས་གསུངས་ཀྱང་ལམ་ཀྱོག་མེད་པར་ཞུ་ནན་ཟློག་ཐབས་མ་རྙེད་ནས་རིམ་བཞིན་ཕེབས་པས། རྗེ་བླ་མའི་བུ་ཆེན་ཚ་ཁོ་ངག་དབང་གྲགས་པས་དགོན་པ་བརྒྱ་རྩ་བརྒྱད་འདེབས་པའི་དམ་བཅའ་མཐར་ཕྱིན་པའི་དབང་གིས་མཚན་གསོལ་བ་དཱ་ཚང་ལྷུན་གྲུབ་གླིང་དུ་བཅུ་པའི་ཉེར་གསུམ་ལ་བབས་ཏེ་ལྔ་མཆོད་ཀྱི་ཚོགས་དབུ་མཛད། ཅོག་རྩེ་རྒྱལ་པོ་རྒྱ་གར་འབུམ་གཤེགས་ནས་གདན་འདྲེན་པ་གློ་བུར་དུ་འབྱོར་པས་ཉེར་དགུའི་ཉིན་ཕེབས་དགོས་བྱུང། ས་ལམ་རྩུབ་པས་མགྱོགས་བྱང་ལ་ཕེབས་ན་ཞུས་ཀྱང་འཁུར་མཁན་གྱི་མི་ལ་གནོད་གསུངས་ནས་མ་གསན་པ་ནི་འདུལ་བ་ལ་གཅེས་སྤྲས་དང་སྙིང་རྗེ་ཆེ་བའི་རང་མདངས་སུ་སྣང། ཏཱ་རོ་ཆེ་ཆུང། བདག་མོ་ཡུམ་སྲས། ནང་སོ་དཔོན་གཡོག་སོགས་ཀྱི་མང་བསུ་དང། སེར་སྦྲེང་སོགས་དང་བཅས་རྒྱལ་ས་དེར་བབས། ས་དགེ་རྙིང་གསུམ། ཇོ་ནང། ཀར་བོན་སོགས་བདུན་བརྒྱའི་ཚོགས་དབུར་བྱོན་ནས་བསྔོ་བ་ཡོན་བཤད་རྒྱས་པ་གནང་བས། སྐུ་གསུང་ཐུགས་ཀྱི་མཛད་པ་ལ་གྲུབ་མཐའ་རིས་མེད་ཐམས་ཅད་གཅིག་ཏུ་དད་པར་གྱུར། དེ་ཉིན་ན་བཟའ་གསར་པ་འགའ་མནབ་ན་ཞུས་ཀྱང་སྣེ་རིང་གིས་ཆོག་གསུངས། པཎ་ཞྭ་མནབ་ན་ཞུས་པར་དེ་རིང་ཅིས་ཀྱང་སྣེ་རིང་གྱོན་དགོས་གསུངས་ནས་མནབ་པས་གསེར་མདོག་ཅོད་པན་གྱི་གཟི་བརྗིད་དང། སྐུའི་གཟི་བརྗིད་ལྷང་ངེ་བར་གྱུར་ཏེ་ཚོགས་པ་དང་གྱོན་པ་ཐམས་ཅད་ཟིལ་གྱིས་མནན་པས་ཀུན་ངོ་མཚར་བར་གྱུར། རྩེ་མོ་རྣོ་བ་མཁའ་ལ་གཟེངས་པས་སྐྱོན་མེད་


GTD008_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་ལྟ་བ་དྲན། །སྣེ་ཤལ་རིང་པོ་བཤད་སྒྲུབ་རྒྱུན་དང་འགྲོ་ལ་བརྩེ་བའི་ལས་ལ་འགྲན། །ཅུང་ཟད་དུད་པས་ང་རྒྱལ་སོགས་ཞི་དུལ་བའི་དཔལ་གྱི་དགེ་མཚན་ངོམ། །རྣམ་དག་ཐབས་ཤེས་ལྟ་སྒོམ་སྤྱོད་མཚོན་གསེར་མདོག་ཅོད་པན་གཟི་བརྗིད་ཀྱིས། །སྣ་ཚོགས་གོས་དང་རྒྱན་མང་ཟིལ་མནན་ནས། །མཛེས་པའི་གྲགས་པ་ཕྱོགས་སུ་རྒྱས་པ་ནི། །པདྨའི་གེ་སར་རྡུལ་གྱི་བྱེ་མ་དག །མཚོ་རླབས་ཀྱིས་བཀྲམ་བཞིན་དུ་འགོག་པ་མེད། །རྒྱལ་ས་ནས་ཀྱང་གཟིམས་ཁང་དང། གནས་གཞིའི་ཉེར་སྤྱད་ཆ་ཚང། དུད་ཁག་གཉིས། དངུལ་སྲང་བརྒྱ་སོགས་དངོས་འབུལ་གཟབ། ཚ་ཁོ་དགོན་དུ་གདན་དྲངས་པར། མཁན་ཆེན་ངག་དབང་གྲགས་པའི་གདུང་མདུན་དུ་མཆོད་པ་ཕུལ་ཏེ་བསྟན་འགྲོའི་དོན་ལ་བསྔོ་སྨོན་གང་རྒྱས་དང། གདུང་མདུན་དེར་སྐུ་བསྟོད་ཀྱང་བརྩམས། མཆོད་ཐེབས་དངུལ་སྲང་ཉི་ཤུ་སོགས་ཕུལ། རྙིང་བོན་སོགས་སུས་ཀྱང་ཞལ་མཇལ་བ་ཙམ་གྱིས་དད་གུས་ཀྱི་ངང་ནས་འབྲལ་མི་ཕོད་བཞིན་དུ་ཏཱ་རོ་སྟག་འབུམ། ཏཱ་རོ་ལྷ་འབུམ་ཐར། ཏཱ་རོ་འབའ་ལ་སོགས་ཀྱིས་གདན་དྲངས་པར་རིམ་ཕེབས་ཀྱིས་བཀའ་བསྒོ། ཕྱག་དབང་ལྗགས་བསྔོ། རབ་གནས་ཆོས་སྦྱིན་གང་མོས་ཀྱི་རེ་བ་བསྐངས། ཨ་མཆོག་དགེ་བཤེས་སྤྲུལ་སྐུ་ལོ་གསུམ་ལོན་པ་དགེ་བསྙེན་དུ་བསྒྲུབས་ཤིང་སྒྲོལ་དཀར་གྱི་རྗེས་གནང་སྩལ། བོན་འབར་ཁམས་སོགས་ཀྱིས་གདན་དྲངས་པ་ལྟར་རེ་བའི་རྫིང་བུ་འགེངས་པར་མཛད། རྫིང་འགག་ཏུ་གདན་འདྲེན་ཞུས་པ་ལྟར་བཅུ་བདུན་གྱི་ཉིན་རྒྱལ་པོའི་བློན་པོ་ད་རོ་ང་རོ་མདའ་འཁོར་གོ་ཆ་ཅན་སུམ་ཅུ་དམག་ཆས་སྣ་ཚོགས་ཅན་བཞི་བཅུ་སོགས་རྟ་པ་མང་པོས་ཆིབས་བསུ་རིང་ཐུང། སེང་འཆམ་རོལ་ཆ་སྣ་ཚོགས།


GTD008_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྦྲེང་དང་བཅས་རྫིང་འགག་ཕུན་ཚོགས་རྫོང་དུ་བབས། བདག་མོ་སྲས་སྲས་མོ་བློན་འཁོར་མང་ལ་ཚེ་ལྷ་རྣམ་གསུམ་གྱི་རྗེས་གནང། དགོན་ནོར་བུ་གླིང་དུ་བཅུ་གཅིག་ཞལ་གྱི་དབང་སྟ་གོན་དང་བཅས་པ། སྤྱི་འཇོག་ལ་རྟ་ནོར་དྲུག་གནང། རབ་བྱུང་ཉེར་བཞི། བསྙེན་རྫོགས་གཉིས་སོགས་སོ་སོའི་རེ་བ་བསྐངས། བདག་མོས་བསྐུལ་ཏེ་འཁྲུངས་རབས་ཀྱང་བརྩམ་ཞིང། རིམ་གྲོ་ལ་མགོན་ཆོས་རྣམ་སྲས་ཀྱི་བསྐང་གསོ་ཡང་གནང། དངོས་འབུལ་དངུལ་སྲང་ཉིས་བརྒྱ་ལྔ་བཅུ། གོས་ཟམ་ཕྲུག་ཐེར། པགས་རིགས་སོགས་རྒྱ་ཆེར་སྤེལ་ཞིང། འཆམ་གཟིགས་རོལ་རྩེད་སྣ་ཚོགས་དང། མཚན་མོ་མེའི་འཕྲུལ་འཁོར་གྱི་གཟིགས་མོ་སོགས་ཐུགས་མཉེས་ཐབས་ཀྱི་བཀུར་སྟི་ཕུ་དུད་ཁོ་ན་ལྷུར་བླངས། སོ་མང་དུ་གདན་འདྲེན་ཞུ་བ་ཏཱ་རོ་གཤེན་རབ་རྒྱལ་སོགས་འོངས་ཀྱང་དུས་ཚོད་དང་བགྲོད་དཀའ་བ་བཅས་འདི་རེས་བཤོལ་ནས། བཅུ་གཉིས་པའི་ཚེས་ལ་གོ་གྲུ་ཟེར་བར་བབས། བརྒྱ་རྩ་བརྒྱད་ཟེར་བའི་ལམ་འཕྲང་ཤིན་ཏུ་དཀའ་ཡང། མི་མང་ནས་དད་གུས་ཀྱིས་བཅོས་ཡོད་ས་བརྒྱུད། ཆོས་སྐྱབས་དགོན་དུ་ཕེབས། མང་ཇ་དང་ཁ་དར་གྱི་འགྱེད། རྟ་ནོར་གཉིས་ཀྱི་སྤྱི་འཇོག་དང་འདོད་ཆོས་མོས་པ་བཞིན་གནང། ལམ་འཕྲང་ཆུ་འགག་སོགས་ལ་ཡང་མི་འཛེམ་པར་གཞན་ཕན་མཛད་པ་ནི་བསྔགས་པའི་འོས་ཡིན་ཏེ། ནད་ཀྱི་དང། དགོན་པ་དང། ཆུའི་དང། མུ་གེའི་དང། མི་རྒོད་ལ་སོགས་པ་མཐོང་ན་འཇིགས་པར་མི་བྱ། དངངས་པར་མི་བྱ། སྐྲག་པར་མི་བྱ་བར་བདག་སངས་རྒྱས་པའི་ཞིང་དུ་དེ་དག་མི་འབྱུང་བར་བྱ་བ་ལ་བསླབ་པ་ནི་ཞིང་དག་པར་བྱ་ཚུལ་ཡིན་པར་


GTD008_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

གངྒཱའི་ལྷ་མོའི་ལེའུ་ལས་གསུངས་སོ། །ད་ཚང་དུ་བབས་ནས་ཉིན་བདུན་གྱི་རིང་ལ་ཚོགས་པར་མང་ཇ་བཟང་པོ་དང་བཅས་འཇིགས་བྱེད་ཀྱི་རྩ་སྔགས་བསྒྲུབས་པའི་མཇུག་ཏུ་ཚོགས་དབུར་རྗེ་ཉིད་བྱོན་ཏེ་སྦྱིན་སྲེག་གནད་དུ་སྨིན་པར་མཛད། དགེ་འདུན་ལྔ་བརྒྱ་ལ་ནས་རོང་ཡ་རེ་ཕུལ། དེ་ནས་བཅད་རྒྱ་མཛད་དེ་ཐུགས་དམ་ཉམས་བཞེས་ཀྱི་ངང་ནས་རིག་བྱེད་མའི་བསྟོད་འགྲེལ་ཕལ་ཆེར་གྲུབ་པར་མཛད། འབྱོར་པའི་བང་མཛོད་རྨུགས་འཛིན་དབང་པོར་འགྲན། །རྣམ་བཞིའི་དཔུང་ཚོགས་ལྷ་མིན་དཔལ་ལ་འཁུ། །བརྟན་གཡོའི་གཟི་བརྗིད་ལང་ཀའི་གྲོང་ཁྱེར་ལ། །འགྲན་པའི་སྟོབས་ལྡན་རྒྱལ་རོང་ཕོ་བྲང་གིས། །ཉེར་མཚོན་འཛིན་མའི་ཐིག་ལེ་དེ་དང་དེར། །དྲང་སྲོང་གཙོ་བོ་ཡུལ་འཁོར་གཤེགས་པ་ལྟར། །མཐོང་ཐོས་དྲན་པའི་ཟེར་གྱིས་རྣམ་མང་འགྲོ །བརྒྱ་ཕྲག་ཉེས་པའི་སྦུབས་རྒྱ་གྲོལ་བར་མཛད། །དགུང་ལོ་ཞེ་གཅིག་པ་ཆུ་ཁྱིའི་ལོ་གསར་དགྱེས་སྟོན་ད་ཚང་ལྷུན་གྲུབ་གླིང་ནས་མཛད་ཅིང། གསུང་ཆོས་སྨོན་ལམ་ལ་ལན་གསུམ་རེ་ཕེབས། ཏཱ་ཞི་འབྲུག་སོགས་བཞི་དགེ་བསྙེན་དང། བདུན་བསྙེན་རྫོགས་ལ་བཀོད། ཚེས་བརྒྱད་ཀྱི་ཉིན་མཁན་ཆེན་ངག་དབང་གྲགས་པའི་སྐུ་བསྟོད་ཚོགས་འདོན་དུ་ཚུགས་པར་མང་ཇ་དང། དངུལ་ཞོ་དོ་རེ། ཉིན་བདེ་མ་རེའི་འགྱེད། གཞན་ཡང་ལུང་རྗེས་གནང་སོགས་འདོད་ཆོས་ཀྱིས་རེ་བ་ཚིམ་པར་མཛད། ད་ཚང་རི་ཁྲོད་དུ་གདན་དྲངས་པར་མི་ལའི་རྣམ་མགུར་གྱི་ལུང་གནང། ཆོས་དང་མཐུན་པའི་ཞལ་གདམས་མཛད། ད་ཚང་ལྷུན་གྲུབ་གླིང་གདན་ས་ཁྱད་དུ་འཕགས་པས། དེར་ཀུན་མཁྱེན་བླ་མའི་གཟིམས་ཁང་ཞིག་ཡོད་ན་བསྟན་པ་ལ་ཕན་པར་དགོངས་ཏེ་ཐེབས་བཞག་པའི་སྟེང་ནས།


GTD008_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་མང། ཅོག་ཙེ། རྫིང་འགག་སོགས་སྤྱི་འདུས་ཀྱིས་ཁུར་བླངས་ནས་ལེགས་པར་གྲུབ་པའི་ནང་དུ། ཀ་ཅ་གདན་ཆ་ཉེར་སྤྱད་ཆ་ཚང་བཅས་ཁང་གཉེར་ལ་རྩིས་སྤྲད། སྤྱིའི་སྐུ་ཚབ་ཀྱང་བཞག་སྟེ་ཉེར་གསུམ་ལ་དེ་ནས་བཏེག །ལམ་བར་རོང་རུ་ནས་ཝམ་པ་དགེ་བཤེས་ཀྱི་སྤྲུལ་སྐུ་རབ་བྱུང་དང། དབལ་ཤུལ་མཛོད་དགེ་ནས་ཀྱང་རབ་བྱུང་བསྙེན་རྫོགས་འགའ་རེ་མ་གཏོགས་ཕེབས་བཞུད་ཆེར་མ་གནང་བར་གཉིས་པའི་བཅུ་དྲུག་ལ་གདན་སར་བབས། སུ་ཉིད་ཨོ་ཡོ་ཐུ་རབ་འབྱམས་པ་ལ་དངུལ་སྲང་སྟོང། ལམ་བར་གྱི་བྲོ་ཆས་ཁལ་རྟ། སྦྱིན་བདག་བསྐུལ་ཐེབས་ཐེར་སྣམ་བྱིན་རྟེན་ཕོན་ཆེ་བ་དང་བཅས། མཆོད་རྟེན་བཞེང་རྒྱུའི་ཆོས་འཁོར་ཡན་ཆད་ཀྱི་གསེར་ཟངས་དང་དབུ་རྒྱན་འགའ་སོགས་བསྒྲུབ་ཕྱིར་སྨད་ཕྱོགས་སུ་བརྫངས་པས་སུ་ཉིད་ཀྱི་གྲྭ་རྒྱུན་སྦྱིན་བདག་གིས་བཀའ་བཞིན་བསྒྲུབས། མཆོད་རྟེན་མཐོང་གྲོལ་གསར་བཞེངས་ཀྱི་ཆེད། མི་ལྔ་བཅུས་རྡོ་ཆེན་བླངས། ཆུ་ཚན་གྱི་འཕྲོད་བསྟེན་ཅུང་ཟད་ཙམ་མ་གཏོགས། དྲུག་པའི་བཅོ་ལྔ་བར་བཅད་རྒྱ་མཛད། དེའི་ཁོངས་སུ་སྔ་ཕྱིར་བསྙེན་རྫོགས་བདུན་ཅུ། རབ་བྱུང་དགེ་ཚུལ་ཉེར་ལྔ། དོན་གཉེར་བ་རྣམས་ལ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་རྗེས་གནང། མགོན་པོ་བཀའ་བཅུ་གསུམ། ཆོས་རྒྱལ་ཕྱི་ནང་གསང་གསུམ། སེང་གདོང་མ། རྣམ་འཇོམས། སྣར་ཐང་བརྒྱ་རྩ་སོགས་ཀྱི་རྗེས་གནང། སྐྱབས་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། ལམ་ཁྲིད། འཕོ་ཁྲིད། ཚེམ་བུ་དམར་ཁྲིད་སོགས་ཀྱང་གནང། ཐུའུ་བཀྭན་རྡོ་རྗེ་འཆང་དག་པའི་ཞིང་དུ་དགོངས་པ་གཏད་པར་དགོན་ལུང་གི་རྒྱུད་པ་བླ་མ་


GTD008_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གཡོག་འགའ་གདན་འདྲེན་དུ་འབྱོར། ཐུགས་ངལ་ཚད་མེད་པ་དང་བཅས་འཕྲལ་དུ་བྱོན་ནས་ཉི་ཤུ་གསུམ་ལ་དགོན་ལུང་དུ་བབས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་མོས་པས་དབང་བཞི་བླངས་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་མཛད། སྤྲུལ་སྐུ་མྱུར་འབྱོན་དང། འབྲལ་མེད་རྗེས་འཛིན་གྱི་བསྔོ་སྨོན་གསོལ་འདེབས་ནན་ཏན་གནང། མཎྜལ། མཛོད་བཏགས། དངུལ་སྲང་བརྒྱ། གོས་ཆེན་གཉིས། ཕྲུག་གསུམ་སོགས་ཀྱི་གདུང་འབུལ་ཞུས། དགོངས་རྫོགས་སུ་དགོན་ལུང་ཚོགས་ཆེན་ལ་མང་ཇ་དང། ཞོ་དོ་སྐར་ལྔ་རེ་དང་ཁ་དར་རེའི་འགྱེད། དགོན་ལུང་འདུ་ཁང་གི་ཐེབས་སུ་དངུལ་སྲང་བཅུ་འཇོག་པ་གནང། ཚོགས་མང་ལ་གདུགས་དཀར་གྱི་དབང་སྟ་གོན་དང་བཅས་པ་སྩལ། ཞག་ཁ་ཤས་བཞུགས་ཏེ་བཀྲ་ཤིས་འཁྱིལ་བླ་བྲང་ཆེན་མོའི་སྐུ་ཚབ་དང། བླ་བྲང་བཀྲ་ཤིས་འོད་འབར་གྱི་ཞབས་ཕྱི་གྲོས་བསྟུན་གྱིས་རྡོ་རྗེ་འཆང་དེ་ཉིད་ཀྱི་སྐུ་དོན་དོགས་གཅོད་ཞུས་པ་རྣམས་ཐེ་ཚོམ་སེལ་བར་མཛད། ཕེབས་ལམ་ནས་བཀྲ་ཤིས་ཆོས་རྫོང་དང་གསང་སྔགས་ཆོས་ལྡིངས་གཉིས་ལ་མང་འགྱེད་དང། སོ་སོར་དངུལ་སྲང་ལྔ་བཅུ་རེ་སྤྱི་འཇོག་གནང་སྟེ་ཉི་ཤུ་གསུམ་ལ་གདན་སར་བབས། སྔར་ནས་གདན་འདྲེན་ཡང་ཡང་ཞུས་པ་བཞིན་ཟླ་བ་བརྒྱད་པའི་ནང་དུ་རྫོང་དཀར་རི་ཁྲོད་དུ་བྱོན། ཆིབས་བསུ་སེར་སྦྲེང་སོགས་ཕུ་དུད་ཆེ་ཞིང་རྟིས་ཚང་མ་ཎི་པ་སྤྲུལ་བའི་སྐུ་རབ་བྱུང་དང་དགེ་ཚུལ་དུ་བསྒྲུབས་ཏེ་མཚན་དཀོན་མཆོག་བློ་བཟང་བསྟན་འཛིན་དུ་གསོལ། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང། འཕྲོ་ཁྲིད་སོགས་བཀའ་ཆོས་འགའ་ཞིག་ཀྱང་གནང། རི་ཁྲོད་པ་རྣམས་ལ་རས་ཡ་རེ་དང་


GTD008_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དར་རེའི་འགྱེད་བཏང། འདབས་འབྲེལ་གྱི་གྲོང་སྡེ་རྣམས་དང། མགོན་ཤུལ། མང་ངེ། ནེ་མོ་ཆི། ཝང་གི་རུ་སྡེ་དུ་མས་གདན་དྲངས་ཏེ་འབུལ་ནོད་རྒྱ་ཆེར་ཕུལ་བ་དང། ཚོགས་ཆེན་གྱི་ཁྲིར་བཞུགས་སྐབས་ཤིག་སོག་ཡུལ་དུ་ཕེབས་པར་འབུལ་ནོད་རྒྱ་ཆེ་བ་བྱུང་སྟེ་རྩེ་ཆུའི་འགྲམ་ནས་ཉིན་ཞག་འགར་བཞུགས་སྐབས་སློང་མོ་བ་མང་དུ་བྱུང་བ་ལ་གནང་སྦྱིན་གྲངས་བརྩིས་ནས་ལུག་སྟོང་ཕྲག་གཅིག་དང་བརྒྱ་མ་ལོང་ཙམ་སོང་བ་སོགས་ཀྱིས་མཚོན་ཟང་ཟིང་གི་འདུ་ལོང་བྲིས་ན་འབྲེལ་ཚད་དོན་ལྡན་གྱི་རྣམ་ཐར་ཡིན་ཀྱང་པོ་ཏིར་མི་ཤོང་ཞིང། རྗེ་ཉིད་ཟང་ཟིང་གི་འདུ་ལོང་ལ་མི་དགྱེས་པས་དམིགས་བསལ་ཅན་འགའ་རེ་མ་གཏོགས་གོང་འོག་ཀུན་ཏུ་མ་བྲིས་ཏེ། རྗེ་བླ་མས། འདྲེན་པ་དེ་ཡི་ཆོས་ཀྱི་ཀུན་སྤྱོད་ནི། །འགའ་ཞིག་སྙན་ངག་ལམ་དུ་མཚོན་པར་བྱས། །དམ་པ་རྣམས་ཀྱིས་མཐོང་ན་ཁྲེལ་བའི་གཞི། །ཟང་ཟིང་གཏམ་གྱི་སྦྱོར་བ་འདིར་མ་བཀོད། །ཅེས་པ་ལྟར་རོ། །སྐྱེ་བོ་སེར་སྣའི་ཞགས་པས་ཉེར་བཅིངས་པས། །ནོར་དང་ལོངས་སྤྱོད་སྲོག་དང་ཤ་ཁྲག་ལྟར། །གཅེས་པར་འཛིན་ཀྱང་ཁྱོད་སྐུ་མཐོང་བ་ན། །མཁོ་བར་འཛིན་པའི་འདུ་ཤེས་གཏིང་ནས་ནུབ། །གློ་བུར་མེ་ཤོར་བཞིན་དུ་ཁྱིམ་ནས་འབྱིན། །བུ་ལོན་འབོགས་པ་བཞིན་དུ་ཁྱོད་ལ་འབུལ། །རང་གི་རྙེད་པ་བཞིན་དུ་དགའ་བས་ཚིམ། །ཡིད་ལ་སྨོན་པ་བཞིན་དུ་ཁྱོད་མཐུས་འགྲུབ། །གདན་སར་ཕེབས་ནས་མ་འགྱངས་པར་བྲག་དཀར་དགོན་དུ་བྱོན། དགེ་འདུན་ཉིས་བརྒྱ་ལྷག་ལ་ཟམ་ཆ་རེའི་འགྱེད་གནང། གཟིམས་ཁང་གསར་པར་བྱིན་རླབས་


GTD008_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དང། གནས་གཟིགས་ལ་ཕེབས་ཏེ་བདེ་མཆོག་གི་ཆོ་ག་དང་འབྲེལ་བར་ཚོགས་འཁོར་དང་རྡོ་རྗེའི་གླུ་སོགས་གང་རྒྱས་མཛད་པའི་ཚུལ་གྱི་གསུང་སྒྲོས་ལ་དཔགས་ན་ནང་དུ་འཁོར་ལོ་སྡོམ་པའི་ཕོ་བྲང་གི་རང་བཞིན་དུ་གྲུབ་ཅིང། ཕྱི་རུ་ས་འཛིན་གྱི་རྣམ་པར་སྣང་བ་རྩེ་མོ་གངས་རིའི་ཐོར་ཚུགས་མཛེས་ཤིང། རྐེད་པར་བྲག་རིའི་འཕྲེང་བ་ཚར་དུ་དངར་བ་ལ་ན་བུན་གྱི་གོས་བཟང་འཕྱང་བ། རྩ་བར་སྤང་ལྗོངས་མེ་ཏོག་གི་ཚལ་དུ་བུང་བའི་ན་ཆུང་མགྲིན་པའི་དབྱངས་སྙན་སྒྲོག་པའི་གནས་དེར། རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱི་ལང་ཚོ་ངོམ་པ་ན་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་རྡོ་རྗེའི་གླུ་གར་གྱི་རོལ་པས་རྩེན་པར་གྱུར་པ་ལ་ཐེ་ཚོམ་མེད་དམ་སྙམ། གདན་སར་བྱོན་ནས་ལོ་མཇུག་བར་དུ་བཅད་རྒྱ་མཛད་ཅིང། ཀུན་རིག་དང་འཇིགས་བྱེད་ཀྱི་དབང་སོགས་བཀའ་ཆོས་འགའ་ཞིག་ཀྱང་གནང། དགུང་ལོ་ཞེ་གཉིས་པ་ཆུ་ཕག་གི་ལོ་གསར་སོགས་གྲུབ་རྗེས། དུས་འཁོར་སློབ་ཟུར་ངག་དབང་ཕུན་ཚོགས་པས་རྡོར་ཕྲེང་གི་དབང་ཞུས་པར་བརྟེན་དཀྱིལ་འཁོར་འགའ་ཞིག་གི་བསྙེན་པ་གནང། མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང། འཇིགས་བྱེད་ཀྱི་དབང་སྟ་གོན་དང་བཅས་པ། བསྙེན་རྫོགས་དོན་ལྔ། དགེ་ཚུལ་བཅོ་བརྒྱད་སོགས་སོ་སོའི་རེ་བ་འཕྲལ་དུ་བསྐང། ཁྲི་ལས་ཐོག་པ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་རྡོར་ཕྲེང་ཚོགས་ཆེན་འདུ་ཁང་ནས་གནང་དགོས་ནན་ཏན་ཞུས་པ་ལྟར་གཉུག་མར་གནས་པའི་དགེ་འདུན་ཉིས་སྟོང་ལྔ་བརྒྱ་དང་བདུན། ཕྱོགས་འདུས་བཞི་བརྒྱ་གྱ་བརྒྱད་བཅས་ལ་ཕྲེང་བ་དང་ཀྲི་ཡ་སྦྲགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང་རྫོགས་པར་གནང། འདི་སྐབས་བློ་ལྡན་དོན་གཉེར་བ་རྒྱ་


GTD008_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ལ་གྲངས་མང་བར་རྒྱུད་སྡེ་བཞིའི་ལམ་གྱི་གནད་ཡོངས་སུ་རྫོགས་པའི་གསུང་བཤད་ཐང་མར་བདལ་ཞིང། ལྷག་པར་དབང་གོང་མ་རྣམས་ལ་རྒྱུད་རྒྱ་གཞུང་རྗེ་ཡབ་སྲས་ཀྱི་ལེགས་བཤད་གཞིར་བཟུང། ས་ལུགས་ལམ་འབྲས་སོགས་ཀྱི་བཤད་པ་རྒྱ་ཆེན་པོ་དགག་སྒྲུབ་ཀྱི་ལམ་དུ་དྲངས་ནས་གནང་བས་གདུལ་བྱའི་ཡིད་ཀྱི་ཞིང་སར་ལུང་དང་རྟོགས་པའི་མྱུ་གུ་ཅི་ཡང་བསྐྲུན་པར་མཛད་དོ། །ཕྱིས་སུ་གསུང་འཕྲོས་ཤིག་གི་སྐབས་འགའ་ཞིག་གིས་རྡོ་རྗེ་འཕྲེང་བའི་དབང་འདི་སློབ་དཔོན་གང་ཡིན་གྱིས་བསྐུར་རྒྱུ་ཞིག་མིན་འདྲ་ཞུས་པར། དེ་ཅི་ལ་ཡིན། འཕྲེང་བ་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཡེ་ཤེས་སྐད་ཅིག་གིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་གསུངས་དོན་དེ་ཡིན་གསུངས། དེ་ནི་རྟེན་དང་བརྟེན་པའི་ང་རྒྱལ་གསལ་སྣང་ལས་གཡོ་བ་མེད་པར་དཀྱིལ་འཁོར་དུ་མ་སྤྲོ་བ་དང། བསྡུ་བའི་ཏིང་ངེ་འཛིན་ལ་སྐད་ཅིག་གིས་འཇུག་ལྡང་ནུས་པའི་གསུང་དུ་ཤེས་སོ། །ཁྱོད་ནི་བགྲང་ཡས་དཀྱིལ་འཁོར་བདག་པོའི་སྐུར་བཞེངས་སྐལ་བཟང་འདོད་པ་འཇོ་བ་ན། །དབང་གཞུའི་ལྡིང་ཁང་ལ་འགྲན་རིགས་ལྔའི་ལྷ་ཚོགས་མཁའ་དབྱིངས་ཏིལ་གྱི་གང་བུ་བཞིན། །སྤྱན་སོགས་རིག་པའི་ལྷ་མོ་རྡོ་རྗེའི་གླུ་ལེན་སྣ་ཚོགས་རོལ་མོའི་རྩེ་དགའ་ངོམ། །ཁྲོ་བོས་བགེགས་བསྐྲད་དགེ་ལེགས་མེ་ཏོག་ཆར་འབེབས་ཤིས་བརྗོད་དབྱར་རྔ་དལ་བུར་བཞད། །གསང་གསུམ་ཡེ་ཤེས་བདུད་རྩི་ལུགས་སུ་བླུག །སྒོ་གསུམ་དྲི་བཀྲུས་སྐུ་གསུམ་ས་བོན་གཏོར། །རྡོ་རྗེ་གསུམ་གྱི་ངོ་བོར་གྲུབ་པའི་སྐུ། །འགྲོ་སེམས་མེ་ལོང་ཉིད་དང་དབྱེར་མེད་ཤར། །སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་དང་ལྷོ་བྲག་བཀའ་


GTD008_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱི་ལུང་རྗེས་གནང། དཔའ་གཅིག་གི་དབང། རྗེ་ཉིད་ཀྱི་བཀའ་རྩོམ་རགས་རིམ་གྱི་ལུང་སོགས་གནང་བཞིན་པར་བཤོལ་ཟླ་གཉིས་པའི་ཚེས་ནས་མཆོད་རྟེན་མཐོང་གྲོལ་ཆེན་མོའི་སར་ལྟོ་འཕྱེའི་ཐིག་བཏབ་སྟེ་ལས་མགོ་བརྩམས། ཤིང་བཟོ། རྡོ་བཟོ། འབག་བཟོ། མགར་བ་སོ་སོར་གསུང་བཀོད་རྒྱུན་དུ་གནང་ཞིང་དགོན་པར་བཅར་བཞུགས་མཛད། ཕྱོགས་ཀྱི་དགོན་ལག་རི་ཁྲོད་སོ་སོ་ནས་སློབ་མ་ཆོས་མཐུན་དང་སྐྱེ་བོ་དད་ལྡན་དུ་མ་རང་གི་བཟའ་བཏུང་ལ་བརྟེན་ནས་ལུས་ཀྱི་དཀའ་བ་ཁྱད་དུ་བསད་དེ་ཞག་བཞི་ལྔ་དང། ཟླ་ཕྱེད་སོགས་ལ་ལས་གྲྭར་རྡོ་ཆེན་ཁུར་ནས་ཞབས་འདེགས་ཀྱི་མཆོད་པ་འབུལ་མཁན་ལས་ཀ་མ་རྫོགས་ཀྱི་བར་དུ་བར་མ་ཆད་པ་བྱུང། དགུང་ལོ་ཞེ་གསུམ་པ་ཤིང་བྱིའི་ལོ་གསར་སོང་རྗེས། དོན་གཉེར་བ་འགའ་ཞིག་གི་ངོར་བདེ་མཆོག་ལྷ་ལྔ་དང་ལུས་དཀྱིལ་གྱི་དབང། སྐྱབས་འགྲོའི་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་བཅས་གནང་ཞིང། བྲག་དཀར་དགོན་དུ་གདན་དྲངས་པ་ལྟར་བྱོན། གསུང་ཆོས་ལ་ལན་བཞི་སྨོན་ལམ་ལ་ལན་གཅིག་ཕེབས། ཚོགས་ལ་ཞོ་དར་དང་ཇ་བག་རེའི་འགྱེད་དང། འདུ་ཁང་དུ་འཕན་ལེགས་པ་ཆ་གཅིག་གནང། བཅོ་ལྔའི་ཉིན་བསྒྲུབ་བྱ་བཅུ་གསུམ་དགེ་སློང་གི་བསླབ་པ་ལ་བཀོད། སླར་ཡང་གདན་སར་བྱོན། དོན་གཉེར་ཅན་རྣམས་ལ་བཅུ་གཅིག་ཞལ། རྡོར་སེམས། ཁྱུང་ནག །ལོ་མ་གྱོན་མ་སོགས་ཀྱི་རྗེས་གནང། ཚེམ་བུ་པའི་དམར་ཁྲིད་སོགས་གནང། བྱང་ཕྱོགས་བསྟན་པའི་གསལ་བྱེད་ལྕང་ལུང་པཎྚི་ཏར་སྒྲུབ་ཐབས་བརྒྱ་རྒྱམ་གཉིས་ཀྱི་རྗེས་གནང། ཉང་ཚང་སྤྲུལ་བའི་སྐུ་དགོན་པར་ཐུགས་གཉེར་ལ་བྱོན་པ་ཁོང་དང་ཐུན་མོང་ལ་དུག་དབང་རྨ་བྱ་རྒྱས་པ་དང། དེ་སྐོར་གྱི་ལུང་བཅས་སྩལ།


GTD008_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཐང་དགའ་ལྡན་ཆོས་འཁོར་གླིང་དུ་གདན་འདྲེན་ཞུས་པ་ལྟར་གཉིས་པའི་བཅོ་ལྔ་ལ་བྱོན། སྟ་གོན་སྔོན་དུ་འགྲོ་བའི་འཇིགས་བྱེད། བདེ་མཆོག །ཀུན་རིག །བཅུ་གཅིག་ཞལ་བཅས་ཀྱི་དབང། མགོན་ཆོས་ལྷ་མོ། རྣམ་སྲས། རྟ་མགྲིན། རིགས་གསུམ་མགོན་པོ་སོགས་ཀྱི་རྗེས་གནང་སྩལ་ནས་དད་གུས་ཀྱིས་རྒྱུད་སྨིན་པར་མཛད། ཆས་པ་དང་དགེ་དགོན་དུ། གདུགས་དཀར་གྱི་དབང། སྒྲོལ་དཀར་ལྗང། ཁྱུང་ཁྲ་ནག །རྟ་མགྲིན། སྨེ་བརྩེགས། ལོ་གྱོན་མ། རྣམ་འཇོམས་སོགས་ཀྱི་རྗེས་གནང། དོན་གཉེར་བ་སུམ་བརྒྱ་ལ་བསྙེན་གནས་ཀྱི་སྡོམ་པ་སྩལ། ཆས་པ་ཀོའུ་ནང་དུ། བདེ་གསང་འཇིགས་གསུམ་གྱི་སྐུ་རབ་གནས། རིགས་གསུམ་མགོན་པོ། སེང་གདོང་མ། བེག་ཙེ། ཚེ་དཔག་གྲུབ་རྒྱལ་ལུགས་སོགས་ཀྱི་རྗེས་གནང། ཉེར་མཁོའི་ལུང་གང་འདོད་དུ་གནང་སྟེ་གསུམ་པའི་ཚེས་ལ་གདན་སར་བབས་ནས། ཆབ་ཚན་གྱི་འཕྲོད་བསྟེན་མཛད། ཀིརྟིའི་ཐ་ལར་གྲགས་པ་ཐེ་བོ་སྤྲུལ་བའི་སྐུ་ཞིང་ལ་གཤེགས་ནས་གདན་དྲངས་པར་མཆོག་ཁྲུས་བསྔོ་སྨོན་སོགས་ཀྱིས་ཐུགས་དགོངས་རྫོགས་པར་མཛད། དེ་ཀའི་ཚོགས་མང་ལ་ཐུགས་རྗེ་ཆེན་པོའི་དབང་དང། རྡོར་སེམས། ཚེ་དཔག་མེད་ཀྱི་རྗེས་གནང། ཀིརྟིའི་སྤྲུལ་བའི་སྐུ་རིན་པོ་ཆེར། ཚེ་དབང་སོགས་ཆོས་བཀའ་ཅི་རིགས་གནང། གདན་སར་བྱོན་ནས་ལྕང་ལུང་པཎྚི་ཏར་མགོན་པོ་ཞལ་རྣམ་འགྱུར་བཅུ་བདུན་གྱི་རྗེས་གནང། རྣམ་འཇོམས་ཀྱི་དབང་བཅས་སྩལ། གཞན་ཡང་བདེ་མཆོག་ནག་པོའི་དབང། འཇམ་ལུགས་ཚེ་དཔག་ལྷ་ལྔ། ཚེ་དཔག་མེད་དཀར་པོ། ཤྲ་མ་ཎ། སེང་གདོང་མ།


GTD008_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ། དཔལ་ལྷ། རྟ་མགྲིན་དམར་ཆུང། རིག་བྱེད་མ་གསང་སྒྲུབ་སོགས་ཀྱི་རྗེས་གནང་སོགས་གནང་བཞིན་པར་ཟླ་བ་གསུམ་པ་ནས་མཐོང་གྲོལ་ཆེན་མོའི་ཚོན་རྩི་དང། བུམ་པའི་རྩིག་པ་ཚུགས་ཏེ་དྲུག་པའི་ཚེས་དྲུག་ལ་ཆོས་འཁོར་འཛུག་ཐུབ་པ་བྱུང་བས་རྟེན་འབྲེལ་ལེགས་པར་འགྲིག །ཟླ་བ་བདུན་པའི་ཚེས་གཅིག་ནས། ༸སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་བ་རི་བརྒྱ་རྩ། རྣམ་སྲས་བཀའ་བཅོ་ལྔ། དུག་དབང་རྨ་བྱ་རྒྱས་པ། འཇམ་ལུགས་ལྷ་ལྔ། ཚེ་དཔག་མེད་དཀར་པོ། ཛམ་དམར། རྡོར་སེམས་ཡབ་རྐྱང་དང་ཡུམ་བཅས། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས། དམག་ཟོར་མ། ཁྱུང་ཁྲ། སྨན་བླ། བཀའ་གདམས་ལྷ་བཞི། སེང་གདོང་མ། ལོ་གྱོན་མ། ཤྲ་མ་ཎ། ཕྱག་རྡོར་གཏུམ་ཆུང། ཨུ་ཙརྻ། འཇམ་དཀར། དབྱངས་ཅན་མ་དཀར་དམར་གྱི་རྗེས་གནང་སོགས་ཐུགས་བཞེད་བསྐངས། སྔ་ཕྱིར་བསྒྲུབ་བྱ་སོ་ལྔ་བསྙེན་རྫོགས་དང། མཐོང་གྲོལ་ཆེན་མོའི་ལས་མཇུག་གྲུབ་པར་མཛད། སྔ་ལོ་ནས་གདན་འདྲེན་ཞུས་པ་ལྟར། བཅུ་པའི་ཚེས་ལ་ད་ཚང་དུ་གདན་བཏེག །ལམ་བར་ཆོས་འཁོར་གྱི་ཧོར་སྤྲུལ་སྐུ་འཇམ་དབྱངས་མཁས་གྲུབ་ཞི་བར་གཤེགས་པའི་སར་གདན་དྲངས། མཆོག་ཁྲུས་དང་བསྔོ་སྨོན་གང་རྒྱས་མཛད། མཛོད་དགེ། ཁེ་ཐ། ཁ་ནག །དབལ་ཤུལ། ཟངས་དཀར། རོང་རུ་སོ་སོའི་གདན་འདྲེན་ནན་ཆེ་རུང་མ་ཕེབས་པར་ཉི་ཤུ་གསུམ་ལ་ད་ཚང་དུ་འབྱོར། ཚོགས་པར་མང་ཇ་དང་ཇ་རྒྱ་མ་བདུན་རེའི་རྩིས་ཀྱི་རྟ་ཕོགས་ཞོ་དར་གྱི་འགྱེད། འདུ་ཁང་དུ་རྗེའི་གསེར་སྐུ་མི་ཚད་ཁྲི་རྒྱབ་ཡོལ་ཅན། སྤྱི་འཇོག་ལ་རྟ་ནོར་བདུན། སྐུ་ཞབས་རིན་


GTD008_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་གདན་འདྲེན་གྱི་ཞལ་འདེབས་སུ་ཇ་ལན་འདུའུ་བཅུ་བཞི། ནས་རོང་ཡ་བཞི་བརྒྱ་སོགས་བཞག །ཚོགས་མང་ལ་བསྐང་གསོ་ཡོངས་རྫོགས་ཀྱི་ལུང། རྡོར་སེམས། མགོན་པོ། ལྷ་མོ། ཚེ་དཔག་མེད། རྟ་མགྲིན། སེངྒེ་སྒྲ། རྣམ་སྲས་བཅས་ཀྱི་རྗེས་གནང། ཇོ་ནང་བླ་མ་ལ་སྐྱབས་འགྲོའི་ཁྲིད། རྡོར་སེམས་ཀྱི་ཁྲིད། སྤྱི་འབུལ་ཕྱིར་སློག་ཅིང་འཕྲལ་ཕུགས་སུ་ཕན་པའི་བསླབ་བྱ་རྒྱས་པར་གནང་བས་ཀུན་ཡིད་གདུངས་ཤིང། སྔར་ནང་འཛིང་ཞིག་ཡོད་པ་རང་ཞིར་སོང་བས་བྱིན་རླབས་ལ་ཡིད་ཆེས་རྙེད། ཡང་བསྐྱར་སྐྱབས་མགོན་མཆོག་གི་གཟིམས་ཁང་དུ་ཉེར་མཁོའི་སྤྱད་པ་སྣ་ཚོགས་བཞག་པ་ཁང་གཉེར་ལ་རྩིས་སྤྲད་དེ། བཅུ་གཅིག་པའི་ཚེས་གཅིག་ལ་ད་ཚང་ནས་བཏེག །ཆིབས་བསུ་རིང་ཐུང་སེར་སྦྲེང་དང་བཅས་བཅོ་ལྔའི་ཉིན་སོ་མང་རྒྱལ་སར་བབས། རྒྱལ་མོ་བསོད་ནམས་སྒྲོལ་མ། རྒྱལ་པོ་ནང་སོ། སྲས་མོ་བསོད་ནམས་དབང་མོ། ཅོག་ཙེའི་སྲས་མོ་བསོད་ནམས་མཚོ་རྒྱལ། རྔ་རྩ་ཐེ་ཐེ། ཁུ་འཇོ་ཉ་རྒྱལ། ང་རོ་ཁ་ཁ། ཚ་ཁོ་པ་འབྲུག་རྒྱལ་བཅས་བློན་ཆེན་བཞི་ལ་སོགས་པའི་དཔོན་བློན་འཁོར་བཅས་ལ་ཚེ་དབང་གསུང་བཤད་དང་བཅས་པ་རྒྱས་པར་གནང། ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་ལ་བཀྲ་ཤིས་སྙེ་མའི་སྒོ་ནས་རབ་གནས་གང་རྒྱས་སྦྱིན་སྲེག་དང་བཅས་པ་སླ་ཆོས་སུ་མ་སོང་བ་དང། སྟ་གོན་སྔོན་དུ་བཏང་སྟེ། ཀུན་རིག་གི་དབང་གསུང་བཤད་དང་བཅས་པ་ཕྱག་ལེན་ཞིབ་རྒྱས་མཛད། སྒྲོལ་མ་དཀར་ལྗང། རྟ་མགྲིན། ཐུགས་རྗེ་ཆེན་པོ་སོགས་ཀྱི་རྗེས་གནང་སྩལ་ཞིང་དཔོན་བློན་ལ་གསུང་འཕྲོས་ཀྱང་ཞིབ་པར་གནང། ཀམ་ཀྱོའུ་ཟེར་བའི་ལྷ་ཁང་ལ་གདན་དྲངས་


GTD008_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

པར་རབ་གནས་དང། རྒྱལ་མོ་སོགས་ཉུང་ཤས་ལ། འཇམ་ལུགས་ལྷ་ལྔ། སྒྲོལ་མ་ཉེར་གཅིག །སེང་གདོང་མ་བཅས་ཀྱི་རྗེས་གནང་སྩལ། སྔ་ཕྱིར་དངུལ་སྲང་བདུན་བརྒྱ། རྟ་དྲེལ་བཅོ་ལྔ། གཅན་གཟན་གྱི་པགས་རིགས་གང་མང་སོགས་གཟབ་ནས་ཕུལ་ཞིང། ཐམས་ཅད་དད་གུས་ཀྱིས་ཡིད་བརླན་ཏེ་འདྲེན་བྱེད་ནས་ཆུ་རྒྱུན་རྩོལ་མེད་དུ་འབབ་པ་བྱུང། གོང་འོག་ཏུ་ཡོད་པའི་རྣམ་ཐར་འཕྲིན་ཡིག་དེ་རྒྱལ་མོ་འདི་ཉིད་ལ་གནང་བའི་འཕྲིན་ཡིག་གི་བར་སྐབས་སུ་ཚིགས་བཅད་གནང་བ་སྟེ། བསྟན་པའི་ལྕགས་རི་ཚ་བ་ཁ་གསུམ་གྱི། །གཙོ་བོར་གྱུར་པ་སོ་མང་རྒྱལ་ཁབ་ནས། །གསེར་བཟང་ཁྲི་ཕྲག་འཐག་རིས་ལྷ་དར་གྱི། །སྐྱེས་བཅས་མི་སྣ་ཆེད་དུ་མངགས་པའི་གདོང། །སྙན་ངག་ཀུན་གྱི་རྒྱལ་པོ་འཁྲི་ཤིང་གི །དོན་འགྲེལ་རྟོགས་བརྗོད་ལྷུག་པར་བྱས་པ་དང། །ཁོ་བོའི་གནས་ཚུལ་ཞིབ་པར་བཀོད་པ་ཡི། །རྣམ་ཐར་དགོས་ཚུལ་ཡི་གེ་ནན་ཆེར་བྱུང། །མ་ག་དྷ་བཟང་གཉིས་པ་མིའི་དབང་མོ། །མ་ཆེན་བསོད་ནམས་སྒྲོལ་མའི་དགོངས་བཞེད་བཞིན། །མ་བཅོས་རྣམ་ཐར་གཙང་མ་འགའ་མཆིས་ན། །མ་སྦས་གསོང་པོར་སྨྲ་བའི་འོས་ཡིན་ཀྱང། །རྙེད་བཀུར་ལོངས་སྤྱོད་འདུ་འཛིའི་ཞགས་པ་ཡིས། །རྣམ་པར་བཅིངས་པའི་ངང་ཚུལ་བརྗོད་པ་ལ། །རྣམ་པར་ཐར་ཅེས་དོན་མི་མཐུན་གྱི་གཏམ། །ཅོ་འདྲི་ལྟ་བུར་སྙིགས་མའི་དུས་འདིར་སྒྲོགས། །འདི་ན་དམ་པའི་མཚན་ཙམ་བཟུང་བྱས་ཏེ། །འདི་སྣང་གཡེང་བའི་བྲན་དུ་ཁོལ་བ་ལས། །འདི་ཕྱིར་བསྟན་འགྲོའི་དོན་དུ་འགྱུར་ངེས་པ། །འདི་འདྲ་བགྱིས་ཞེས་བསྙད་དུ་མེད་པས་གནོངས། །འོན་ཀྱང་སྐྱོན་ཡོན་འདྲེས་མའི་སྤྱོད་ཚུལ་རྣམས། །སྒྲོ་སྐུར་སྤངས་ཏེ་དྲང་པོར་བརྗོད་བྱས་ན། །དགག་བྱ་ཆུང་ཞིང་སྐལ་


GTD008_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་འགའ་ཞིག་ལ། །ཅུང་ཟད་ཕན་ཡང་སྲིད་པས་འདི་སྐད་གསོལ། །ཞེས་གསུངས་པ་ལྟར་རོ། །ཉི་ཤུ་གཉིས་ཀྱི་སྔ་དྲོ་སོ་སོའི་སྡེ་མང་གི་ཁྲོམ་ཆེན་པོར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་གནང། ཕྱི་དྲོ་དེ་ནས་བཏེག་སྟེ་རྣ་ལུང་ལ་རྩར་ཞག །ཁང་དམར་དགོན་དུ་མཆོད་རྫས་ཤིག་གནང་ན་དགོངས་ཡོད་པར་གདུགས་གཅིག་རང་ཤུགས་ཀྱིས་འགྲིག་ནས་གནང་བས་ཆོས་ཀྱི་རྒྱལ་སྲིད་བརྟན་པའི་རྟེན་འབྲེལ་ལེགས། ལྷ་དབང་གཟི་བྱིན་འཕྲོག་འདྲའི་རྒྱལ་པོ་དང། །ཉེ་དབང་ས་ལ་འཕོས་འདྲའི་བློན་པོའི་ཚོགས། །མགོན་མེད་ཟས་སྦྱིན་སྲས་མོ་མ་ག་དྷ། །གཉིས་པའི་ཚོགས་ཀྱིས་ཁྱོད་ཞབས་གུས་པས་མཆོད། །བསྐལ་པར་གོམས་པའི་ཐུགས་བསྐྱེད་ལྟེ་བ་རུ། །གདུལ་བྱའི་ལེགས་སྨོན་ཟླུམ་པོར་འཁྲིལ་བ་ཡི། །ལུང་རྟོགས་འོད་འབར་བཤད་སྒྲུབ་གསེར་འཁོར་ལོས། །ཆེ་དགུའི་དབུས་ན་འཁོར་སྒྱུར་ལྟ་བུར་མཛེས། །རོང་རུ་དང་དབལ་ཤུལ་མཛོད་དགེ་ནས་རབ་བྱུང་དགེ་ཚུལ་ཉེར་གཅིག་ཙམ་གནང་ཞིང། ཁ་ནག་དབལ་ཤུལ་བར་དུ་རྒྱལ་ཁག་པ་རྣམས་ཀྱིས་རྟ་འུལ་གྱི་སྟེང་ནས་ཕེབས་སྐྱེལ་ཞུས། ཤིས་ཚང་སྒར་བདེ་ཆེན་ཆོས་གླིང་དུ་གདན་དྲངས་ཏེ་དགོན་པ་ཕུལ་ཞིང། མར་རྒྱ་མ་བདུན་བརྒྱ་སོགས་དངོས་འབུལ་བཏེག་པར་འབུལ་བ་རྣམས་ཕྱིར་སློག །དགོན་པ་སྐུ་ཞབས་རིན་པོ་ཆེར་ཕུལ་ན་ལེགས་ཚུལ་གྱི་གསུང་བཀོད་གནང་བ་ལྟར། ཁོང་ཚོས་ཀྱང་བཀའ་བཞིན་ཕུལ་ཏེ། ཚོགས་ཆེན་ཁྲི་པ་གང་ཡིན་གྱིས་སྐྱོང་བའི་སྲོལ་བཙུགས། བཅུ་དྲུག་གི་ཉིན་གདན་སར་བབས་ཏེ་དོན་གཉེར་བ་འགའ་ཞིག་ལ་དཔའ་གཅིག་དང། གདུགས་དཀར་སོགས་ཀྱི་


GTD008_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྩལ། དགུང་ལོ་ཞེ་བཞི་པ་ཤིང་གླང་གི་ལོ་གསར་སོགས་དཀྱུས་ལྟར་མཛད་ནས། རྒན་ཀྱའི་བྲག་དཀར་དུ་བྱོན། གསུང་ཆོས་དང་སྨོན་ལམ་ལ་ལན་རེ་ཕེབས། ཇ་བག་རེ་དང་ཁ་དར་རེའི་འགྱེད་གནང་ནས་མྱུར་བར་གདན་སར་བབས། ཚེས་བཅུ་ནས་བཟུང་སྟེ། སྐྱབས་མགོན་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེས་གཙོ་མཛད། ཁྲི་ཆེན་སྤྲུལ་བའི་སྐུ་འཇིགས་མེད་རིགས་པའི་སེངྒེ། སྡེ་ཁྲི་སྤྲུལ་བའི་སྐུ་འཇམ་དབྱངས་ཐུབ་བསྟན་ཉི་མ། སྒོ་མང་མཁན་ཟུར་རིན་པོ་ཆེ་བློ་བཟང་ཆོས་དར། རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན། གཞན་བསྙེན་སོང་སུམ་ཅུས་བཀྲ་ཤིས་སྙེ་མའི་ཕྱག་ལེན་རྒྱས་པའི་ལུགས་ལྟར་མཆོད་རྟེན་མཐོང་གྲོལ་ཆེན་མོ་རབ་གནས་མཛད། དངུལ་སྲང་ཉིས་སྟོང་ཆིག་བརྒྱའི་རྩིས་ཀྱིས་ཚོགས་སུ་རབ་སྟོན་ལ་ཇ་ཐུག་གི་ཐོག་ཇ་བག་རེ་དང་བསོད་བཏགས་རེའི་འགྱེད་གནང། དབོན་ཆོས་མཛད་ཚུན་ཆད་རབ་ཡོན་གྱིས་མཉེས་པར་མཛད་པ་འདིས་མཚོན་སྐུ་ཚེ་ཧྲིལ་པོར་ནོར་རྫས་ཀྱི་རྙེད་པ་གང་བྱུང་བླ་མ་དཀོན་མཆོག་གི་ཞིང་ཁོ་ནར་གཏོང་བ་ལས། ཉེ་དུའི་འཛིན་སྐྱོང་སོགས་དོན་མེད་ཀྱི་ཕྱོགས་སུ་ཆུད་འཛའ་བ་གཏན་མི་གནང་བ་ཀུན་ལ་མཐུན་སྣང་དུ་གྲུབ་པ་སྟེ། རྣམ་ཐར་སྤྲིང་ཡིག་ལས་ཀྱང། དད་རྫས་ཉེ་དུའི་ཚོགས་སུ་མ་བསྐོར་བར། །སྐུ་གསུང་ཐུགས་ཀྱི་རྟེན་མང་བཞེངས་པ་དང། །དགོན་སྡེ་དུ་མར་བསྙེན་བཀུར་བགྱིས་པ་སོགས། །དཀོར་གྱི་བུ་ལོན་ཆུང་བའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར་རོ། །བཅོ་ལྔའི་ཉིན་བླ་བྲང་ཆེན་མོར་སྐུ་ཞབས་རིན་པོ་ཆེའི་མདུན་དུ་དགོན་པའི་བླ་མ་ཁྲི་གདན་ཟུར། ལས་སྣེ་ཆེ་ཆུང། དབོན་ཆོས་མཛད། ཚོགས་འདུས་རྒྱས་པ་བཅས་འཛོམས་ནས་གསོལ་སྟོན་རྒྱས་པའི་ཐོག་རྟེན་བཞེངས་གྲུབ་པའི་ལེགས་


GTD008_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་མཎྜལ། མཛོད་བཏགས། དངུལ་སྲང་ལྔ་བཅུ། ན་བཟའ་ཉེར་སྤྱད་གོས་ཕྲུག་འགའ་བཅས་བཀའ་དྲིན་ཆེ་ཚུལ་དང། ཞབས་བརྟན་གསོལ་འདེབས་ཀྱི་མཚམས་སྦྱོར་ཕྲན་གྱིས་ཞུས་པས། ཡབ་སྲས་རྣམས་ཀྱི་སྐུ་ཚེ་སྔ་ཕྱིའི་འབྲེལ་དང། སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས་པས། ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེས་གཙོ་མཛད། ཐམས་ཅད་ཀྱིས་བསྟན་དོན་ཁུར་དུ་བཞེས་དགོས་ཚུལ་གྱི་བཀའ་ལན་རུས་པ་ཅན་གནང། དེ་ཡང་མདོ་ལས། ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་ཀློག་གམ་སྟོན་ཏམ་ཞེས་པ་ནས། ས་ཕྱོགས་དེར་དེ་བཞིན་གཤེགས་པའི་ཕྱིར་མཆོད་རྟེན་བྱས་པའི་ས་ཕྱོགས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོར་རིག་པར་བྱའོ། །ཞེས་གསུངས་པ་ལྟར། ཤིན་ཏུ་བསྔགས་པར་འོས་ཀྱང་ཞིབ་པར་དཀར་ཆག་ལྷའི་རྔ་ཆེན་དུ་ཤེས་པར་བྱ་ལ། སྐབས་འདིར་སྔོན་གྱི་བྱུང་བ་ཟུར་ཙམ་འགོད་པར་བྱ་སྟེ། སྔ་སོར་སྐྱབས་མགོན་རྡོ་རྗེ་འཆང་ནས་འདུ་ཁང་ཆེན་མོའི་རྡོ་གཅལ་གྱི་མདུན་དེར་སངས་རྒྱས་སྟོང་སྐུའི་ལྷ་ཁང་ཞིག་བཞེང་དགོས་གསུངས་ཀྱང། རྗེས་སོར་དེར་ལྷ་ཁང་མཐོན་པོ་བཞེངས་ན་དགོན་པའི་གླིང་ནས་ཆབ་སྐད་ཐོས་དཀའ་བས། དགོན་པའི་མཐའ་ཞིག་ནས་བཞེངས་ན་ལེགས་ཞེས་ས་དེར། གསོ་རིག་གཞན་ཕན་གླིང་གི་གྲྭ་ཁང་བཞེངས་པ་དང། ཡང་མཆོད་རྟེན་ཆེན་པོ་ཞིག་གམ་ལྷ་ཁང་ཞིག་བཞེང་རྒྱུར་དགོས་གསུངས་ནས། ལྷོ་ཟམ་ངོས་ཀྱི་ཁང་པ་འགའ་བསྒྲིལ་ཏེ་ར་སྐོར་ཁད་ཡངས་པར་བཞག་པས། ལྷ་ཁང་ཅི་འདྲ་བཞེང་རྒྱུ་ཞུས་པར། ཐག་མི་ཆོད་ཀྱང་འོག་ཤོད་ཀ་བར་དགུ །དེའི་


GTD008_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་མ་ཀ་བར་བདུན། དེའི་སྟེང་མ་ལྔ། དེའི་སྟེང་མ་གསུམ་བྱས་ཏེ་མཆོད་རྟེན་གྱི་དབྱིབས་དོད་པའི་ལྷ་ཁང་ཞིག་བཞེངས་ན་ཅི་འདྲ་ཡོང་གསུངས་པ་མཐོང་གྲོལ་ཆེན་མོ་འདིར་ཁྲིག་གིས་འགྲིག་ཅིང། ཡང་ཚོང་རའི་ཁྲོམ་གྱི་འཚོགས་ས་དེར་རྐེད་ཉག་ཡོད་པ་བཅོས་ན་ལེགས་གསུངས་པས། ད་ལྟ་ས་དེར་བསྐལ་བཟང་ལྷ་ཁང་བྱུང་བ་དང། ཚོགས་ཆེན་ཁྲི་པ་འདུ་ཁང་སྟེང་ཤོད་དུ་བཞུགས་རྒྱུ་འདི་ཤིན་ཏུ་གལ་ཆེ་ཡང། ཁྲི་པ་བླ་བྲང་གི་གཞི་ཡོངས་རྫོགས་དེར་བྱས་ན་འདུ་ཁང་ལ་གནོད་གསུངས་ནས། དམ་ཅན་གྱི་ལྷ་ཐོ་དང་ཉེ་བར་སྔོན་གྱི་རྒྱུད་ཁང་ཀ་བཞི་མའི་གྱང་རོ་ཡོད་པ་བདེ་ཁོད་སྙོམས་བཅུག་སྟེ། འདིར་ཁྲི་པ་བླ་བྲང་ཞིག་བསྐྲུན་དགོས་གསུངས་པ་ལྟར་རྗེ་འཇིགས་མེད་རིགས་པའི་སེངྒེ་ནས་དེར་དམིགས་ཏེ་ཞབས་བརྟན་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་པ་དང། སྔོན་གྱི་ཇོ་ཁང་སུམ་ཐོག་བསྐྱོད་ཤུལ་དུ་ད་ལྟའི་གསེར་ཁང་ཆེན་མོ་བཞེངས་སྐབས། ཇོ་བོ་རིན་པོ་ཆེ་འདུ་ཁང་དང་སྟེང་ཤོད་ཀྱི་རྟེན་རྣམས་ངོ་མཚར་ལྷ་ཁང་དུ་གདན་དྲངས། བེ་སི་བ་ཐུར་དཱའི་ཆིང་གིས་བཞེངས་པའི་བྱམས་ཆེན་དང། མངར་རིས་པ་དར་ཧན་ཆོས་རྗེས་བཞེངས་པའི་སེངྒེའི་ང་རོ་ཐོག་ཚད་མ་གཉིས་ཀ་ཨར་ཆོག་བྱས་པས། རྗེ་འཇིགས་མེད་ནམ་མཁའ་སྐུ་ན་ཕྲ་ཡང་བྱམས་པ་དང་སེངྒེའི་ང་རོ་གཉིས་ཀ་བཞེང་རྒྱུ་ཨེ་ཡིན་ཞུས་པས། བཀའ་ལས་བྱམས་པ་མ་གཏོགས་མི་ཐུབ། སེངྒེའི་ང་རོ་སླར་ཁྱེད་ཀྱི་སེམས་ལ་འཛིན་དགོས་གསུངས་པར། དེ་དུས་ཁོང་ཆ་རྐྱེན་བཀྲེན་ཞིང་གཟིམས་སྤྱིལ་དང་ཐབ་གཞི་ཡང་མ་ཟིན་པར་ཡོད་པས་གསུང་དེ་ཅི་འདྲ་རང་སྙམ་ཡང་ཕྱིས་དོན་ཐོག་ཏུ་སྨིན་པ་སོགས་ལ་བསམ་ན་ཀུན་མཁྱེན་གོང་མས། ངའི་རྗེས་སུ་སངས་རྒྱས་བྱང་སེམས་དུ་མ་བསམ་


GTD008_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྐྱེ་བ་བཞེས་ནས་བསྐྱངས་ཡོང་གསུངས་པ་བསླུ་མེད་རྡོ་རྗེའི་ཚིག་ཏུ་ངེས་པ་རྙེད་པར་མ་ཟད། ངེས་པ་དོན་གྱི་སྐྱེས་མཆོག་མཛོད་དགེའི་རི་ཁྲོད་པ་མཁས་གྲུབ་བསྟན་འཛིན་པའི་མནལ་ལམ་དུ་དཀྱིལ་འཁོར་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་གི་གཙོ་བོའི་གོ་སར་སྐྱབས་མགོན་རྡོ་རྗེ་འཆང་དང། འཁོར་གྱི་གོ་སར་རལ་གྲི་རེ་ཡོད་པར་རྨིས་པ་ནི་ཡབ་སྲས་ཐམས་ཅད་འཇམ་པའི་དབྱངས་དང་ཐ་མི་དད་པའི་བརྡ་དང། དེ་དང་མཐུན་པར་སྲས་མཆོག་སོ་སོའི་གསུང་སྒྲོས་ངོ་མཚར་བ་དུ་མ་ཡོད་ཀྱང་བཏང་སྙོམས་སུ་བཞག་གོ །ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ལྟར་རྗེ་བླ་མ་ཐུགས་རྗེའི་གཏེར་ཆེན་འདི་ཉིད་འགྲོ་འཆག་ཉལ་འདུག་ཚུན་ཆད་དུ་ཏིང་ངེ་འཛིན་ལས་གཡོ་བ་མེད་པ་ནི་དགྲ་བཅོམ་པ་འགོག་པ་ལ་སྙོམས་པར་ཞུགས་པའི་དཔེ་ཟླར་འོས་པ། ལུང་ཆོས་བརྒྱུད་པའི་མན་ངག་འཆད་པ་དང་སྤེལ་བས་གདུལ་བྱ་འདུལ་བ་ནི་བསྟན་པའི་གཏད་རབས་མདོ་སྡེ་འཆད་ཅིང་ཐུབ་བསྟན་སྐྱོང་བའི་ཚུལ་ལ་འགྲན་པ། དགེ་འདུན་གྱི་སྡེ་ཉམས་པ་གསོ་ཞིང་གསར་པ་སྤེལ་ཏེ་བསྟན་པའི་གནས་གཞི་འདིང་བ་ནི་ལྷ་བླ་མ་ཁུ་དབོན་དང་ཇོ་འབྲོམ་སྐུ་མཆེད་སོགས་ཀྱི་རྗེས་སུ་འགྲོ་བ། དད་པས་ཕུལ་བའི་དངོས་པོ་ཆུད་མི་འཛའ་བར་མཆོད་པའི་ཞིང་ཁྱད་པར་ཅན་ལ་བསྙེན་བཀུར་བས་ནི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་རྗེས་སུ་རྐང་པ་འཇོག་པ། མདོར་ན་སྔོན་བྱོན་དམ་པ་ཡོངས་ཀྱི་རྣམ་ཐར་རིན་ཆེན་རྡུལ་མང་བསྟན་འགྲོའི་ཉེར་འཚོའི་དཔལ་དུ་སྤོ་མཐོར་བརྩེགས་པའི་ཡོན་ཏན་ས་འཛིན་དབང་པོ་ཟླ་མེད་པར་གྱུར་ཏོ། །སྨྲས་པ། གང་གི་ལེགས་མཛད་པུཎྜ་རི་ཀའི་ཚལ། །བཞད་པས་ཕྱོགས་ཀྱི་འཁོར་ལོ་


GTD008_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་ནི། །ལུམྦིའི་ཚལ་དུ་དོན་ཀུན་གྲུབ་པའི་ཚེས། །ངོམ་ཚེ་ནོར་འཛིན་ཤིས་པས་ཁྱབ་པ་བཞིན། །ལུང་རྟོགས་ནོར་བུས་གཏམས་པའི་ཐུགས་ཀྱི་མཚོར། །མཁྱེན་བརྩེ་ཀློང་འཁོར་ཟབ་ཡངས་འཁྱིལ་བའི་བཅུད། །ཡིད་འོང་ལེགས་པར་བཤད་པའི་བདུད་རྩིའི་རྒྱུན། །དཔལ་གྱི་མགུར་ནས་ཆད་མེད་དལ་གྱིས་བབས། །གང་གཱའི་བྱེ་སྙེད་ཏིང་འཛིན་ཆོས་ཀྱི་སྒོ། །ཕྱེ་བས་ངེས་ལེགས་རིན་ཆེན་ཁང་བཟང་རྩེར། །བདེ་བར་ངལ་གསོ་མངོན་མཐོའི་ཐེམ་སྐས་ལ། །བཤད་སྒྲུབ་གོམ་པ་འདོར་རྣམས་ཨེ་མ་མཚར། །ཁ་བད་དཀར་པོ་གྲུ་བཞིར་རྣམ་བཀྲ་བང་རིམ་དག་གིས་རིན་ཆེན་རི་ཡི་དབང་པོར་འགྲན། །གསེར་བཟང་འོད་འབར་གདུགས་དང་ཟར་ཚགས་ཉི་ཟླའི་དཔལ་གྱིས་རྣམ་རྒྱལ་ཁང་བཟང་མཛེས་པ་འཕྲོག །ཀུན་གསལ་མཛེས་མའི་རྣ་ཆ་ཟིལ་གནོན་ཨེ་ཝཾ་གཟུགས་ཀྱིས་ལམ་འབྲས་རྫོགས་པའི་ཤིས་པ་སྟེར། །གང་བློ་རིན་ཆེན་རི་བོའི་དཔལ་ངོམ་གང་དེ་ནོར་འཛིན་ཁྱོན་འདིར་ལྷུན་པོ་གཉིས་པ་བཞིན། །དབང་གཞུའི་རི་མོ་ཅིར་ཡང་རྣམ་བཀྲ་ཀུན་གསལ་མཛེས་མའི་ཁྱོན་ཡངས་པོར། །རྒྱུ་སྐར་བྱེ་བའི་དཔལ་གྱིས་མིག་ལ་ཡ་མཚན་སྐལ་བཟང་བྱིན་པ་ལྟར། །སྣ་ཚོགས་ཚོན་གྱིས་མཛེས་པའི་ཁང་བཟང་ངོ་མཚར་རྟེན་གྱིས་གཏམས་པའི་དཔལ། །གང་གི་དྲི་བཞོན་རེག་པས་ཐར་པ་འདོད་རྣམས་སྙིང་ལ་བསིལ་བ་སྟེར། །མེ་ཏོག་ཕྲེང་བ་ཚར་དུ་དངར་བས་རྐང་དྲུག་ཚོགས་རྣམས་དར་དིར་དབྱངས་སྒྲོག་ལྗོན་ཤིང་གསར་པའི་ནགས་ཚལ་བཞིན། །ལི་ཁྲིའི་མདངས་འཛིན་བསླབ་གསུམ་ལྡན་པའི་དགེ་འདུན་སྡེ་རྣམས་བཤད་སྒྲུབ་ཁུར་གྱིས་རྒྱ་མཚོའི་གོས་ཅན་འདར་བ་སྟེར། །བྱིན་རླབས་སྦྲང་རྩིའི་


GTD008_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེས་རྣམ་ཁེངས་ཞབས་སྐྱེས་པངྨོས་རེག་པ་ཡིས་ཀྱང་ལྗོངས་འདིར་འཁོར་བའི་སྐལ་བཟང་རྣམས། །ཀུན་ཏུ་རྨོངས་པའི་འཁྲུལ་འཁོར་ཉེར་འཇིག་ལེགས་བྱས་ཆུ་འཛིན་དཀར་པོའི་འཕྲེང་བས་དགེ་ལེགས་བྱེ་བའི་དཔལ་བཟང་ངོམ། །དེ་ལྟར་ངོ་མཚར་བདུད་རྩི་ཡིས། །སྙིང་ལ་ཡང་དག་བྲན་པ་དག །འཁོར་བ་ཆུ་སྲིན་འབྱུང་གནས་ལས། །ཐར་པའི་དབྱིངས་སུ་འཕུར་བར་རྩོམ། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་འཁོར་ལོ་གསུམ་གྱི་མཛད་བཟང་ཟུང་འབྲེལ་དུ་ངོམ་པའི་སརྒ་སྟེ་དགུ་པའོ།། །།༈ མགྲིན་པའི་འཁོར་ལོ་ལེགས་བཤད་འདབ་སྟོང་དུ། །རྣམ་གྲོལ་སྐུ་གཉིས་དབྱེར་མེད་ཆོས་ཀྱི་དུང། །ཆུ་ལ་རླན་བཞིན་འབྲལ་མེད་སྙིང་དབུས་སུ། །རྟག་བཞུགས་ཐོས་བསམ་སྒོམ་པ་མྱུར་འགྲུབ་སྩོལ། །དུས་འཁོར་སློབ་ཟུར་དོན་ཡོད་ཚུལ་ཁྲིམས་དགུང་ལོ་བརྒྱད་ཅུ་ཡོལ་ནས་ཞིང་ལ་གཤེགས་ཁར། དམ་སྡོམ་གསོ་བའི་ཆེད་དུ་དཔའ་གཅིག་གི་དབང་ཞུས་པར་འཕྲལ་དུ་སྩལ་ཞིང་དགྱེས་པའི་བསྔགས་བརྗོད་ཀྱང་གནང། དགེ་ཚུལ་སློང་སུམ་ཅུ་ཙམ་གྱི་རེ་བ་བསྐངས་ཤིང། སྐྱབས་འགྲོའི་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། ཡོན་ཏན་གཞིར་གྱུར་མའི་ཁྲིད། སྒྲོལ་མ་དང་འཇམ་དབྱངས་ཀྱི་རྗེས་གནང་སོགས་སོ་སོའི་འདོད་པ་བཞིན་སྩལ། ཟོག་ཧྲུག་གི་ལུག་བཙོང་བ་དང་བཤའ་བ་སོགས་བྱས་ན་སྡིག་སྤྱོད་ཆེ་བས་བལ་ཙམ་གྱིས་ཆོག་ཤེས་བྱེད་དགོས་གསུངས་ནས་ཁྱུང་རྩེའི་མདོར་ལྷ་སྡེ་རྣམས་འཛོམ་ཐོག་ནས་ཟོག་ཧྲུག་གི་ལུག་གང་ཡོད་ཚེ་ཐར་ལ་བཏང། བསང་དང་ཤིས་བརྗོད་


GTD008_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བས་ལྷ་འབངས་རྣམས་དར་བར་གྱུར། དེ་ནས་སྔོན་བ་སོ་ཆོས་ཀྱི་རྒྱལ་མཚན་དགའ་ལྡན་གྱི་ཁྲི་མཐར་ཕྱིན་ནས་ཀུན་སྤངས་མཛད་པ་སོགས་སྔོན་བྱོན་དམ་པའི་རྣམ་ཐར་དང། རྗེས་འཇུག་གི་དམིགས་རྐྱེན་ལ་དགོངས་པ་དང། སྙན་གྲགས་ལོངས་སྤྱོད་འཁོར་གྱི་འདུ་ལོང་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་ཉེས་དམིགས་འདོམས་པའི་ཆེད་དུ་གྲོང་ཆོག་འདི་སྐམ་ལུག་གི་སྲོག་གཅོད་དང། སྲེད་པ་འཕེལ་བ་སོགས་ཉེས་དམིགས་ཀྱི་འབྱུང་ཁུངས་ཡིན་གསུངས་ནས། ཕྱིན་ཆད་གྲོང་ཆོག་ཏུ་མི་ཕེབས་པར་ཐག་བཅད། ཀུན་གྱིས་དེ་འདྲ་མི་གནང་བ་དགོས་ཚུལ་ཞུས་ཀྱང་མ་གསན་པར་བཅད་རྒྱ་མཛད་ནས་དྲུག་པའི་ཡར་ངོའི་བར་དུ་གདན་ས་རང་ན་བཞུགས། བཅད་རྒྱའི་སེང་བར་དུ་སྔ་ཕྱིར་བསྒྲུབ་བྱ་ང་གཉིས་བསྙེན་རྫོགས་དང་སུམ་ཅུ་དགེ་ཚུལ་དུ་བསྒྲུབས། བླ་མ་མཆོད་པའི་ཁྲིད་ཉིན་བདུན་དང། དཔའ་གཅིག་གི་དབང་སོགས་ཀྱིས་དོན་གཉེར་བ་འགའ་ཞིག་གི་རེ་བ་བསྐངས། ཐུགས་ཟིན་གྱི་ཉེ་གནས་གཉེར་པ་བློ་བཟང་དར་རྒྱས་ལྔ་པའི་ནང་དུ་བྲོ་འཚལ་བར་གཤེགས་ཁ་སེམས་གསོ་དང་རྗེས་འཛིན་གྱི་ཞལ་བཞེས། འཕེལ་གདུང་དང་བྱིན་རྟེན་གནང་ཐོག་བསྔོ་སྨོན་གྱི་མཚམས་སྦྱོར་གནང། གཉེར་པ་ཆོས་གོས་གྱོན། སྤྱི་བླུགས་བཟུང་ནས་འགྲོ་བ་རྨིས་པས་སྐྱེ་བ་དགའ་སེ་ཞིག་ལེན་པ་འདྲ་གསུངས། དགེ་སྒྲུབ་ཡོངས་གྲགས་དཔངས་མཐོ་བའི་སྟེང་དུ་ལྷ་ཁང་སོ་སོར་སྟོང་མཆོད་དང་བཅས་ཡིག་དྲུག་བྱེ་ཆེན་བཞི་སོགས་གཟུངས་སྔགས་དུ་མ་སྒྲུབ་པར་མཛད། སྔར་ཚོགས་ཆེན་ཁྲིར་བཞུགས་སྐབས་ད་ལྟ་ངག་འདོན་ཆེར་མི་ཐུབ་ཅེས་རི་ཁྲོད་གོང་འོག་དང། དེའི་སྟེང་བཟླས་བརྗོད་མཁན་བརྒྱ་ཕྲག་ལ་དོང་ཙེ་ཁྲོན་གསུམ་རེ་ཕུལ་ནས་མ་ཎི་བྱེ་བ་རེ་བཅོལ་ཏེ་དུང་ཕྱུར་


GTD008_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ལྟར་འདི་ཡང་ཞིང་གཤེགས་དེ་ཉིད་ཀྱི་ཁ་ཏོན་བྱེད་རྒྱུའི་དོད་ཡིན་གསུངས་ཀྱང་དེ་ཙམ་ག་ལ་ཡིན། སྐབས་འདི་དག་ཏུ་གུང་ཚིགས་ཐོན་རྗེས་མཆོད་རྟེན་མཐོང་གྲོལ་ཆེན་མོའི་ནང་དུ་ཞབས་བསྐོར་མཛད་ཅིང། དེར་སྐྱབས་ཞུར་འོང་བ་རྣམས་གཟུངས་སྔགས་བཟླ་བ་དང། སྨོན་ལམ་སོགས་འདེབས་བཞིན་ཞབས་བསྐོར་ལ་འཁྲིད་པ་དུས་རྒྱུན་གནང། དེ་ནི་ཀུན་མཁྱེན་གོང་མས་ཐང་སྟོང་ཞིག་ལ་རྟེན་མེད་ཀྱི་བསྐོར་བ་མཛད་པ་མཐོང་ནས། ཅི་མཛད་པ་ལགས་ཞུས་པས་དགོན་པ་འདི་ནས་ཤི་ཚད་ངན་འགྲོར་མི་སྐྱེ་བའི་སྨོན་ལམ་བཏབ་པ་ཡིན་གསུངས་པ་ལྟར། འབྲེལ་ཚད་ཐར་པར་འདྲེན་པའི་ཐབས་མཁས་སུ་གོར་མ་ཆག །རི་ཁྲོད་ཡིད་དགའ་ཆོས་འཛིན་དུ་དབྱར་ཞལ་བཞེས་མཛད། དེ་ནས་བཟུང་སྟེ་ཐུགས་བྲེལ་ཆེ་བའི་སྐབས་དགོན་པར་ཕེབས་ནས་ཐུགས་བྲེལ་མ་སངས་བར་དུ་བཞུགས་པ་མ་གཏོགས་ཕལ་ཆེར་དབེན་གནས་དེ་ཉིད་དུ་བཞུགས་པ་ཡིན་ཏེ། དེ་ཡང་རང་ཅག་རྣམས་སྐྱེས་ཙམ་ནས་ལས་ཉོན་གྱི་ཞགས་པས་རང་དབང་མེད་པར་བཅིངས་ནས་ཉེར་ལེན་གྱི་ཕུང་པོའི་ངོ་བོར་གནས་ཤིང། སྡུག་བསྔལ་ལ་བདེ་བ་དང། མི་རྟག་པ་ལ་རྟག་པར་འཛིན་པ་སོགས་ཀྱིས་བསྒྲིབས་ནས་གཅེས་འཛིན་དང་བདག་འཛིན་ལ་དགྲར་མ་བལྟས་པས། རྣམ་པར་ཤེས་པ་ནི་ཤིང་བལ་རླུང་གིས་བདས་པ་བཞིན་དུ་སྲིད་པའི་འཕྲང་རིང་པོར་ངེས་མེད་དུ་འཁྱམས་ནས་རྟག་ཏུ་སྡུག་བསྔལ་གྱིས་མནར་བས་ངལ་ཞིང་དུབ་ན་ཡང་ད་དུང་མི་གཙང་བའི་དྲི་ལ་སྦྲང་བུ་འཁོར་བ་བཞིན་དུ་ཐར་པའི་ལམ་ལས་ཕྱིར་ཕྱོགས་པ་ནི་


GTD008_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་འདམ་དུ་བྱིང་བས་ཐར་པའི་ལམ་ལས་གོལ་ཚུལ་ཕྱོགས་གཅིག་ཙམ་ཡིན་ལ། དེ་ལྟ་བུའི་ཚུལ་གྱིས་བློ་ནང་དུ་ཕྱོགས་ནས་བསམ་ན་སྐྱོ་བ་ཡང་སྒོ་སྣ་ཚོགས་ནས་སྐྱེ་བ་སྲིད་ཀྱང་ཚུལ་དེ་མ་བསམ་པའི་དབང་གིས་ཚེ་འདིའི་ཆོས་བརྒྱད་ཀྱི་སྒྲོག་གིས་བཅིངས་ཏེ། སྲིད་པའི་བཙོན་ར་ལས་ཐར་འདོད་ཙམ་ཡང་མ་སྐྱེས་ན་ཐར་ལམ་འཚོལ་བ་ལྟ་ཅི་སྨོས། དེ་ཡང་ཉོན་མོངས་པས་བསྡུས་པའི་བློ་ཕྱིན་ཅི་ལོག་གི་གཉེན་པོ་བསྟེན་ཏེ། སེམས་ལས་ཉོན་གྱི་དབང་དུ་སོང་བ་དེ་ལས་ཁ་ཕྱིར་བསླན་ཏེ་ཡང་དག་པའི་བསམ་པའི་ངང་དུ་གནས་པ་དང་དུལ་བར་བྱེད་པ་ནི་ཐར་ལམ་སྒྲུབ་ཚུལ་ཡིན་ལ། སེམས་ཉོན་མོངས་པ་ལས་གྲོལ་བ་ནི་ཐར་པ་ཐོབ་ཚུལ་ཡིན་གྱི། རྒྱ་གར་ནག་ཏུ་འགྲོ་བ་དང། དགྲ་ཇག་གི་ས་ལས་ཐར་པ་ལྟ་བུའི་ཕྱི་ཚུལ་ཙམ་གྱིས་ག་ལ་ཡིན། སེམས་རྒྱུད་འདུལ་བའི་ཚུལ་ཡང་བླ་མའི་མན་ངག་ལས་ཐོས་པ་སྔོན་དུ་འགྲོ་བའི་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་སྒྲུབ་ཚུལ་ལ་རག་ལས་ཤིང། དེ་ཡང་ལུས་འདུ་འཛི་དང། སེམས་རྣམ་རྟོག་ལས་ཐག་བསྲིང་བའི་ཆེད་དུ་དབེན་པ་བསྟེན་དགོས་པ་དང་བསྟེན་ན་དོན་ཆེ་བ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། རྟག་ཏུ་རི་ཁྲོད་དབེན་པ་བསྟེན་པར་གྱིས། །གྲོང་དང་གྲོང་ཁྱེར་དག་ལ་དགའ་བ་སྤངས། །བསེ་རུ་ལྟ་བུར་གཉིས་སུ་མེད་པར་གྱིས། །ཞེས་དང། གང་ཞིག་འདུས་བྱས་ཆོས་ལ་ཡིད་སྐྱོ་ནས། །བླ་མེད་བྱང་ཆུབ་ཏུ་ནི་འདོད་མོས་ཤིང། །དབེན་པར་བལྟས་ཏེ་གོམ་པ་བདུན་བོར་ན། །དེ་བས་བསོད་ནམས་འདི་ནི་ཁྱད་པར་འཕགས། །ཞེས་གསུངས་སོ། །དོན་དེ་ཉིད་ཕྱི་རབས་ཀྱི་གདུལ་བྱའི་མིག་ཡུལ་དུ་འདོམས་པར་བྱ་བའི་ཕྱིར་ཉིན་མོ་དང་མཚན་མོའི་ཐུན་གྱི་མཚམས་


GTD008_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཉི་ཟླའི་སྟོད་གཡོགས་བགོ་བ་ལ་རིངས་པར་ཞུགས་པ་བཞིན་དུ་རྩེ་མོ་ནམ་མཁའི་དབྱིངས་སུ་བསྙེགས་པའི་ས་འཛིན་གྱི་འཕྲེང་བས་སྣ་ཚོགས་འདུ་འཛིའི་རི་མོ་ནི་མངོན་པར་བསྒྲིབས། མར་གད་ཀྱི་ཁུ་བས་བྱུགས་པའི་འཛིན་མར་མེ་ཏོག་རྒྱས་པའི་ཚལ་དུ་བུང་བའི་མགྲིན་རྔ་ནི་བརྡུང། ནུ་ཞོས་མྱོས་པའི་རི་སྐྱེས་གཞོན་ནུ་རྩེད་འཇོའི་གར་ལ་རྩེན་པ་ནི་གཉིས་སྐྱེས་གཞོན་ནུ་མཁའ་ལ་ལྡིང་བའི་སྒྱུ་རྩལ་ལ་འགྲན་པ་ལྟར་ཡིད་ཀྱི་ཁྱེའུ་ཆོས་ལ་བསྐུལ་བའི་དབེན་གནས་དམ་པ་དེ་ཉིད་དུ། སྲིད་པའི་རོ་ལ་ཆགས་པའི་རྡུལ་དང་བྲལ་བའི་མཁྱེན་པའི་མེ་ལོང་ནི་གསལ། གསུང་རབ་གདམས་པར་ཤར་བའི་ཏིང་འཛིན་དགུ་ཚིགས་ཀྱིས་སྲས་བཅས་རྒྱལ་བའི་མངོན་རྟོགས་ལྷ་ལམ་ནི་འཁྱུད། ལུང་དང་རྟོགས་པའི་ཡོན་ཏན་དཔལ་གྱིས་སྙིང་གི་ཆུ་གཏེར་དགའ་བདེའི་རླབས་ཀྱིས་ཀུནྡའི་ཚལ་ལ་ཟླ་ཟེར་བྱུགས་པ་བཞིན་དུ་དྲང་སྲོང་བྱེ་བའི་རྒྱུ་སྐར་གྱི་དབུས་ན་ཡོན་ཏན་ཉ་གང་བའི་ཚུལ་དུ་འཚོ་ཞིང་གཞེས་པར་མཛད་དོ། །ནོར་འཛིན་བཞིན་རས་ནེ་ཙོའི་སྒྲོ་ཐུལ་གྱོན། །གསེར་རིའི་ཁེངས་འཕྲོག་ཡིད་འོང་ས་འཛིན་འཕྲེང། །མེ་ཏོག་སྣ་ཚོགས་འཇའ་ཚོན་འོག་པག་འཛིན། །གསེར་གྱི་ཆུ་སྐྱེས་སོ་འཕྲེང་གེ་སར་འཛུམ། །པངྨོའི་གཉེན་དང་ཆུ་ཤེལ་དབང་པོ་ཡིས། །མུན་པའི་གོ་སྐབས་འཕྲོག་པའི་རོལ་རྩེད་ངོམས། །ཡིད་འོང་ངོ་མཚར་བཀོད་པའི་རི་མོ་ཡིས། །འོག་མིན་ཞིང་ཡང་སྐྱེངས་བྱེད་དབེན་གནས་དེར། །ནམ་མཁའི་ཁྱོན་བཞིན་མཁྱེན་པའི་དཀྱིལ་འཁོར་རྒྱས། །ཉི་ཟླ་བཞིན་དུ་ལུང་རྟོགས་གཟི་བརྗིད་འབར། །ས་ཆེན་ཇི་བཞིན་སྐྱེ་རྒུའི་རྟེན་གྱུར་ཁྱོད། །མི་གཡོ་ལྷུན་པོའི་དཔལ་བཞིན་བཞུགས་པ་ན། །བྱང་ཆུབ་སྙིང་


GTD008_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཛྲ་ཨ་ས་ནར། །སྟོབས་བཅུའི་དཔལ་མངའ་རྣམ་འདྲེན་མུ་ནཱིནྟྲ། །མངོན་པར་འཁོད་པ་བཞིན་དུ་བདུད་ཀྱི་སྡེ། །འདར་བའི་སྒྲ་བརྒྱས་གདུལ་བྱ་གཙུག་ཅན་ཚིམ། །གདུལ་བྱ་སྨིན་བྱེད་ཐུབ་བསྟན་བཤད་སྒྲུབ་ཉིད་ཡིན་ངན་གཡོ་སྤྲེའུའི་ཟློས་གར་དེ་མ་ཡིན། །ཉམས་རྟོགས་གོ་འཕང་ལུང་རྟོགས་ཡོན་ཏན་ཉིད་ཡིན་ཆོས་བརྒྱད་སྤྲོས་པའི་ཡོ་ལང་དེ་མ་ཡིན། །སྙིང་རྗེའི་རང་མདངས་བདག་པས་གཞན་གཅེས་ཉིད་ཡིན་བསླུ་བྲིད་བྱི་ལའི་སྤྱོད་ཚུལ་དེ་མ་ཡིན། །དམ་པའི་རྣམ་ཐར་ཆོས་དང་མཐུན་པ་ཉིད་ཡིན་བླུན་པོ་མགོ་སྐོར་ཟང་ཟིང་དེ་མ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་ཟླ་བ་བཅུ་པ་བར་དུ་བཅད་རྒྱ་མཛད་པའི་སེང་བར་ནས། སྟོང་འཁོར་གྱི་སོག་པོ་ཞབས་དྲུང་པཎྚི་ཏ་ལ་བདེ་མཆོག་ལྷ་ལྔའི་དབང། དྲག་པོ་སུམ་སྦྲེལ་གྱི་རྗེས་གནང། རྟ་མགྲིན་དང། ཆོས་རྒྱལ་གསུམ། འགའ་ཞིག་ལ་རིགས་གསུམ་མགོན་པོ་དང། རྣམ་འཇོམས་ཀྱི་རྗེས་གནང་སོགས་སྩལ། བཅུ་པའི་ཚེས་གཅིག་ནས་གདན་སར་བྱོན་ནས་བསྟན་པ་སྤྱིའི་རིམ་གྲོར་མགོན་པོ་ཞི་བའི་གཏོར་སྒྲུབ་བདུན་ཕྲག་གཅིག་བསྒྲུབ་པའི་ཚོགས་དབུར་བཞུགས། ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེར་དཔའ་གཅིག །གདུགས་དཀར། བཅུ་གཅིག་ཞལ་བཅས་ཀྱི་དབང་ཕུལ་བ་དང། བསྒྲུབ་བྱ་བཅུ་དགུ་དགེ་ཚུལ་དང་ལྔ་དྲུག་ཙམ་བསྙེན་རྫོགས་སུ་བསྒྲུབས་པ་མ་གཏོགས་ལོ་གསར་བར་དུ་བཅད་རྒྱ་མཛད། དགུང་ལོ་ཞེ་ལྔ་པ་མེ་སྟག་ལོ་གསར་སོགས་དཀྱུས་དང་འདྲ། སྔར་བཀོད་པ་ལྟར་དགུང་ལོ་དྲུག་ཅུ་རེ་གཉིས་བར་དུ་དགོན་པ་དང་རི་ཁྲོད་ཡིད་དགའ་ཆོས་འཛིན་གཉིས་རེས་མོས་སུ་བཅད་རྒྱའི་ཚུལ་དུ་བཞུགས་པས།


GTD008_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མན་ཆད་དུ་ཡི་གེར་འཁོད་མ་འཁོད་གང་ལྟར་ཡང་བཀའ་ཆོས་སོགས་ཀྱི་ཐུགས་བྲེལ་ཟུར་བ་མེད་པའི་བར་སྐབས་ཀྱི་རིགས་ལ་སྤོང་བ་བསམ་གཏན་ལས་གཡོ་མེད་དུ་བཞུགས་པ་ཤེས་པར་བྱ། ཟླ་བ་དང་པོའི་ནང་དུ་འཇིགས་བྱེད་དཔའ་གཅིག་གི་དབང་སྟ་གོན་དང་བཅས་པ། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། ཉེར་མཁོའི་ལུང་མང་པོ་གནང། བཅད་རྒྱའི་སྐབས་སུ་ཐུན་བར་ལ་བཀའ་རྩོམ་གནང་བ་ཡིན་ཀྱང། དེ་རིགས་ཐད་ཀར་བྲིས་ན་མང་འགྲོ་བས་དཀར་ཆག་ཟུར་དུ་ཡོད་པ་ལས་ཤེས་པར་བྱ། བཞི་པའི་ཚེས་གཉིས་ཀྱི་ཉིན་གློ་བུར་དུ་མཆོད་གཏོར་དང་བཅས་གནས་ཆུང་ཆོས་ཀྱི་རྒྱལ་པོ་ལ་ལྷ་ཚེས་རྒྱས་པ་མཛད། དོན་གཉེར་པ་རྣམས་ལ་ཐེག་ཆེན་གསོ་སྦྱོང་དང་འབྲེལ་བར་བཅུ་གཅིག་ཞལ་གྱི་དབང་གནང་བ་དང་སྦྲགས་སྨྱུང་གནས་ཀྱི་ཕན་ཡོན་རྒྱས་པར་གསུངས་པས་ཀུན་ཆོས་ལ་འདུན་པ་ལྷག་པར་འཕེལ། ལོ་སྔ་མར་ཨམ་བྷན་ཡཱུས་ཏཱ་ཞིན་ས་སྐོར་ལ་ཡོང་དུས་སྐུ་མདུན་དུ་མཇལ་ནས་ཆོས་འབྲེལ་ཞུས། སླར་ཟི་ལིང་དུ་སླེབས་པ་དང་གོང་ནས་བཀའ་འདྲི་གནང་བ་དུས་འཛོམས་པས། འདི་ཕྱོགས་ཀྱི་འཇམ་དབྱངས་ཧུ་ཐོག་ཐུའི་དགོན་པར་གོང་མའི་ཞབས་བརྟན་དུ་མཆོད་རྟེན་ངོ་མཚར་ཅན་འདི་འདྲ་གསར་བཞེངས་གྲུབ་འདུག་ཅེས་གྲེའུ་ཙེ་ཕུལ་བར་བརྟེན། གོང་མ་ཀྱཱ་ཁྱིན་རྒྱལ་པོ་ནས་ཕྱག་བྲིས་ལ་བཀོད་པའི་གསེར་གྱི་ཙི་པེན་འབྱོར་བའི་དོན་འགྱུར་བོད་སྐད་ལ། དཀོན་མཆོག་ཐུགས་རྗེའི་འོད་ཀྱིས་འཛམ་གླིང་ཀུན་ཁྱབ་ཅེས་ཡོད་འདུག་ལ་སྔར་གྱི་ལྷ་ཚེས་དེ་ཡང་དོན་འདི་གཟིགས་པར་སྣང། ཀུན་གཟིགས་མཆོག་སྤྲུལ་རིན་


GTD008_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེར་ཟབ་ཁྲིད་འགའ་ཞིག་དང། གཞན་ཡང་དོན་གཉེར་པ་རྣམས་ལ་ཆོས་བཀའ་མང་དུ་གནང། ལྔ་པའི་ནང་དུ་རྒན་ཀྱའི་བྲག་དཀར་ལ་ཕེབས། ཞག་བཅུ་ཙམ་བཅད་རྒྱ་དང་གནས་ཁང་དུ་ཚོགས་འཁོར་རྒྱས་པ་མཛད། བདེ་མཆོག་དང་འཇིགས་བྱེད་ཀྱི་དབང། ཚེ་རྟ་མགོན་གསུམ་གྱི་རྗེས་གནང་སོགས་སྩལ་ཞིང། གཏོར་ཆེན་སྨད་རྒྱུད་ལུགས་ལྟར་བརྩེགས། ཚོགས་པར་མང་འགྱེད་གྱ་ནོམ་པ་དང་བཅས་ཉིན་གཉིས་ལ་གཏོར་ཆེན་གྱི་ཚོགས་དབུར་ཕེབས་ཤིང་བསྟན་འགྲོའི་ཕན་བདེ་འཕེལ་རྒྱས་ཀྱི་ཐུགས་དམིགས་ནན་ཏན་མཛད། དེ་ནས་རི་ཁྲོད་དུ་བྱོན་ནས་བཅད་རྒྱའི་ངང་ལ་བཞུགས། འདུ་ཁང་གསར་ཕིབས་ཀྱི་ལོགས་རིས་ལ་ལམ་རིམ་བླ་བརྒྱུད་གནས་བཅུ་སོགས་དང། ཤིང་བཟང་པོ་ལས་བདེ་གཤེགས་མཆོད་རྟེན་ཆེ་བ་བརྒྱད་ཀྱང་བཞེངས། འདུ་ཁང་ལེགས་པར་གྲུབ་པའི་ཞལ་བསོར་བཀྲ་ཤིས་ཀྱི་གསོ་སྦྱོང། རབ་བྱུང་དགེ་ཚུལ་ལྔ། བསྙེན་རྫོགས་སོ་གཉིས་བྱུང་བ་འཁོར་ལྔ་སྡེ་དང་འདུས་པའི་ལྷ་གྲངས་དང་མཐུན་པས་རྟེན་འབྲེལ་ལེགས། ལོ་འདིར་བསྙེན་རྫོགས་སྔ་ཕྱི་བསྡོམས་པར་བརྒྱ་དང་གོ་བཞི། རབ་བྱུང་དགེ་ཚུལ་གྱ་གསུམ་བྱུང་འདུག །གདན་ས་ཆེན་པོའི་དཔོན་སློབ་སྤྱི་མང་ནས་ལེགས་བཤད་སྙིང་པོའི་བཤད་ལུང་ནན་ཏན་དུ་གསོལ་བ་བཏབ་པ་བཞིན་དགོན་པར་བྱོན་ཏེ་དགུ་པའི་ཚེས་དགུ་ནས་གནང་རྒྱུ་ཞལ་བཞེས་མཛད་ཀྱང་མཚན་མོ་ཞིག་མནལ་ལམ་དུ། རྗེ་ཉིད་ནས་མར་མེ་མང་པོ་སྦར་བ་སྣོད་གཅིག་ཏུ་བསྒྲིགས་ནས་ཀུན་མཁྱེན་གོང་མ་རྣམ་གཉིས་ཀྱི་སྐུ་གདུང་གི་མདུན་དུ་ཕེབས་བཞིན་པ་ལ་ཤར་ཕྱོགས་ནས་རྔ་མོ་མང་པོ་འོང་བས་གཅིག་གིས་མར་མེ་གཅིག་ཐང་དུ་འཕངས་པ་རྨིས་ཏེ་


GTD008_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མནལ་སད་པར་གཟིམས་ཁང་ཚེག་སྒྲ་དང་བཅས་ཏེ་ཡུན་རིང་འདར་བ་སོགས་བྱུང་བས་བཅད་རྒྱ་དམ་པར་མཛད། ཞལ་བཀོད་ལྟར་དགོན་པའི་གཞུང་ནས་ཀྱང་ཞབས་བརྟན་གང་མང་བསྒྲུབས་པས་འཚུབ་གེགས་རྣམས་ཆོས་ཀྱི་དབྱིངས་སུ་རང་ཞིར་སོང་ཞིང། ཚུལ་དེ་ནི་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་དགོངས་པ་ལྟར། ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་ཇི་བཞིན་དུ་འཆད་པས། བློ་གསལ་སྐལ་ལྡན་མང་པོ་རང་གི་སྤྱོད་ཡུལ་ལས་འདའ་བར་ཤེས་ཏེ་འདོད་པའི་བདག་པོ་དཔུང་དང་བཅས་པ་གཡོས་པའི་མཚན་མར་ངེས་ཤིང། ཆོས་དང་གང་ཟག་ཀུན་གྱི་ཆེ་བ་བླ་ན་མེད་པའོ། །རྟེན་ཅིང་འབྲེལ་འབྱུང་སྤྲིན་སྔོན་འཁྲིགས་པའི་ཀློང། །ལྟ་བའི་གནམ་ལྕགས་རིགས་པའི་གློག་འོད་འཕྲེང། །སྲིད་པའི་བྲག་རི་གཞོམ་པར་ཆས་པ་ན། །ཡིད་སྲུབས་སྡེ་བཅས་སྐྲག་ནས་འདར་བ་ལས། །ཚུལ་ཁྲིམས་ཤེས་རབ་མཆོག་གི་བསམ་གཏན་གྱིས། །མི་འཇིགས་བཞི་ལྡན་རྒྱལ་བའི་གདུང་འཚོབ་བརྙེས། །གདོང་བཞི་པས་ཀྱང་གཙུག་ཏུ་མཆོད་འོས་ཁྱོད། །འདོད་ལྷས་འཇིགས་པའི་གོ་སྐབས་དམིགས་སུ་མེད། །དགུང་ལོ་ཞེ་དྲུག་པ་མེ་ཡོས་ལོ་གསར་ལ་གྲོལ་ཙམ་མ་གཏོགས་ཟླ་བ་གསུམ་པ་བར་དུ་རི་ཁྲོད་ནས་བཅད་རྒྱ་མཛད་ཅིང་སེང་བར་ལ་བཅུ་གཅིག་ཞལ་གྱི་དབང་སྟ་གོན་དང་བཅས་པ། འཇིགས་བྱེད་བཅུ་གསུམ་མ་དང་དཔའ་གཅིག་གི་དབང་སྟ་གོན་དང་བཅས་པ། རྣམ་སྲས་བཀའ་བཅོ་ལྔ། རྟ་མགྲིན། ཁྱུང་ཁྲ་ནག །ཀླུ་དབང་རྒྱལ་པོ། རྣམ་འཇོམས། ཤེར་ཕྱིན་མ་སོགས་ཀྱི་རྗེས་གནང། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། བདེ་ལམ་གྱི་ཁྲིད་སེམས་བསྐྱེད་མཆོད་པ་དང་


GTD008_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། འཇམ་དབྱངས་དཀར་སེར། དབྱངས་ཅན་མ་དཀར་དམར། རིག་བྱེད་མ། ཚེ་དཔག་མེད་སོགས་ཀྱི་རྗེས་གནང། ལམ་གཙོའི་ཁྲིད། བཅུ་གཅིག་ཞལ་གྱི་དབང། ལྟ་ཁྲིད་དང་ལམ་གཙོའི་ཁྲིད་གང་རྒྱས། འཇིགས་བྱེད་དཔའ་གཅིག་དང། གསང་འདུས་སྤྱི་བཀའི་དབང། སྐྱབས་མགོན་མཆོག་གི་རྣམ་ཐར་གྱི་ལུང་སོགས་ཆོས་བཀའ་མང་དུ་གནང། ཇུན་ཝང་ངག་དབང་དར་རྒྱས་སྐུ་གཤེགས་པར་བརྟེན། དཔོན་མོ་རིག་འཛིན་དབང་མོས་ཕེབས་བཞུད་གནང་གི་མེད་པ་ཤེས་བཞིན་པ་ཡིན་ཀྱང། ད་རེས་མ་ཕེབས་ན་ཐུགས་ན་མེད་པའི་རྟགས་ཡིན་ཞེས་མི་འོས་པའི་ཞུ་ནན་མ་བཟློག་པར་གསུམ་པའི་ཚེས་དྲུག་ལ་བཏེག །ཀུན་རིག་དང་འབྲེལ་བའི་གདུང་ཆོག་རྒྱས་པ་དང་དཔོན་མོ་སྲས་བློན་དང་བཅས་པར་སེམས་ལ་ཕན་པའི་བསླབ་བྱ་མཛད། སླར་ཡང་གདན་སར་བྱོན་མ་ཐག་ནས་བཅད་རྒྱ་དང། བཞི་པའི་བཅོ་ལྔའི་ཉིན་རི་ཁྲོད་དུ་བྱོན་ནས་རེ་ཞིག་གི་བར་དུ་བཅད་རྒྱ་མཛད། རི་ཁྲོད་དུ་འདུ་ཁང་གི་ཚོན་རྩི་དང་བཀའ་འགྱུར་ཡོངས་རྫོགས་བཞུགས་པའི་ཆོས་འཁོར་ལྷ་ཁང་གི་ལས་མགོ་བརྩམས། དེ་སྐབས་སུ་རྣམ་ཐར་དུ་ཀུ་ལའི་གོས་བཟང་ལས། བསམ་ཡས་ཀྱི་ཆོས་འཁོར་ལ་བསྐོར་བའི་ཐ་སྙད་མི་ཡོང་བ་འདྲ་ཞེས་སོགས་གསུངས་པའི་འཕྲོས་བྱུང་བར། ཞལ་ནས། བསྐོར་བའི་ཐ་སྙད་ཇི་བཞིན་དཀའ་ཡང་དྲན་པ་དང། རེག་པ་དང། མིག་གིས་མཐོང་བ་དང། རླུང་གིས་ཕོག་པས་དགོས་པ་ཆེན་པོ་འབྱུང་ལ། གདོང་དར་ཕྱི་རོལ་ཏུ་བསྟན་པ་ལས་གླེགས་བམ་འཕྲེད་འཇོག་བྱས་པ་ཅུང་དགའ་བ་འདྲ་གསུངས། བར་སྐབས་ཤིག་བཅད་རྒྱ་གྲོལ་ཏེ་བརྒྱད་པའི་བཅོ་ལྔ་ནས་ཉིན་


GTD008_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རིང་གསེར་ཁང་ཆེན་མོར་རྡོ་རམས་པ་ངག་དབང་ཡོན་ཏན་གྱིས་ཉེ་བའི་སྲས་བརྒྱད་ཀྱི་སྐུ་བརྙན་བསྒྲུབས་པར། ཡབ་སྲས་ཞལ་འཛོམ་ཐོག་ནས་སྤྱན་དབྱེའི་ཆོ་ག་རྒྱས་པ། ཞི་རྒྱས་ཀྱི་སྦྱིན་སྲེག་དང་བཅས་པ་དང། བདུད་འདུལ་མཆོད་རྟེན་ལ་ཡང་རྒྱང་ནས་རབ་ཡངས་མའི་ཤིས་བརྗོད་རྒྱས་པ་མཛད། རི་ཁྲོད་འདུ་ཁང་གི་ཤིང་རྩི་བ་རྒྱ་ལྷ་བཟོ་རྣམས་དང། ལམ་རིམ་ཚོགས་ཞིང་དང། གནས་བཅུ་བཞེངས་མཁན་གྱི་ལྷ་བཟོ་རྣམས་ལ་བདག་རྐྱེན་ཚིམ་པར་གནང། སླར་ཡང་བརྒྱད་པའི་ཉེར་གཅིག་ནས་ལོ་མཇུག་བར་དུ་བཅད་རྒྱ་དམ་པོ་མཛད་ཅིང་ཐུན་གསེང་ཞིག་ཏུ། ཐུབ་བསྟན་དབྱར་གྱི་ལང་ཚོ་འདས་ཟིན་པས། །ཀུན་རྨོངས་ཡིད་ཀྱི་སྐྱོ་བ་སངས་ནུས་པ། །སྦྱར་བྱང་སྤོས་མིན་གསར་དུ་སྤྲོས་པ་ཡི། །གཞུང་ཆེན་ཁུ་བྱུག་དབྱངས་དེ་རིང་ནས་ནུབ། །བརྗོད་དོན་དཀྱུས་མའི་སྦྲང་ཆར་སྲབ་ན་ཡང། །སྒྲོ་བཏགས་འུད་ཀྱི་ང་རོ་གསེང་མཐོ་བ། །རང་འདོད་ཞེན་ཕྱོགས་བླ་མའི་རྣམ་པར་ཐར། །སྟོན་གྱི་འབྲུག་སྒྲ་ལྟ་བུ་རེས་འགའ་སྒྲོག །ཕལ་ཆེར་བསང་མཆོད་གསོལ་འདེབས་སྤྲིང་ཡིག་སོགས། །དོན་ཆུང་ཚིག་གི་སྦྱོར་བ་སྣ་ཚོགས་པ། །རང་རང་ཁུང་བུའི་སྒོ་ན་འཚེར་བ་ཡི། །བྱེ་འུ་སྦྲང་མའི་དབྱངས་ཀྱིས་ས་འདི་ཁྱབ། །མཚན་དུས་རྒྱང་རིང་བལྟ་བའི་དོན་མེད་ན། །ཟླ་བའི་གཟི་བྱིན་ཉི་མ་ལས་ལྷག་ཅིང། །རྒྱུ་སྐར་བྱེ་བའི་རང་འོད་སྤྲོ་བ་དེ། །སྣང་བའི་དགའ་སྟོན་དར་བ་ཅིས་མ་ཡིན། །ཀུན་བྱང་བླང་དོར་སྟོན་པའི་མཐུ་མེད་ཀྱང། །རྣར་སྙན་གཅམ་བུ་ཙམ་གྱིས་ཡིད་མགུ་ན། །ཏྲ་ཏྲ་ཀྲི་ཀྲིའི་ཟུང་ལྡན་སྤེལ་བ་


GTD008_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ལྕོག་ཆུང་བྱེ་འུ་ཡོན་ཏན་ལྷུན་གྱིས་གྲུབ། །ཀྱེ་མ་རང་སྐྱོན་རང་གིས་མ་མཐོང་བར། །བདག་འཛིན་འདི་ཡང་དོན་མེད་ཚིག་གི་མཚོར། །ཆུ་ཐིགས་སྣོན་པར་སྣང་ཕྱིར་འཕྲོ་སྤངས་ཏེ། །ད་ཨོཾ་མ་ཎི་པདྨེ་ཧཱུཾ་རང་ཐོན། །འདི་ཡང་མཚམས་ཀྱི་ཐུན་གསེང་དུ་སྙན་ངག་གི་འཕྲིན་ཡིག་ཅིག་འདྲི་འདུན་སྐྱེས་པའི་ལོག་གནོན་དུ་སྨྲས་པའོ། །ཞེས་སམ་ཊར་བཀོད་འདུག་པ་དྲུང་ཡིག་ཀུན་དགས་བྲིས་བཤུས་བྱས་པར་སྣང། འདི་དང་མཐུན་པར་ཞལ་ནས་དགེ་སྦྱོར་བཟང་པོ་ཞིག་བྱེད་བསམས་ཀྱང་ཟང་ཟིང་འདུ་ལོང་གིས་བྱེད་དུ་མ་བཅུག །གཞུང་ཆེན་འགའ་རྩོམ་བསམས་ཀྱང་སོ་སོའི་འདོད་བསྟུན་གྱི་རྩོམ་པ་ཕྲན་ཚེགས་སྐུལ་མཁན་མང་སོང་བས་ཐོག་ཏུ་མ་ཁེལ་གསུངས་ཏེ་ལེགས་པར་གོ་དགོས་པ་ཞིག་ཏུ་སྣང། ལོ་འདིར་སྔ་ཕྱི་བསྡོམས་པར་ཆས་པ་ཞབས་དྲུང་སོགས་བསྙེན་རྫོགས་བརྒྱ་དང་ཞེ་བརྒྱད། རབ་བྱུང་དགེ་ཚུལ་གོ་གསུམ། དགེ་ཚུལ་མ་གཉིས། དགེ་བསྙེན་འགའ་བཅས་བསླབ་པ་ལ་བཀོད་དེ་དལ་འབྱོར་དོན་ལྡན་དུ་བསྒྲུབས། དགུང་ལོ་ཞེ་བདུན་པ་ས་འབྲུག་ལོ་གསར་སོགས་དཀྱུས་ལྟར་གནང། དགོན་པར་བྱོན་ནས་དོན་གཉེར་པ་རྣམས་ལ། རིགས་གསུམ་མགོན་པོ། རྣམ་འཇོམས། འཇམ་དབྱངས་དཀར་སེར། སྒྲོལ་དཀར། རྟ་མགྲིན་སོགས་ལྷག་པའི་ལྷ་མང་པོའི་རྗེས་གནང་དང་འདོད་མོས་ཀྱི་ལུང་མང་དུ་གནང། མཆོད་རྟེན་མཐོང་གྲོལ་ཆེན་མོའི་ནང་དུ་རྣམ་རྒྱལ་སྟོང་མཆོད་བསྒྲུབ་པའི་སྲོལ་བཙུགས་ཏེ་ཐེག་ཆེན་གསོ་སྦྱོང་སོགས་སྦྱོར་དངོས་མཇུག་གི་ཕྱག་ལེན་ཞིབ་པར་མཛད་ཅིང། རྣམ་རྒྱལ་མའི་རྗེས་གནང་ཡང་སྩལ། རྟེན་སོ་སོའི་མདུན་དུ་མར་མེ་བདུག་སྤོས་སྙན་ཤལ་མཆོད་པ་


GTD008_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོ་དང་བཅས་གསེར་ཁང་ཆེན་མོར་མངོན་རྟོགས་རྒྱན་དང། གདུང་མདུན་དུ་དབུ་མ་འཇུག་པ། མཇུག་ཏུ་བསྟན་འབར་མ་དང་བཅས་བསྟན་པ་རྒྱས་པའི་ཐུགས་སྨོན་རྒྱ་ཆེར་གནང་བ་འདི་ལོ་ལྟར་འཆར་ཅན་དུ་མཛད། གཉིས་པའི་ཚེས་མགོར་འགྲེལ་པ་དོན་གསལ་གྱི་བཤད་ལུང། གཞན་ཡང་ཚེ་རྟ་མགོན་གསུམ། དྲག་པོ་སུམ་སྒྲིལ། སྒྲོལ་དཀར་སོགས་ཀྱི་རྗེས་གནང། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་ཆོས་བཀའ་ཅི་རིགས་སྩལ། ཀིརྟི་སྤྲུལ་བའི་སྐུ་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ་བཀའ་ཆོས་གསན་ཆེད་དུ་བྱོན་པ་ལ་ཚེས་བཅོ་བརྒྱད་ཀྱི་ཉིན་སྐྱབས་འགྲོའི་ཁྲིད། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་ཚིགས་བཅད་མའི་ལུང་སོགས་སྩལ། ཚེས་བཅུ་དགུ་ནས་ཆོས་ཐུན་གཉིས་རེ་བྱས་ཏེ་བདེ་ལམ་གྱི་ཁྲིད་དང་རྡོར་འཕྲེང་གི་དབང། ཉེར་མཁོའི་ལུང་དང་རྗེས་གནང་དུ་མ་བར་མ་ཆད་པར་གནང་བའི་མཇུག་ཏུ་ཚོགས་འཁོར་རྒྱས་པར་མཛད། བཞི་པའི་ཚེས་གཅིག་ནས་བཀའ་རམས་དང་དགེ་བཤེས་རི་ཁྲོད་ཀྱི་འདུ་ཁང་དུ་མི་ཤོང་ཙམ་ལ་བདེ་ལམ་གྱི་ཁྲིད་གཟབ་རྒྱས་སེམས་བསྐྱེད་མཆོད་པ་དང་བཅས་པ་ཞག་བརྒྱད་ཀྱི་རིང་ལ་གནང། འདི་སྐབས་དུས་འཁོར་སློབ་ཟུར་བློ་བཟང་འཇིགས་མེད་དང། སློབ་ཟུར་དཀོན་མཆོག་དར་རྒྱས་སོགས་དགེ་བཤེས་བགྲེས་གཞོན་ཆེ་ཧྲགས་མང་དུ་འཛོམས་པས། གསུང་བཤད་གཞུང་ཆེན་མོ་མང་པོ་དང་སྦྱར། ཁྱད་པར་མངོན་རྟོགས་རྒྱན། རྒྱན་སྣང་དང་ཉི་སྣང། བྱམས་ཆོས་སྒོམ་རིམ་སོགས་ཀྱི་ལུང་རིགས་རི་བོ་སྙིལ་བ་ལྟ་བུ་


GTD008_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྐབས་སྐབས་སུ་དཀའ་གནད་དུ་མ་ལ་དོགས་གཅོད་གནང་ཞིང། དགེ་བཤེས་རྣམས་ལ་ལྐོག་ནས་བསྔགས་བརྗོད་ཀྱང་མཛད། སྤྱིར་བཤད་བྱའི་གནས་དཀའ་སླ་གང་འཆད་ན་ཡང་སྐུ་ཚེ་སྟོད་ལ་བྱམས་ཆོས་ས་སྡེ་རིགས་ཚོགས་སོགས་དང། སྐུ་ཚེ་སྨད་ལ་དེའི་སྟེང་དུ་མདོ་རྒྱུད་དང། གྲུབ་ཆེན་གྱི་གཞུང་ཐོགས་མེད་དུ་འདྲེན་པས་བཀའ་བསྟན་ཐུགས་ལ་བཟུང་ཡོད་པ་ལྟ་བུར་འཆད་ཅིང། དེའི་མཐུས་གཞུང་གི་ཁོག་ལ་གོ་བ་སྟེར་ཕུལ་ཆེ་བ། དཔེ་དང་གཏན་ཚིགས་འཇིག་རྟེན་གྱི་ཁ་ངག་ཚུན་ཆད་དང་སྦྱར་ནས་གསུངས་པས་ངེས་པ་རྙེད་སླ་བ། ཉམས་ལེན་དང་སྦྱར་ཏེ་སེམས་རྒྱུད་ལ་བསྐོར་ནས་གསུངས་པས་རྡོ་རུས་ཐུག་པར་ངོ་སྤྲོད་པ་ཞིག་ཡོད་ལ། མགོ་མཇུག་ཏུ་སངས་རྒྱས་ཆོས་ཚོགས་མ་དང་ཆོས་རྒྱལ་མ་ཚར་གསུམ་རེ་དལ་བུས་གནད་དུ་སྨིན་ནས་ཕྱག་ཐལ་མོ་སྦྱར་ཏེ་བསྟན་འགྲོའི་དོན་དུ་བསྔོ་བ་རྒྱུན་དུ་མཛད། ཞལ་ནས་ཀྱང་སྔ་ཕྱིའི་འབྲེལ་ཤེས་པའི་ཆེད་དུ་མཚམས་སྦྱོར། དོན་གྱི་གནད་ཤེས་པའི་ཆེད་དུ་བསྡུས་དོན། ཡན་ལག་ཞིབ་པར་ཤེས་པའི་ཆེད་དུ་ཚིག་དོན། ལོག་བཤད་དང་གོལ་ས་སྤངས་པའི་ཕྱིར་དུ་བརྒལ་ལན། མཐར་སངས་རྒྱས་ཀྱི་གོ་འཕང་ཇི་ལྟར་ཐོབ་ཚུལ་ཤེས་པའི་ཆེད་དུ་དགོས་དོན་ཏེ། བཤད་ཐབས་ཡན་ལག་ལྔ་པོ་འདི་རྒྱ་གར་པཎ་ཆེན་གྱི་ལུགས་ཡིན་པས་དགོས་པ་དེ་རྣམས་ཡིད་ལ་བཞག་ནས་གཞུང་ཆེན་མོའི་ཚིག་གི་ནུས་པ་འདོན་ལུགས་དང་ལམ་ལ་ངེས་པ་བསྐྱེད་ནས་ཉམས་སུ་ལེན་ཚུལ་གཙོ་བོར་བཟུང་ན་ཐོས་པ་གནད་དུ་འགྲོ། དེ་ཡང་མདོ་རྒྱུད་རྒྱ་གཞུང་མཐའ་དག་ལ་གནད་འདྲིལ་བའི་གོ་བ་བཙལ་ན་རྗེ་རིན་པོ་


GTD008_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་གསུང་ལ་འདྲིས་པ་གལ་ཆེ་གསུངས། འཆད་ཉན་ཉིན་བྱེད་སྣང་བ་དང་བྲལ་ན། །བླང་དང་དོར་བྱའི་རི་མོ་ཇི་ལྟར་གསལ། །གང་གསུང་ལུང་རིགས་དགག་སྒྲུབ་འོད་སྟོང་ཅན། །གདུལ་བྱའི་བློ་མིག་གསལ་བའི་གཉེན་དུ་ཤར། །འཆད་ཉན་གྲུ་གཟིངས་འདུ་བྱེད་དང་བྲལ་ན། །གཞུང་ལུགས་རྒྱ་མཚོའི་ཕ་མཐར་སུ་ཡིས་བགྲོད། །མཁྱེན་དཔྱོད་དར་ཆེན་འཆར་བའི་སྒྱུ་འཕྲུལ་གྱིས། །གཞུང་དོན་ནོར་བུའི་ལོངས་སྤྱོད་སྐལ་བཟང་སྟེར། །དད་བརྩོན་རླུང་ཤུགས་མཁྱེན་དཔྱོད་དར་ཆེན་དང། །ཡོན་ཏན་རྒྱ་མཚོའི་རླབས་འགྲོས་མཐུན་པར་སྤྱོད། །ལུང་རྟོགས་རླབས་གཡོ་བཤད་སྒྲུབ་མཚོ་ཆེན་དང། །འདུན་ལྡན་དོན་གཉེར་གྲུ་གཟིངས་མཐུན་པར་སྤྱོད། །སངས་རྒྱས་དངོས་ཀྱི་དགེ་བའི་བཤེས་གཉེན་ལས། །ཐུབ་བསྟན་ཡོངས་སུ་རྫོགས་པའི་གདམས་ངག་རྒྱུན། །དད་བརྩོན་བློ་གྲོས་ཧུབ་ཀྱིས་འདྲེན་ནུས་པའི། །ཐར་འདོད་དེ་དག་ཨེ་མ་སྐལ་བ་བཟང། །ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེར། ཚེ་དཔག་མེད་ལྷ་དགུ། བདེ་མཆོག་ལཱུ་ཨི་པ། དྲིལ་བུ་ལྷ་ལྔ། ལུས་དཀྱིལ། བདེ་མཆོག་ནག་པོ་ལུགས་ཀྱི་དབང་སོགས་དང། ལྷོ་བྲག་སྙན་བརྒྱུད་ཀྱི་རྗེས་གནང་ལུང་ཡོངས་རྫོགས། ཞལ་རྣམ་འགྱུར་བཅུ་བདུན་གྱི་རྗེས་གནང། དེའི་བེ་བུམ་གྱི་ལུང། བྱང་ཆུབ་བདེ་ལམ་གྱི་ཁྲིད་རྒྱས་པ། བླ་མཆོད་དང་ཕྱག་ཆེན་སྦྲགས་པའི་ཁྲིད་གཟབ་རྒྱས་བཅས་ཕུལ། བཤོལ་ཟླ་ལྔ་པའི་ཚེས་ལ་མཛོད་དགེར་དགོན་གསར་གཟིགས་རྟོག་གི་ཆེད་གདན་དྲངས་པ་ལྟར་བྱོན། ཀུན་རིག་གི་དབང་སྟ་གོན་དང་བཅས་པ། ཁྱ་དགེ་


GTD008_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་གླིང་གི་བླ་གྲྭ་རྣམས་དང་བཅས་པར་རྡོར་འཕྲེང་ནས་འབྱུང་བའི་གསང་འདུས་ཀྱི་དབང་དང་ཆོས་བཀའ་ཅི་རིགས་སྩལ། མང་འགྱེད་གྱ་ནོམ་པ་དང། རྒྱུད་གཞུང་ཚར་ཕུད་སོགས་ཚོགས་འདོན་དང་ཕྱག་ལེན་ལ་ཞིབ་གཟིགས་དག་ཐེར་མཛད། བསྒྲུབ་བྱ་དུ་མར་དགེ་ཚུལ་བསྙེན་རྫོགས། དགེ་བསྙེན་ཕ་མ། བསྙེན་གནས་སོགས་ཀྱི་སྡོམ་པ་སྩལ་ཏེ་ཐར་ལམ་ལ་བཀོད། མཛོད་དགེ་རི་ཁྲོད་དབང་པོའི་གདན་ས་དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་དུ་བྱོན། བདེ་ལམ་གྱི་ཁྲིད་སེམས་བསྐྱེད་མཆོད་པ་དང་བཅས་པ་གནང། དུས་འབྲེལ་གྱི་གསོ་སྦྱོང་མཛད་ཅིང་འདོད་ཆོས་འགའ་ཞིག་ཀྱང་སྩལ། དགོན་པ་སོ་སོར་འབུལ་བ་རྣམས་ཕྱིར་སློག་པའི་སྟེང་དུ་མང་འགྱེད་སྤྱི་འཇོག་སོགས་འཚེམས་མེད་སྩོལ་བར་མཛད། དགོན་གསར་ནས་རྒྱུད་གྲྭ་པ་འགའ་ཞིག་གིས་དྭགས་པོའི་བསྐྱེད་རིམ་དང། འགྲེལ་པའི་ས་ཁུངས། དཀྱིལ་འཁོར་སོ་སོའི་ཐིག་སོགས་ཀྱི་རྒྱུགས་ཕུལ་བར་དགྱེས་པའི་བཀའ་དང་གསོལ་རས་གནང། གུར་དཀར་ཐང་དུ་སྐྱོ་སངས་ལ་ཡང་གདན་དྲངས་པ་ལྟར་ཕེབས། དྲུག་པའི་ཚེས་ལྔ་ལ་དེ་ནས་བཏེགས་ཏེ་བཀྲ་ཤིས་འཁྱིལ་དུ་བྱོན། དབྱར་ཞལ་བཞེས་དང་སྦྲགས་ནས་རི་ཁྲོད་དུ་སྐུ་མཚམས་ལ་བཞུགས། ཐུའུ་བཀྭན་རྡོ་རྗེ་འཆང་གི་སྤྲུལ་བའི་སྐུ་དགོན་ལུང་དུ་སྤྱན་དྲངས་པ་ལ་སྙན་ངག་གི་ཞུ་ཡིག་དང། ལེགས་འབུལ་དུ་མཎྜལ་དར་ཚོན་སྣ་ལྔའི་སྣེ་འདོགས་ཅན། སྐུ་གསུང་ཐུགས་རྟེན། དངུལ་རྡོ་ཚད་གཅིག །གོས་ཆེན་སེར་པོ་ཡུག །ཕྲུག་དམར་པོ་བུབས། གཟིག་ལྤགས་གཅིག །ཟམ་ཡུག་ལྔ། རྟ་ཆེན་གཅིག །


GTD008_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་པའི་ལྷ་རྫས་བཅས་འབུལ་བར་དབོན་པོ་ལྷུན་གྲུབ་ཆེད་མངགས་མཛད། བརྒྱད་པའི་ཚེས་གཅིག་ཉིན་ལྗོངས་རྒྱུར་ཕེབས་ཤིང། སྔོན་བྱོན་དམ་པ་དུ་མའི་རྣམ་ཐར་གསུང་སྒྲོས་མཛད། སྤྱིར་ན་དུས་ནམ་དུ་ཡང་ས་རྙིང་བཀའ་བརྒྱུད་བཀའ་གདམས་ཀྱི་རྣམ་ཐར་ཐམས་ཅད་གཟིགས་པ་མི་བསྙེལ་བར་གཞན་ཡིད་ཆོས་ལ་བསྐུལ་ཞིང། རྒྱ་བོད་ན་གྲུབ་མཐའ་སྣ་ཚོགས་ཡོད་པས། སངས་རྒྱས་ཀྱིས་གང་གསུངས་ཐམས་ཅད་འགྲོ་བའི་དོན་དུ་འགྱུར་བ་རེ་ལོས་ཡིན་ཀྱང་བསྟན་པའི་སྙིང་པོ་དང་མཇལ་བའི་དུས་འདིར་སྐལ་བ་བཟང་བ་ངོ་ཤེས་པར་བྱས་ནས་གྲུབ་མཐའ་གང་ཡིན་གྱི་རྗེས་སུ་འབྲང་ནས་ཕར་བསྲེ་ཚུར་བསྲེ་མི་བྱེད་པར་རྗེའི་བསྟན་པ་འདི་ལ་བག་ཆགས་ཅི་ཐེབས་བྱེད་པ་གལ་ཆེ་ཞེས་ཡང་ཡང་གསུངས་ཤིང། རྣམ་ཐར་སྤྲིང་ཡིག་ལས་ཀྱང། གྲུབ་མཐའ་སོ་སོའི་བཞེད་གཞུང་ཕྱོགས་ཙམ་མཐོང། །ཀུན་ཀྱང་རྣམ་གྲོལ་སྒྲུབ་པའི་ཐབས་སུ་གོ །དེ་ཕྱིར་ཡབ་རྗེའི་བསྟན་ལ་ངེས་པ་རྙེད། །ཆགས་སྡང་རྨོངས་ཞེན་དོར་བའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར་རོ། །དོན་གཉེར་ཅན་མང་པོ་ལ། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། འཇམ་དབྱངས་དཀར་པོའི་རྗེས་གནང། བླ་མ་མཆོད་པའི་ཁྲིད། མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང། འཇམ་དབྱངས་དཀར་སེར། དབྱངས་ཅན་མ། ཤྲ་མ་ཎ། རྣམ་རྒྱལ་མ་སོགས་ཀྱི་རྗེས་གནང། གཞན་ཡང་ལུང་རྗེས་གནང་ཐོར་བུ་མང་དུ་གནང། རྡོར་འཕྲེང་གི་དཀྱིལ་འཁོར་གསར་བཞེངས་གྲུབ་པ་དང། རི་ཁྲོད་འདུ་ཁང་དུ་སྐུ་འདྲ་མཆོད་རྟེན་གསར་བཞེངས་རྣམས་བཞུགས་སུ་བཅུག་སྟེ་ཚོགས་དབུར་བྱོན་ནས་སྤྱན་དབྱེའི་ཆོ་ག་དང། བཟོ་བོ་རྣམས་ཡོན་གྱིས་ཚིམ་པར་གནང་སྟེ་སླར་ཡང་བཅད་


GTD008_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཛད། བདེ་ཐང་སྤྲུལ་བའི་སྐུ་གཤེགས་ནས་གདན་འདྲེན་ནན་ཆེ་རུང་མ་ཕེབས་པར་སྤྲུལ་སྐུ་མྱུར་འབྱོན་ལྗགས་རྩོམ་མཛད་ནས་གནང། ཉི་ལྡོག་གི་སྐབས་སུ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་བརྟན་ལ། རི་ཁྲོད་ཚོགས་ཡོངས་ནས་གཙུག་ཏོར་འཁོར་བསྒྱུར་གྱི་འཕྲེང་སྔགས་ཉིན་བདུན་རེ་བསྒྲུབ་པའི་མཇུག་ཏུ་དཔའ་གཅིག་གི་སྦྱིན་སྲེག་དང། སྒྲོལ་དཀར་གྱི་ཚེ་སྒྲུབ་ཉིན་བདུན་རེ་བཅས་ལ་མང་འགྱེད་གནང་བ་ལོ་ལྟར་ཆག་མེད་ཡིན་ཞིང། ལོ་རྙིང་གི་ཉེར་དགུ་ལ་སྐུ་མཚམས་གྲོལ། ལོ་འདིར་བསྙེན་རྫོགས་བརྒྱ་དང་བཅུ་དྲུག །དགེ་ཚུལ་བརྒྱ་དང་དགུ་བཅས་བསླབ་པ་ལ་བཀོད་དེ་ཐར་པའི་རྒྱལ་མཚན་བརྟན་པར་མཛད། དགུང་ལོ་ཞེ་བརྒྱད་པ་ས་སྦྲུལ་ལོ་གསར་གྱི་དགའ་སྟོན་ཚེས་གཏོར་སོགས་དཀྱུས་ལྟར་གནང། ལོ་འདིར་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་དབུས་གཙང་དུ་གསན་སྦྱོང་གི་ཆེད་ཕེབས་དགོས་སྟབས། ཡབ་སྲས་རྣམས་བླ་བྲང་ཆེན་མོར་ཡང་ཡང་ཞལ་འཛོམ་དགོས་སོགས་ཀྱིས་རེ་ཞིག་བཅད་རྒྱ་མ་གྲུབ། མཆོག་སྤྲུལ་རིན་པོ་ཆེ་ནས་དགེ་རྒན་ལྷ་རམས་པ་མེར་གན་མཁན་པོ་དབུས་སུ་འགྲོ་དགོས་ཀྱི་བཀའ་གནང་ཡང། སླར་ཡང་དགོན་པའི་གདན་ས་གལ་ཆེ་བར་དགོངས་ནས་ཚོགས་ཆེན་ཁྲིར་བཞུགས་དགོས་ཀྱི་བཀའ་བསྒྱུར། ཁོང་ནས་དགོངས་པ་ཞུ་ནན་མཛད་པས། སྐུ་ཞབས་རིན་པོ་ཆེར་དགོངས་བསྟུན་གྱི་ཐོག །བླ་མ་ཁྲི་གདན་ཟུར་ལས་སྣེ་ཚོགས་འདུ་རྒྱས་པ་ནས། སྐྱབས་མགོན་མཆོག་དབུས་ཕེབས་སྐབས་འདིར་གདན་སའི་འཛིན་སྐྱོང་བཀའ་དྲིན་ཆེ་དགོས་ཞེས་ནན་གྱིས་ཞུས་པར། བྱ་བཞག་མང་པོ་བློས་མི་འཆུན་ཞིང། ཞེ་སུན་པ་ཞིག་འདུག །དགེ་སྦྱོར་མི་ཡོང་ན་ཡང་འགྲོ་འདུག་བཤོལ་བ་འདིས་སོས་བདེ་ཞིང། ལུག་སྡིག་ཇེ་ཉུང་དུ་སོང་ཡོད་པས་འདི་ཇེ་


GTD008_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མང་ལ་མི་གཏོང་བ་ཁྱེད་རྣམས་མཁྱེན་ཞེས་གསུང་ལྕི་བ་རིམ་པར་གནང་བས་ནན་ཞུས་མ་སྤོབས། རྟེན་འབྲེལ་གྱི་ཁྱད་ཁ་དར་ཅིས་ཀྱང་བཞེས་དགོས་ཞེས་ཕུལ་བས་ཞལ་འཛུམ་པ་དང་བཅས་ཕྱག་གཉིས་ཀྱིས་བཞེས། ཐུ་མེད་དཀོན་མཆོག་འོད་ཟེར་གྱིས་ཡིག་ཆའི་ཕར་ཕྱིན་སྐབས་དང་པོ་ནས་བརྒྱད་པའི་བར། ལེགས་བཤད་སྙིང་པོ། འགྲེལ་པ་དོན་གསལ། གྲུབ་མཐའ་རྩ་བ་རྣམས་ཀྱི་རྒྱུགས་ཕུལ་བར་གསེར་ཟངས་ཀྱི་རྗེའི་སྐུ་བཟོ་ཉམས་ཁྱད་འཕགས་ཁྲི་རྒྱབ་ཡོལ་དང་བཅས་པ་སོགས་གནང་ནས་ད་དུང་སློབ་གཉེར་ལ་འབད་དགོས་པའི་བསླབ་བྱ་སྩལ། ཟླ་བ་གཉིས་པའི་ནང་དུ་ཁྲི་ཆེན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་འཇིགས་མེད་ནམ་མཁའ་ནས་གོང་མ་བདག་པོ་ཆེན་པོར་དགོངས་པ་ཞུས་ནས་གདན་སར་བྱོན་པས་སྔ་ཕྱིར་དགྱེས་སྟོན་ལེགས་འབུལ་ཕན་ཚུན་འབུལ་རེས་དང། ཆོས་སྲིད་ཀྱི་གསུང་འཕྲོས་ཆུ་བོའི་རྒྱུན་ལྟ་བུ་མཛད། བཱ་རིན་ཝང་གི་ཐོ་ཡོན་ལྷ་བཙུན་བློ་བཟང་དགེ་ལེགས་བསྟན་འཛིན་ནས་ཞུས་པ་བཞིན་ཞག་བཅུ་དགུའི་རིང་བྱང་ཆུབ་བདེ་ལམ་གྱི་ཁྲིད་སྨིན་རྒྱས། མཇུག་ཏུ་གསེར་ཁང་ཆེན་མོར་ཁྲི་མཆོད་སོགས་མཆོད་པ་རྒྱ་ཆེན་པོ་དང་བཅས་སེམས་བསྐྱེད་མཆོད་པ། སླར་ཡང་སྤྱོད་འཇུག་གི་ལུང་དང་སྦྲགས་བསམ་གཏན་ལེའུ་དང། ཤེས་རབ་ལེའུའི་གཟབ་བཤད་སོགས་ཆོས་བཀའ་མང་དུ་གནང། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་བཅུད། །ཤིང་རྟ་ཆེན་པོས་ཕྱེ་བའི་ལམ་གྱི་སྲོལ། །སྐྱེ་བོ་མཆོག་གི་ཆོས་ལུགས་བགྲོད་གཅིག་ལམ། །སྐལ་ལྡན་ཀུན་མཁྱེན་ས་རུ་བགྲོད་པའི་ཐབས། །ཟབ་གསང་སྡེ་སྣོད་རི་མོ་གསུམ་པའི་དུང། །བསྒྲགས་པས་སྐྱེ་དགུའི་སྡིག་པའི་རིམས་ནད་ཞི། །གསུང་རབ་གདམས་པར་ཤར་


GTD008_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གདུལ་བྱའི་སྤྲིན། །དགེ་ལེགས་དབྱར་གྱི་རྔ་གསང་ཁྱབ་པར་སྒྲོགས། །གསུམ་པའི་ཚེས་ལྔའི་ཉིན་མཆོག་སྤྲུལ་རིན་པོ་ཆེ་རི་ཁྲོད་དུ་གདན་དྲངས་ཏེ། འདུ་ཁང་ནས་གསོལ་སྟོན་རྒྱས་པའི་ཐོག་དངུལ་སྲང་ལྔ་བཅུ། རས་ཆེན་ལྔ་བཅུ། དོང་ཚེ་ཁྲོན་ལྔ་བཅུ་སོགས་ཀྱི་ཕེབས་རྫོངས་ཞུས། གཟིམས་ཕུགས་ནས་གུང་ཚིགས་ལྷན་དུ་གནང་ཞིང་ལམ་རིམ་བསྡུས་དོན་གྱི་ལུང་ཡོངས་རྫོགས་དང། བདེ་ལམ་ལ་དབུ་ཚུགས་ཙམ་གནང་སྟེ་རྟེན་འབྲེལ་བསྒྲིགས། ལམ་རིམ་ཆེན་མོ་སོགས་སྐུ་གསུང་ཐུགས་རྟེན་ཕུལ། དགོན་པའི་གཟིམས་ཤག་ཏུ་ཡང་གདན་དྲངས་ཏེ་གསོལ་སྟོན་རྒྱས་པའི་ཐོག །སྲིད་ཞིའི་གཙུག་རྒྱན་གཏན་གྱི་སྐྱབས་གཅིག་ཐམས་ཅད་གཟིགས་པ་ཆེན་པོའི་ཞབས་པད་རྣམ་པར་བཞད་པའི་དྲུང་དུ། གསོལ་བ་འདེབས་པ་ནི། དེ་ཡང་དཀར་པོ་ཞེས་པ་རབ་བྱུང་བཅུ་བཞི་པའི་གནམ་ལོ་གསུམ་པ། སྣོད་བཅུད་ཀྱི་ལེགས་ཚོགས་ཐམས་ཅད་འཕེལ་བ་དབྱར་གྱི་ཟླ་བ་དང་པོ། དེའི་དཀར་ཕྱོགས་ཀྱི་ཚེས་གཅིག་དགའ་བ་དང་པོའི་ཉིན་འདིར་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཉིད་སྤྱན་དྲངས་ཏེ། གང་གི་རྣམ་པར་དཀར་བའི་འཕྲིན་ལས་ཀྱིས་ས་སྟེང་གི་བསྟན་འགྲོ་མཐའ་དག་ཕན་བདེའི་སྣང་བ་དམ་པས་དཀར་འཇམ་ཡུག་གཅིག་ཏུ་བྱེད་པའི་རྟེན་འབྲེལ་མཚོན་པར་ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་བཞིན་དུ་དངུལ་དཀར་གྱི་མཎྜལ་ལ་དུང་དཀར་གྱི་ཕྲ་བཀོད་པ་དར་དཀར་པོའི་སྣེ་འདོགས་ཅན། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྣང་བརྙན། ཆོས་གྲྭར་ཕེབས་སྐབས་འདིང་རྒྱུའི་བཞུགས་གདན་གསར་བཟོས་སྤུས་ལེགས། དུང་དཀར་གཅིག །བྱུར་དཀར་གྱི་འཕྲེང་བ་གཅིག །གོས་ཆེན་དཀར་པོ་གཅིག །ཧ་སག་དཀར་པོ་གཅིག །ཕྲུག་དཀར་པོ་གཅིག །ཁེ་བེ་


GTD008_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དཀར་པོ་གཅིག །ཤིན་ཐུས་དཀར་པོ་གཉིས། ཏྭ་ཆེན་དཀར་པོ་གསུམ། རས་ཆེན་དཀར་པོ་ཡུག་བཅོ་ལྔ། གྲྭ་ས་སོ་སོའི་གཏོང་སྒོའི་ཞལ་འདེབས་ལྟ་བུར་དངུལ་དཀར་པོ་སྲང་སྟོང་ཕྲག་གཅིག །ཆོས་གྲྭར་ཕེབས་བཞིན་པའི་ཟླ་བ་རེ་ལ་སྲང་གསུམ་རེའི་དབང་དུ་བྱས་ཏེ་ལོ་གསུམ་གྱི་གུང་ཚིགས་ཐེབས་དངུལ་སྲང་བརྒྱ་དང་བརྒྱད། རྟ་ལྔ། མཛོད་བཏགས་བཅུ། ཚོས་འདོན་ཉི་ཤུ། བསོད་བཏགས་སུམ་བརྒྱ། ཞོ་དར་བརྒྱ། བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཁྱོན་རྣམ་གྲངས་སྟོང་དང་ལྔ་བརྒྱ་བདུན་ཅུ་དོན་གསུམ་འབུལ་ལམ་ཞུ་ལགས་པས། རང་ཅག་ལྟོས་བཅས་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་འབྲལ་མེད་རྗེས་སུ་འཛིན་ཅིང། ཁྱད་པར་དབུས་འགྱུར་ཆོས་ཀྱི་ཞིང་ས་ནས་ཐུབ་བསྟན་ཡོངས་སུ་རྫོགས་པའི་གན་མཛོད་བདག་གིར་བཞེས་ཏེ་ཆེར་མ་འགྱང་བར་གདན་ས་འདི་ཉིད་དུ་ཕེབས་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་ཐར་འདོད་ཡོངས་ཀྱི་བློ་མིག་འབྱེད་ཅིང། འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་ཉི་མ་བཞིན་དུ་གསལ་བར་མཛད་དུ་གསོལ་ཞེས་གསོལ་བ་སྙིང་ནས་འདེབས་པ་ལགས། ཞེས་པའི་ཞུ་ཐོ་དོན་མཐུན་དང་བཅས་འབུལ་བ་ཕུལ། དེ་ནས་ཞབས་སྡོད་བགྲེས་གཞོན་མཐའ་དག་འཛོམ་སར། རྗེ་ཉིད་དང་པོར་དགུང་ལོ་བཅུ་བདུན་ཐོག་དབུས་སུ་ཕེབས་ཏེ་གསན་སྦྱངས་གནང་ཚུལ། གྲྭ་ས་སོ་སོར་གཏོང་སྒོ་གནང་ཚུལ། དགུང་ལོ་ཉེར་ལྔའི་ཐོག་ལྷ་རམས་པའི་མཚན་བཏགས་མཛད་ནས་ཕྱི་ལོ་༸ཀུན་མཁྱེན་གོང་མ་དང་ལྷན་དུ་གདན་སར་བྱོན་ཚུལ། སྐུ་ཞབས་གོང་མ་དེ་ཉིད་རྗེ་ཉིད་ལ་བཀའ་དྲིན་ཐུགས་རྗེ་གཞན་དང་མི་འདྲ་བས་ཐུགས་དགོངས་རྫོགས་ཕྱིར་དག་ཞིང་དུ་ཕེབས་པ་ནས་བཟུང་མཆོག་


GTD008_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་རིན་པོ་ཆེ་ཉིད་གདན་སར་བྱོན་གྱི་བར་དུ་དགོན་པའི་འཛིན་སྐྱོང་གནང་ཚུལ། དེ་རྗེས་སྨོན་ལམ་ཆེན་མོའི་གཏོང་སྒོ། རིམ་བྱོན་གྱི་སྤྱན་ལྟོས་དང་རྟེན་བཞེངས་ཀྱི་སྲོལ་ལྟ་བུར་འཁྲུངས་རབས་ལྷ་ཁང་དང། མཆོད་རྟེན་མཐོང་གྲོལ་ཆེན་མོ་བཞེངས་ཚུལ། དེ་ནས་ཕེབས་བཞུད་བཙན་ཆོད་གནང་ཚུལ་དང། སྐུ་ཞབས་མཆོག་ནས་ཀྱང་དབུས་གཙང་དུ་རྒྱལ་བ་གཉིས་པའི་རྣམ་ཐར་བཞིན་ཐུན་མོང་གི་སྣང་ཚོད་དང་མཐུན་པར་མདོ་སྔགས་རིག་གནས་མཐའ་དག།།ཐ་ན་འདོན་རྟ་དབྱངས་ཕྱག་ལེན་ཕྲན་ཚེགས་སོགས་གང་ཐད་ནས་གཅིག་ཀྱང་ལུས་པ་མེད་པར་གསན་སྦྱངས་ཧུར་བསྐྱེད་གནང་སྟེ་མདོ་སྔགས་བསྟན་པའི་མངའ་བདག་མཛད་དགོས་ཚུལ། དད་རྫས་ཆུད་ཟོས་སུ་མི་འགྲོ་བར་ཆོས་སུ་འགྲོ་ཐབས་གནང་དགོས་ཚུལ། མདོར་ན་ཀུན་མཁྱེན་གོང་མ་གཉིས་ཀྱི་མཛད་པ་ལྟར་སྙན་པའི་གྲགས་པས་ས་སྟེང་ཀུན་ཏུ་ཁྱབ་པ་ཞིག་དབུས་འགྱུར་ཆོས་ཀྱི་ཞིང་ས་དེ་ནས་འབྱུང་དགོས་ཚུལ་སོགས་བསླབ་བྱ་ཟབ་ཅིང་བརླིང་བ་ཞུས། ཐོ་ཡོན་ལྷ་བཙུན་རིན་པོ་ཆེར་ལྷོ་བྲག་སྙན་རྒྱུད་ཀྱི་དབང་རྗེས་གནང། བདེ་མཆོག་ནག་པོ་ལུགས་ཀྱི་དབང། ཕྱག་རྡོར་གཏུམ་ཆེན་གྱི་རྗེས་གནང། རྗེ་ཉིད་ཀྱི་བཀའ་རྩོམ་པོ་ཏི་ལྔ་ལྷག་ཙམ་གྱི་ལུང། རྡོ་རམས་པ་ངག་དབང་ཡོན་ཏན་གྱིས་ཞུས་ངོར། དབུ་མའི་ལྟ་ཁྲིད། འཇིགས་བྱེད་བསྐྱེད་རིམ་གྱི་ཁྲིད། རྗེ་བླ་མའི་བསྟོད་པ་དོན་དང་ལྡན་པའི་བཤད་ལུང། གཞན་ཡང་ཀླུ་དབང་གཙོ་འཁོར་ལྔ་པ། འཇམ་དབྱངས་ནག་པོ། རྣམ་སྲས། རྣམ་འཇོམས། ཚེ་དཔག་མེད། སྒྲོལ་དཀར། ཁྱུང་ནག་སོགས་ཀྱི་རྗེས་གནང། ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད་ཡིག་གི་གསུང་བཤད་སོགས་སྩལ། ལྔ་པའི་བཅུ་གཅིག་གི་ཉིན། སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་ཚེ་དབང། འཇམ་དབྱངས་


GTD008_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ། མགོན་པོ་བར་ཆད་ཀུན་སེལ་གསུམ་གྱི་རྗེས་གནང་ཕུལ། ཀུན་གཟིགས་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་ཀྱང་སྐུ་གསུང་ཐུགས་རྟེན། དངུལ་གྱི་མཎྜལ་སྣེ་འདོགས་ཅན། དངུལ་རྡོ་ཚད་ལྔ། གོས་དར་སྣམ་ཕྲུག་སོགས་དང་བཅས་ཞབས་པད་བརྟན་པ་དང། བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་གང་དྲག་གནང་དགོས་ཚུལ་ནན་གྱིས་ཞུས་པར། ཐུགས་ཤིན་ཏུ་དགྱེས་ཉམས་དང་བཅས་ཞལ་གྱིས་བཞེས། མཆོག་སྤྲུལ་རིན་པོ་ཆེ་ནས་འབྲལ་སྤངས་ལྟ་བུར་བསྣམས་ཆེད་དགོས་གསུངས་པ་ལྟར་རྗེ་ཉིད་ཀྱི་ཕྱག་དྲིལ་དང། སྐུ་ཆོས་རྙིང་པ་བཅས་ཕུལ། ཉིན་འདིར་སྐུ་མདུན་དུ་གསེར་ཁྲི་རྣམ་གསུམ་ཞལ་འཛོམ་སྟེ། རྒྱལ་བ་སེངྒེ་ང་རོའི་ལྷ་ཁང་རྟེན་བཅས་བཞེང་རྒྱུར་ཐག་བཅད་པ་ན་སྡེ་ཁྲི་རིན་པོ་ཆེ་ནས་སྐུ་མདུན་དུ་དབུས་རྫོངས་འབྱོར། རྗེ་འདི་པས་འདི་ལྟར་ན་སྡེ་པ་ཚང་ནས་རྟེན་བཞེངས་འདི་ལྟ་བུ་ཞིག་འགྲུབ་པ་འདྲ་གསུངས་པར། ཡབ་སྲས་གཞན་རྣམས་ཀྱིས་དེ་བཞིན་དུ་གྱུར་ཅིག་ཅེས་པའི་བདེན་པ་བརྗོད་པས་མ་འགྱང་བར་ཁོང་ནས་ཀྱང་སྐལ་བཟང་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་པ་ལྐོག་གྱུར་ཇི་བཞིན་གཟིགས་པའི་རྣམ་ཐར་ཟླ་མེད་པར་ངེས། བཅུ་གཉིས་ཀྱི་ཉིན་ཆིབས་སྐྱེལ་དང་སྦྲགས་རིམ་གྱིས་ཡབ་སྲས་ལྷན་དུ་པཎ་ཆེན་ཐང་བར་དུ་ཕེབས། གྲྭ་ས་གྲྭ་ཚང་ལ་གཏོང་སྒོ། རྒྱལ་བ་ཡབ་སྲས་ལ་མཚམས་ཞུས་སོགས་ཀྱི་ཆེད་དུ་དབོན་པོ་ལྷུན་གྲུབ་ངོ་གཡོག་དབུས་སུ་བརྫངས། བཅུ་དྲུག་གི་ཉིན་རྗེ་འདི་དང་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་འཇིགས་མེད་རིགས་པའི་སེངྒེ། ཁྲི་ཆེན་ནམ་མཁའ་བཟང་སྤྲུལ་བའི་སྐུ་འཇིགས་མེད་ནམ་མཁའ་བཅས་ཕྱིར་གདན་སར་འབྱོན་རྒྱུར། ༸སྐྱབས་མགོན་


GTD008_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ནས་ཆིབས་ཞལ་ལན་གསུམ་བསྒྱུར་བ་སོགས་ཐུགས་འཕྲེང་བའི་རྣམ་པ་ཆེར་མཛད། སླར་གདན་སར་བྱོན་ནས་ཚེས་ཉེར་ལྔའི་ཉིན་གསེར་ཁྲི་རྣམ་གསུམ་ཞལ་འཛོམ་སྟེ། རྒྱལ་བ་སེངྒེ་ང་རོའི་ལྷ་ཁང་ཆེན་མོ་གསར་བཞེངས་ཀྱི་སར་རྩིག་པའི་འགྲམ་ཐིག་དང་ཤིས་བརྗོད་རྒྱས་པར་གནང། ཁྲི་ཆེན་སྤྲུལ་བའི་སྐུ་འཇིགས་མེད་ནམ་མཁའ་ནས། འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཞིག་གནང་དགོས་ཞུས་པས། ཉིན་གཉིས་ཀྱི་རིང་ལ་གསུང་བཤད་ཕྱག་ལེན་ཞིབ་རྒྱས་དང་བཅས་ཏེ་སྩལ། ཁོང་ཡང་ཐུགས་ཤིན་ཏུ་དགྱེས་ཏེ་སྔར་ཡབ་རྗེ་རྡོ་རྗེ་འཆང་ནས། དཔའ་གཅིག་གི་བདག་འཇུག་མ་ཆག་པ་གྱིས་གསུངས་པ་ལྟར་ཆག་མེད་བྱེད་བཞིན་པ་ཡིན་ཀྱང། ད་རེས་སླར་ཡང་གདན་ས་ཆེན་པོ་འདིར་དབང་སྨིན་རྒྱས་སུ་ཐོབ་པ་སྐལ་བ་བཟང། གསུང་བཤད་མཁས་བཤད་ཙམ་མིན་པར་རྟོགས་པ་མཐོ་བའི་ཉམས་ཐོན་ཞིང་གསང་བའི་གནད་ལྷག་པར་སྩལ་ཆེ་བས་སངས་རྒྱས་དངོས་སུ་འདུག་ཅེས་གསུངས། ཕྱིས་པེ་ཅིན་དུ་ཕེབས་ནས་གསེར་གྱི་མཎྜལ་ཞིག་བསྐུར་འབུལ་མཛད་སྐབས། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་ལ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཞེས་ཞུས་པའི་ལན་དུ། ཞིང་འདི་རིན་ཆེན་སྣ་བདུན་གྱི། །མཁས་པས་བཀང་སྟེ་ཕུལ་བ་ལ། །དངོས་གྲུབ་སྦྱིན་པར་མི་ནུས་ཀྱང། །ཉིན་རེ་བཞིན་དུ་དབུལ་བར་བགྱི། །ཞེས་ཞལ་རྩེད་གནང་འདུག །བྱང་ཆུབ་རྡོ་རྗེས་སངས་རྒྱས་རིགས་ལྔ་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་དེ་ལྟར་དུ། །འགྲོ་ཀུན་བསྒྲལ་ཕྱིར་གསང་གསུམ་རོལ་གར་མཁན། །དེ་དག་ནམ་མཁའི་རྡོ་རྗེར་དེང་བདག་ཁུམས། །ཟླ་བ་དྲུག་པའི་ཚེས་གཅིག་ནས་རི་


GTD008_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་དུ་བཅད་རྒྱ་དམ་པར་མཛད་ཅིང། དབྱར་ཞལ་གྱིས་བཞེས། དགག་དབྱེའི་ཉིན་སྐུ་མཚམས་གྲོལ་ཞིང་དེའི་ཕྱི་ཉིན་ལྗོངས་རྒྱུ་མཛད། མི་ཏྲའི་དཀྱིལ་འཁོར་གསར་པ་བཞེངས་གྲུབ་པར་བཟོ་བོ་རྣམས་ཡོན་གྱིས་ཚིམ་པར་མཛད། ཚེས་ལྔའི་ཉིན་འཆར་ཅན་མཆོད་མཇལ་གནང། ཚོགས་ཆེན་མགོན་ཁང་དུ་ཕེབས་ནས་འཕྲིན་བཅོལ་དང་ཞིབ་གཟིགས་ངོས་རྒྱུད་པའི་མགོན་ཁང་གསར་པར་འཇིགས་བྱེད་དང། མགོན་ཆོས་ཀྱི་ལྡེམ་སྐུ་གསར་བཞེངས་ཀྱི་བཀོད་ཁྱབ་ཞིབ་པར་མཛད། ཟླ་བ་བརྒྱད་པའི་བཅུ་གསུམ་ནས་གནས་མཇལ་ལ་ཕེབས་པའི་ཐོག་མར་དགེ་ལྡན་བསྟན་པའི་ཆུ་མགོར་བསྔགས་པར་འོས་པ་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དུ་བྱོན། འཇམ་དབྱངས་སྒྲུབ་ཁང་དུ་ཞག་ཁ་ཤས་བཞུགས་ནས་བདག་འཇུག་སོགས་བཞེས། བསྐལ་བཟང་རྣམ་འདྲེན་སྟོང་གི་ཐ་མ་མ་བྱོན་སངས་རྒྱས་མོས་པར་འབྱོན་འགྱུར་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་པའི་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནས་གཙོས་པའི་རྟེན་རྣམས་ལ་མཆོད་མཇལ་ཞིབ་རྒྱས་དང་ཚོགས་མང་ནས་ནན་ཞུས་ངོར་ལམ་གཙོའི་ཁྲིད་གང་རྒྱས་གནང། ལྷ་ཆེན་དཔལ་འབར་ལ་ཕེབས་ལམ་ནས་ཨན་ཆུང་གནམ་རྫོང་གཟིགས་ཏེ་མཁས་པ་མི་གསུམ་གྱི་སྒྲུབ་གནས་ཡིན་གསུངས་ཏེ་ཐུགས་འུར་བའི་ཉམས་མཛད། ལུམྦི་ནའི་སྐྱེད་ཚལ་གཉིས་པ་སྐུ་འབུམ་བྱམས་པ་གླིང་དུ་བྱོན། འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོ་སྤྲུལ་བའི་གར་གྱིས་རོལ་ཏེ། ལྟེ་ཁྲག་འཛིན་མར་ལྷུང་བའི་ས་བོན་ལས་བྱང་ཆུབ་ཤིང་འཁྲུངས་པའི་ལོ་མ་ལ་རྒྱལ་བ་སེངྒེ་ང་རོའི་སྐུ་འབུམ་ཕྲག་བྱོན་པ་སྙིང་པོར་བྱས་པའི་མཆོད་སྡོང་ཆེན་མོ་


GTD008_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དང། དེ་ཉིད་བཞུགས་པའི་གཙུག་ལག་ཁང་སྟུག་པོ་བཀོད་པའི་ཕོ་བྲང་ས་ལ་འཕོས་པ་ལྟ་བུ་དེ་ཉིད་ཀྱིས་མཚོན་སྐུ་གསུང་ཐུགས་རྟེན་དང་ལྷ་ཁང་སོ་སོར་ཞིབ་མཇལ་ཞུས། གྲྭ་མང་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། འཇམ་དབྱངས་དང་སྒྲོལ་མའི་རྗེས་གནང། མཚན་བརྗོད་གདུགས་དཀར། བླ་མཆོད། ཆོས་སྤྱོད་གསལ་བའི་སྒྲོན་མེ་སོགས་ཀྱི་ལུང། སྨན་པ་གྲྭ་ཚང་ལ་སྨན་ཆོག་གི་ལུང། བཤད་སྒྲུབ་གླིང་གི་ཆོས་གྲྭར་མངོན་རྟོགས་རྒྱན་སྐབས་དང་པོ་ལ་གསུང་བཤད་དང། དམ་བཅའ་ཚུགས་པར་གཟིགས་རྟོག་མཛད། ཆོས་གྲྭ་ཆེན་པོ་གསེར་དགོན་དང་ཆུ་བཟང་དགོན་གཉིས་ལ་ཡང་ཕེབས། བཀའ་ཆོས་དང་གསུང་རྩོམ་གང་ཞུས་འཕྲལ་དུ་གནང། སྟག་རྩེའི་ཇོ་བོ་སོགས་རྟེན་སོ་སོར་མཆོད་མཇལ་ཞིབ་རྒྱས་མཛད། ཆུ་བཟང་རིན་པོ་ཆེར་མཎྜལ་སྐུ་གསུང་ཐུགས་རྟེན་གོས་ཡུག་སོགས་དང་བཅས་མཇལ་ཞུ་མཛད་དེ་ཞལ་གདམས་ཐུགས་ལ་བརྣག་པ་ཇི་ལྟ་བ་བཞིན་དུ་དྲང་པོར་ཞུས། དགོན་ལུང་དུ་ཞག་ཉི་ཤུ་རྩ་གྲངས་བཞུགས་ཏེ་མཆོད་མཇལ་དང། ཐུའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེར་མཎྜལ་སྐུ་གསུང་ཐུགས་རྟེན། དངུལ་རྡོ་ཚད། རྟ་བཟང་གཉིས་བཅས་ཕུལ་ཏེ། ཁྱེད་རྡོ་རྗེ་འཆང་དེའི་སྤྲུལ་སྐུ་འཁྲུལ་མེད་ཡིན། ངེད་ཚོས་ཀྱང་བློ་རྩེ་དཀོན་མཆོག་ལ་གཏད། ལས་འབྲས་དཔང་པོར་བཞག་སྟེ་བཙལ། ཁྱེད་རང་གིས་ཀྱང་ཐུགས་རྗེ་གཟིགས་པ་ཡིན་པས་དེ་དོན་བཞིན་སྐུ་གོང་མ་རྣམས་དང་འདྲ་བར་བསྟན་པའི་བདག་པོ་ཞིག་གནང་དགོས་ཞེས་ཞུས་པས་སྐུ་ན་ཧ་ཅང་ཕྲ་རུང་ཐུགས་ཤིན་ཏུ་དགྱེས་པའི་ཉམས་མཛད་ཀྱིན་སྣང། ཞེས་ཞལ་ནས་གསུངས། འདི་སྐབས་དྲེའུ་ཁ་ཤས་ལས་མེད་པའི་སྟབས་བདེ་བྱ་བྲལ་གྱི་ཚུལ་གྱིས་ཕེབས་པ་བྱ་ཁྱུང་དུ་གློ་བུར་


GTD008_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

བར་སོང་བ་དང་སྤྲོས་པའི་རིགས་མ་བྱེད་ཅེས་གསུངས་པ་ལྟར་བྱུང་བས། ཉིན་མཚན་གཉིས་ཀར་བསྐོར་བ་དང་གནས་གཟིགས་སོགས་ཐུགས་བཞེད་ལྟར་དང། སྐུ་འབུམ་དུ་སྤྲོས་པ་བཀག་ཀྱང་མ་ཁེགས་པས་མཚན་མོ་ཞབས་སྐོར་མཛད། དེ་ནས་བཟུང་སྟེ་ཆིབས་བསུ་སྐྱེལ་སེར་སྦྲེང་སོགས་སྤྲོས་པ་བར་མ་ཆད་པས་ཐུགས་བཞེད་ལྟར་གྱི་ཕྱག་སྐོར་སོགས་མ་གྲུབ། མཇལ་དར་ཙམ་ཡང་བཞེས་རྩིས་མེད་ཀྱང་ཕྱིར་ཡང་ཡང་འཕངས་པས་ཐབས་མ་རྙེད་པར་བཞེས་དགོས་བྱུང། འབུལ་བའི་རིགས་ཕྱིར་སློག་སྟེ་མང་འགྱེད་དང། རྟེན་སོ་སོར་མཆོད་འབུལ་གང་རྒྱས། ཞལ་འདོན་སྐབས་བབ་རྣམ་པ་དོད་ཅིང་ངོ་མཚར་བ་མཛད་པ་སོགས་བྲི་བར་མ་ལང། ལྕང་སྐྱ་བླ་བྲང་དང། ཐུའུ་བཀྭན་བླ་བྲང་གི་ནང་རྟེན་སོ་སོར་ཞིབ་མཇལ་དང་རྒྱུད་ཁང་རབ་གནས་ཀྱང་མཛད། ཐུའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེར་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་སྩལ་ཏེ་མཚན་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་དུ་གསོལ། ལམ་གཙོའི་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། ལམ་སྒྲོན། རྒྱན་འཇུག་གཉིས། ཆོས་སྐྱོང་ཚང་མའི་གཏོར་ཆོག །ཀུན་མཁྱེན་སྐུ་འཕྲེང་གཉིས་པའི་ཡི་དམ་སྒྲུབ་སྐོར་དང་དཔའ་གཅིག་རྒྱས་བསྡུས། གཟུངས་དང་བསྟོད་པ་སྣ་ཚོགས། བླ་མ་མཆོད་པ་དང། ཕྱག་ཆེན་རྩ་བ་གསོལ་འདེབས་དང་བཅས་པ། ཤེས་བྱའི་མཁའ་དབྱིངས་མ། བདེ་ལམ་ཚིགས་བཅད་མ་སོགས་བཀའ་རྩོམ་འགའ། ཁྱད་པར་འཕགས་བསྟོད། ལྷ་ལས་ཕུལ་བྱུང་གི་བསྟོད་པ། སྨོན་ལམ་བདུན་ཅུ་པ་སོགས་ཉེར་མཁོའི་ལུང་དུ་མ། འཇིགས་བྱེད་བཅུ་གསུམ་མའི་དབང། འཇམ་དབྱངས་དཀར་པོ། དབྱངས་


GTD008_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མ་དཀར་མོ། འཇིགས་བྱེད་ཡུམ་བཅས། ཀླུ་དབང་རྒྱལ་པོ། སྣ་ཚོགས་ཡུམ། ལོ་གྱོན་མ་གཙོ་འཁོར་གསུམ་པ། བདེ་མཆོག་དཀར་པོ། ཁྱུང་ཁྲ། དྲག་པོ་སུམ་སྒྲིལ། རྣམ་འཇོམས། སྨེ་བརྩེགས། རྡོར་སེམས་ཡུམ་བཅས། རྣམ་སྲས་སེར་ཆེན། དཔལ་མགོན་སོགས་ཀྱི་རྗེས་གནང། སྐུ་ཞབས་རིན་པོ་ཆེ་གཅིག་པུར་ཞལ་སྒྲུབ་དུས་ཀྱི་ཐུན་མོང་མ་ཡིན་པའི་རྗེས་གནང་དང། གཞན་འགའ་ཞིག་ལ་ཞལ་བྲམ་གཟུགས་དང། སེར་པོ་རྒྱས་བྱེད་ལྷ་དགུ། མགོན་པོ་སྙིང་ཞུགས་དང་ཆོས་རྒྱལ་ཕྱི་ནང་གསང་གསུམ་སོགས་ཀྱི་རྗེས་གནང། ཉན་མཁན་ཧྲག་བསྡུས་ལ་དཔའ་གཅིག་གི་དབང། གསང་འདུས་ཀྱི་དབང། བདེ་མཆོག་ལྷ་ལྔའི་དབང། ལྷོ་བྲག་སྙན་བརྒྱུད་ནས་འབྱུང་བའི་རྣམ་འཇོམས་ཀྱི་དབང། སྨན་བླ་མཆེད་བདུན། འཇམ་དབྱངས་དཀར་པོ། སྒྲོལ་དཀར། འཇིགས་བྱེད། རྟ་མགྲིན། རྣམ་སྲས་སེར་ཆེན། མདུང་དམར་ཅན། དམག་ཟོར་མ། ལྕམ་སྲིང། དབྱངས་ཅན་མ། གཏུམ་པོ་མེ་འབར་དྲག་པོ་སོགས་ཀྱི་རྗེས་གནང་དང་ལུང་དུ་མ་སྩལ་ཞིང་བཀའ་རྩོམ་ཡང་མང་དུ་གནང། ཆུ་བཟང་གསེར་ཁོག །སྐུ་འབུམ་སོགས་ནས་ཆེད་གཏད་ཀྱིས་འོངས་པ་དང་བཅས་བསྙེན་རྫོགས་པ་རེ་ལྔ་དང། དགེ་ཚུལ་བཅོ་བརྒྱད་ཀྱི་རེ་བ་བསྐངས། དེ་ནས་དམར་གཙང་བྲག་ཏུ་ཕེབས་ཏེ་བསྟན་པ་ཕྱི་དར་གྱི་ཐོག་མར་བསྟན་པའི་མེ་རོ་གསོ་བའི་བཀའ་དྲིན་ཅན་བླ་ཆེན་པོ་དགོངས་པར་རབ་གསལ་བའི་སྐུ་དངོས་ཀྱི་མདུན་དུ་བརྒྱ་མཆོད་དང། དར་ཚོན་སྣ་ལྔའི་སྙན་ཤལ་ཕུལ་ཏེ་བསྟན་པ་རྒྱས་པའི་ཐུགས་སྨོན་གནང། གདུང་མདུན་དེར་ཏཱ་རི་ཀང་ཀའི་པཎྚི་ཏ་བླ་མ་ཆེད་གཏད་ཀྱིས་


GTD008_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བར་འདུལ་བ་རྒྱ་མཚོའི་སྙིང་པོ་སོགས་ཀྱི་ལུང་དང། དགོན་ལུང་ཁྲི་པ་ཨོའུ་ཤི་ཞབས་དྲུང་གི་སྤྲུལ་སྐུ་རབ་བྱུང་བསྒྲུབས་ནས་མིང་དཀོན་མཆོག་བསྟན་པ་རབ་རྒྱས་སུ་བཏགས་ཏེ་རྟེན་འབྲེལ་བསྒྲིགས། དེ་ནས་གྲོ་ཚང་དགོན་དུ་ཕེབས། གྲོ་ཚང་བླ་བྲང་ལ་རབ་གནས་དང། གྲོ་ཚང་སྤྲུལ་སྐུར་མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང། ཚོགས་མང་ལ་བཅུ་གཅིག་ཞལ་གྱི་དབང་སྟ་གོན་དང་བཅས་པ། ཀ་རིང་བླ་བྲང་དུ་སྤྲུལ་བའི་སྐུ་དཀོན་མཆོག་བསྟན་འཛིན་རྒྱལ་མཚན་ལ་རྡོར་སེམས་ཀྱི་རྗེས་གནང། ཆོས་སྤྱོད་གསལ་སྒྲོན་གྱི་ལུང་སྩལ། གྲོ་ཚང་ནང་འོག་མར་རྗེ་རིན་པོ་ཆེའི་གཎྜི་བཞུགས་པ་དང། རྡོ་རྗེ་འཆང་གི་ལྷ་ཁང། ཇོ་བོའི་ལྷ་ཁང་རིན་ཆེན་འོད་འབར། གོ་ཏམ་སྡེར་གྲགས་པའི་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་སོགས་ལ་མཆོད་མཇལ་དང་ཏཱའི་མིང་རིམ་བྱོན་གྱིས་བཞེངས་པའི་ལོ་རྒྱུས་དང་གསུང་འཕྲོས་ཞིབ་ངོ་འཕྲོད་པ་གནང། གྲོ་ཚང་གཞིས་སུ་ཡང་རྗེ་རིན་པོ་ཆེས་བྱ་ཁྱུང་ནས་གཙུག་ཕུད་ཕུལ་བའི་སྟོན་པ་དུང་གཡས་འཁྱིལ་དུ་གྲགས་པ་སོགས་ལ་ཞིབ་མཇལ་མཛད་ཅིང་ཐུགས་སྨོན་རྒྱ་གང་ཆེ་གནང། གྲོ་ཚང་སྤྲུལ་སྐུ་བློ་བཟང་དཀོན་མཆོག་ཉི་མས་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཞུས་པའི་ཐུགས་བཞེད་བསྐངས། དེ་ཡང་བསྟན་པ་སྔ་དར་གྱི་དུས་ནས་ད་ལྟའི་བར་དུ་ཐུབ་བསྟན་བཤད་སྒྲུབ་ཀྱི་རྒྱུན་བར་མ་ཆད་དུ་གནས་ཤིང། མཁས་པ་མི་གསུམ་གྱིས་དབེན་གནས་སོ་སོར་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་བླ་ཆེན་པོ་དགོངས་པ་རབ་གསལ་ཐུབ་པའི་གདུང་འཚོབ་ཏུ་དབང་བསྐུར་བའི་བཀའ་དྲིན་ལས་བསྟན་པ་ཕྱི་དར་ཞེས་གྲགས་པའི་དུས་འདིའི་ཚུལ་ཁྲིམས་རྣམ་དག་གི་བདུད་རྩིའི་ཆུ་རྒྱུན་གང་ལས་བབ་


GTD008_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁུངས་དང། ཉེས་པའི་བུད་ཤིང་ལྷག་མེད་དུ་སྲེག་བྱེད་སྡེ་སྣོད་བཤད་སྒྲུབ་ཀྱི་བསྟན་པའི་མེ་རོ་གང་ནས་བསླངས་པའི་གཞིར་གྱུར་ཅིང། འཇམ་མགོན་ས་སྐྱ་པཎ་ཆེན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་དྲིན་ལས་མདོ་སྔགས་ཀྱི་འཆད་ཉན་དང། སྒྲུབ་རྒྱུད་འཛིན་པའི་དགེ་འདུན་ཡུལ་གྱི་ཐ་གྲུ་ཀུན་ཏུ་ཁྱབ་པ། ཀརྨ་རིམ་བྱོན་སོགས་རིས་མེད་མཁས་གྲུབ་དུ་མས་བསྟན་པའི་རྒྱུན་རྒྱ་ཆེར་སྤེལ་ཞིང། སྒྲུབ་པ་སྙིང་པོར་མཛད་པའི་སྒྲུབ་གནས་ཀྱི་ཕྲེང་བ་ཚར་དུ་དངར་བ། ཤར་ཕྱོགས་རིགས་པའི་དཔའ་བོ་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་དང། རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་ཆེན་པོས་སྤྲུལ་བའི་ཟློས་གར་མངོན་པར་བསྟན་ཏེ། འཇམ་དཔལ་ཞི་ཁྲོ་བསྙེན་ཅིང་བསྒྲུབས་པའི་མཐུ་ལས། དུས་ཀྱི་མཐར་ཡང་སྐལ་བཟང་གདུལ་བྱ་མཐའ་དག་འཇམ་དབྱངས་གསུང་གི་བདུད་རྩིའི་རྩེ་དགའ་ལ་སྤྱོད་པའི་སྐལ་བཟང་མི་ཉམས་པར་གནས་པ། གངས་ཅན་འགྲོ་བའི་མགོན་པོ་རྒྱལ་བ་ཡབ་སྲས་རིམ་བྱོན་གྱིས་ཞབས་ཀྱིས་བཅགས་ཤིང། འཕྲིན་ལས་བཟང་པོས་བསྐྱངས་པའི་མཐུ་ལས་མདོ་སྔགས་བཤད་སྒྲུབ་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའི་དགའ་སྟོན་ཟླ་བ་ཉ་གང་བ་ལ་འགྲན་པའི་ཆོས་སྡེ་ཆེན་པོ་དུ་མ་དང། བཤད་པ་དང་སྒྲུབ་པའི་སྦྲང་རྩིའི་བཅུད་ཀྱིས་ཚིམ་པའི་འདུས་སྡེ་ཆེ་ཕྲ་དུ་མས་བར་མཚམས་མེད་པར་ཁྱབ་པ། སྤངས་པ་དང་རྟོགས་པའི་ཡོན་ཏན་གྱི་ཁྲི་འཕང་མཐོན་པོར་ཆེན་པོར་བསྔགས་པའི་ལུང་ལས་ཀྱི་འཕྱང་འཕྲུལ་རྣམ་པར་གཡོ་བའི་སྐྱེས་ཆེན་དམ་པའི་འཕྲེང་བ་རིམ་བྱོན་བསྟན་འགྲོའི་ཕན་བདེ་སྐྱོང་བཞིན་པར་བཞུགས་པའི་དགའ་སྟོན་ཉམས་པ་མེད་པས་ཡུལ་དབུས་ཆོས་ཀྱི་ཞིང་ས་ལྗོངས་འདིར་འཕོས་པ་ལྟ་


GTD008_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མདོ་སྨད་ཙོང་ཁ་སྤྲུལ་བའི་ཞིང་ཞེས་ཡོངས་སུ་གྲགས་པའི་གནས་དེར་སྲིད་མཐའི་བར་དུ་ཐུབ་པའི་རིང་ལུགས་ཉམས་པ་མེད་པར་བཤད་པ་དང་སྒྲུབ་པའི་དགེ་འདུན་གྱི་སྡེ་རྣམས་རྒྱལ་བའི་དམ་ཆོས་མཐའ་དག་རྒྱལ་བའི་དགོངས་པ་བཞིན་དུ་འཛིན་ཞིང་སྐྱོང་བ་དང། འཇིག་རྟེན་མཐའ་དག་རྣམ་དཀར་དགེ་བཅུ་སྨིན་པའི་འབྲས་བཟང་ལ་སྤྱོད་ཅིང་སྙིགས་དུས་རྒུད་པའི་གྲང་རེག་དྲུངས་ནས་ཕྱུང་སྟེ་སྲས་བཅས་རྒྱལ་བའི་དགོངས་བཞེད་ལྷུན་གྱིས་གྲུབ་པའི་ཆེད་དུ་བགྲང་ལས་འདས་པའི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་ཏིལ་གྱི་གང་བུ་ལྟར་གཏམས་པ་རྣམས་ལ་མཆོད་འབུལ་དང་གསོལ་འདེབས། དགེ་འདུན་གྱི་སྡེ་ཆེ་ཕྲ་སོ་སོར་ཟང་ཟིང་གི་མཆོད་པ་དང་བསྙེན་བཀུར། ཐར་འདོད་དོན་གཉེར་གྱི་ཚོགས་ལ་གང་འཚམ་གྱི་གདམས་པའི་བདུད་རྩི་སོགས་ཕན་ཚུན་འགྲན་བཞིན་སྤེལ་ཞིང་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་རྒྱས་བཏབ་སྟེ་བསྟན་འགྲོའི་བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་མོ་སྲིད་མཐའི་བར་དུ་ཉམས་པ་མེད་པའི་དགའ་སྟོན་ལ་འགོད་པར་མཛད་དོ། །མཁས་པ་མི་གསུམ་བླ་ཆེན་དགོངས་པ་གསལ། །དོན་གྲུབ་རིན་ཆེན་རྒྱལ་བ་གཉིས་པ་སོགས། །འདེགས་ནུས་ཀུན་བཟོད་མ་འདིའི་ཕྲ་མོའི་རྡུལ། །གཞིག་བྲལ་རྡོ་རྗེའི་ངོ་བོར་གནས་སམ་སྙམ། །གུར་ཀུམ་མེ་ཏོག་ཚལ་ལ་འགྲན་བཟོད་པའི། །བགྲང་ཡས་དགེ་འདུན་སྡེ་རྣམས་མདོ་སྔགས་ཀྱི། །བཤད་སྒྲུབ་ལ་སྤྱོད་ལྗོངས་འདིའི་འགྲོ་བ་རྣམས། །སྔོན་གྱི་རྒྱལ་ལ་ལྷག་པར་བྱས་པ་སྙམ། །གྲངས་མེད་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །མཆོད་དང་གུས་པས་བསྙེན་ཅིང་བཀུར་བ་དང། །བལྟ་དང་རེག་དང་དྲན་པར་


GTD008_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཡི། །བསོད་ནམས་ཕུང་པོ་སྲིད་འདིར་ཇི་ལྟར་ཤོང། །འཇམ་དབྱངས་མི་རྗེའི་གཟུགས་ཅན་གནམ་གྱི་ལྷའི། །བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ཆེས་ལྕི་བས། །སྙིགས་དུས་སྐྱེ་བོ་མི་བསྲུན་བརླང་སྤྱོད་ལས། །ལྡོག་པ་འདིས་ཀྱང་འཇམ་དཔལ་ཞིང་དུ་ངེས། །དེ་ནས་ཐང་རིང་དུ་ཕེབས། རྒྱལ་བ་བླ་མ་རིན་ཆེན་པས་རྒྱལ་དབང་ལྔ་པར་ཞུས་ཏེ་གདན་དྲངས་པ་སྟོན་པ་དགུང་ལོ་བརྒྱད་པའི་ཚད་ཀྱི་ཇོ་བོ་སོགས་ལ་རྟེན་མཇལ་དང། འདུ་ཁང་ལ་རབ་གནས། དགེ་འདུན་ཡོངས་ལ་ལམ་གཙོའི་བཤད་ལུང། འཇམ་དཔལ་མཚན་བརྗོད་དང། སྨོན་ལམ་རྣམ་ལྔའི་ལུང། མན་ཇུའི་རྒྱལ་རབས་ཐོག་མའི་དུས་ཀྱི་བླ་མ་སེ་ཆེན་ཆོས་རྗེའི་གདན་ས་བ་ཀྱོའི་དགོན་པར་བླ་མ་དེ་ཉིད་ཀྱིས་གདན་དྲངས་པའི་སྨན་བླ་བདེ་གཤེགས་བརྒྱད་སོགས་རྟེན་ཁྱད་འཕགས་རྣམས་ལ་མཆོད་མཇལ་དང། རྒྱལ་པོ་རིམ་བྱོན་གྱིས་གནང་བའི་ཆ་སྤྱད་འགང་ཅན་རྣམས་ལ་ཞིབ་གཟིགས་མཛད། ཆོས་འབྲེལ་ཞིག་ཞུས་ཀྱང་བོད་སྐད་ཤེས་མཁན་མེད་སྟབས་དགའ་ལྡན་ལྷ་བརྒྱ་མའི་ལུང་སྩལ། མཛོ་མོ་མཁར་དུ་བྱམས་ཆེན་ཆོས་རྗེའི་སྐུ་གདུང་དང། རྒྱལ་པོས་བཞེངས་པའི་འདྲ་སྐུ་སོགས་རྟེན་མཇལ་ཞིབ་པར་མཛད་ཅིང་བྱམས་ཆེན་ཆོས་རྗེའི་ཐུགས་དམ་གྱི་རྟེན་བདེ་མཆོག་དང་དུས་འཁོར་གྱི་ཞལ་ཐང་གཉིས་ཕྱག་ཏུ་འབྱོར་བ་ལ་ཐུགས་དགྱེས་ཚོར་ཆེན་པོས་བྲིས་སྐུ་གསར་བཞེངས་ཀྱི་ཐེབས་དང་གསེར་ཟངས་ཀྱི་མཆོད་རྟེན་གཅིག་བཅས་གནང། དེ་ནས་བཏེག་སྟེ་ཕོའུ་ཀྱ་ཟིར་བཞུགས། ཐང་རིང་རྒྱུད་གྲྭ་དེར་བཞུགས་དང་དགོན་པའི་གྲྭ་པ་བཅས་ལ་གནས་བཅུ་དང་དགའ་ལྡན་ལྷ་བརྒྱ་མའི་ལུང་སྩལ། ཀན་ཀོ་ཟིར་ཞག་གཅིག་བཞུགས་


GTD008_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཐུགས་རྗེ་ཆེན་པོ་རང་བྱོན་སོགས་ལ་ཞིབ་གཟིགས་དང་ཐུགས་ཉམས་སྤྲོ་བའི་རྣམ་པ་མཛད་ཅིང། དཀར་ཆག་ཀྱང་ཞུས་པ་ལྟར་གནང། དགུ་པའི་ཚེས་བརྒྱད་ཀྱི་དགུང་མོ་ལོ་ཀྱ་ཏུན་དུ་འབྱོར། རྗེ་ཉིད་གཅིག་པུར་བདེ་མཆོག་གི་མདུན་ནས་བཞུགས་ཏེ་མཚན་མོ་དེར་བདེ་མཆོག་བདག་མདུན་གྱི་ཆོ་ག་དང། ཚེས་བརྒྱད་ཀྱི་ཐོ་རངས་སྐྱ་རེངས་ཀྱི་དུས་ཚོད་ལ་བདག་འཇུག་བཞེས། ཉིན་དེར་དཔོན་སློབ་ཚང་མས་བདེ་མཆོག་ལྷ་ལྔའི་ཆོ་ག་གསུངས་ནས་ཚོགས་འཁོར་རྒྱས་པ་གནང། སྐུ་ལ་གསེར་ཆབ་ཕྱག་གིས་བྱུགས་པས་ཡབ་ཡུམ་གྱི་མཁའ་གསང་ནས་གསང་རྫས་ཤིན་ཏུ་བསིལ་བའི་རེག་བྱ་ཅན་ཞལ་དུ་གསོལ་བས་ཟད་མི་ཤེས་པ་ལྟ་བུ་ཕྱག་ཏུ་བབས། ལུས་འཇོམས་འཆི་བདག་སེམས་འཇོམས་རྨོངས་པའི་ཁྲག །བདེ་སྟོང་དབྱིངས་སུ་སྡོམ་པའི་དཔའ་བོ་ཆེ། །མི་ཤིགས་རླུང་སེམས་སྒྱུ་མའི་གུར་ཁང་དུ། །འཇིགས་མཛད་པད་གསང་ལྷ་སྐུའི་འཇའ་ཚོན་བཀྲ། །མཁའ་དབྱིངས་ཏིལ་གང་ལྟར་བཞུགས་རྒྱལ་རྣམས་ཀྱི། །ཐུགས་རྗེའི་དྲོད་ཀྱིས་སྤངས་དང་རྟོགས་པའི་ཁམས། །བཞུས་པའི་བཏུང་བ་རིན་ཆེན་འདི་གསོལ་བས། །རྡོ་རྗེའི་ལུས་ཀྱི་གྲོང་ཁྱེར་མཐོན་པོར་འཕགས། །འདུ་ཁང་དུ་གདན་དྲངས་པར་བླ་མཆོད་ཀྱི་ལུང་གནང། ཞལ་ནས། འདི་ལ་ལོ་རྒྱུས་འདྲ་མིན་འདུག་ཀྱང་བ་སོ་རྗེ་དྲུང་གིས་མཛད་ཟེར་བའི་དཀར་ཆག་དང། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་མཐུན་པར་ཕམ་མཐིང་པ་ཆུང་བའི་སྐུ་གདུང་ཡིན་གསུངས་པ་རྗེའི་གསུང་ཟུར་དང་མཐུན་པས་དེ་ཀ་རང་ཡིན། དང་པོ་བྲག་ཁུང་གཅོད་བྱེད་ཀྱི་བྲག་རི་རྩར་ལྷུང་བ་འདི་ཡང་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་དང།


GTD008_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཁང་གི་མདུན་ངོས་གཡས་གཡོན་ན་དབང་ཕྱུག་ཡབ་ཡུམ་གྱི་རྟགས་ཀྱི་རྣམ་པ་ཐད་སོར་གནས་པ་སོགས་བདེ་མཆོག་གི་གནས་ཀྱི་ཁྱད་ཆོས་ཚང་བ་ཞིག་འདུག་གསུངས། གདུང་མདུན་དེར་སྨོན་ཚིག་ཅིག་ཀྱང་བཀའ་རྩོམ་མཛད། མཆོད་རྟེན་དཀར་པོར་ཞག་གཅིག་བཞུགས། དགེ་འདུན་ལྔ་བཅུ་སྐོར་ལ་རྡོ་རྗེ་གཅོད་པའི་ལུང་སྕལ། མཆོད་རྟེན་འདི་སངས་རྒྱས་འོད་སྲུང་དུས་ཀྱི་མཆོད་རྟེན་ཞིག་ཡིན་ཟེར་བ་དང། བདག་ཅག་གི་སྟོན་པའི་འཕེལ་གདུང་བཞུགས་པའི་མཆོད་རྟེན་ཡིན་ཟེར་བའི་ལོ་རྒྱུས་ཅི་རིགས་སྣང་གསུངས། རྨ་ཆུར་གྲུ་བཏང་ནས་ཨ་འགང་དགོན་པར་བྱོན། རྟེན་སོ་སོར་མཆོད་འབུལ་དང་ཐུགས་སྨོན་རྒྱ་གང་ཆེར་གནང། རྟ་མགྲིན་ལ་གཟིགས་ནས་འདི་ཐུབ་པའི་སྐུ་འདི་ལ་སེམས་དཔའ་གཉིས་དང་ཁྲོ་བོ་གཉིས་ཏེ་བཞིས་བསྐོར་བའི་ནང་ཚན་ཡིན་འདུག་པས། སྐུ་དངོས་ལྡེར་བཟོ་ཡིན་ཀྱང་སྔོན་གཞན་གྱི་གནོད་འཚེ་བཟློག་པའི་ཆོ་འཕྲུལ་དང་མཐོང་སྣང་སྣ་ཚོགས་བསྟན་པས་རང་བྱོན་དུ་བཏགས་པ་ཡིན་པ་འདྲ། ཨ་འགང་ཟེར་བ་ནི་སྔོན་གྲུང་འདི་ཆུས་ཁྱེར་ནས་ཡོང་བ་ཐད་འདི་ནས་ཐོན་སྐབས་འགང་ཟེར་བའི་སྒྲ་ཞིག་གྲགས་པ་དེའི་སྒོ་ནས་བཏགས་པ་ཡིན་ཟེར་ལ། གྲུང་འདི་སེར་བ་སོགས་བཟློག་ཐུབ་པའི་གྲུབ་ཐོབ་ཅིག་ཀྱང་ཡིན་སྐད་སྣང་གསུངས་ཏེ་བཞད་མོ་མཛད། བྱམས་སྤྲིན་ལ་གདན་དྲངས་པར་བླ་མཆོད་ཀྱི་ལུང་གནང། རྨ་ཆུར་གཟིངས་ཀྱིས་བགྲོད་ནས་རྫོང་ཐོག་ལྷ་ཁང་དུ་བྱོན་རྟེན་སོ་སོར་མཆོད་མཇལ་དང། ཁྱད་པར་ཐུགས་རྗེ་ཆེན་པོ་རང་བྱོན་གྱི་སྐུ་བརྙན་ལ་གཟིགས་ཏེ། སྐུ་དངོས་དེ་མཆོད་རྟེན་དཀར་པོ་སོགས་སུ་གཟིངས་ཀྱི་སྟེང་ནས་ལོ་ལྟར་གདན་འདྲེན་གྱིན་ཡོད་པ་ལ་སྔ་མ་ཞིག་ཀླུས་སྤྱན་དྲངས་


GTD008_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འདི་སྐུ་ཚབ་ཡིན་ཟེར་མཁན་ཡང་འདུག་གསུངས་ཏེ་དཔྱད་གཞི་ཅན་དུ་སྣང། འབུམ་གླིང་གི་བྱམས་ཆེན་ས་གནོན་མཉམ་གཞག །བཟང་པོའི་བཞུགས་སྟངས་ཅན་ལ་མཇལ། འདི་སྟོད་སྨད་གང་ཡང་མ་འཛོལ་བའི་ཐིག་ལྡན་ཤིན་ཏུ་བྱོན་ལེགས་པ་ཡ་མཚན་པ་ཞིག་སྣང། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་ལམ་ནས་བྲག་ལ་བྱམས་པ་ཁྲུ་བརྒྱད་ཅུ་པ་བཞེངས་ཞེས་པ་གཞན་ན་སྟོན་རྒྱུ་མེད་ལ། འདིའི་ཉེ་འཁོར་དུ་སྒྲོལ་མ་རང་བྱོན་ཡང་བཞུགས་པས་འབུམ་གླིང་གི་བྱམས་པ་ཀོང་ཙེས་བཞེངས་ཟེར་བ་དེ་ཀོང་ཇོ་དང་སྒྲ་ནོར་བ་འདུག་ཅེས་གསུངས། དེ་དུས་ཀྱི་གོང་མའི་ཕོ་བྲང་གི་གནས་ཞི་ངན་ཕུ་ཡིན་པས་དེར་ཇོ་བོ་ཤཱཀྱ་མུ་ནེའི་བཞུགས་ཁྲི་ད་ལྟའི་བར་དུ་ཡོད་ལ། ཞི་ངན་ཕུ་ནས་ཀོང་ཇོ་སྟོང་འཁོར་དུ་ཕེབས་ཏེ་རྡོ་ཉི་ཟླ་ནས་བློན་པོ་མགར་གྱིས་རྗེས་ཟིན་པར་གྲགས་ཆེ་བས་འདི་ཀ་ཕེབས་ལམ་འཁྲུལ་མེད་དུ་ཤེས་སོ། །འོན་ཀྱང་བཟོ་ཀོང་ཙེ་ཕྱོགས་གོང་འོག་གི་འདི་དག་ཏུ་ཕེབས་པའི་ལོ་རྒྱུས་དུ་མ་དང་ལྷག་པར་ཀོང་ཙེ་ནས་རིམ་པར་བགྲང་བའི་མི་བརྒྱུད་བདུན་ཅུ་རྩ་གྲངས་ཤིག་ཞལ་ནས་ཐོས་ལ། རྟེན་སོ་སོའི་ལོ་རྒྱུས་དུ་མ་གསུངས་པ་ཡང་ཐོས་ཀྱང་མང་བས་འཇིགས་ནས་མ་བྲིས། འདུ་ཁང་བཞི་བརྩེགས་གསར་བཞེངས་ལ་བཀྲ་ཤིས་ཀྱི་མེ་ཏོག་འཐོར། ཡང་ཀྱ་ལོ་ཡེའི་སྒར་པར་བཞུགས་སྐབས་མཛོ་མོ་མཁར་ནས་གདན་དྲངས་པའི་བྱམས་ཆེན་ཆོས་རྗེའི་ཕྱག་ཌམ་ཕུལ་བར་ཐུགས་ཤིན་ཏུ་དགྱེས། སླར་ཡང་ཨ་འགང་དུ་བྱོན་ཏེ་སེར་སྐྱ་ཉིས་བརྒྱ་སྐོར་ལ་ཀུན་རིག་གི་དབང་སྩལ་ཞིང། བསྒྲུབ་བྱ་ལྔ་བསྙེན་པར་རྫོགས། ཆེན་མིང་གི་དུས་བཞེངས་པ་ཏཱ་མིང་རྒྱལ་པོའི་ཐུགས་དམ་རྟེན་ཕྱག་རྡོར་སེམས་


GTD008_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ཆ་ལུགས་ཅན་ཁྲུ་གང་ལྷག་ཙམ་བཟོ་ལེགས་ཁྱད་མཚར་ཅན་ཕུལ་བས་དགྱེས་ཚོར་ཆེ་བར་མཛད། དེ་ལྟར་མདོ་སྨད་བསིལ་ལྡན་གྱི་ལྗོངས་འདི་གང་གི་གཟི་བྱིན་གྱི་སྒོ་ནས་དབུས་འགྱུར་གཉིས་པར་བསྔགས་པར་འོས་པའི་སྔོན་གྱི་གནས་ཆེན་རྣམས་དང། བྱིན་རླབས་ཀྱི་གཟི་འོད་ཕྱོགས་བརྒྱར་འཕྲོ་བའི་རྟེན་འགངས་ཅན་རྣམས་ལ་མཆོད་འབུལ་དང། བསྟན་པ་ཕྱོགས་མཐར་རྒྱས་ཤིང་ཡུན་རིང་གནས་པའི་ཐུགས་སྨོན་ཤུགས་དྲག་མཛད། ལམ་བར་གྱི་དགོན་གྲོང་སོ་སོས་ཇ་ཐབ་དང་ཆོས་འབྲེལ་གང་ཞུས་འདོད་མོས་ལྟར་གྱི་རེ་བ་བསྐངས། དེ་ཕྱོགས་ཀྱི་དགོན་པ་ཆེ་ཕྲ་མཐའ་དག་གིས་དངོས་འབུལ་ཕུལ་བ་རྣམས་ཕྱིར་སློག་པའི་སྟེང་དུ་མར་འགྱེད་སྤྱི་འཇོག་འཚེམ་ལུས་མེད་པ་གནང་སྟེ་ཐུགས་བསྐྱེད་སྤྲིན་གྱི་ལྡིང་ཁང་ནས་མཛད་འཕྲིན་ཆར་རྒྱུན་དལ་གྱིས་སྦྲེངས་པས་ལུས་ཅན་ཞིང་པའི་ཚོགས་ཀྱིས་སྨོན་པའི་རེ་བ་ཅི་ཡང་སྐོང་བར་མཛད་དོ། །མཁའ་ལ་རྒྱུ་སྐར་ཚོགས་རྣམས་སིལ་བུར་གནས། །ས་ལ་བྱིན་རླབས་རྟེན་མཆོག་ཚར་དུ་དངར། །དེ་དག་རང་འོད་སྤྲོ་བར་བྱེད་པ་སྟེ། །འདི་དག་མཐོང་ཐོས་དྲན་རེག་འདོད་པ་འཇོ། །མཁའ་ལ་རྟ་བདུན་བཅུ་གཉིས་ཁྱིམ་དུ་རྒྱུ། །ས་ལ་དམ་པས་གནས་ཆེན་དུ་མ་འགྲིམ། །དེ་ཉིད་པངྨོའི་གཉེན་དུ་གྱུར་པ་སྟེ། །འདི་ནི་སྐྱེ་རྒུ་སྲིད་ལས་སྒྲོལ་བའི་བཤེས། །བདག་བདེའི་ཕྱིར་མིན་སེམས་ཅན་མ་ལུས་པ། །གནས་སྐབས་མཐར་ཐུག་བདེ་ལ་འགོད་ཕྱིར་དུ། །སྐུ་གསུང་ཐུགས་རྟེན་དགེ་འདུན་མཆོད་པ་དང། །ཐུགས་རྗེ་བསྐུལ་ཞིང་རབ་ཏུ་གནས་པ་དང། །ཐུབ་བསྟན་རྒྱས་ཤིང་བསྟན་འཛིན་དར་བ་དང། །བཤད་སྒྲུབ་འཕེལ་ཞིང་མཐོང་ཐོས་དྲན་རེག་གིས། །འགྲོ་བ་འདྲེན་སོགས་ཀུན་ཏུ་ཤིས་པའི་རིགས། །མ་བསྒྲིམ་པར་


GTD008_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྷུན་གྱིས་གྲུབ་པར་མཛད། །གདན་སར་ཕེབས་ལམ་ནས་སྟག་ལུང་དགོན་དུ་བཅུ་གཅིག་ཞལ་གྱི་རྗེས་གནང་སྩལ། ཆོས་གྲྭ་གསར་ཚུགས་ལ་བརྩི་བཞག་གནང་སྐབས་འཇའ་ཚོན་སོགས་ཤར་བས་རྟེན་འབྲེལ་ལེགས། བསྒྲུབ་བྱ་དྲུག་དགེ་བསྙེན་ལ་བཀོད་ཅིང་ལམ་ཁྲིད་གསེར་གྱི་ཡང་ཞུན་གྱི་ལུང་གནང། ཨ་འབིའི་སྒར་པ་དང། ཨ་མཚོའི་སྒར་པར་འཇིགས་བྱེད་ཀྱི་དབང་གནང་ཞིང་བསྒྲུབ་བྱ་སོ་ལྔ་བསླབ་པ་ལ་བཀོད། དེ་ནས་སྒོ་མོག་སྒར། སྒ་ཤུལ་རི་ཁྲོད། རྡོ་བིས་ལྕང་ཤར་དགོན་སོགས་ནས་གདན་འདྲེན་པ་ཡང་ཡང་འབྱོར་ཏེ་ཨུ་ཚུགས་མཐར་བསྐྱེལ་ཀྱང་འགྲོ་འདུག་ཧ་ཅང་ཐལ་ཆེ་སོང་གསུངས་ནས་མཚམས་བཅད་དེ་ཧོར་ཚང་བརྒྱུད་ནས་ཕེབས་པར། སྒོ་མོག་སྒར་པའི་ཇ་ཐབ་ཐོག་གྲྭ་མང་ལ་ཕྱག་དབང་ཆོས་འབྲེལ་གནང་བ་མ་གཏོགས་དགོན་རི་ཁྲོད་དུ་མས་ཞུས་ཀྱང་མ་ཕེབས་པར། བཅུ་པའི་ཉེར་གཉིས་ལ་གདན་སར་བབས། དེའི་ཕྱི་ཉིན་ནས་བཟུང་རི་ཁྲོད་ནས་ལོ་མཇུག་བར་ལ་བཅད་རྒྱ་མཛད། འདི་སྐོར་འགའ་ཞིག་སྔར་ས་བོན་གྱི་ཚུལ་དུ་བྲིས་པ་ཡང་ཡོད་ལ། དེ་ལས་འཕྲོས་ཏེ་སྤྲོ་དགོས་པ་དང། གསར་དུ་བྲི་དགོས་པ་མང་དུ་སྣང་ན་ཡང། ཡི་གེས་འཇིགས་ནས་མ་བྲིས་པས་རྣམ་ཐར་རྒྱས་པ་གཞན་དུ་ཤེས་པར་བྱའོ། །ལོ་འདིར་གཞི་བྱེས་གཉིས་ཀར་ཐུ་མེད་ལོ་ཙཱ་བ་ཞབས་དྲུང་སོགས་བསྙེན་རྫོགས་པ་ཉིས་བརྒྱ་དང་དྲུག །རབ་བྱུང་དགེ་ཚུལ་ཞེ་གསུམ་བྱུང་འདུག་པས་མཚོན་བསྙེན་རྫོགས་གང་བྱུང་གི་ཐོ་ཕྱག་བྲིས་སུ་བཀོད་འདུག་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དགོངས་བཞེད་རྣམ་ཐར་ནོར་བུའི་ཕྲེང་བར་གསལ་བ་ལྟར་ཡིད་ཆེས་ངོ་མཚར་གྱི་གནས་སུ་སྣང། དགུང་ལོ་ཞེ་དགུ་པ་ལྕགས་


GTD008_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

རྟའི་ལོ་གསར་གྱི་ཚེས་ལ་སྨད་ཕྱོགས་ནས་འོངས་པའི་གྲྭ་རྒྱུན་སྦྱིན་བདག་རྣམས་ཀྱིས་གསེར་ཟངས་ཀྱི་སྐུ་བརྙན་དུ་མས་ཐོག་དྲངས་དངོས་འབུལ་གཟབ་ནས་ཞུས་ཤིང། སོ་སོར་བསྙེན་རྫོགས་དང་དབང་རྗེས་གནང་སོགས་འདོད་ཆོས་ཀྱིས་ཚིམ་པར་མཛད། དོན་གཉེར་བ་ཉིས་བརྒྱ་སྐོར་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། དཔའ་གཅིག་གི་དབང། འཇམ་དབྱངས་དཀར་པོའི་རྗེས་གནང་སོགས་སྩལ། རི་ཁྲོད་ཀྱི་འདུ་ཁང་ནས་ཆོས་ཉན་པ་ཉིས་བརྒྱ་ལྔ་བཅུ་སྐོར་ལ། རྡོ་རྗེ་འཕྲེང་བའི་དབང་ཡོངས་རྫོགས། མཇུག་ཏུ་ཚོགས་འཁོར། བསྟན་པ་རྒྱས་པའི་བསྔོ་སྨོན་དང་བཅས་གང་རྒྱས་གནང། སླར་ཡང་སེར་སྐྱ་སྟོང་དང་ལྔ་བརྒྱ་སྐོར་ལ་ཉིན་གཉིས་ཀྱི་རིང་བཅུ་གཅིག་ཞལ་གྱི་དབང། གཞན་ཡང་ཕྱག་རྡོར་གཏུམ་ཆེན་དང། ཛམ་དཀར་གྱི་རྗེས་གནང་སོགས་དང། དགོན་པར་ཡང་དོན་གཉེར་བ་རྣམས་ལ་ཆོས་རྒྱལ་ཕྱི་ནང་གསང་གསུམ་དང་དམག་ཟོར་མའི་རྗེས་གནང་སོགས་འདོད་ཆོས་འགའ་ཞིག་སྩལ། རྗེ་ཉིད་ཀྱི་སྐུ་ཚད་དང་མཉམ་པའི་བྱམས་པ་ལུང་སྟོན་མའི་སྐུ་ཁྲི་རྒྱབ་ཡོལ་དང་བཅས་པ་བཞེངས་པའི་དབུ་ཚུགས། རྒྱུད་པའི་མགོན་ཁང་གི་འཇིགས་བྱེད་ཀྱི་སྐུ་བཞེངས་སྐབས་ལྷ་བཟོས་ཞལ་ཉམས་དང་སྐུ་ཚད་སོགས་ལྗགས་བཀོད་ཞུས་པར། ཉིད་ཀྱི་ཐུགས་དམ་རྟེན་རྭ་ལོའི་ཕྱག་མཛུབ་གཟུངས་གཞུག་ཏུ་བཞུགས་པ་དེ་ཉིད་ལ་དཔེ་བྱས་ཏེ་ཕྱག་བཟོ་མཛད་པའི་མ་ཡིག་ལྟར་ལྷ་བཟོས་བཞེངས། སྐུ་ཚད་ཀྱང་ཁ་དགུ་ཙམ་གྱི་རྩིས་བྱས་ཀྱང་སྲོག་ཤིང་གི་ཚད་ཁ་བཅུ་གཅིག་ཙམ་དུ་སོང་འདུག་པར། ཚད་གོང་འཕེལ་དུ་སོང་བ་རྟེན་འབྲེལ་བཟང་གསུངས་དགྱེས་ཚོར་ཆེ་བ་མཛད། གཟུངས་གཞུག་རྟེན་སྣ་མང་པོ་གནང་ཞིང་ཁྱད་པར་དུ་རྗེ་ཙོང་ཁ་པ་ཆེན་པོའི་ཕྱག་


GTD008_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཚྭ་ཉན་པོ་འཇམ་དབྱངས་སུ་གྲགས་པ་སྡེ་རྒན་རིན་པོ་ཆེ་བློ་བཟང་དོན་གྲུབ་པས་སྐུ་ལ་རྒྱུན་བཅར་མཛད་པ་ཞིག་འཇིགས་བྱེད་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པར་མཛད། ལྗགས་བཀོད་གང་དགོས་འཕྲལ་དང་འཕྲལ་ལ་གནང་བ་བླ་མ་དབུ་མཛད་པ་དཀོན་མཆོག་དབང་ཕྱུག་གིས་ཁུར་ལེན་རུང་བ་བྱས་པས་སྐུ་བརྙན་རྣམས་ཀྱི་བཟོ་རགས་རིམ་གྲུབ་པ་ནས་བཟུང་སྟེ་ལྷ་བཟོ་རྣམས་གཅིག་པུར་མགོན་ཁང་དུ་འགྲོ་མི་ནུས་པ་སོགས་ཀྱི་ཟིལ་ཆེ་ཞིང་ཁོང་ཚོས་གཙང་རྩོག་ཤོར་བའི་སྤྱོད་ལམ་གྱི་དབང་གིས་འཚུབ་ཉམས་དང་རྨི་ལམ་ཡང་ངོ་མཚར་བ་དུ་མ་བྱུང། ཐོས་བསམ་གླིང་ལ་གྲྭ་ཇ་ཁ་ཤས་དང། གྲྭ་ཚང་གཞན་གསུམ་ལ་ཉིན་འཁྱོངས་ཁ་ཤས་རེ་བཏང་སྟེ་ཞབས་བརྟན་བསྒྲུབ་པར་ཇ་སྲང་དོ་རེའི་འགྱེད་གནང། ཟླ་བ་བཞི་པའི་ཚེས་ནས་མགོ་བརྩམས་ཏེ་དགོན་པའི་བླ་གྲྭ་གཉུག་མར་གནས་པ་དང། སྐུ་འབུམ་སྨན་པ་བླ་ཟུར་གྲོ་ཚང་སྤྲུལ་སྐུ། འབྲུ་གུ་དགོན་པའི་ཁྲི་ཟུར་ཀོ་ཙ་ཞབས་དྲུང། སེམས་ཉིད་མཁན་པོ། བེའུ་མདོའི་ཁྲི་པ་ལྷ་ཞིས་སྤྲུལ་སྐུ་ངག་དབང་འཇམ་དཔལ་བསྟན་འཛིན། ཁྲི་ཟུར་འགའ་དག་སྤྲུལ་སྐུ་དགེ་འདུན་ཐུབ་བསྟན་འོད་ཟེར། གཞན་ཡང་ཕྱོགས་ནས་ཕེབས་པའི་བཀའ་རབ་འབྱམས་དགེ་བཤེས་དུ་མ་དང་བཅས་ཉིས་སྟོང་དྲུག་བརྒྱ་ལྔ་བཅུ་སྐོར་ལ་འདུ་ཁང་ཆེན་མོ་ནས། མི་ཏྲ་བརྒྱ་རྩའི་དབང་རྒྱས་པར་སྩལ་ཏེ་ཐར་འདོད་ཡིད་ཀྱི་བུམ་བཟང་བྱིན་རླབས་བདུད་རྩིའི་བཅུད་ཀྱིས་ཚིམ་པར་མཛད། མཇུག་ཏུ་འབུལ་ནོད་རྒྱ་ཆེན་པོ་དང་བཅས་ཏེ་བརྟན་བཞུགས་ཕུལ་བར། སྤྱི་འབུལ་རྣམས་ཕྱིར་སློག་ཅིང། བསྟན་པའི་རྩ་བ་ཚུལ་ཁྲིམས་ལ་རག་


GTD008_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པས་ལེགས་ཚོགས་ཀུན་གྱི་རྩ་བ་སྡོམ་ཁྲིམས་ལེགས་པར་བཟུང་དགོས་པ་དང། དེའི་ཆེད་དུ་སྒྲིག་ལམ་ཞིབ་དགོས་ཚུལ། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ངོས་ནས་སློབ་གཉེར་ཧུར་ཐག་གལ་ཆེ་ཚུལ་སོགས་བསླབ་བྱ་ནན་ཏན་དུ་མཛད། རྗེ་འདི་ཉིད་ནས་དབང་གང་དང་གང་གནང་ན་བདག་མདུན་འཇུག་པ་ཐ་དད་དང་ཐ་མི་དད་ཀྱི་སྒྲུབ་ལུགས། རང་ཉིད་འཇུག་ཅིང་དབང་བླངས་པ། བུམ་པ་སྒྲུབ་ཅིང་འགོད་པ། མཆོད་གཏོར་བཤམས་ཚུལ། དབང་རྫས་འདེགས་ཚུལ། གཏད་ཚུལ་སོགས་ཀྱི་ཕྱག་ལེན། ཐ་ན་ཕྱག་སོར་གྱི་རྣམ་འགྱུར་ཚུན་ཆད་ཀུན་མཁྱེན་བླ་མ་མཆོག་ནས་གར་གནང་ལྟར་ལས་མི་འདའ་བ་ཞུས་དག་ཕེར་བ་ལྟ་བུ་ལ། དབང་རྫས་ཀྱང་ཕལ་ཆེར་རྗེ་རང་ཉིད་ཀྱིས་འགྲིམ་པར་མཛད། དབང་བཤད་ལ་རྒྱུད་སྡེ་གོང་འོག་གང་གི་སྐབས་སུ་ཡང། ཐད་ཀ་ཐད་ཀའི་དམིགས་རྣམ་ལེགས་པར་ངོ་སྤྲད་དེ་གནང་བས་སྐུ་གཉིས་དང་སྐུ་བཞིའི་ས་བོན་ཐེབས་ངེས་སུ་མཛད་པ་ཞིག་ཡོད་ལ། ལྷག་པར་འདི་སྐབས་རྒྱུད་སྡེ་སོ་སོའི་རྩ་བཤད་ལེགས་པར་སྦྱར། མཐའ་དྲུག་ཚུལ་བཞིའི་གསང་རྒྱ་བཀྲོལ། དབང་དོན་ལམ་གྱི་རིམ་པར་བསྒྲིགས་པའི་གསུང་བཤད་མཐའ་ཆོད་པ་གནང་བས་རྡོ་རྗེ་སློབ་མ་རྣམས་ཀྱིས་རྒྱན་བདུན་གྱིས་མཛེས་པའི་ཟབ་གནད་ལ་ངེས་པ་རྙེད་ཅིང་གཞི་ལམ་འབྲས་གསུམ་ངོ་འཕྲོད་པའི་བྱིན་རླབས་ཀྱི་དགའ་སྟོན་མྱོང་བས་ཚིམ་པར་གྱུར། སྣང་སྟོང་ཟུང་འཇུག་བདེ་ཆེན་རོལ་པའི་དབྱིངས། །དོན་གཉིས་ལྷུན་གྲུབ་གློག་འོད་འཁྱུག་པའི་གར། །སྒྱུར་མཁས་རིགས་ཀུན་ཁྱབ་བདག་སྤྲིན་སྔོན་ལས། །སྨིན་བྱེད་དབང་བཞིའི་བསང་གཏོར་ཅིར་ཡང་འགྲེམ། །མཐའ་དྲུག་ཚུལ་བཞིའི་རྒྱ་ཡིས་ཉེར་བཅིངས་པའི། །མཁའ་འགྲོའི་གསང་མཛོད་རྒྱུད་


GTD008_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཟ་མ་ཏོག །རྩ་བཤད་སྦྱོར་བའི་ལྡེ་མིག་གིས་བཀྲོལ་ནས། །ཟུང་འཇུག་ནོར་བུའི་བང་མཛོད་མཁའ་ཁྱབ་ཏུ། །ས་མུ་ཏྲ་ལས་མེ་གྷ་བཞིན། །ས་གསུམ་འགྲོ་ལ་འགྲེམ་པ་པོ། །ས་ར་ཧ་དང་ཀླུ་སྒྲུབ་ལྟར། །ས་ཡི་དབང་ཕྱུག་ཉིད་དུ་ངེས། །དེ་དག་གི་སེང་བར་དུ་ཡང་བསྙེན་རྫོགས་གྱ་དགུ། རབ་བྱུང་དགེ་ཚུལ་བཅུ་དགུ་སོགས་ལ་བསླབ་པ་སྩལ་ཏེ་ཐར་པའི་ས་བོན་བསྐྲུན། ཕྱོགས་ནས་ཕེབས་པའི་དོན་གཉེར་བ་བརྒྱ་ལྔ་བཅུ་སྐོར་ལ་གསང་འདུས་ཀྱི་དབང་རྡོར་ཕྲེང་ལྟར་དང། འཇིགས་བྱེད་དང་བདེ་མཆོག་གི་དབང། གྲོ་ཚང་སྤྲུལ་བའི་སྐུ་སོགས་ཉུང་བསྡུས་ལ་གསེར་ཆོས་བཅུ་གསུམ་གྱི་རྗེས་གནང་བཅས་སྩལ། ལྔ་པའི་ཚེས་བདུན་ལ་རི་ཁྲོད་དུ་བྱོན་ནས་བཅད་རྒྱ་མཛད། བར་སྐབས་སུ་སྐུ་གཟུགས་ཅུང་ཟད་མི་བདེ་བ་བྱུང་རུང་གཞན་ལ་མ་གསུངས་པས་རིམ་གྱིས་བབས་ལྕི་བར་སོང་སྟེ། རི་ཁྲོད་ཚོགས་ཡོངས་ཀྱིས་རྣམ་འཇོམས་བུམ་སྒྲུབ་དང། རྒྱུད་དུས་འཁོར་སྨན་པ་གསུམ་ནས་ཁྱུང་ཁྲ། རྣམ་འཇོམས། རྟ་མགྲིན་བཅས་བསྒྲུབས། ཚོགས་ཆེན་ནས་ཞབས་བརྟན་བསྒྲུབས་ན་རིགས་གྲྭའི་ཚོགས་གླེང་ལ་གནོད་གསུངས་ནས་གྲྭ་ཚང་གཞན་གསུམ་ལ་མང་འགྱེད་དང་བཅས་ཞབས་བརྟན་གང་མང་བསྒྲུབས། ཀུན་གྱིས་དགོན་པར་འབྱོན་དགོས་ཚུལ་ཞུས་པ་ལྟར་བདུན་པའི་བཅོ་ལྔའི་མཚན་མོ་དགོན་པར་ཕེབས། དེ་ནུབ་ནས་བསྙུན་བབས་ལྕི་རུ་སོང་སྟེ། ཚོགས་ཆེན་དང་གྲྭ་ཚང་སོ་སོ་ནས་ཞབས་བརྟན་ཉིན་མཚན་བར་མ་ཆད་དུ་བསྒྲུབས། བླ་བྲང་ཆེན་མོ་ནས་ཀྱང་མང་ཇའི་ཐོག་ཞབས་བརྟན་ཕོན་ཆེ་བ་བསྒྲུབ་ཅིང། གྲྭ་མང་གཟིམས་ཁང་གི་ར་སྐོར་དང། བླ་མ་ཁྲི་གདན་ཟུར། ལས་སྣེ་རྣམས་གཟིམས་ཆུང་དུ་ཕེབས་ཏེ་ཁྲི་


GTD008_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མེ་རྒན་མཁན་རིན་པོ་ཆེ་ནས་ཞབས་བརྟན་གྱི་གསོལ་འདེབས་ནན་གྱིས་ཞུས་པར། ཞལ་ནས་ངེད་ཅག་གྲྭ་དཔོན་སློབ་མཐའ་དག་ཁ་ཙམ་ཚིག་ཙམ་མ་ཡིན་པར་དད་པ་དམ་ཚིག་ཤིན་ཏུ་གཙང་བའི་བདེན་སྟོབས་དང། དཀོན་མཆོག་གི་བྱིན་མཐུས་མྱུར་དུ་བདེ་འགྲོ་གསུངས་པ་ལྟར། དེ་ནུབ་ནས་སྐུ་ཁམས་ལ་དྭངས་བསྐྱེད་བྱུང། སྔ་སོར་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་དབུས་ཕེབས་ཀྱི་སྐབས་ཕྲན་འབལ་གཞུང་བར་དུ་ཕེབས་སྐྱེལ་ལ་ཕྱིན། སང་ཉིན་བློན་པོ་ལྷ་བཀྲའི་ཐང་ནས་ཚུར་འོང་རྩིས་ཀྱིས་དོ་ནུབ་སྐུ་མདུན་དུ་སྒེར་མཇལ་དང་སྐྱབས་འཇུག་ཞུས། འོང་རྩིས་ཀྱི་སྐབས་སུ་ཅུང་ཟད་སྡོད་གསུངས། ལན་གསུམ་གྱི་བར་དུ་འོང་རྩིས་བྱས་ཀྱང་ད་དུང་སྡོད་གསུངས། བསྡད་པས་རེ་ཞིག་ཐུགས་དགོངས་གནང་བ་ལྟར་མཛད་དེ་ངེད་དབུས་གཙང་ནས་ཚུར་མ་འཁོར་གྱི་བར་ལ་ཨ་ལགས་ཚང་ཞབས་པད་བརྟན་ཐབས་གལ་ཆེ་བས་དེ་སེམས་ལ་ཟུངས་གསུངས། འོ་ན་ཞབས་བརྟན་སོགས་གང་དགོས་གསུང་བཀོད་གནང་ན་ཁུར་ལེན་བཀའ་བཞིན་བསྒྲུབ་པ་ལས་འོས་ཅི་ཡོད་ཞུས་པར། ཞབས་བརྟན་སོགས་ལ་ལྟོས་པ་ཆེར་མེད། ཐུགས་འདུན་ལ་རག་ལས་པས་སྙན་བསྐུལ་ཡང་ཡང་ཞུས་གསུངས། དེ་སེམས་ལ་བཅངས་ཏེ་ཆིབས་སྐྱེལ་ནས་ཚུར་འཁོར་བསྟུན། ཚེ་དཔག་མེད་ཀྱི་སྐུ་སྔོན་གྱི་རྒྱ་ནག་མ་རྙིང་པ་བཟོ་ཁྱད་ལེགས་ཤིང་གཟི་བྱིན་དང་ལྡན་པ་ཁྲུ་གང་ལོང་བ་ཞིག་ཕྱག་ཏུ་ཕུལ། བཀྲ་ཤིས་པའི་ལྷ་རྫས་དང་བཅས་གོང་གི་རྒྱུ་མཚན་ཞུས་ནས་ཕྲན་གྱི་སྙན་བསྐུལ་ལ་ཐུགས་ཡེངས་མི་གནང་བར་ཅིས་ཀྱང་ཐུགས་ལ་བཅང་དགོས་ཞུས་པར་ཞལ་བཞེས་བཟང་པོ་གནང། སྐབས་འདིར་ཕྲན་མཛོད་དགེ་དགོན་གསར་དུ་ཡོད་སྐབས། སྐུ་ཁམས་


GTD008_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

སྟེམས་པའི་གཏམ་ཐོས་ཏེ་མགྱོགས་ཤད་ཀྱིས་དགོན་པར་འོངས་ནས་མཇལ། སྙན་བསྐུལ་རིམ་བཞིན་ཞུས་པར་ཞལ་ནས། དང་པོར་མི་གཞོན་གོས་ཧྲུལ་སྐྱ་བོ་གྱོན་པ་ལག་ན་ལྕགས་ཀྱི་ཐིག་ཤིང་བཟུང་བ་ཞིག་འོངས་ནས། ཧ་ཧ་འདིའི་ལུས་དུམ་བུ་དུམ་བུར་གཏུབ་ན་ཨ་ཟེར་བར་བདག་གིས་ཀྱང། ཧ་ཧ་འདིའི་ལུས་དུམ་བུ་དུམ་བུར་གཏུབ་ན་ཨ་ཟེར་ཀྱང་ཁོ་གཟི་བྱིན་ཆེ་སེ་བ་སོགས་འཚུབ་ཉམས་ཆེ་རུང་ཁ་སང་ཞིག་བདག་ཁྲི་མཐོན་པོའི་སྟེང་ན་ཡོད་པར། ཁྲི་གཞན་ཞིག་གི་སྟེང་ན་བླ་མ་ལུས་བོངས་ཆེ་ཞིང་ཤ་བརྒྱག་པ། རྦོད་གཏོང་མཁན་ཡིན་རྒྱུ་བ་ཞིག་བསྡད་འདུག་རུང། བདག་གིས་སྣང་རྟགས་ཅུང་ཟད་ཀྱང་མི་བྱེད་ཅིང། མིག་ཟུར་གྱིས་ཀྱང་མི་ལྟ་བར་ལྷོད་ཀྱིས་འདུག་པ་རྨིས། ད་ནི་རྒྱལ་ཁ་ངེས་པར་ལོན་པ་ཡིན་པས་སེམས་བདེ་བར་གྱིས། འོན་ཀྱང་སྐུ་ཞབས་རིན་པོ་ཆེ་ཐག་རིང་ན་བཞུགས་པ་སོགས་གང་ཅིའི་ངོས་ནས་ད་དུང་རིམ་གྲོ་དགོས་གསུངས་ནས་ཚོགས་སུ་མང་འགྱེད་དང། མགོན་པོའི་གཏོར་སྒྲུབ། སྟོབས་ཆེན་ཤུགས་བཟློག །སྒྲོལ་དཀར་ཚེ་སྒྲུབ་སོགས་རྒྱུན་རིང་མཛད། སྤྱིར་ཕལ་པའི་རིགས་ལ་ནད་ཕལ་ཆེར་སྔ་མའི་རྒྱུ་མཐུན་ལས་བྱུང་བ་ཤས་ཆེ་ལ། འཕགས་ཆེན་དམ་པ་སར་གནས་རྣམས་སྐྱེ་རྒ་ན་འཆི་ལས་འདས་ཀྱང་སྐལ་བ་དམན་པའི་གང་ཟག་གི་ལས་སྣང་རྟེན་འབྲེལ་ལས་བྱུང་བ་དང། རང་གིས་གདུལ་བྱ་རྗེས་སུ་འཛིན་པའི་ཆེད་དུ་དེ་འདྲའི་སྣང་བ་སྟོན་པ་ཙམ་ཡིན་ཏེ། བསླབ་བཏུས་སུ་མདོ་དྲངས་པ་ལས། སྔོན་སངས་རྒྱས་འཁོར་བཅས་ལྷོ་ཕྱོགས་ཀྱི་རི་ལ་གཤེགས་པ་ན་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་སླར་སངས་རྒྱས་འདས་


GTD008_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སུ་ལ་བརྟེན་སྙམ་པར། ཀྭ་ཡེ་མཐོང་བ་དོན་ཡོད་ཉོན། །ཕྱི་མའི་དུས་སུ་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱི་སྐུ། །ང་ཡིན་སྙམ་དུ་ཤེས་བྱོས་ལ། །དེའི་ཚེ་དེ་ལ་གུས་པར་གྱིས། །ཞེས་གསུངས། སངས་རྒྱས་ནི་ཟག་མེད་ཀྱི་སྐུ་ཅན་ཡིན་ལ་སློབ་དཔོན་ནི་དེ་ལྟ་མ་ཡིན་ནོ་སྙམ་པ་ན། ང་ནི་སྐྱེ་འཆི་ན་བ་དང། །རྒ་བའི་སྡུག་བསྔལ་ལས་འདས་ཀྱང། །སེམས་ཅན་རྣམས་ཀྱི་དོན་དུ་ནི། །འཆི་དང་ན་དང་སྐྱེ་བར་སྟོན། །ཞེས་གསུངས་པ་ལྟར་རོ། །ཀུན་འབྱུང་ཕྲ་མོས་བསྐྱེད་པའི་ཡིད་ཀྱི་ལུས། །གནས་གྱུར་གཙང་བདེ་རྟག་བདག་དམ་པའི་སྐུ། །བརྙེས་ཀྱང་ཐ་མལ་ཟོལ་གྱིས་གདུལ་བྱའི་ཁམས། །སྨིན་ཕྱིར་གང་འཚམ་མཛད་པའི་རོལ་གར་འགྱེད། །དབོན་པོ་ལྷུན་གྲུབ་དབུས་ནས་འབྱོར་ཏེ་རྒྱལ་བ་ཡབ་སྲས་གཉིས། དགའ་ལྡན་ཁྲི་རིན་པོ་ཆེ་ངག་དབང་སྙན་གྲགས། གྲིབ་ཡོངས་འཛིན་སྤྲུལ་བའི་སྐུ། རྒྱལ་སྲས་རིན་པོ་ཆེ་སོགས་ནས་བསྔགས་བརྗོད་དང་འབྲེལ་བའི་གསུང་ཤོག་གནང་རྟེན་ཕོན་ཆེ་བ་དང། མཆོག་སྤྲུལ་རིན་པོ་ཆེ་ནས་ཀྱང་གསུང་ཤོག་མ་བུ་རྟེན་བཅས་འབྱོར། ལྷག་པར་རྒྱལ་ཚབ་རྗེ་དྲུང་རིན་པོ་ཆེ་བློ་བཟང་བསྟན་པའི་མགོན་པོ་ནས་ལོ་སྔ་མ་ཞིག་ཨམ་བན་གྱི་ངག་འཕྲོས་ལ། ཨ་མདོ་ན་ཡོད་པའི་བླ་མ་གུང་ཐང་པ་ལྟ་བུ་ཞིག་ས་གཞན་ནས་མི་རྙེད་ཚུལ། རྒྱལ་བའི་ཡོངས་འཛིན་ལ་བླ་མ་དེ་ལྟ་བུ་ཞིག་གལ་ཆེ་ཚུལ། དེ་གོང་དུ་ཞུས་ན་འོས་འགབ་ཆེ་ཚུལ་སོགས་མོལ་བར་གང་ས་ནས་འཐད་ཀྱང་ཉིད་ཀྱི་དགོངས་པར་མཐུན་མི་མཐུན་མི་ཤེས་སྙམ་ནས། གྱ་ཚོམ་མ་བྱས་པར་རེ་ཞིག་བཤོལ་ཀྱང། སྤྱི་སྒེར་གྱི་བསྟན་འགྲོ་ལ་ཕན་རླབས་ཤིན་ཏུ་ཆེ་བས་དེ་ལྟར་བྱེད་རྩིས་ཡིན་ཚུལ་གྱི་ཡི་གེ་གནང་བར། འཇིག་རྟེན་གྱི་སྤྲོས་པ་བསྐྱུངས་ཏེ་ལུང་སྐྱོག་ནས་


GTD008_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཎི་འདོན་མཁན་ཡིན་པས། སྐྱབས་མགོན་གོང་མ་དེའི་ཞབས་ལ་མཉམ་དུ་གཏུགས་པའི་ཆོས་དམ་ཚིག་གི་འབྲེལ་ཟབ་ལ་དགོངས་ནས་དེ་འདྲ་ཐོག་ཏུ་མི་ཡོང་བའི་མགོ་འདྲེན་ཅིས་ཀྱང་གནང་དགོས་ནན་ཅན་ཞུས་ལན་དུ། ལོ་འདིར་ཡང་འཇམ་ཕྲུག་ལེགས་པ་དྲུག །སྲབ་ཐེར་དྲུག །ཞྭ་མོ་བཞི། ནང་མཛོད་བཅས་དང། བོད་འདི་མགོ་རྒྱལ་དུ་སོང་བས་བསྟན་པ་ཉམས་དམའ་ཚུལ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཞེས་སོགས་ཀྱི་ལུང་འདྲེན་དང་བཅས་བོད་དུ་བྱོན་ནས་ལོ་རེ་གཉིས་ཡིན་རུང་བཞུགས་ན་བཀའ་དྲིན་ཆེ་ཞིང་བསྟན་པ་ལ་ཕན་རླབས་ཆེ་ཚུལ། ཀུན་མཁྱེན་མཆོག་གི་རྩོམ་འཕྲོ་སྐྱེས་རབས་འགྲེལ་པ་དང། དགའ་ལྡན་ཆོས་འབྱུང་གི་མཇུག་ཁ་འགེང་དགོས་ཚུལ་གྱི་བསྐུལ་མ་གནང་རྟེན་མཛོད་བཏགས། སྲབ་ཐེར་ལེགས་པ་གསུམ། རྟེན་སྣ་བརྒྱ་ཕྲག་ཏུ་ལོངས་པ་ཙམ་བསྐུར་གནང་མཛད་འདུག་པ་བསྟན་པ་ལ་དགོངས་པའི་ལེགས་མཛད་རྗེས་སུ་ཡི་རངས་པའི་གནས་སུ་སྣང། དེ་ཙམ་དུ་མ་ཟད་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་ནས་བླ་མ་གོང་མ་ཚོ་གོང་ནས་མཁྱེན་བཞིན་པ་ཡིན་ཀྱང། ད་སྐབས་ངེད་ལ་གོ་བར་མ་བྱས་པའི་ཧུ་ཐོག་ཐུ་སུ་འདྲ་ཞིག་ཡོད་ཀྱང། ཐེ་ཚོམ་མེད་པར་ངེས་པར་ཞུས་ཆོག་ཅེས་ཟི་ལིང་ཨམ་བྷན་བརྒྱུད་ནས་བཀའ་ལན་གཉིས་ཙམ་བབས་ཀྱང་སྦས་པའི་ཐབས་ཁོ་ན་མཛད་པ་ནི། རྣམ་ཐར་སྤྲིང་ཡིག་ལས། མཐོ་ལ་གུས་པས་ངོ་འཛིན་མ་བྱས་ཤིང། །དམའ་ལ་སྨོད་པའི་བརྙས་པ་མ་བྱས་ཏེ། །མཉམ་ལ་འགྲན་པའི་གྲལ་རྩོད་མ་བྱས་པ། །བློ་རྒྱ་ཡོང་ཐང་ཞན་པའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར་ཆགས་སྡང་འགྲན་སེམས་མཐོ་སྙེགས་སྤུ་ཙམ་ཡང་མི་མངའ་བའི་


GTD008_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་རྟགས། ཁ་སྔོན་རྗེ་བཙུན་ཙོང་ཁ་པ་ཆེན་པོ། གོང་མ་ཏཱ་མིང་རྒྱལ་པོས་གདན་དྲངས་པའི་ཚེ་སེ་ར་རྩེ་དང་ར་ཁ་བྲག་སོགས་སུ་གབ་སྟེ་དང་དུ་མ་བཞེས་པའི་ངང་ཚུལ་ལ་འགྲན་བཟོད་པ་ཆེན་པོ་ཕལ་ལས་ཆེས་ཁྱད་པར་དུ་འཕགས་པའི་རྣམ་ཐར་ཞིག་ཡིན་ནོ། །ལེགས་བཤད་རིན་ཆེན་དོ་ཤལ་མཆོག །པད་དཀར་འཆང་བའི་མགུལ་རྒྱན་དུ། །བྱ་བར་འོས་ཞེས་བསྔགས་པའི་གཏམ། །མངོན་པར་ཤེས་པའི་ཀློང་དུ་སྦས། །ཞབས་སྐྱེས་ནོར་བུའི་ཅོད་པན་འོད་འབར་བ། །འགྲོ་འདིའི་གཙུག་ཏོར་མཛེས་རྒྱན་རུང་ངོ་ཞེས། །དགའ་བའི་གཏམ་སྙན་རྒྱ་ཆེར་བསྒྲགས་པ་ཡང། །རྨི་ལམ་སྨིག་རྒྱུ་བྲག་ཆ་ལྟ་བུར་དགོངས། །རྒྱུད་པའི་མགོན་ཁང་དུ་གསར་བཞེངས་མགོན་ཆོས་འཇིགས་གསུམ་སྟབས་ནམ་འགྲིག་ཅིག་ལ་རབ་གནས་ཐུགས་རྗེ་གཟིགས་དགོས་ཞུས་པར། གཞུང་གི་དགོས་དོན་རྩ་བ་ཅན་ཡིན་སྟབས་འདི་ལས་གལ་ཆེ་བ་མེད་རུང་ཧ་ཅང་འགོར་ན་མི་བདེ་བས་ད་རེས་དགེ་ལེགས་ཆར་འབེབས་ཀྱི་སྟེང་ནས་རབ་གནས་རྒྱས་པ་ཞིག་བྱས་ན་སླར་སེམས་ལ་འཛིན་ཞེས་དཔོན་སློབ་ཀྱི་གྲངས་སོགས་ཀྱི་གསུང་བཀོད་གནང། སྐུ་ཁམས་དྭངས་རྗེས་དགུ་པ་ནས་ཟླ་བ་གསུམ་གྱི་རིང་སྐུ་མཚམས་ལ་བཞུགས། དེ་རྗེས་མཆོད་མཇལ་ལོ་ལྟར་གྱི་འཆར་ཅན་དང། དེ་དང་འབྲེལ་བར་བཅུ་གཅིག་པའི་ཉེར་བརྒྱད་ཀྱི་ཉིན། དཔོན་གཡོག་ཉུང་བསྡུས་དང་བཅས་རྒྱུད་པའི་མགོན་ཁང་དུ་ཕེབས་ཏེ་རབ་གནས་མདོར་བསྡུས་གནད་དུ་སྨིན་པ་མཛད། དེ་གོང་ལྷ་བཟོའི་ལག་ལེན་གྱི་སྟབས་ཆོས་རྒྱལ་གྱི་འབག་རྒྱབ་ཏུ་དགྱེས་ཉམས་དང། མགྲིན་པ་མཐོ་བ་སོགས་ཡིན་ཀྱང་ཉིན་འདིར་རབ་གནས་ཀྱི་སྐབས་ཤིག་ནས་རིམ་གྱིས་བཏུད་དེ་ཙ་མུཎྜི་དང་བྲང་སྤྲོད་ལྟ་བུར་གྱུར་པ་ཀུན་གྱིས་


GTD008_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་མཐོང་སྟེ། སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་པ་སོགས་ཀུན་མཁྱེན་བླ་མ་ཡབ་སྲས་རིམ་བྱོན་གྱི་རྣམ་ཐར་དུ་མ་གླེང་བརྗོད་ཀྱིས་དུས་འདའ་བར་གྱུར། དེ་ནས་སྔར་གྱི་ལྕགས་ཐག་གིས་བསྟོད་པ་ཕྱིས་བར་སྐབས་འགར་ལྕགས་ཐག་ལྷོད་དུ་འགྲོ་བ་སོགས་ངོ་མཚར་གྱི་རི་མོ་མང་དུ་སྣང། ཉིན་འདིར་རི་ཁྲོད་དུ་བྱོན། དེ་ནུབ་ནས་བཅད་རྒྱ་མཛད་དེ་ལོ་མཇུག་ལ་གྲོལ། ལོ་འདིར་བསྙེན་རྫོགས་པ་བརྒྱ་ང་བདུན་དང། རབ་བྱུང་དགེ་ཚུལ་སོ་བཞི་ཤཱཀྱའི་སྲས་ཀྱི་གྲལ་སོ་སོར་བཀོད། སྔར་ནས་ཀྱང་གསུང་རབ་ཀྱི་དོན་དང། ཟབ་རྒྱས་ཀྱི་དམིགས་རྣམ་གང་དང་གང་ལ་ཐུགས་གཏད་པ་ཙམ་གྱིས་དེ་དང་དེའི་ངང་ལ་ལྷན་གྱིས་འགྲོ་བ་ནི་སྐུའི་ཉམས་ལས་ཀྱང་དཔོག་ནུས་ལ། མཉམ་གཞག་གི་དུས་དཔྱད་འཇོག་གི་ངོར་དེ་དང་དེའི་གནད་འཁྲུལ་མེད་བཅོས་མིན་དུ་ཤར་བས་རྗེས་ཐོབ་ཏུ་ཡུལ་སྣང་ཀུན་ལ་རྒྱས་ཐེབས་པས་སྣང་བ་ཐམས་ཅད་གདམས་ངག་ཏུ་ཤར་བ་ཞིག་ཡོད་པ་ནི་ཤིང་གི་བསྟན་བཅོས་སོགས་ཀྱིས་ཤེས་ནུས་ལ། ལྷག་པར་སྒྲུབ་གནས་འདིར་བཅད་རྒྱ་དམ་པོའི་སྐབས་ཡིག་འཕྲིན་གྱི་རྒྱུ་འགྲུལ་ཡང་བཅད་ནས་འགོལ་བཞུགས་ཀྱི་ཐུགས་དམ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་ཆིག་དྲིལ་མཛད་པས་རི་ཁྲོད་དུ་འགྱང་ཙམ་སོང་བ་ནས་གསུང་རབ་གདམས་ངག་ཏུ་ཤར་བའི་བཤད་པ་འབྱམས་ཀླས་ཤིང་རྩལ་ཐོན་པ་ཀུན་ལ་མཐུན་གྲུབ་ཏུ་བསྟན་པས་ཆོས་ཀུན་གདམས་ངག་ཏུ་ཤར་ན་ཚིག་གཅིག་ལ་ཡང་དོན་མང་པོ་འབྱུང་གསུངས་པ་ལྟར་ཡོངས་ལ་མངོན་དུ་གྱུར་པས། པོ་ཏོ་བས། བསྒོམས་པས་མང་པོ་མང་པོ་གོ་འོང་གསུངས་པ་ལྟར་འཇིག་རྟེན་དྲེགས་ལྡན་ཞུམ་པར་བྱེད་པའི་ཚུལ་ཁྲིམས་དང།


GTD008_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་ལྔ་ལྡན་གྱི་དྲང་སྲོང་ཕམ་པར་བྱེད་པའི་ཏིང་ངེ་འཛིན་དང། རྒྱལ་བ་དགྱེས་པའི་ཡང་དག་པའི་ཤེས་རབ་ལ་དབང་འབྱོར་བའི་མཛད་པ་དང། བསྟན་པ་ཡོངས་རྫོགས་ཀྱི་གནད་ལ་མཁྱེན་དཔྱོད་ཕ་རོལ་ཏུ་སོན་པའི་ལུང་གི་ཡོན་ཏན། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་གྱི་སྒོ་དུ་མར་མངའ་བརྙེས་པས་ཉམས་རྟོགས་ཆུ་ཀླུང་བརྒྱ་ཕྲག་རང་རྡོལ་དུ་སོང་བའི་རྟོགས་པའི་ཡོན་ཏན། བཀའ་སྲུང་དམ་ཅན་རྒྱ་མཚོ་བྲན་དུ་འཁོལ་ཞིང་འཁོར་ལོ་གསུམ་གྱི་མཛད་པ་ལ་འདོད་དགུར་དབང་བསྒྱུར་བའི་ནུས་པ་འཕྲིན་ལས་ཀྱི་ཡོན་ཏན་ཏེ། མདོར་ན་མཁས་གྲུབ་ཀྱི་ཡང་རྩེར་སོན་པའི་རྣམ་ཐར་མཁས་བླུན་ཀུན་ལ་བསྙོན་མེད་དུ་གྲུབ་བོ། །དེས་ན་ལམ་གཙོ་གསུམ་སོགས་ཀྱི་གསུང་མགུར་ཕལ་ཆེར་དཔྱད་འཇོག་གི་སྒོམ་ཐུན་རེའི་མཇུག་ཏུ་གནང་བ་ཤས་ཆེ་བས་ཉམས་བཞེས་དང་ཐད་ཀ་ཐད་ཀ་སྦྱར་ནས་བཤད་ན་དགའ་བ་བསྐྱེད་པ་ཡོད་དེ། ས་སྦྲུལ་གྱི་ལོར་དབེན་པའི་གནས་ལ་ཐུགས་སྤྲོ་བའི་ཉམས་ཀྱིས་གསུང་མགུར་མཛད་པ་ནི་འདི་ལྟར། ཀེ་ལ་ཤའམ་རྫ་རི་སྨུག་པོ་ཡི་མགུལ་ན། །ཁེ་འདོད་གྲགས་འདོད་མེད་པ་རི་དྭགས་ཀྱི་བུ་བཞིན། །གེ་སར་དྲི་བསུང་འཐུལ་བའི་རྫི་ངད་ལ་སྣོམས་ཤིང། །ངེ་རང་གཅིག་པུར་བག་ཡངས་སུ་རྒྱུ་བ་ཞིག་བྱུང་ན། །ཅེ་སྤྱང་བཞིན་དུ་ཟས་ཀྱིས་གདུངས་པ་འདི་སྤངས་ཤིང། །ཆེ་མཐོའི་ཆ་ལུགས་སྡེ་དཔོན་སྤྱོད་ཚུལ་འདི་དོར་ཏེ། །ཇེ་རིང་ཇེ་རིང་དབེན་པའི་བས་མཐའ་རུ་ཕྱིན་ནས། །ཉེ་དུ་མཛའ་བཤེས་འབྲེལ་ཐག་ཆད་པ་ཞིག་བྱུང་ན། །ཏེ་ལོ་ནཱ་རོའི་རྣམ་ཐར་འཁྱོངས་པ་རུ་དཀའ་ཡང། །ཐེ་གཏོགས་གྲོས་བསྡུར་མང་པོའི་བྱ་བྱེད་འདི་བཞག་ནས། །དེ་ན་འདི་ན་མེད་པ་སྐྱི་བསེར་གྱི་རླུང་བཞིན། །ནེའུ་གསིང་སྤང་ལྗོངས་གང་


GTD008_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

དགར་མྱུལ་བ་ཞིག་བྱུང་ན། །པེ་ཧར་དཀོར་མཛོད་བསྲུང་འདྲའི་གཉེར་ཁ་ཡང་མ་དགོས། །ཕེ་ར་རྒྱག་པའི་ཁྲིམས་དཔོན་སྤྱོད་པ་ཡང་མ་དགོས། །བེའུ་ལུག་ཚུན་ཆད་བོར་བརླག་དོགས་པ་ཡང་མ་དགོས། །མེ་ཆུ་ཤིང་གསུམ་འཛོམ་པས་ཆོག་པ་ཞིག་བྱུང་ན། །ཙེ་ནེ་ལངས་པ་ཁོ་ནས་གཞིས་རྫོགས་ཀྱི་འགྲོ་བདེ། །ཚེ་འདི་གར་ཕྱིད་ཕ་ཡུལ་བྱེད་པ་ཡི་འདུག་བདེ། །ཛེ་རེག་ཕོག་ཐུག་མེད་པར་ཀུན་སྙོམས་ཀྱི་འགྲོགས་བདེ། །ཝེ་ལྟར་གར་ཡིབ་མི་ཤེས་སྟབས་བདེ་ཞིག་བྱུང་ན། །ཞེ་ས་ངོ་འཛིན་དགོས་པའི་དཔོན་པོ་ཡང་མེད་ལ། །ཟེ་བ་ཡར་འཐེན་དགོས་པའི་གཡོག་པོ་ཡང་མེད་ཅིང། །འེ་གནོད་དོགས་པ་དགོས་པའི་དགྲ་བོ་ཡང་མེད་པར། །ཡེ་ཤེས་ལྷ་ཚོགས་ཁོ་ནར་བསྟེན་པ་ཞིག་བྱུང་ན། །རེ་ཐག་བཅད་པའི་མངའ་ཐང་རྒྱང་སྐྱུར་དུ་བྱས་ལ། །ལེ་ལོ་སྤངས་པའི་དམ་ཆོས་རྣལ་མ་ཞིག་བྱས་ཏེ། །ཤེས་རབ་ཐབས་ཀྱིས་ཟིན་པ་རྒྱལ་སྲས་ཀྱི་སྤྱོད་པས། །སེམས་ཅན་ཀུན་ལ་ཕན་པ་སྒྲུབ་ནུས་ཤིག་བྱུང་ན། །ཧེ་ཧེ་ཡིད་སྨོན་ལྟར་གྱི་སྐལ་བ་ཞིག་ཡོད་ན། །ཨེ་མ་དེ་ལས་ལྷག་པའི་དགའ་རྒྱུ་ཞིག་ཅི་ཡོད། །ཨེ་ཀྱཻ་དགའ་བ་ཆེན་པོའི་གླུ་དབྱངས་ཤིག་བླངས་ཏེ། །ཨེ་ཝཾ་ཟུང་འཇུག་ས་ལ་བྲོ་བརྡུང་ཞིག་བྱའོ། །ཞེས་སོ། །འདི་ལ་ཆོས་བརྒྱད་ཀྱི་ཉེས་དམིགས་ངོས་ཟིན་པར་བྱས་ཏེ་འདོད་ཆུང་ཆོག་ཤེས་ལ་གནས་ཚུལ། ཡེ་ཤེས་པའི་ལྷ་དཔང་དུ་བཟུང་སྟེ་སྐྱབས་འགྲོ་དང་ལས་འབྲས་སྒྲུབ་ཚུལ། སྲིད་པར་ཞེན་ལོག་གིས་བསླབ་གསུམ་གྱི་ཉམས་ལེན་རྣལ་མ་བྱེད་ཚུལ། ཕར་ཕྱིན་དྲུག་ལྡན་གྱི་སྤྱོད་པ་རླབས་པོ་ཆེ་དང། ཁྱད་པར་ཐབས་ཤེས་ཟུང་འཇུག་རིམ་གཉིས་ཀྱི་ལམ་བགྲོད་ནས་མཁའ་


GTD008_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་འགྲོ་བའི་དོན་སྒྲུབ་ཚུལ་གྱི་གདམས་པ་ཁྱད་པར་ཅན་ཡོད་པ་ལྟར་གསུང་མགུར་གཞན་རྣམས་ཀྱང་དེ་དང་མཚུངས་པ་གོ་དགོས་སོ། །དགུང་ལོ་ལྔ་བཅུ་པ་ལྕགས་ལུག་གི་ལོ་གསར་སོགས་དཀྱུས་ལྟར་དང། སྨད་ཕྱོགས་ནས་འོངས་པའི་གྲྭ་རྒྱུན་དང་སྦྱིན་བདག་རྣམས་ལ་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། བདེ་མཆོག་དྲིལ་བུ་ཕྱི་ནང་གཉིས་ཀྱི་དབང། ཚེ་རྟ་མགོན་གསུམ། ཐུགས་རྗེ་ཆེན་པོ། དབྱངས་ཅན་མ་དཀར་དམར། ཤྲ་མ་ཎ། རྣམ་རྒྱལ་མའི་རྗེས་གནང་སོགས་འདོད་ཆོས་མང་དུ་གནང། སོ་སོ་ནས་སྐུ་བརྙན་དུ་མ་དང། དངོས་འབུལ་གཟབ་ནས་ཞུས་ཤིང་ཇ་གྲལ་དང། བྱིན་རྟེན་སྣམ་ཕྲུག་སོགས་ཀྱི་ཐོན་ཕྱག་འབྱོར་ལན་ཚིམ་པར་སྩལ། བསྟན་པའི་གསལ་བྱེད་ལྕང་ལུང་པཎྚི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ནས་དངུལ་རྟ་རྨིག་མ་སོགས་ཞུ་རྟེན་དཔངས་མཐོ་བ་དང་བཅས་གསུང་རྩོམ་ཅི་རིགས་དང། བསླབ་བྱ་ཞིག་གནང་དགོས་ཞུས་པར། གདམས་ངག་རུས་པ་ཅན་དང། ཁྲོ་བཅུའི་སྲུང་འཁོར་གྱི་མན་ངག་ཀྱང་ལྗགས་རྩོམ་མཛད་དེ་བསྐུར། ཕ་རོལ་མཆོག་དམན་སུས་ཀྱང་རྟེན་ཆེ་ཆུང་ལ་མ་ལྟོས། ཞུ་དོན་གྱི་ངོ་བོ་ལ་མ་ལྟོས་པའི་ཡིག་འཕྲིན་ཇི་འདྲ་ཞིག་ཕུལ་ན་ཡང་དེ་དང་མཐུན་པའི་ལན་མི་གནང་བ་མི་སྲིད་ལ། གལ་ཆེ་བ་མང་པོ་ལ་ཆབ་ཤོག་སྐྱེས་བཟང་སྙན་ངག་གིས་སྤྲས་པ་ཡང་གནང་སྟེ། དེ་ཡང་རང་དགར་སྤྲོས་པ་མཛད་པ་མ་ཡིན་པ་ནི། ཤེར་མདོ་གསུངས་སྐབས། ཕྱོགས་བཅུའི་དེ་བཞིན་གཤེགས་པས་པདྨའི་སྐྱེས་བསྐུར་བ་ནི་འཇིག་རྟེན་ཐམས་ཅད་བྱིན་གྱིས་བརླབས་པའི་ཆེད་ཡིན་པར་ཉི་སྣང་ལས་གསུངས་པ་ལྟར་ཏེ། སྣོད་ཀྱི་འཇིག་རྟེན་


GTD008_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབ་པ་དང། བཅུད་ཀྱི་སྐྱེ་བོ་སྨིན་པར་བྱ་བའི་ཆེད་དུ་ཡིན་པ་ཤེས་དགོས་སོ། །གཉིས་པའི་ཚེས་གཅིག་ནས་བཅད་རྒྱ་རྒྱུན་རིང་མཛད་ཅིང། མཚམས་ཁོང་ནས་སུ་ཉིད་གཡོན་རུའི་ཐོ་ཡོན་ཆོས་རྗེའི་སྤྲུལ་སྐུ་སོགས་ལ་འཇམ་དབྱངས་དཀར་པོ་དང་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་རྗེས་གནང་སོགས་འདོད་ཆོས་འགའ་ཞིག་གནང། དྲུག་པའི་ཚེས་བཅུ་བཞི་ལ་སྐུ་མཚམས་གྲོལ་ནས་རི་ཁྲོད་དུ་དབྱར་ཞལ་བཞེས་མཛད། ཆོས་ཉན་པ་རི་ཁྲོད་ཀྱི་འདུ་ཁང་དུ་མི་ཤོང་ཙམ་ལ་བླ་མཆོད་དང་ཕྱག་ཆེན་སྦྲགས་མའི་ཁྲིད་གང་རྒྱས། རྗེ་ཉིད་ཀྱི་བཀའ་རྩོམ་མང་པོའི་ལྗགས་ལུང། འཕོ་ཁྲིད་དང། རྗེས་གནང་ཟུར་བཀའ་དུ་མ་གནང། ཁྲིད་ཆེ་ཆུང་གང་གནང་ན་ཡང་མདོ་རྒྱུད་དགོངས་འགྲེལ་གྱི་གཞུང་ལ་རྒྱབ་རྟེན་བཅོལ་ནས་གསུངས་པས་གོ་བ་ཤ་ཆོད་རུས་ཆོད་དུ་སྟེར། དཔེ་དང་གཏན་ཚིགས་ལ་བརྟེན་ནས་བཀྲོལ་མཁས་པས་གདམས་དོན་བདེ་བླག་ཏུ་གོ །གོང་མའི་གསུང་སྒྲོས་དང་བླ་མའི་མན་ངག་གིས་བརྒྱན་པས་ཡིད་ཆེས་ངེས་ཤེས་སྐྱེ། དམིགས་རིམ་མྱོང་ཐོག་ནས་གསུངས་པས་གནས་སྐབས་རྒྱུད་ཐོག་ཏུ་འདྲིལ་བདེ་བ་ཞིག་ཡོད་ལ། སྤྱིར་གསུང་བཤད་གང་དང་གང་གི་སྐབས་སུ་ཡང་གཞུང་ཆེན་མོ་རྣམས་ཀྱི་སྤྱི་ཁོག་གཞུང་བསྲང། རྗེ་ཡབ་སྲས་ཀྱི་ལེགས་བཤད་ཀྱི་སྲོལ་ཆེན་པོར་དྲངས། དཀའ་གནས་དོགས་སློང་དང། དོགས་གཅོད་དང་བཅས་རིགས་པ་དང། ལུང་གིས་བསྒྲུབས་ནས་ཕྲ་མོ་རེའི་སྟེང་ནས་ཀྱང་གསུང་རབ་རབ་འབྱམས་ཀྱི་དོན་འབྱམས་ཀླས་པར་འགྲོ་བས་དཔྱོད་པའི་སྒོ་བརྒྱ་ཕྲག་ཕྱེ་ནས་དགའ་བ་སྐྱེད་པ་ནི་ཀུན་ལ་མཐུན་སྣང་དུ་གྲུབ་བོ། །


GTD008_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་རྒྱུར་བྱོན་དུས་དམ་པ་མང་པོའི་རྣམ་ཐར་གསུངས་ནས་དགེ་འདུན་པ་རྣམས་ཀྱི་ཤེས་རྒྱུད་ལེགས་བཤད་བདུད་རྩིའི་ཆར་གྱིས་བརླན་པར་མཛད། ཟླ་བ་བརྒྱད་པའི་ཚེས་གཅིག་ནས་དགོན་པར་བཅད་རྒྱ་མཛད། བར་སྐབས་ཤིག་བཀྲ་ཤིས་དགེ་འཕེལ་དུ་སྒྲུབ་མཆོད་གསར་དུ་ཚུགས་རྒྱུར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་གནང། སྔ་སོར་ལྔ་པའི་ནང་དུ་རྒྱལ་བ་སེངྒེ་ང་རོ་རྟེན་དང་བརྟེན་པར་བཅས་པ་རབ་གནས་ཀྱི་ཉིན་རྗེའི་བསྟོད་འགྲེལ་གསར་རྩོམ་གྱི་མཇུག་ལྷ་ཁང་དེ་ཉིེད་དུ་གྲུབ་པར་མཛད་ཅིང་སྐབས་འདིར་བཤད་ལུང་ཡང་སྩལ། གསུང་རྩོམ་གང་ལ་ཡང་སྙན་ངག་གི་ཉམས་ཐོན་པས་ངོ་མཚར་ཞིང་དགའ་བ་སྐྱེད་པ། མདོ་སྔགས་ཀྱི་གཞུང་དོན་དང་འབྲེལ་བས་བསྟན་པའི་གནད་ལ་གོ་བ་སྟེར་བ། ཤེས་རྒྱུད་འདུལ་བའི་ཐབས་སུ་འདྲིལ་བས་བློ་སྦྱོང་གི་གནད་ཚང་བ། སྐུ་ཚེ་སྟོད་ལ་ཤར་ཕྱོགས་གོ་ཌ་བ་ལྟར་བརྗིད་པའི་ཤུགས་ཆེ་ཡང། སྐུ་ཚེ་སྨད་ལ་ལྷོ་ཕྱོགས་བེ་དྷརྦྷ་ལྟར་འཇམ་ཞིང་སྙན་པ་བླ་མའི་བཀའ་ལྟར་མཛད། སྔར་ཡིག་བསྐུར་ཡང་ཞལ་མི་གསལ་བས་བརླིང་བ་ཞིག་ཡོད་ཀྱང། ཐུའུ་བཀྭན་རྡོ་རྗེ་འཆང་ནས་ངེད་ཚོས་ཡིག་བསྐུར་ལ་དངོས་བསྟན་དང། སྦས་དོན་གྱི་རིམ་པ་གཉིས་རེ་འབྱེད་མི་ཤེས་ཞེས་བཀྱོན་པས་དེ་ཕྱིན་ཆད་བསྐུར་ཡིག་དང། གསུང་འཕྲོས་གཉིས་ཀ་ཞལ་གསལ་བར་མཛད། གསུང་རིས་ཆེ་ཆུང་གང་ལ་ཡང་གཞན་གྱི་རིགས་འགྲེ་དང། མཁས་ཉམས་ཀྱིས་ཧང་རྒྱག་མི་མཛད་པར། རིགས་པས་ལེགས་པར་གྲུབ་པའི་འཐད་ལྡན་གསེར་བཙོ་མ་ལྟ་བུ། མདོ་རྒྱུད་ཀྱི་ཁུངས་དང་སྦྱར་ཏེ་གསུངས་པ་ཤ་སྟག་ཡིན་པ་ནི། བཞི་བརྒྱ་པའི་ཚིགས་བཅད་གཅིག་ལས་ཉམས་མྱོང་རྒན་པོའི་འབེལ་གཏམ་གནང་བ་


GTD008_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

དང། མི་འགྱུར་མཆོག་ཡངས་མ་ཚར་གཅིག་ལམ་ཙམ་གཟིགས་ནས་ཇ་སྦྱོར་སྦྲེལ་བའི་བར་ལ་སྤྱི་དོན་འགངས་ཆེ་བའི་འགྲེལ་པ་མཐར་ཆགས་སུ་བརྩམས་གྲུབ་པ་ལ་མདའ་ཚད་ཀྱི་ཤོག་བྱང་མདའ་དང་གཟུགས་ཙམ་ཡོད་པ་དང། ཡོན་སྦྱོང་གི་ཆོ་ག་དང། ཀླུ་དབང་གི་སྒྲུབ་ཐབས་སུ་མཚན་རེ་རེའི་སྒྲུབ་བྱེད་ཀྱི་ལུང་རིགས་བཀོད་པ་དང། རྗེའི་བསྟོད་འགྲེལ་འདི་དང་རྡོ་རྗེ་གསུམ་གྱི་སྣང་བ། དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་དང་ཟུར་མཆན། འདུལ་མཛོད་དང། སྐབས་བཞི་པའི་སྡོམ་ཚིག་སོགས་ལྟ་བུ་ཚིག་དོན་གྱི་ཆ་གང་ནས་ཀྱང་མཁས་པ་ཕལ་གྱིས་འགྲན་ཟླ་ལོ་བརྒྱར་བསྐྲུན་དཀའ་ལ། མཎྜལ་གྱི་བཤད་པར། དེ་ཁོ་ན་ཉིད་ཀྱི་མཎྜལ་གྱི་གནད་གསུངས་པ་དང། བཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་བཤད་ལྟ་བུར་བརྟག་ན་གཟུར་གནས་བློ་ལྡན་རྣམས་དད་གུས་མི་སྐྱེས་པའི་དབང་མེད་པར་མ་ཟད། དཀར་ཆག་ཆོས་ཀྱི་གཎྜིར། གང་ཞིག་ཤེས་པར་བྱ་བ་ཀུན་མཁྱེན་མེ། །གང་ཞིག་སྒྲུབ་པར་བྱེད་པ་སྦྱོར་བ་ཆུ། །གང་ཞིག་ཟག་མེད་ཆོས་ཀུན་བསགས་པའི་ས། །གང་གང་ཇི་ལྟར་གསུང་བཞིན་འགྲུབ་པར་ཤོག །ཅེས་ཚིག་དང་པོས་བསྒོམ་བྱའི་ཡུལ་མཁྱེན་པ་གསུམ། གཉིས་པས་སྒོམ་བྱེད་ཀྱི་ཡུལ་ཅན་སྦྱོར་བཞི། གསུམ་པས་བསྒོམ་པའི་འབྲས་བུ་ཆོས་སྐུ་སྟེ་དངོས་པོ་བརྒྱད་ཀྱི་ཉམས་ལེན་རྫོགས་པར་སྨོན་པའི་སྒོ་ནས་མངོན་རྟོགས་རྒྱན་གྱི་དོན་བསྡུས་པ་དང། ཐེག་མཆོག་རིགས་ཀྱི་ས་བོན་མྱུ་གུར༡༠་བཅས། །ཐོས་བསམ་སྒོམ་པའི་དྲོད་གཤེར་གྱིས་བསྐྱངས་པས། །རྒྱལ་སྲས་སྤྱོད་པ་ཡལ༥་གའི་ཁྱོན་རྫོགས་ཏེ། །སྤངས་རྟོག༡ས་འབྲས་བུས་ཁུར་གྱིས་དུད་པར་ཤོག །ཅེས་ཚིག་རྐང་དང་


GTD008_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

པོས་རིགས་ཀྱི་ལེའུ་སོགས་བཞི་ས་བོན་དང། སེམས་བསྐྱེད་སོགས་ལེའུ་དྲུག་མྱུ་གུ་དང་སྦྱར། ཚིག་རྐང་གཉིས་པས་ཆོས་ལ་མོས་པའི་ལེའུ་སོགས་ལྔ་དྲོད་གཤེར་དང་སྦྱར། ཚིག་རྐང་གསུམ་པས་ཐབས་ལྡན་གྱི་ལེའུ་ལྗོན་པ་དང། བྱང་ཆུབ་ཕྱོགས་མཐུན་དང། ཡོན་ཏན་གྱི་ལེའུ་ཡལ་གའི་ཁྱོན་རྫོགས་པ་དང་སྦྱར། རྐང་པ་བཞི་པས་མཐར་ཐུག་གི་ལེའུ་སྟེ་མདོ་སྡེ་རྒྱན་གྱི་ལེའུ་ཉེར་གཅིག་གི་དོན་བསྡུས་པ་དང། ཆོས་ཀུན་མཚན་ཉིད་མཐ༡འ་བྲལ་དབུ་མའི་ལམ། །མཐོང་བ་སྒྲིབ་བྱེ༢ད་རབ་རིབ་ཀུན་སེལ་བའི། །གཉེ༣ན་པོ་དེ་ཉིད་རྟོ༤གས་པའི་མིག་སྨན་གྱིས། །བླ༥་མེད་ཐེག་པའི་འཇུག་ངོགས་གསལ་བྱེད་ཤོག །ཅེས་རྐང་པ་བཞིས་རིམ་བཞིན་དབུས་མཐའ་རྣམ་འབྱེད་ཀྱི་ཚིག་དང་དོན་གྱི་ལེའུ་ཚན་སོ་སོར་བྱས་ཏེ་དོན་བསྡུས་པ་དང། ཁྱད་པར་ཆོ༡ས་ཅན་རྒྱ་ཆེན་ཀུན་རྫོབ་དང། །ཆོ༢ས་ཉིད་སྤྲོས་བྲལ་ཟབ་མོ་གཉིས་མེད་དོན། །ཇི་བཞིན་རྟོགས་ནས་ཚོགས་གཉིས་སྤྱོད་པ་ཡིས། །རྒྱལ་བའི་ཆོས་གཟུགས་སྐུ་གཉིས་འགྲུབ་པར་ཤོག །ཅེས་ཆོས་ཉིད་རྣམ་འབྱེད་ཀྱི་དོན་བསྡུས་པ་དང། མདོར་ན་མཆོ༣ག་གསུམ་ཐུགས་རྗེ་མཐུ་ལ་བརྟེན། །མ་དག་ཁ༤མས་ཀྱི་དྲི་མ་ཡོངས་སྦྱངས་ནས། །བྱང་ཆུབ༥་སྙིང་པོར་ཡོན་ཏ༦ན་གཏེར་ཐོབ་སྟེ། །འཕྲི༧ན་ལས་བཟང་པོས་འགྲོ་ཀུན་སྒྲོལ་གྱུར་ཅིག །ཅེས་རྡོ་རྗེའི་གནས་བདུན་ཉམས་ལེན་གྱི་རིམ་པར་བསྒྲིག་སྟེ་རྒྱུད་བླ་མའི་དོན་བསྡུར་གསུངས་པ་འདི་ཙམ་གྱིས་རྟོག་གེའི་རིགས་པ་དང་ཐ་སྙད་གཙུག་ལག་གིས་ཆེས་ཆེར་ཁེངས་པ་རྣམས་ཞུམ་ཞུམ་པོར་བྱེད་ལ། བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཟླ་བ་ཉ་གང་བའི་ཚུལ་དུ་ཚང་བས་ན་བཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་བཤད་བཀྲ་ཤིས་དགའ་སྟོན་ལས། གང་ལས་


GTD008_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཀྱང་གཞུང་ལུགས་རྒྱ་མཚོའི་དོན། །མི་ཟད་འདོད་པ་འཇོ་བའི་བུམ་པ་བཟང། །སྩོལ་མཛད་ཛྙཱ་ནའི་མཚན་དང་ཨ་བྷྱེནྟྲས། །འབྲལ་མེད་བྱང་ཆུབ་བར་དུ་རྟག་ཏུ་སྐྱོངས། །ཞེས་གསུངས་པ་ནི་བློ་ལྡན་རྣམས་ཀྱིས་མཆོག་ཏུ་དད་པར་བྱ་བའི་གནས་ཏེ། རྩོམ་པའི་སྒོ་ནས་བསྟན་པ་ལ་བྱ་བ་མཛད་ཚུལ་ཟུར་ཙམ་ཡིན་ལ། དེ་ལྟར་དུ་རྣམ་ཐར་སྤྲིང་ཡིག་ལས། སྔ་མའི་གཞུང་ལ་སྦྱར་བྱང་བཏགས་མིན་ཅིང། །མངོན་བརྗོད་སྤེལ་བའི་ཚིག་བསྒྲིགས་ཙམ་མིན་པར། །བརྩམས་ཆོས་འགའ་ཟུང་བསྟན་དུ་ཡོད་པ་འདི། །བསྟན་ལ་ལག་རྗེས་བཞག་པའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་ན་ཚིག་དོན་ཕུན་སུམ་ཚོགས་པའི་ལེགས་བཤད་གསར་རྩོམ་བསིལ་ལྡན་གྱི་ལྗོངས་འདིའི་ཁོར་ཡུག་ཀུན་ཏུ་བཙལ་ཀྱང་སྟོན་མཇུག་གི་མེ་ཏོག་གསར་པ་ལྟར་རྙེད་དཀའ་བའི་དུས་འདིར་ཚིགས་སུ་བཅད་པ་རེ་རེས་ཀྱང་ཚིག་གི་འདབ་བརྒྱ་གྲོལ་ཞིང་དོན་གྱི་ཟིལ་དངར་ཆགས་པས་ཐར་འདོད་ཀྱི་དགའ་སྟོན་དུ་གྱུར་པ་འདི་འདྲ་བློ་ལྡན་རྣམས་ཀྱིས་རང་གི་བགོ་སྐལ་དུ་བྱ་བར་འོས་སོ། །ཤེས་བྱ་གནས་ལྔ་རིག་པའི་པི་ཝང་རྒྱུད། །མདོ་རྒྱུད་བཞུང་ལུགས་སོར་མོས་བསྐུལ་བ་ཡི། །ཡིད་འཕྲོག་སྒྲ་དོན་ཉམས་ཀྱི་འགྱུར་ཁུག་སྟོང། །རྣ་བའི་བཅུད་ལེན་སྙིང་གི་བདུད་རྩིར་མཛོད། །ཆོས་སྐྱོང་གི་གཏོར་ཆོག་བསྙེན་སྒྲུབ་འཕྲིན་བཅོལ་གྱི་རིགས་ཚིག་བརྗིད་རྔམས་ཆེ་བ། དོན་ཉམས་རྟོགས་ཀྱི་གདེང་མངོན་པ། ལས་ལ་སྦྱར་ན་རྟགས་མཚན་མངོན་སུམ་འབྱུང་བ། འདི་རྩོམ་པ་པོ་རྣལ་འབྱོར་དབང་ཕྱུག་ཅིག་ཡིན་པར་ཐེ་ཚོམ་ག་ལ་ཡོད་སྙམ་པའི་རྡོ་རྗེ་ཚིག་སྣང་བ་བསྒྱུར་ནུས་པའི་བྱིན་རླབས་ཅན་ཤ་


GTD008_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཡིན་ལ། ཁྱ་དགེ་ལེགས་བཤད་གླིང་དུ་རྐུན་མ་ཞུགས་ནས་འདུ་ཁང་ཐེབས་ཀྱི་དངུལ་དང་གསེར་ཕྲན་ཚེགས་ཡོད་པ་ཁྱེར་བ་བརྟག་པ་གསལ་ཟེར་ཚད་ལ་ཞུས་ནས་ངལ་བ་མང་དུ་བྱས་ཀྱང་དོན་མེད་ཀྱི་ལས་རོ་འབའ་ཞིག་ཏུ་སོང་སྟེ། རྗེ་འདིའི་དྲུང་དུ་འོངས་ནས་ཞུས་པར། ཆོས་རྒྱལ་གྱི་བསྐུལ་བ་བརྩམས་ནས་ཚོགས་འདོན་དུ་གནང་བས་མ་འགྱང་བར་རྐུན་མས་གླིང་གསེབ་ཏུ་རྐུན་རྫས་བཙོང་རྒྱུ་ཁྱེར་ཡོང་བའི་ས་ནས་ལག་ཏུ་ཆུད་པ་དང། བཀྲ་ཤིས་འཁྱིལ་རྒྱུད་གྲྭའི་ཟོག་ཧྲུག་གི་རྟ་མང་ཇག་པས་དེད་པར་དམ་ཅན་ལ་བསྐུལ་བ་ཉུང་ངུ་ཞིག་གསུང་རྩོམ་གནང་བས་ཇག་རྐུན་གྱི་ཡུལ་དུ་ཡམས་ནད་བྱུང་སྟེ་དུར་ཁྲོད་ལྟ་བུར་གྱུར་པ་སོགས་ཆེས་མང་ངོ་། །ལོ་མཇུག་ལ་བཅད་རྒྱ་གྲོལ་ཏེ་ལྷོ་བྲག་སྙན་བརྒྱུད་ཀྱི་རྗེས་གནང་སོགས་འདོད་ཆོས་འགའ་ཞིག་གནང། ལོ་འདིར་བསྙེན་རྫོགས་པ་བརྒྱ་དང་རེ་བཞི། རབ་བྱུང་དགེ་ཚུལ་སོ་བདུན་གྱི་ཡིད་ཀྱི་བུམ་བཟང་ཚུལ་ཁྲིམས་བདུད་རྩིའི་བཅུད་ཀྱིས་འགེངས་པར་མཛད། དགུང་ལོ་ང་གཅིག་པ་ཆུ་སྤྲེལ་ལོ་གསར་གྱི་ཚེས་ལ། དོན་གཉེར་ཅན་མང་པོར་མགོན་པོ་དང། ཛམ་དཀར་གྱི་རྗེས་གནང་སོགས་སྩལ། ཞབས་དྲུང་དཀོན་མཆོག་གྲགས་པས་འགྲེལ་པ་དོན་གསལ། མཛོད་རྩ། གྲུབ་མཐའ་རྩ་བ། རྣམ་འགྲེལ་རྩ་བ། རྩ་འཇུག་གཉིས། བསྡུས་གྲྭ། འབོ་ར་དཀོན་མཆོག་དོན་འགྲུབ་ཀྱིས་ཡིག་ཆའི་སྐབས་དང་པོ། ཇ་རོད་མཆོག་གྲུབ་ཀྱིས་སྐབས་དང་པོ་དང་འགྲེལ་པ་དོན་གསལ། ཞབས་དྲུང་བསྟན་པ་རྒྱ་མཚོས་དབུ་མ་ལུང་རིགས་གཏེར་མཛོད་སྟོད་ཆ་སྨད་ཆ་ཆ་ཚང། དར་ཧན་པའི་ལི་བློ་བཟང་རྡོ་རྗེས་ཕར་ཕྱིན་སྐབས་དང་པོ་ནས་བརྒྱད་པའི་བར། ཐོར་གོད་དཀོན་མཆོག་


GTD008_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྡན་གྱིས་ཡིག་ཆའི་མཛོད་ཡོངས་རྫོགས། གཅུ་འཁོར་རབ་འབྱམས་པས་དྭགས་པོ་ནམ་མཁའ་གྲགས་ཀྱི་གསང་འདུས་བསྐྱེད་རིམ། པཎ་ཆེན་ཆོས་རྒྱན་གྱིས་མཛད་པའི་བདེ་མཆོག་བསྐྱེད་རིམ། ཐེ་བོ་བློ་བཟང་ཤེས་རབ་ཀྱིས་བྱམས་ཆོས་སྡེ་ལྔ་སོགས་ཀྱི་རྒྱུགས་ཕུལ་བར་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་དང། དགྱེས་པའི་བཀའ་ཕེབས་གསོལ་རས་དང་བཅས་པ་སྩལ། དུས་ནམ་གྱི་ཚེ་ན་ཡང། འཛིན་སྐྱོར་སྦྱངས་བྱེད་མཁན་དང། དམ་བཅའ་ལེགས་པོ་ཐོན་པ་དང། དམིགས་རྐྱེན་ལ་ཕན་པའི་བགྲོ་གླེང་དང། ལས་སྣེ་བསྒྲིག་ལམ་ཚུལ་བཞིན་བྱེད་མཁན་རྣམས་ལ་ཐུགས་ལྷག་པར་དགྱེས་པ་ནི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་རྣམ་པར་ཐར་པ་རྨད་དུ་བྱུང་བའོ། །དེས་ན་ཐར་འདོད་དག་གིས་བླ་མ་ཡི་དམ་སྒྲུབ་པའི་མཆོད་པས་མཉེས་པ་ངོ་ཤེས་པའི་སྒོ་ནས་ཆོས་བརྒྱད་དང་འདྲེས་པའི་ཐོས་བསམ་ཙམ་གྱིས་མི་ངོམས་པར་སྟོན་གྱི་མེ་ཏོག་ལྟ་བུའི་ཚེ་འདིའི་མཇུག་ལ་བབས་དུས་རང་ལ་རང་ཁྲེལ་མི་དགོས་པའི་ལམ་རྒྱགས་ཚོལ་བར་གྱིས་ཤིག །སྤྱིར་ཟང་ཟིང་གི་མཆོད་པ་ལས་ཆོས་ཀྱི་མཆོད་པ་ཕན་ཡོན་ཆེ་སྟེ་བྱམས་པ་སེངྒེ་སྒྲའི་མདོ་ལས། ངས་ནི་ཚུལ་ཁྲིམས་ལ་གནས་ཏེ་མང་དུ་ཐོས་པ་བཙལ་བར་བྱའོ། །ཞེས་བསྟན་ན་དེ་དག་དེའི་ཚེ་ན་ཚུལ་ཁྲིམས་འཆལ་བར་གནས་ཤིང་ཆོས་འཚོལ་བ་སྤངས་ཏེ། མཆོད་རྟེན་ལ་མཆོད་པའི་ལས་བྱ་བར་བརྩོན་ཞིང་གཞི་དེས་འཚོ་བར་སེམས་པ་ལ་ལྟོས་ཞེས་དང། བྲམ་ཟེ་དང་ཁྱིམ་བདག་རྣམས་ངའི་སྐུ་གདུང་མཆོད་པར་འགྱུར་རོ་ཞེས་དེ་སྐད་གསུངས་ན། མི་བླུན་པོ་


GTD008_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་རྣལ་འབྱོར་དང། སྤོང་བ་དང། ལུང་ནོད་པ་དང། ཁ་འདོན་སྤངས་ནས་སྐུ་གདུང་གི་མཆོད་པ་ལ་བརྟེན་ནས་འཚོ་བར་བྱེད་པ་ལ་ལྟོས་ཞེས་སྨད་ཅིང། ཟང་ཟིང་གི་མཆོད་པས་ཆོས་ཀྱི་མཆོད་པ་ལ་བརྒྱད་ཆ་དང་སྟོང་ཆས་འགྲན་མི་ནུས་པར་མདོ་སྡེ་དུ་མ་ལས་གསུངས་སོ། །སྡིག་པའི་ལས་ཀྱིས་བསྒྲུབ་པའི་ལོངས་སྤྱོད་ནི། །གྲུབ་ཀྱང་ཉམས་འགྱུར་རྩྭ་རྩེའི་ཟིལ་པ་འདྲ། །ནོར་གྱིས་དྲེགས་ནའང་རང་གཞན་ཕུང་བྱེད་པ། །གླང་ཆེན་སྨྱོན་པ་གཡུལ་དུ་ཆས་པ་འདྲ། །རབ་ཏུ་བྱུང་བའི་བྱ་བ་ཚུལ་ཁྲིམས་དང། །མང་དུ་ཐོས་དང་རྣལ་འབྱོར་བརྩོན་པར་བསྔགས། །དེ་སླད་ཁྱོད་ནི་ཆོས་མཐུན་སྐྱེ་བོ་ལ། །ཡིད་བཞིན་ནོར་ལྟར་ཕངས་ཤིང་གཅེས་པར་དགོངས། །བླ་གྲྭ་སུམ་བརྒྱ་སྐོར་ལ་དཔའ་གཅིག་གི་དབང། དགའ་ལྡན་ལྷ་བརྒྱ་མ་དང་བདེ་ལམ་གྱི་ཁྲིད། གཞན་ཡང་ལུང་རྗེས་གནང་ཕྲན་ཚེགས་འགའ་ཞིག་གནང་ནས་བཅད་རྒྱ་མཛད། དེའི་ཁོང་ནས། ལུགས་གཉིས་གཟིགས་པའི་མཁྱེན་དཔྱོད་མཁའ་ལྟར་ཡངས་ཤིང། སྡེ་བཞིའི་དཔལ་གྱིས་མངོན་པར་མཐོ་བའི་མཚན་སྒྲོག་མཁན་ཆེན་སྤྲུལ་བའི་སྐུ་རིན་པོ་ཆེ་ངག་དབང་འཇམ་དཔལ་བསྟན་པ་རབ་རྒྱས་ལ་རིག་བྱེད་མའི་ཐུན་མོང་མ་ཡིན་པའི་རྗེས་གནང། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སྩལ། དེ་ནས་ཚིགས་སུ་བཅད་པ་བརྒྱ་པ་ལས། དམ་པ་རིང་ན་གནས་གྱུར་ཀྱང། །ཕོ་ཉ་ཡོན་ཏན་ཉིད་ཀྱིས་བྱེད། །ཅེས་གསུངས་པ་ལྟར། ཅོ་ནེ་དགོན་ཆེན་ཏིང་འཛིན་དར་རྒྱས་གླིང་ནས་གཡོ་སའི་སྐྱེས་བུ་དམ་པར་གྲགས་པ་དཔོན་སློབ་ངག་དབང་བློ་གྲོས། རྒོད་ཚང་དཔོན་སློབ་རིན་ཆེན་དཔལ་བཟང། ཚལ་མགོ་དཔོན་སློབ་དོན་ཡོད་སྦྱིན་པ། མར་ཐང་དཔོན་སློབ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལྷུན་གྲུབ་སོགས་དཔོན་སློབ་བརྒྱ་


GTD008_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ཙམ་དཀའ་བས་འོང་སྟེ། ཧ་ཅང་ནན་ཆེ་བར་བརྟེན། ནག་ཟླའི་བཅོ་ལྔ་ནས་མགོ་བརྩམས་ཏེ། གསན་མཁན་རྔ་རྒོད་སྤྲུལ་སྐུ་བློ་བཟང་བྱམས་པ་རབ་རྒྱས། དགོན་ལི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ཆོས་གྲགས། སྟག་ཚང་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་ཕྱོགས་ནས་འོངས་པའི་གསན་མཁན་ཉིས་བརྒྱ་ལྔ་བཅུ་སྐོར་ལ་རྡོ་རྗེ་འཕྲེང་བའི་དབང་རྫོགས་པར་གནང། གཞན་ཡང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང། འདུལ་བའི་སྡོམ་ཚིག་གི་ལུང། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། རྔ་གདོང་ཁྲི་སྤྲུལ་དཀོན་མཆོག་བསྟན་འཛིན་རྒྱ་མཚོ་དགེ་ཚུལ་དང་དཔོན་སློབ་བཅུ་གསུམ་ལ་ཕུན་ཚོགས་གོང་འཕེལ་གྱི་ཚུལ་དུ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་ཏེ་རེ་བའི་ཤིང་རྟ་འགེངས་པར་མཛད། གཞུང་བཟང་སྟོང་གི་ཆུ་བོ་འདུ་བ་ལས། །བཤད་སྒྲུབ་རྒྱུན་འབེབས་ཆོས་ཀྱི་མཚོ་ཆེན་དེར། །ཐར་འདོད་བློ་གསལ་ཆད་མེད་འདུ་བ་ནི། །ཉལ་འགྲོ་མ་ལུས་ཟླ་བའི་མ་མར་བཞིན། །སླར་ཡང་བཅད་རྒྱ་མཛད་པ་ལས། མ་ཡུམ་འདུ་ཕུང་མ་བདེ་ནས་མཛོད་དགེ་དགོན་གསར་དུ་ཕེབས་དགོས་བྱུང། ཕྱག་དབང་དང་བཀའ་བསྒོ་སོགས་དང། ཀུན་རིག་གི་དཀྱིལ་འཁོར་དུ་བཅུག་ནས་དབང་གིས་སྨིན་པར་མཛད། ཞལ་ཏ་དང་སེམས་གསོ་ལེགས་པར་གནང། དགེ་ཚུལ་བདུན་དང་བསྙེན་རྫོགས་པ་ཉེར་བདུན་བསླབ་པ་ལ་བཀོད། གདན་སར་བྱོན་ནས་བཅད་རྒྱ་མཛད་ཅིང། དེའི་ཁོང་ནས་བཱ་རིན་ལྷ་བཙུན་ལ་ལེགས་བཤད་སྙིང་པོའི་བཤད་ལུང། རིག་བྱེད་མ་གསང་སྒྲུབ། ཛམ་དམར་སྲོག་སྒྲུབ། གསང་བདག་ཨུ་ཙརྻ། རྣམ་


GTD008_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས། མཁའ་ལྡིང་གསེར་མིག་འཁྱིལ་བ། འབྱུང་པོ་འུར་འདེད་བཅས་ཀྱི་རྗེས་གནང། འཇིགས་བྱེད་དང་བདེ་མཆོག་གི་དབང་བཅས་གནང། སྐུ་མཚམས་གྲོལ་ནས་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང། འདོད་རྒྱལ་གསང་སྔགས་སྒྲ་ཡབ་ཡུམ་སྦྲགས་མ་ཐུན་མོང་མ་ཡིན་པ་འཁོར་ལོ་སོགས་ལ་བརྟེན་པའི་རྗེས་གནང། འཇམ་དབྱངས་ནག་པོའི་རྗེས་གནང། ལམ་གཙོའི་ཁྲིད། ལྗགས་རྩོམ་དྲུག་ཅུ་པའི་རྣམ་བཤད། ཆོས་སྤྱོད་གསལ་བའི་སྒྲོན་མེ། ཁྲོ་བཅུའི་སྲུང་འཁོར་གྱི་ལུང་སོགས་སྩལ་ཏེ་བཞེད་པ་བསྐངས་ཤིང་ཐུགས་ཡིད་གཅིག་ཏུ་འདྲེས། བདུན་པའི་ཡར་ངོ་ནས་ལོ་མཇུག་བར་དུ་དགོན་དང་རི་ཁྲོད་ནས་བཅད་རྒྱ་མཛད། དགུ་པའི་ཉེར་གཉིས་ལ་མ་ཡུམ་གཤེགས་པའི་གཏམ་ཉེར་བཞིའི་ཉིན་སྙན་དུ་འབྱོར། དགོན་རི་ཁྲོད་བཅས་ལ་མང་འགྱེད་དང། དགོན་གསར་དུ་དགེ་སྒྲུབ་རྒྱུན་འཛུགས་ཀྱང་མཛད། འདི་ལོ་ཟླ་བ་བཞི་པའི་དབུས་པ་ཡར་འགྲོའི་སྐབས་ཞུ་ཡིག་སོ་སོར། མ་རྒན་བོ་ཆོག་སྐྱིད་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་བསྔོ་རྟེན་ཞེས་ཕུལ་བ་ཐེ་ཚོམ་དུ་གྱུར་ཀྱང། སྐབས་འདིར་མ་ཡུམ་འདས་ཚོད་དང་ཞུ་ཡིག་དབུས་སུ་འབྱོར་ཚོད་དུས་འགྲིག་པས་ངོ་མཚར་དུ་གྱུར། ལོ་འདིར་བསྙེན་རྫོགས་པ་ཉིས་བརྒྱ་དང་དོན་བཞི། དགེ་ཚུལ་སོ་ལྔ་བསླབ་པ་ལ་བཀོད་དེ་ཐར་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། ལོ་མཇུག་སྒོ་མང་མཁན་རིན་པོ་ཆེ་བློ་བཟང་ཆོས་དར་བ་ཞིང་གཤེགས་ཁར་དམ་པ་དེ་ཉིད་ཀྱི་མནལ་ལམ་དུ། བདེ་མཆོག་གི་རྣལ་འབྱོར་པ་ཞིག་གིས་ཀ་པཱ་ལ་ནས་ང་ལ་བདུད་རྩི་སྟེར་བ་རྨིས་གསུངས། རྣལ་འབྱོར་པ་དེ་སུ་ཡིན་ཞུས་པས། ངའི་བླ་མ་ཁྲི་ཆེན་


GTD008_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ཕུན་ཚོགས་པ་བདེ་མཆོག་གི་རྣལ་འབྱོར་པ་ཡིན་ཞེས་སྔོན་གནས་རྗེས་དྲན་གྱི་གསུང་དང་བཅས་རྗེ་འདི་ཉིད་སྤྱན་དྲངས་ཏེ། བདེ་མཆོག་གི་དབང་ཞུས་སྐབས་སྔར་བདེ་མཆོག་རང་བྱོན་ནས་རྙེད་པའི་གསང་རྫས་དེ་ཡང་གནང། ཕྱིས་དེ་ཉིད་ཀྱི་རྣམ་ཐར་གསུངས་པའི་ནང་དུ། རང་གིས་འཕྲིན་པ་ཙམ་བྱས་ཀྱང་རྩ་བའི་འབྱུང་ཁུངས་འཁོར་ལོ་སྡོམ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཕམ་མཐིང་པ་ཡིན་པས་ཉིད་ཀྱི་མནལ་ལམ་དུ་བྱུང་བའི་རྣལ་འབྱོར་པ་ཡང་དེ་ཉིད་ཡིན་པར་མངོན་ཞེས་གསུངས་པ་ལ་དཔག་ན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་ཉིད་དུས་ཀྱི་མཐར་ཡང་གསང་ཆེན་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཕྱིར་དུ་བདག་ཅག་རྣམས་ཀྱི་མགོན་དུ་བྱོན་པར་གོར་མ་ཆག་གོ་སྙམ་དུ་དད་པའི་པངྨོ་ལན་བརྒྱར་ཟུམ་པར་བྱེད་དོ། །དགུང་ལོ་ང་གཉིས་པ་ཆུ་བྱའི་ལོ་སྨོན་ལམ་གྱི་སྐབས་སུ་ཐག་ཉེ་རིང་གི་མཇལ་བ་རྣམས་ལ་བསྔོ་སྨོན་ཆོས་འབྲེལ་གང་འདོད་དང། བྱང་འགྲུལ་མང་པོ་ལ། སྒྲོལ་དཀར། རྟ་མགྲིན། རྣམ་སྲས། མགོན་པོ་སྙིང་ཞུགས། ཐུགས་རྗེ་ཆེན་པོ། ཚེ་རྟ་མགོན་གསུམ་སོགས་ཀྱི་རྗེས་གནང་ལན་གྲངས་དུ་མ་དང། གསུང་རྩོམ་དུ་མའི་ལུང་སོགས་ཚིམ་པར་གནང་ཞིང་ཐོན་ཕྱག་ཀྱང་དཔངས་མཐོ་བ་སྩལ། དགོན་པར་བྱོན་ནས་བཅད་རྒྱ་མཛད་ཅིང་བཞི་པའི་ཡར་ངོར་སྐུ་མཚམས་གྲོལ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རྒྱལ་པོ་ལུགས་ཀྱི་སྐུ་འདྲ་གསར་བཞེངས་མཛད་ནས་དྲུག་པའི་ཚེས་ལ་དགོན་གསར་དུ་སྤྱན་དྲངས། ཚེས་པ་ལྔའི་མཚན་མོར་འདུ་ཁང་ཕུར་བཞུགས་སུ་


GTD008_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་སྟེ་མཆོད་སྤྲིན་སྤྲོས། དྲུག་གི་ཉིན་རབ་གནས་མཛད་ཅིང་མ་ཎིའི་མངོན་རྟོགས་ཚིགས་བཅད་མ་ཚོགས་འདོན་དུ་ཚུགས། བདུན་བརྒྱད་གཉིས་ལ་གཞི་བྱེས་ཀྱི་བླ་གྲྭ་སྟོང་ཕྲག་བརྒལ་བར་ཐུགས་རྗེ་ཆེན་པོའི་དབང་གནང། དེ་ཡང་ཆོས་རྒྱལ་སྲོང་བཙན་གྱིས་གནས་ཆེན་བརྒྱད་ཀྱི་ས་སྣ་དང། ཙནྡན་གྱི་ཕྱེ་མ་སོགས་སྤུངས་པ་ལས་སྐུ་རང་བྱོན་དུ་ཕེབས་པ་དང་ཆ་མཚུངས་པར་འདིར་ཡང་རྒྱ་གར་རྡོ་རྗེ་གདན། རི་བོ་རྩེ་ལྔ། རི་བོ་གྲུ་འཛིན། བྲག་དཀར་རྟ་སོ་སོགས་མི་ལའི་སྒྲུབ་གནས། ལོ་ཀྱ་ཏུན། མཆོད་རྟེན་བྱ་རུང་ཁ་ཤོར་དང། གོ་མཱ་ས་ལ་གནྡྷ། མཚོ་མ་ཕམ་དང། ཆུ་བོ་གངྒཱ་སོགས་ཀྱི་ས་སྣ་དང་སྨན་སྤོས་ལས་བསྒྲུབས་པ་དང་གཅིག །སིདྒ་ལའི་གླིང་གི་ཙནྡན་སྦྲུལ་སྙིང་ལས་འཁྲུངས་པའི་སྐུ་ཐུགས་ཀར་བཞུགས་པ་དང་མཚུངས་པར། རི་བོ་གྲུ་འཛིན་གྱི་ཙནྡན་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་ཐུགས་ཀར་བཞུགས་པ་དང་གཉིས། རྒྱལ་པོ་ཡབ་ཡུམ་གསུམ་གནས་སོ་སོར་ཐིམ་པ་དང་མཚུངས་པར། གནས་སོ་སོར་རྒྱལ་པོ་ཡབ་ཡུམ་གསུམ་གྱི་སྐུ་བཀོད་པ་དང་བཅས་རང་བྱོན་ལྔ་ཚང་བ་དང། མཚན་མོ་རང་བྱོན་དུ་གྲུབ་པ་དང་ཆ་མཚུངས་པས་དུས་དེར་བཞུགས་གནས་སུ་སྤྱན་དྲངས་པ་ཡིན་ལ། ཞལ་ནས་ཀྱང། ཐུགས་རྗེ་ཆེན་པོ་ལ་སྐུའི་རྣམ་འགྱུར་མང་ན་ཡང་རྒྱལ་པོ་ལུགས་འདི་བསྟན་པའི་འཕེལ་རྒྱས་ལ་གལ་ཆེ་གསུངས། དེ་ཉིན་བཀྲ་ཤིས་རྫས་བརྒྱད་མཆོག་ཐུན་གཉིས་དང། ཞི་རྒྱས་དབང་དྲག་ལ་སྦྱར་བ་དང། འཕགས་ལམ་ཡན་ལག་བརྒྱད་དང་སྦྱར་བའི་གསུང་བཤད་སྔར་མ་ཐོས་པ་


GTD008_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བས། རེབ་ཙ་སྤྲུལ་སྐུས་དེ་འཕྲལ་གསུང་བཤད་དེ་བཞིན་ཡི་གེར་འཁོད་པའི་གསུང་རྩོམ་ཞུས་པར། རྣམ་རྟོག་གིས་སྒྲོ་བཏགས་ན་འགྲིག་འགྲིག་ལྟ་བུ་འོང་བར་སྣང་ཡང། དཔལ་སྒང་ལོ་ཙཱ་བ་སོགས་ཀྱིས་རྗེའི་གསུང་གི་འདི་སྐོར་ལ་ཟུར་ཟ་ཁུལ་བྱས་པས་བཤད་འདོད་སྐྱེས་པ་ཡིན་པས་བརྩམས་ཆོག་གསུངས་ཏེ་ལྗགས་རྩོམ་མཛད། ཨ་མོ་སྤྲུལ་སྐུ་བློ་བཟང་དཀོན་མཆོག་བསྟན་པའི་རྒྱལ་མཚན་སོགས་བསྒྲུབ་བྱ་བཅོ་ལྔ་བསྙེན་རྫོགས་དང་གཅིག་དགེ་ཚུལ་དུ་བསྒྲུབས། དོན་གཉེར་བ་རྣམས་ལ་འཇམ་དབྱངས་དཀར་པོའི་རྗེས་གནང་སོགས་འདོད་ཆོས་ཅི་རིགས་སྩལ། གུར་དཀར་དབུ་མདུན་དང་རི་རྩེ་གཉིས་ཀར་བྱོན་ཏེ་ཆར་འབེབས་དང་འབྲེལ་བའི་བསང་ཡིག་ལྗགས་རྩོམ་མཛད་ནས་བསང་མཆོད་དང་བཅས་ཆོས་བསྒྲགས་པའི་མདོ་དང། གང་སེར་མའི་ཤིས་བརྗོད་གསུངས། བྲག་གི་རྩེ་ནས་བྲག་ལ་ཁྲུས་གནང་བས་ཐན་པ་ཤིན་ཏུ་ཆེ་བའི་སྐབས་ཡིན་ཀྱང་ཉིན་མཚན་མང་པོར་ཆར་གྱི་རྒྱུན་བཟང་པོ་བབས་ཤིང་དེ་ནས་བཟུང་སྟེ་བྲག་མདོག་སོར་ཆུད་དེ་དཀར་པོར་སོང། དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་དུ་གདན་དྲངས་ཏེ་བྲག་མགོན་གྱི་སྡིངས་སུ་རི་ཁྲོད་ཀྱི་གནས་བྱིན་གྱིས་བརླབས། མིང་ཐར་པ་གླིང་ཞེས་བཏགས། དགོན་པར་བྱོན་ནས་མགོན་ཆོས་ལྷ་མོ། རྣམ་སྲས། བེག་ཙེ་བཅས་ཀྱི་རྗེས་གནང་དང། ལུང་ཁ་ཤས་སྩལ། ཆོས་རྫོངས་དགོན་དུ་གདན་དྲངས་པ་ལྟར་བྱོན་ནས་སེར་སྐྱ་མང་ལ་མགོན་ཆོས། ལོ་གྱོན་མ་བཅས་ཀྱི་རྗེས་གནང། འཕོ་ལུང་ཕྱག་དབང་སོགས་ཡིད་ཚིམ་ངེས་མཛད། དགོན་པ་ཆེ་ཆུང་གང་དུ་བྱོན་ན་ཡང་དངོས་འབུལ་གྱི་རིགས་ཕྱིར་སློག་པ་ཁོ་ན་


GTD008_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཅིང། དེའི་སྟེང་དུ་སྤྱི་འཇོག་མང་འགྱེད་སོགས་སྤམ་མཐོ་བ་གནང་བ་སྐབས་ནམ་ཡིན་ལ་འདྲ། དེ་ནས་གདན་སར་བྱོན་ཏེ་ཆེད་གཏད་ཀྱིས་འོངས་ནས་སྒུག་སྡོད་བྱས་པའི་ཕྱོགས་འགྲུལ་སོ་སོར་ཕྱག་རྡོར་གཏུམ་པོ། སྒྲོལ་ལྗང། དབྱངས་ཅན་མ་དམར་མོ། ནོར་རྒྱུན་མ། མགོན་པོ། རྟ་མགྲིན། མི་འཁྲུགས་པ་སོགས་ཀྱི་རྗེས་གནང་དུ་མ་དང། འཇིགས་བྱེད་དཔའ་གཅིག །བདེ་མཆོག་ལཱུ་ཨི་པ། བདེ་མཆོག་ལུས་དཀྱིལ་སོགས་ཀྱི་དབང། ཉེར་མཁོའི་ལུང་གང་མོས། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས། རིག་བྱེད་མའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང། འཇིགས་བྱེད་བཅུ་གསུམ་མ་དང། གདུགས་དཀར་གྱི་དབང་སོགས་དང་ལུང་གི་རིགས་མང་ཞིག་གནང། ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་དབུས་ནས་བྱོན་པའི་ཆིབས་བསུར་མང་མང་རྒྱང་ནས་འུར་ལངས་ལྟ་བུས་བརྒྱད་པའི་ཚེས་ལ་སོང་བར། རྗེ་ཉིད་ནས་ཉི་ཤུ་སྐོར་ལ་སོང་ན་རན་ཞེས་གསུངས་ཏེ། ཉི་ཤུའི་ཉིན་དལ་འགྲོས་ཀྱིས་རིམ་པར་ཕེབས་པས་ཉེར་དྲུག་གི་ཉིན་རྩེ་འགྲམ་ནས་དུས་ཚོད་བསྒྲིག་པ་ལྟ་བུར་ཞལ་འཛོམ། དགོན་པར་བྱོན་ནས་ཉིན་ཁ་ཤས་ཀྱི་རིང་ཡབ་སྲས་ལྷན་རྒྱས་ནས་བཞུགས་གྲལ་རྒྱས་པ་དང། སྒེར་གྱི་དཀར་སྤྲོ་དམར་སྤྲོ་རྒྱས་པ་ཕུལ་ནས་གསུང་སྒྲོས་ཞིབ་པར་མཛད། དེ་ཡང་མཆོག་སྤྲུལ་རིན་པོ་ཆེ་གྲྭ་སར་ལོ་བརྒྱད་དགུ་ཞིག་མ་མཐའ་བཞུགས་རྩིས་ཡིན་ཀྱང། ཞབས་བསྙུན་དང་ལུང་ཕེབས་ཀྱི་དབང་གིས་ལོ་ངོ་ལྔ་ཙམ་ལས་བཞུགས་རྒྱུ་མ་བྱུང་བ་ན། སྔར་གུང་ཚིགས་ཀྱི་ཐེབས་ཕུལ་བ་ལོ་ཧྲིལ་པོ་གསུམ་གྱི་ཟླ་གྲངས་དང་འགྲིག་ཅེས་ཡ་མཚན་དུ་གླེང་བའང་བྱུང། དོན་གཉེར་བ་འགའ་ཞིག་ལ་ལུང་རྗེས་གནང་དུ་མ་སྩལ་ཞིང། ལོ་


GTD008_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

གསར་བར་དུ་ཉི་ཟློག་སྦྱིན་སྲེག་སྐབས་མ་གཏོགས་རི་ཁྲོད་དུ་བཅད་རྒྱ་མཛད། ལོ་འདིར་མཁར་སྔོན་ཧུ་ཐོག་ཐུ་དཀོན་མཆོག་བསྟན་འཛིན་རྒྱ་མཚོ། ཆེས་པ་རྒྱ་མཁར་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་རྒྱལ་མཚན་སོགས་བསྙེན་རྫོགས་པ་བརྒྱ་དང་བརྒྱད་ཅུ། དགེ་ཚུལ་ང་གཉིས་ལ་བསླབ་པ་སྩལ་ཏེ་ཐར་ལམ་ལ་བཀོད། དགུང་ལོ་ང་གསུམ་པ་ཤིང་ཁྱིའི་ལོ་གསར་ལ་དགོན་པར་བྱོན་ནས་སྨོན་ལམ་གྱི་རིང་ཕྱོགས་འགྲུལ་རྣམས་ལ་ཕྱག་དབང་འདོད་ཆོས་ཀྱིས་ཚིམ་པར་མཛད། ཕལ་ཆེར་བཅད་རྒྱའི་ངང་ལ་བཞུགས་པའི་ཐུན་མཚམས་རྣམས་སུ་ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་དུ་དཀྲི་བའི་རོལ་རྩེད་གསུང་རྩོམ་གནང། འདི་ནི་ཡེ་ཤེས་རྒྱས་པའི་མདོ་ལས། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བསྟན་བཅོས་ཐམས་ཅད་ཤེས་པར་བྱ་བ་ལ་མངོན་པར་བརྩོན་པར་བྱའོ། །མོའུ་འགལ་གྱི་བུ་འདི་ལྟ་སྟེ་བཤད་པ་དང་སྔོན་གྱི་རབས་ཀྱི་གྲུབ་པའི་མཐའ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་གང་ཟག་གི་ཐ་སྙད་དང། གྲོང་གི་ཐ་སྙད་ལ་བསླབ་པར་བྱའོ། །ཡུལ་གྱི་ཐ་སྙད་ལ་བསླབ་པར་བྱའོ། །གང་དང་གང་དུ་འགྲོ་བ་དེའི་ཐ་སྙད་ལ་བསླབ་པར་བྱའོ། །ཇི་ཙམ་དུ་འཇིག་རྟེན་གྱི་ཤེས་པ་གང་དག་ཤེས་པ་ཐམས་ཅད་ལ་མཁས་པར་བྱའོ་ཞེས་གསུངས་པ་ལྟར་ཐབས་ལ་མཁས་པའི་སྤྱོད་པ་རླབས་པོ་ཆེ་དང་དགོས་པ་མང་པོ་སྡུད་པ་ཤེས་པར་གྱིས། བར་སྐབས་སུ་མཐོང་གྲོལ་ཆེན་མོར་ཁྲི་མཆོད་ཀྱི་དབུར་བྱོན། བདེ་མཆོག་ལྷ་ལྔ། ལུས་དཀྱིལ་སོགས་ཀྱི་དབང། འཇིགས་བྱེད་


GTD008_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་གྱི་ཁྲིད། འབྱུང་འདུལ་མེ་དབང་མ་དང། འབྱུང་པོ་འུར་འདེད་སོགས་ཀྱི་རྗེས་གནང། མགོན་པོ་སྙིང་ཞུགས། རྣམ་སྲས་གསུང་མཆོག་ལུས་ངན་པོའི་རྗེས་གནང། གཞན་ཆོས་བཀའ་མང་དུ་གནང་ནས་སླར་བཅད་རྒྱ་མཛད། བྱམས་པ་ལུང་སྟོན་མའི་སྐུ་བརྙན་ཁྱད་འཕགས། གཟུངས་གཞུག་དང་བཅས་པ་ལེགས་པར་གྲུབ་ནས་གསུམ་པའི་ཚེས་དགུའི་ཉིན་སྤྱན་དབྱེའི་ཆོ་ག་མཛད་དེ་མཆོད་འཕྲེང་གི་མགོར་གསེར་མགར་ལ་ཡོན་དང་སྟོན་མོ་གཟབ་རྒྱས་བསྟར། དེ་སྐབས་ཡོན་བསྟར་བའི་ཐོ་ཕྱག་བྲིས་གནང་བའི་ནང་ན། སྤྲུལ་བའི་བཟོ་བོ་དམ་པར་འབུལ་བ་མཚོན་བྱེད་ཙམ་དུ་ཞེས་འདུག་པས་སྤྲུལ་བར་ངེས་སམ་སྙམ་པའི་ལོ་རྒྱུས་དཀར་ཆག་ཆོས་ཀྱི་གཎྜིར་གསལ་ལ། མགར་བ་འདི་ལ་སྐུའི་རྣམ་པ་ལེགས་པར་མ་ཤར་བར་བཟོ་མི་བྱེད་ཚུལ་དང། དབུ་གདུགས་ལྟར་རྒྱས་པ་དང། སྙན་མཉམ་ཞིང། སྙན་ཤལ་རིང་བ་སོགས་ཀྱི་རྒྱུ་མཚན་ཐུགས་ལ་འབབ་ངེས་ཞུ་མཁས་པ་བྱུང་ཚུལ་དང། མགར་གཡོག་ལ་ཆོག་ཤེས་ཀྱི་གདམས་ངག་བཤད་པ་དང། ཡོ་བྱད་ལ་མི་དགའ་བ་སོགས་ཀྱི་བསྔགས་བརྗོད་མང་པོ་གནང། སྐུ་འདི་ལ་གང་ཐད་ནས་ཆ་མི་མཚུངས་པ་ཅུང་ཟད་ཙམ་ཡང་མེད་ལ། ནམ་བལྟས་ན་ངོ་མཚར་ཞིང་ཡིད་དུ་འོང་བ་བལྟས་ནས་སྡོད་དགོས་པ་འདི་ལྟ་བས་མི་ངོམས་པའི་རྟགས་ངོ་མ་རང་ཡིན་གསུངས་ཏེ་བྱམས་མགོན་དགྱེས་པའི་འཛུམ་ཞལ་མངོན་དུ་གྱུར་བ་སོགས་ཀྱི་རྟགས་རྨད་དུ་བྱུང་བར་སེམས་སོ། །རབ་གནས་ཀྱི་མཇུག་ཏུ་སྨོན་ལམ་ལྔ། ལམ་རིམ་བསྡུས་དོན། ཟབ་ཡངས་མ། བྱམས་པའི་སྐུ་གཟུགས་མ་བཅས་གསུངས་ཤིང། ཕྱག་གཡས་བདག་གི་མགོ་ལ་བཞག་བཞིན་དུ། །ཞེས་


GTD008_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་སུ་སྙན་དར་ཕུལ་ནས་མཇལ་ཁ་ཞུ་བར་མཛད། རབ་གནས་གྲུབ་འཕྲལ་མངོན་རྟོགས་རྒྱན་གྱི་མགོ་ནས་གསུང་བཤད་འབྱམས་ཀླས་པ་དང་སྦྲགས་ནས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་བར་གནང། ཐུགས་བསྐྱེད་གདམས་པའི་ཡོངས་འདུའི་ས་བོན་ནི། །སེམས་ཀྱི་ཞིང་སར་བཤད་སྒྲུབ་ཀྱིས་བསྐྱངས་པས། །ལུང་རྟོགས་ཡོན་ཏན་སྙེ་མ་གཡུར་ཟ་བར། །སྐུ་བཞིའི་འབྲས་བུ་མཆོག་ཏུ་མྱུར་སྨིན་ཤོག །རྟེན་བཞེངས་སྔ་ཕྱི་འདི་དག་གི་དགོངས་བཞེད་ནི། བརྙན་པོའི་ལོངས་སྤྱོད་ལ་ཤི་སྦར་འཐམས་པ་རྣམས་ལ་སེར་སྣའི་ཉེས་དམིགས་འདོམས་ཤིང་བསོད་ནམས་སྒྲུབ་པ་ལ་བསྐུལ་བ་དང། སྦྱིན་བདག་སོ་སོས་ཕུལ་བའི་དད་རྫས་བསོད་ནམས་མི་ཟད་པའི་གཏེར་དུ་སྒྲུབ་པས་ཕན་གདགས་པ་དང། དད་ཟས་དང་གཤིན་ཟས་གཉེན་འཁོར་དང་དགའ་འདུས་ཀྱི་ལོངས་སྤྱོད་བྱས་ནས་སྐྱིད་དུ་ཚོར་བ་རྣམས་ལ་མཛོ་སྦྲེལ་གཡང་ལ་ལྷུང་འདྲའི་ངང་ཚུལ་སྟོན་པ་དང། ངར་འཛིན་གྱི་སྣང་ཚུལ་ལ་ཚུལ་མིན་ཡིད་བྱེད་ཀྱིས་སྒྲོ་བཏགས་ནས་མཐོན་པོར་ཁེངས་པའི་ཆོས་བརྒྱད་རྩྭ་ཤིང་གི་ཕོན་པོ་འདི་སྣང་དྲེས་ཐག་གིས་བཅིངས་པའི་སྲིད་པར་ངལ་བྱེད་ཙམ་མིན་པར། འགྲོ་ཀུན་བྱང་ཆེན་གྱི་སར་བཀྲི་བ་དང། ཞྭ་ཡི་ཁ་དོག་ཙམ་དང་སྡེ་དགོན་ཕྱོགས་རེ་ཙམ་གྱི་བསྟན་པ་མ་ཡིན་པར་ཐུབ་པ་ཆོས་ཀྱི་གངས་རི་ལས་འཕགས་བོད་མཁས་དང་གྲུབ་པའི་བཤད་སྒྲུབ་ཀྱི་སྲོལ་ཆེན་པོར་བབས་པའི་འཁྲུལ་བྲལ་མདོ་སྔགས་ཟུང་འཇུག་གི་ཆོས་ཀྱི་ཉིང་ཁུ་གདུལ་བྱའི་ལེགས་བྱས་ཀྱི་གཤོང་བུར་ཡུན་རིང་དུ་འཁྱིལ་བའི་ཆེད་དང། མཁས་པ་ལ་ལེགས་བཤད་


GTD008_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕལ་པ་ལ་ནོར་གྱི་དངོས་པོ་རྩིས་སུ་ཆེ་ཚུལ་མི་འདྲ་ཡང། མཆོག་གསུམ་གྱི་རྟེན་རྣམས་མཁས་བླུན་མཐའ་དག་གི་མིག་གི་བདུད་རྩིར་འགྱུར་བས་ཡིད་ཀྱི་དྲི་མ་འཁྲུད་པ་དང། ཁྱད་པར་འདྲེན་པ་འོད་སྲུང་གི་བསྟན་པ་ལ་རྣམ་དཀར་གྱི་ས་བོན་ཕྲ་མོ་རེ་བསྐྲུན་པ་ཡང་ཉི་མའི་གཉེན་གྱི་འཁོར་དུ་སྨིན་གྲོལ་གྱི་དགའ་སྟོན་ཐོབ་པ་ལྟར་བསྟན་པ་འདི་ལ་ཞུགས་ཀྱང་ལམ་གྱི་བགྲོད་པ་བཤོལ་བ་དག་རྣམ་འདྲེན་ལྔ་པའི་བསྟན་པ་ལ་གྲོལ་བར་གསུངས་པའི་བདེན་པ་མངོན་འགྱུར་གྱི་དུས་སྟོན་ལ་སྦྱོར་བའི་ཆེད་དུ་ཡིན་པར་དཀར་ཆག་ལྷའི་རྔ་ཆེན་དང། གཎྜིའི་དབྱངས་ཀྱི་ཚིགས་བཅད་དག་ལས་ཤེས་ལ། བདོག་པའི་དངོ༡ས་པོ་སྡིག་མེ༢ད་གཙང་མའི་རྫས། །གཏོང་བའི་རྒྱུ་འབྲས་སེམ༣ས་པ་སྤྲོ་བ༤་ཡིས། །རྩེ༥་གཅིག་ཡིད་ཀྱིས་བླང་དོར་མ༦་དོར་བར། །བསྒྲུབས་པ་འདི་ཡང་རྒྱལ་བའི་གཞུང་ལམ་ཡིན། །ཞེས་ཚིག་དང་པོས་སྦྱིན་པ་དང་ཚུལ་ཁྲིམས། གཉིས་པས་བཟོད་པ་དང་བརྩོན་འགྲུས། གསུམ་པས་བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་བསྟན་ནས། ཐ་མས་ཕར་ཕྱིན་དྲུག་ལྡན་དུ་བསྒྲུབས་པ་བདེ་གཤེགས་གཞུང་ལམ་དུ་གསུངས་པ་ལྟར་རྒྱལ་བ་ཀུན་གྱི་མཛད་པའི་ཁུར་ཆེན་འཛིན་པའི་རྣམ་ཐར་རྨད་དུ་བྱུང་བར་ཤེས་སོ། །དེ་ནས་རིམ་གྱིས་དོན་གཉེར་ཅན་མང་པོར་མངོན་རྟོགས་རྒྱན་གྱི་ལུང། མི་འཁྲུགས་པའི་རྗེས་གནང། མཁའ་སྤྱོད་མའི་དབང། ཞལ་སྒྲུབ་དུས། བསྙེན་དུས། ལས་སྦྱོར་དུས་ཀྱི་དཀར་པོ་ཚེ་འཕེལ་སོགས་ཀྱི་རྗེས་གནང་དང་ལུང་མང་དུ་སྩལ། ཟླ་བ་བཞི་པའི་ཚེས་གསུམ་ལ་བསྐལ་བཟང་ལྷ་ཁང་གི་ཐིག་བཏབ་སྟེ་ཤིས་བརྗོད་གནང་ཞིང་མེ་ཏོག་གི་ཆར་ཕབས། ཚེ་སྒྲུབ་དང་འབྲེལ་བའི་བརྟན་བཞུགས་དང་རྣམ་རྒྱལ་སྟོང་མཆོད་


GTD008_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་དབུར་ལན་འགའ་ཕེབས། སྟོང་མཆོད་ཀྱི་དབུར་ཕེབས་དུས་གསོ་སྦྱོང་ཕྱག་སྐོར་གཟུངས་ཀྱི་གྲངས་སོགས་ཆོག་གྲྭ་བ་བྱིངས་དང་འདྲ་བ་ཁོ་ན་མཛད། སུ་ཉིད་ཞབས་དྲུང་སོགས་ལ་བདེ་ལམ་གྱི་ཁྲིད་སེམས་བསྐྱེད་མཆོད་པ་དང་བཅས་པ། ཐེ་བོ་ལུང་བཟང་ནང་སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན་རྒྱ་མཚོ་ཆེད་གཏད་ཀྱིས་འོང་བ་བསྙེན་རྫོགས་དང། སོ་སོར་ཚེ་དཔག་མེད། འཇམ་དབྱངས་དམར་སེར། ཛམ་དཀར། རིག་བྱེད་མ་བཅས་ཀྱི་རྗེས་གནང་སྩལ། རི་ཁྲོད་ནས་དབྱར་ཞལ་བཞེས་མཛད་དེ་ཉིན་བདུན་གྱི་རིང་སྦྱོར་བའི་ཆོས་དྲུག་གཟབ་རྒྱས་དང། ཞག་བཅུ་དགུའི་རིང་ལ་བདེ་ལམ་གྱི་ཁྲིད་སེམས་བསྐྱེད་མཆོད་པ་དང་བཅས་པ་གནང། སྤྱིར་མདོ་སྔགས་ཀྱི་གསུང་བཤད་གང་གི་སྐབས་སུ་ཡང་ཤིང་རྟ་ཆེན་པོའི་གཞུང་དང། རྗེ་ཡབ་སྲས་ཀྱི་ལེགས་བཤད་གུང་བསྒྲིགས། དོན་ཟབ་ན་ཡང་འཆར་བདེ་བ་དཀའ་གནད་རྣམས་ལག་མཐིལ་གྱི་རི་མོ་བཞིན་དུ་སྟོན་པ་ཞིག་ཡོད་ལ། ཁྱད་པར་ལམ་ཁྲིད་གནང་དུས། ལམ་གྱི་ངོ་བོ་གོ་རིམ་གྲངས་ངེས་ལ་ཡང་ཡང་ནན་ཏན་མཛད་ཅིང། རེས་འགའ་བློ་ཁ་མཐོ་དམན་སོ་སོར་རང་ལ་འཚམ་པའི་དོགས་པ་བསླངས་ནས་སྙིང་ལ་བཅང་རྒྱུའི་གདམས་ངག་སྐབས་དང་མཐུན་པར་འདོམས་ཤིང། གང་ཤེས་རང་རྒྱུད་འདུལ་བའི་ཐབས་སུ་བསྐོར་ནས་གསུངས་པས་གསུང་གི་ཟླ་ཟེར་གྱིས་བློ་གྲོས་ཀྱི་ཀུ་མུད་བཞད་པའི་སྐལ་ལྡན་དག་ལས་ཁ་ཅིག་གིས་ཚེ་འདིའི་འཁྲི་བ་ཆོད་ནས་སྒྲུབ་པ་སྙིང་པོར་བྱེད་པ་དང། འགའ་ཞིག་གིས་ཆོས་ཀྱི་མེ་ལོང་དུ་རང་སྤྱོད་ཀྱི་གཟུགས་བརྙན་གསལ་བས་འགྱོད་ཅིང་ཆོས་ལ་གཞོལ་བ་དང།


GTD008_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་ངོ་མཚར་དང་དགའ་བས་མྱོས་པའི་བསྟོད་བསྔགས་ཀྱི་ཅ་ཅོས་དུས་འདའ་བར་བྱེད་དོ། །སྐབས་འདིར་མཚན་མོ་མནལ་ལམ་འགའ་ཞིག་སཾ་ཊར་ཕྱག་བྲིས་མཛད་པ་དྲུང་ཡིག་གིས་གསང་ཐབས་ཀྱིས་བྲིས་པ་ཞིག་མཐོང་ན་ཡང་དེ་མཐུན་གྱི་ཉམས་མགུར་ཞིག་ཡོད་འདུག་སྙམ་པ་མི་མངོན་པའི་དབྱིངས་སུ་རྒྱས་འདེབས་མཛད་པས་ཁ་ཚོན་ཆོད་དཀའ་མོད། སྤྱིར་ན་དུས་ནམ་ཡང་བག་ཡོད་ཀྱི་བརྟུལ་ཞུགས་ལས་མི་འདའ་ཞིང་ལམ་གྱི་ངོ་བོ་གོ་རིམ་གྲངས་ངེས་མ་ནོར་བའི་ཉམས་བཞེས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དང། གཞན་གྱིས་ལད་མོ་ཙམ་ཡང་མི་ནུས་པའི་བསགས་སྦྱངས་ལ་ཉིན་མཚན་ཁོར་ཡུག་ཏུ་གཞོལ་བར་མཛད་པས་ད་རེས་བཏང་སྙོམས་གུ་ཡངས་སུ་བཞུགས་འདུག་སྙམ་པ་སུ་ལ་ཡང་འཆར་རྒྱུ་མི་སྲིད་པ་དང། དེའི་མཐུས་གང་ཤར་དག་པའི་སྣང་བར་འབྱམས་སུ་ཀླས་པའི་ནང་གི་རེ་རེ་ཙམ་ལས་དང་པོ་བ་དག་ལ་ཡང་སྣང་བ་རང་མཚན་པ་ལྟ་བུར་འགྲོ་ལ་ཁད་པ་བྱུང་བ་ལས་འགའ་ཞིག་གོང་འོག་ཏུ་ཟུར་ཙམ་གསལ་བ་ལྟར་དང། ལྷག་པར་འདི་སྐབས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང། གྲུབ་ཐོབ་རྡོ་རྗེ་མཆེད་གསུམ་གྱི་རྣམ་ཐར་དང་ཆ་འདྲ་བ་བྱུང་བར་མངོན་ལ། དེ་དང་མཐུན་པའི་འཁོར་ལོ་གསུམ་གྱི་མཛད་པ་ཡང་དུས་དེ་ནས་བཟུང་སྟེ་ཀུན་ལ་མཐུན་སྣང་དུ་གྲུབ་པ་ཞིག་བྱུང་ཡང་ཞིབ་པར་འགོད་མ་ནུས་སོ། །ལུང་དང་རིགས་པའི་བྱི་དོར་གྱིས། །ལེགས་སྦྱངས་ཞི་ལྷག་ཨ་དརྴར། །དག་སྣང་ངོ་མཚར་བཀོད་པ་འབུམ། །མ་འདྲེས་གསལ་བར་ཤར་བ་ན། །གནས་ཆ་ཕྲ་མོའི་རྨིག་རྗེས་ཆུར། །ཉམས་སྣང་སྐར་མའི་འོད་ཙམ་གྱིས། །དག་སྣང་ཟླ་སྐར་ཞི་གནས་མཚོར། །ཤར་རློམ་ཁེངས་ལྡན་ཞུམ་ཞིང་འདར། །ཉམས་


GTD008_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྨི་ལམ་སྨིག་རྒྱུ་འཛིང་བ་ལ། །ཡན་ལག་བརྒྱད་ལྡན་ལམ་གྱི་དག་བྱེད་དུ། །ཆེར་འཁྲུལ་སྒྱུ་མའི་རྫས་སྔགས་ཀྱིས་བསླད་དེ། །རྡེའུ་ཤིང་རྟར་ཞོན་ངལ་བར་མ་བྱེད་ཅིག །སྤྱིར་ན། མངོན་རྟོགས་རྒྱན་གྱི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ཞེས་པའི་ཐད་ཀྱི་ཤེར་མདོར། ཤཱ་རིའི་བུས་དྲིས་པའི་ལན་དུ། རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ་ཤེར་ཕྱིན་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན་རྨི་ལམ་དུ་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །ཞེས་གསུངས་པ་ལྟར་སྲིད་ཞི་མཉམ་པ་ཉིད་ལ་དབང་ཐོབ་པའི་བདག་ཉིད་ཆེན་པོ་རྣམས་ཉམས་དང་རྨི་ལམ་གྱི་སྣང་བ་སོགས་ཀྱི་སྒོ་ནས་ཅི་ལྟར་བསྟོད་ན་ཡང་བསྔགས་པ་རྨད་དུ་བྱུང་བར་མི་འགྲོ་མོད། ཡོན་ཏན་མཆོག་ལ་བློ་གྲོས་ཀྱི་འཇུག་པ་ཞན་པ་རྣམས་ཀྱིས་ཉམས་སྣང་ཙམ་ལ་ཡང་མཚར་དུ་འཛིན་པས་དམ་པ་སོ་སོའི་རྣམ་ཐར་དུ་དེ་འདྲ་ཡང་སྐབས་འགར་བརྗེད་ནས་གསང་བའི་རྣམ་ཐར་གྱི་ཐ་སྙད་བཏགས་པ་ནི། བཀའ་གདམས་པའི་སྲོལ་ཚུགས་གཙང་མ་བསྐྱངས་པ་དང། ལོག་རྟོག་ཅན་སོགས་ལ་གསང་བའི་ཕྱིར་ཡིན་གྱི། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལས། རྨི་ལམ་དང་ཉམས་སྣང་སོགས་མཆོག་ཏུ་བསྔགས་པ་མ་ཡིན་ནོ། །ཨེ་མ་ཧོ། སྨོན་ལམ་ཆོ་ག་ཆོས་སྤྱོད་སོགས། །ཕལ་ཆེར་ཚང་བའི་གླེགས་བམ་འདི། །སྤྲུལ་བའམ་དུས་ལ་བབས་པ་ན། །གསལ་བར་སྟོན་ཅིག་ཐུགས་རྗེའི་གཏེར། །སྙན་ནས་སྙན་དང་ཐུགས་ནས་ཐུགས། །བརྒྱུད་པའི་མན་ངག་གདོང་ལྔའི་བཅུད། །མཆོག་གྱུར་ས་ལེ་སྦྲམ་གྱི་སྣོད། །འཛོམ་པའི་སྐལ་བཟང་མངོན་གྱུར་སྨོན། །ལོ་འདིར་བསྒྲུབ་བྱ་བརྒྱ་དང་


GTD008_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་བསྙེན་རྫོགས། དོན་དྲུག་དགེ་ཚུལ། ཧལ་ཧ་དར་ཧན་པེ་ལིའི་སྲས་མོ་དགེ་ཚུལ་མར་བསྒྲུབས་ཏེ་རྣམ་པར་གྲོལ་བའི་གྲུ་བོ་ཆེར་བཅུག །དགག་དབྱེ་གྲོལ་ནས་ལྗོངས་རྒྱུ་མཛད་ཅིང། ཆོས་དང་མཐུན་པའི་གསུང་སྒྲོས་ཀྱིས་དགེ་འདུན་པ་རྣམས་ཀྱི་འདུན་པའི་ལྕགས་ཀྱུ་ཆོས་ལ་ཐེབས་པར་མཛད། སྐབས་འདིར་ལྷ་བཟོ་ཀུན་དགའ་དང། ཤིང་བཟོ་ཀུན་དགའི་ལོ་རྒྱུས་ལ་བརྟེན་ནས་སྐུ་སྐྱེ་མྱུར་འབྱོན་གྱི་དེ་ཉིད་གསལ་བྱེད་ཅེས་བྱ་བ་མཛད་པ་དགོས་པ་ཅན་གྱི་གསུང་དུ་སྣང། རིམ་གྱིས་བཅད་རྒྱ་གནང་ཞིང། ལོ་མཇུག་ཏུ་བླ་མཆོད་དང་ཕྱག་ཆེན་སྦྲགས་མའི་ཁྲིད། བདེ་མཆོག་ལུས་དཀྱིལ་གྱི་དབང་སོགས་གནང། དགུང་ལོ་ང་བཞི་བ་ཤིང་ཕག་གི་ལོ་གསར་ཚེས་གཏོར་སོགས་རི་ཁྲོད་དུ་མཛད། དགོན་པར་བྱོན་ནས་སྨད་ཕྱོགས་ཀྱི་གྲྭ་རྒྱུན་སྦྱིན་བདག་སོགས་སེར་སྐྱ་མང་པོར་བླ་མཆོད་ཀྱི་ཁྲིད། དཔའ་གཅིག་གི་དབང་སྟ་གོན་དང་བཅས། རྡོར་སེམས་བླ་མེད་ལུགས། བདེ་མཆོག་དཀར་པོ། འཇམ་དབྱངས་དཀར་པོ། རྣམ་འཇོམས། སྒྲོལ་མ་དཀར་ལྗང་གི་རྗེས་གནང་སོགས་ཀྱིས་སོ་སོའི་རེ་བ་འགེངས་པར་མཛད། སླར་ཡང་བླ་མཆོད་དང་ཕྱག་ཆེན་གྱི་ཁྲིད། ལུང་རྗེས་གནང་དུ་མ། གསུང་རྩོམ་གསར་སྤེལ། རྣམ་རྒྱལ་ཁྲི་མཆོད་དང་སྟོང་མཆོད་ཀྱི་ཚོགས་དབུར་འབྱོན་བཞུད་སོགས་ཁོར་མོ་ཡུག་གི་ངང་ནས་དགོན་པར་བཞུགས་གདན་འཇགས། བཞི་པའི་བཅུ་གཅིག་གི་ཉིན་དུས་འཁོར་གྲྭ་ཁང་རྟེན་དང་བརྟེན་པར་བཅས་པ་ལ་སྤྱན་དབྱེའི་ཆོ་ག་སྦྱིན་སྲེག་དང་བཅས་པ་གནང། སྐབས་འདིར་རྩ་འགྲམ་ལྟ་བུས་སྐུ་ཅུང་ཟད་བསྙེལ་བར་ཞབས་བརྟན་ཡང་ཡང་བསྒྲུབས་ཀྱང་དྭངས་སྐྱེད་ཆེར་མ་བྱུང་བའི་ཁར་


GTD008_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

རོང་པོ་ཕྱོགས་ནས་སྐྱ་བཙུན་མང་པོ་དགོན་པའི་སྟེང་དུ་དམག་ཆེན་ལ་འོང། དེ་དུས་རྗེ་ཉིད་ནས་དགོན་པའི་ནང་དུ་དམག་འོང་སྟེ་ཁང་པ་སོ་སོ་བཤིག་ན་ཡང། གྲྭ་པ་རྣམས་བག་ཡོད་ཚུལ་མཐུན་གྱིས་བཞུགས་པ་མ་གཏོགས་མཚོན་ཆ་འཛིན་པ་ཕར་ཞོག །ཁ་འཐབ་ཙམ་ཡང་བྱས་མི་ཆོག་གསུངས་ཤིང། ཀུན་གཟིགས་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་ཀྱང་བཀའ་དེ་བཞིན་གནང་བ་ལྟར་ཀུན་གྱིས་དང་དུ་བླངས་པས་དམག་འཕྲལ་དུ་ལོག་ཀྱང། དེ་རྗེས་སོ་སོས་འདོད་བསྟུན་གྱི་ཕྱོགས་རིས་ཀྱི་གཏམ་དང། རང་འདོད་ཀྱི་བྱ་བ་རྩྭ་ལ་མེ་མཆེད་པ་ལྟ་བུ་བྱུང་བས་སྙུན་བབས་ལྕིར་སོང། ཞབས་བརྟན་ཞུས་པར་ཡིག་བརྒྱ་གནད་སྨིན་སྒྲུབ་གསུངས་པ་ལྟར་བསྒྲུབས། ཁྲི་ཟུར་ཕྱག་མཛོད་མཁན་པོ་ནས་མི་མང་གི་བྱེད་ལུགས་ལ་ཐུགས་མ་དགྱེས་པར་གོ་ནས། གྲྭ་དཔོན་སློབ་རྣམས་མདུན་དུ་འཛོམ་པར་བྱས་ཏེ་དངོས་འབུལ་དང་བཅས་བརྟན་བཞུགས་གསོལ་འདེབས་གནད་དུ་སྨིན་པ་དང། སེར་སྐྱ་དྲག་ཞན་སུ་ཐད་ནས་མི་མཁས་པའི་བྱ་བ་ཐུགས་ཟུར་སྤྱན་ཟུར་ལ་ཕོག་པའི་རིགས་གང་ཡོད་བཟོད་པར་བཞེས་དགོས་ཚུལ་དང། བསྟན་པའི་དོན་ཁུར་དུ་བཞེས་ནས་ཞབས་པད་བརྟན་དགོས་ཚུལ་ནན་གྱིས་ཞུས་པའི་ལན་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་འདི་ལ་བསྟན་འཛིན་མང་པོ་བྱོན་ཀྱང། མཐུན་སྣང་ལ་རྗེ་རིན་པོ་ཆེ་ལས་ལྷག་པ་མ་བྱུང་ཚུལ་ཁོང་གིས། འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། །ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །ཅེས་སྟོན་པ་


GTD008_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཅན་དེས་དཀའ་བ་དཔག་མེད་ཀྱི་སྒོ་ནས་རང་རེའི་དོན་དུ་བསྒྲུབ་པའི་བསྟན་པ་འདི་འཕེལ་རྒྱས་ཀྱི་ཐབས་ཁོ་ན་དུས་རྟག་ཏུ་བསམ་པར་སྨོན་པ་གནང་ཚུལ་དེ་བཞིན་དུ་ཕྱག་ལེན་ལ་བཏབ་ནས། གྲུབ་མཐའ་སོ་སོའི་ཁྱད་པར་རྒྱུད་སྡེ་གོང་འོག་གི་ཟབ་ཁྱད་མི་འདྲ་བ་སོགས། མདོ་སྔགས་གང་གི་ཐད་དུ་ཡང་དཔྱོད་ཤེས་པ་ཞིག་གིས་བརྟག་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་མ་ཐོན་པ་མེད་པ་འདི་འདྲ་སྔར་མཁས་པ་སུ་ལ་ཡང་བྱུང་བ་མེད་པ་རྗེའི་ལེགས་བཤད་རྣམས་མཇལ་ན་ཤེས་ཚུལ། རྗེ་བླ་མས་སྡོམ་གསུམ་གྱི་རྨང་གཞི་བརྟན་པ་གཞིར་བཟུང་ནས་མདོ་སྔགས་ཀྱི་བཤད་སྒྲུབ་ས་སྟེང་ཁྱབ་པར་མཛད་པས་སྐུ་དྲིན་ཆེ་ཚུལ། རྗེ་རིན་པོ་ཆེ་ཕྱིན་ལ་བསྟན་པ་ལ་བྱ་བ་མཛད་མཁན་ཆེས་མང་ཡང། སྐྱབས་མགོན་རྡོ་རྗེ་འཆང་དེ་ཉིད་ཀྱིས་སྐུ་ཚེགས་དང་གཏམ་ངན་ཐམས་ཅད་ཁྱད་དུ་བསད་ནས་ཆོས་སྲིད་ཞི་དྲག་གི་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཉིན་མཚན་ཀུན་ཏུ་བསྟན་པ་མ་གཏོགས་ཐུགས་ལ་དགོངས་རྒྱུ་མེད་པར། དགོན་པ་འདི་གཞུང་ཤིང་ལྟ་བུ་དང། གཞན་རྣམས་ཡན་ལག་གི་ཚུལ་དུ་བྱས་ནས་བསྟན་པ་ཡོངས་རྫོགས་ཀྱི་རྒྱུན་ལ་ཕན་ངེས་ཀྱི་མཛད་པ་གནང་ཚུལ། དེ་རེ་རེའི་སྟེང་ནས་ཉམས་སུ་བླངས་ན་གནད་ཐམས་ཅད་འུབས་ཀྱིས་འདུས་པ་རེ་འོང་ཚུལ། དེ་འདྲའི་མཛད་པ་དེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་མཛད་པར་མཐོང་མཁན་དཀོན་ཚུལ། མཛོད་དགེའི་དགེ་ཚུལ་ཚང་ཁོང་གིས་སྐུ་ཞབས་ནས་མཛད་པ་ཅི་བསྟན་ཡང་དེ་སངས་རྒྱས་ཀྱི་བསྟན་པའི་དོན་ཁོ་ན་ཡིན་པ་གོ་འདུག་པས། དེ་གོ་ན་སེམས་ཅན་གྱི་དོན་ཡིན་པ་གོ་བ་ཡིན་ཚུལ། བླ་མ་སངས་རྒྱས་སུ་མཐོང་བའི་རྟགས་དེ་


GTD008_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཚུལ། ཕྱིས་པཱ་རིན་ཐོ་ཡོན་ཚང་གིས་ཁོ་བོ་སྐུ་ཞབས་དེའི་ཞལ་མ་མཇལ་ཡང་དད་པ་ཐུན་མོང་མ་ཡིན་པ་ཡོད། སྔོན་གྱི་དམ་པ་རྣམས་གར་ཕེབས་སར་བཀའ་ཆོས་མང་རབ་རེ་གནང་ནས་ཕེབས་སོང་ཟེར་བ་ལྟ་བུ་ལས་མེད། སྐུ་ཞབས་དེ་གར་ཕེབས་སུ་བསྟན་རྒྱུན་ལ་ཕན་ངེས་ཀྱི་ཕྱག་རྗེས་རེ་བཞག་པ་ཡུན་དུ་མི་གནས་པ་མི་སྲིད་པ་འདི་ནི་རྒྱལ་སྲས་སྙིང་སྟོབས་ཆེན་པོའི་རྣམ་ཐར་རེད་ཟེར་བ་མཁས་པ་རྣམ་དཔྱོད་ཅན་གྱི་གཏམ་ཡིན་ཚུལ། བསྟན་པའི་འབྱུང་གནས་དབུས་གཙང་དང་རྒྱ་སོག་གི་ས་ཆ་ཚོ་ཡང་ས་ཆོད་སྔོན་དུས་དང་མི་འདྲ་ཚུལ། མདོ་སྨད་དམུ་རྒོད་འདིར་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པའི་སྲོལ་སེ་འབྲས་ལྟ་བུ་ཞིག་ཡོད་པ་འདི་རྗེ་འཇམ་དབྱངས་བཞད་པ་དེའི་ཐུགས་བསྐྱེད་ཀྱི་མཐུ་ཁོ་ན་ཡིན་ཚུལ། དགོན་པ་འདི་སྐྱོང་མཁན་སངས་རྒྱས་བྱང་སེམས་མང་པོ་བསམ་བཞིན་དུ་སྐྱེ་བ་བཞེས་ནས་བསྐྱངས་ཡོང་ཞེས་གསུངས་པའི་གསུང་སྒྲོས་ཡོད་ཚུལ། རང་ངོས་ནས་དེ་འདྲའི་ཁ་ཐབས་ག་ན་ཡོད་ཀྱང། སྐྱབས་རྗེ་དེ་ཉིད་ཀྱི་ཐུགས་ལ་དགོངས་རྒྱུ་བསྟན་པ་ཁོ་ན་ཡིན་པ་ལྟར་འབད་འབད་བྱས་ཁུལ་ཡིན་ཚུལ། ད་བསྟན་པ་ཟེར་བ་སུ་གང་དང་མ་འབྲེལ་བའི་སྤྱི་ལྡོག་མ་ཞིག་ལོགས་སུ་བཞག་ནས། ངས་དེ་འཛིན་ཐུབ་རྒྱུ་མ་རེད་སྙམ་ནས་རང་གར་མ་བསྡད་པར། རང་རང་གི་སྟེང་ན་རང་ཚོད་ཀྱི་བསྟན་པའི་བྱ་བ་དང་སྡོམ་གསུམ་གྱི་ཁུར་རེ་ཡོད་པ་དེ་བཟུང་ན་བསྟན་འཛིན་གྱི་སྐྱེས་བུ་དེ་ལ་ཟེར་བ་ཡིན། ཁ་སང་དམག་ཡོང་ནས་ཁང་པ་འགའ་བཤིག་ན། དེ་ཁང་པ་བཤིག་པ་རེད། བསྟན་པ་བཤིག་པ་


GTD008_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ག་ན་ཡིན། རང་ཚོ་འདུན་པ་གཅིག་པའི་སྒོ་ནས་མི་གཅིག་བསད་ན་བསྟན་པ་བཤིག་བཏང་བ་རེད་དེ། དེར་མ་སོང་བ་དཀོན་མཆོག་གི་ཐུགས་རྗེ་ཡིན་ཚུལ། སྐྱབས་མགོན་རྡོ་རྗེ་འཆང་ནས་ཀུན་མཁྱེན་གོང་མ་དེ་རྡོ་རྗེ་འཇིགས་བྱེད་དངོས་ཡིན་ཞེས་ཡང་ཡང་གསུང་ཚུལ། དེ་ལ་ཐམས་ཅད་ཀྱིས་ཉམས་མི་འཇོག་པར་དེང་སང་ཐམས་ཅད་ཡར་ཟེར་ན་མར། མར་ཟེར་ན་ཡར། གྱིས་བྱས་པ་དེ་མི་བྱེད་པར་ཁ་ཕྱིན་ཅི་ལོག་ཞིག་ཏུ་འཁོར་ཏེ་ནོར་རྫས་བསོག་རྒྱུ་མ་གཏོགས་བསམ་རྒྱུ་མེད་པ་འདི་ལ་བསམ་བློ་བཏང་ན་སངས་རྒྱས་ཀྱི་བསྟན་པ་འདི་ཅི་འདྲ་ཞིག་གི་ཚོད་ལ་སླེབ་འདུག་སྙམ་ནས་ཐུགས་སྐྱོ་ཚུལ། ནོར་རྫས་ཁོ་ན་བསམ་ན་ཆོས་སྐྱོང་གིས་འཕྲིན་ལས་ཚུལ་བཞིན་དུ་མི་སྒྲུབ་ཚུལ། བསླབ་ཁྲིམས་དག་པའི་སྒོ་ནས་བསྟན་པའི་བྱ་བ་ལ་འབད་ན་ཆོས་སྐྱོང་རྣམས་རང་ཤུགས་ཀྱིས་འཁོར་ཚུལ། དེས་ན་ཚོགས་ཆོས་གྲྭའི་ཆ་རྐྱེན་འགྲིག་ཙམ་གྱིས་ཆོག་ཤེས་པའི་ཚེ་བློས་བཏང་ལྟ་བུ་དང་བསླབ་ཁྲིམས་དག་པར་བྱས་ཏེ། བསླབ་པ་སློབ་གཉེར་འཛིན་གཤར་སྦྱངས། རང་སྟེང་ན་བསྟན་པའི་ཁུར་རེ་ཡོད་པ་དེ་མ་ཤོར་བ་བྱས། ཐམས་ཅད་ཀྱིས་ཆོས་ཕྱོགས་ལ་འདུན་པ་གཅིག་དྲིལ་བྱས་ན་ངེད་ཀྱིས་ཀྱང་སེམས་ལ་འཛིན། མདོར་ན་རྗེ་འཇམ་དབྱངས་བཞད་པ་དེ་གསང་བ་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་བ་ཞིག་ཡིན་པས་དེའི་ཐུགས་བསྐྱེད་སྨོན་ལམ་དེ་ལ་རང་རེ་ཐམས་ཅད་ཀྱིས་རྒྱབ་རི་ལྟ་བུ་བྱས་ནས། བསམ་པ་ཐག་པས་བློ་རྩེ་གཏད་དེ་བསྡད་ན་རྟེན་འབྲེལ་རང་ཤུགས་ཀྱིས་འགྲིག་འགྲོ་གསུངས། འདི་ནི་རྣམ་ཐར་སྤྲིང་ཡིག་ལས། ཐུབ་བསྟན་རྒྱ་ཆེན་སྤེལ་བར་


GTD008_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནུས་ཀྱང། །ཁས་བླངས་བསླབ་ཁྲིམས་གཙོར་གྱུར་རང་རྒྱུད་ཀྱིི། །བསྟན་པ་བསམ་བཞིན་བཤིག་པར་མ་བྱས་པ། །བསྟན་འཛིན་གྲལ་མཇུག་སྙེགས་པའི་རྣམ་ཐར་ཡིན། །ཞེས་དང། ཅི་དགར་སྤྱོད་པའི་སྙིང་སྟོབས་བདག་ལ་མེད། །ལྷ་མཐོང་འདྲེ་མཐོང་མངོན་ཤེས་བདག་ལ་མེད། །དགྲ་བོ་སྒྲོལ་བའི་ནུས་པ་བདག་ལ་མེད། །ལས་ཅན་ཆོས་མགོ་ཐོན་པའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར། མིང་དོན་མཐུན་པའི་བསྟན་འཛིན་དམ་པའི་རྣམ་ཐར་ཡིན་ཏེ། ལྷ་མཐོང་འདྲེ་མཐོང་གིས་རང་གཞན་བསླུས་ཏེ་མི་ཆོས་བླ་མའི་རྫུན་སྨྲ་བ་དང། ཞེ་སྡང་གི་སྟོབས་དང་རིག་སྔགས་ཀྱི་ནུས་པས་ཁེངས་ནས་དགྲ་བོ་སྒྲོལ་བའི་ལས་ལ་སྦྱར་ཏེ། ཕ་རོལ་པོ་རང་དགར་ཤི་བ་བདག་གིར་བྱས་ནས་ལྟོ་ཕམ་པས་འགེངས་པ་དང། ཚུལ་ཁྲིམས་ཡལ་བར་བོར་ནས་ཆགས་སྡང་གཡོ་སྒྱུ་སོགས་ཀྱི་སྒོ་ནས་ཅི་དགར་འཚོ་བ་ནི། རང་རྒྱུད་ཀྱི་བསྟན་པ་རང་གིས་བཤིག་པ་ངོ་ཚ་བའི་གནས་ཁོ་ན་ཡིན་ལ། འདུལ་བ་ལུང་ལས། ཁྱོད་ཚོ་ཆོམ་རྐུན་གྱིས་བཅོམ་མམ་དྲིས་པའི་ལན་དུ། ཆོམ་པོས་མ་བཅོམ་གྱི་རང་གིས་རང་བཅོམ་ཞེས་པ་ལྟར། དེའི་ཚེ་ཆོས་ཀྱི་སྡེ་འདིར་བཞུགས་པའི་དགེ་འདུན་པ་དེ་རྣམས་རང་གིས་རང་མ་བཅོམ་པར་ཐར་པའི་རྒྱལ་མཚན་བརྟན་པར་གནས་པ་ནི་རྗེ་འདི་ཉིད་ཀྱི་བཀའ་དྲིན་བླ་ན་མེད་པ་ཡིན་པས། བསྟན་པ་འཛིན་ཞེས་པའི་དོན་གོ་བར་བྱས་ནས་ཚུལ་གནས་ཐོས་བསམ་སྒོམ་པ་ལ་འབད་དགོས་སོ། །ཨེ་མ་ག་བུར་རྒྱུན་ལས་རིམས་ནད་དང། །ཉི་ཟླའི་འོད་ལས་སྟུག་པོའི་མུན་ཚོགས་བཞིན། །ཐུགས་ལས་ཉོན་མོངས་ཉེས་པའི་འཆར་སྒོ་དང། །ཞལ་ལས་ཉེས་བཤད་འབྱུང་མིན་མགོན་དེ་


GTD008_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །སྡོམ་གསུམ་བཅས་མཚམས་ལས་འབྲས་བླང་དོར་གྱི། །གསུང་སྙན་ལེགས་བཤད་འཕང་འགྲོའི་གླུ་དབྱངས་དེས། །ཉི་མའི་འོད་ཀྱིས་ཁ་བ་ཞུ་བ་བཞིན། །ཞེ་སྡང་གདུག་པའི་སྦྱོར་རྩུབ་མོད་ལ་ཞི། །བླ་མ་མཉེས་བྱེད་སྒྲུབ་པའི་མཆོད་པ་ཡིན་གྱི་འཐབ་རྩོད་འཁྲུག་ལོང་མིན། །བཙུན་པའི་ཆས་རྟགས་ངུར་སྨྲིག་རྒྱལ་མཚན་ཡིན་གྱི་གོ་ཁྲབ་མཚོན་ཆ་མིན། །ཕས་རྒོལ་ཟིལ་གནོན་རྣམ་དཀར་གཟི་འོད་ཡིན་གྱི་མི་དགེ་སྡིག་ལས་མིན། །རང་གིས་རང་ཉིད་འཇོམ་བྱེད་དེ་དག་ཀྱེ་ཧུད་སྙིང་རྗེའི་ཡུལ་དུ་དགོངས། །ཚེ་འདིར་ཞེན་སྤངས་འདོད་ཆུང་ཆོག་ཤེས་བསྟེན། །ཚུལ་གནས་ཐོས་བསམ་སྒོམ་པས་ཉིན་མཚན་འདའ། །འགྲོ་ཀུན་དོན་དུ་ཐུབ་བསྟན་བཤད་སྒྲུབ་ལ། །བརྩོན་པར་བྱས་ན་ལྷ་ཡི་འཛུམ་ཞལ་ངོམས། །བླ་མས་འབྲལ་མེད་བརྩེ་བས་དགྱེས་ཤིང་སྐྱོངས། །དེ་མཐུས་ཕྱོགས་ལས་རྣམ་རྒྱལ་གྲགས་པ་ཡི། །བ་དན་སྲིད་པའི་རྩེ་མོར་འཕྱར་བ་སོགས། །སྨོན་པ་ཆོས་བཞིན་འགྲུབ་བོ་གྲོགས་དག་ཀྱཻ། །ཟླ་བ་བརྒྱད་པའི་ཚེས་ལ་ཐེ་བོ་ཆབ་ཚན་དུ་བྱོན་ནས་ཞག་བདུན་འཕྲོད་བསྟེན་མཛད། སྐྱང་ཚ་ཁ་གསུམ། ཐེ་བོ་གཟའ་རུ་ཚོང་རུ་སོགས་ཕྱོགས་ཕྱོགས་ནས་བར་མ་ཆད་པར་འོང་བའི་མཇལ་བ་རྣམས་ལ་ཕྱག་དབང་ཆོས་འབྲེལ། འཕོ་ལུང་ལྗགས་བསྔོ་སོགས་དང། ཕྱོགས་འདུས་ཀྱི་རི་ཁྲོད་པ་རྣམས་ལ་ལམ་ཁྲིད་མདོར་བསྡུས་སོགས་ཆོས་བཀའ་འདོད་མོས་དང་སོ་སོར་མང་འགྱེད་ཀྱང་གནང། བསྒྲུབ་བྱ་འགའ་ཞིག་བསྙེན་རྫོགས་ལ་བཀོད། ནན་གྱིས་གདན་དྲངས་པ་ལྟར་ལུང་བཟང་རི་ཁྲོད་དུ་བྱོན། བདེ་མཆོག་རེ་གཉིས་མའི་དབང་སྟ་གོན་དང་བཅས་པ་གནང་ཞིང་དངོས་འབུལ་རྣམས་ཕྱིར་སློག་མང་འགྱེད་སྩལ། ཀིརྟི་སྤྲུལ་བའི་སྐུ་དཔོན་གཡོག་


GTD008_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས་བསུ་དང་བཅས་མཇལ་ནས་གཡུང་དྲུང་འཁྱིལ་དུ་བཞུགས་ཞག་ལྷན་དུ་མཛད། དངོས་འབུལ་གཟབ་སྟེ་ཕུལ་བ་ཕྱིར་སློག་ཅིང། དབུས་ཕེབས་སྐོར་ལ་ཞལ་བཀོད་ཞིབ་རྒྱས་དང་ཕེབས་རྫོངས་ཀྱང་བསྟབ། གྲྭ་ས་ཆེན་པོ་གསུམ་གྱི་ཁྲོད་དུ་མཁས་པའི་སྙན་པ་དབྱར་རྔ་ལྟར་གསལ་བའི་ཤིང་བཟའ་སྤྲུལ་བའི་སྐུ་བློ་བཟང་དར་རྒྱས་པ་ཟམ་ཚ་ན་བཞུགས་པ་ནས་ཆེད་གཉེར་གྱིས་འབུལ་བ་གྱ་ནོམ་པ་དང་བཅས་མཇལ་ཁ་ཞུས་ཏེ་ཇ་སྦྱོར་གསུམ་ཙམ་གྱི་ཡུན་ལ་ཆོས་སྲིད་ཀྱི་བཀའ་མཆིད་འབྱམས་ཀླས་པ་མཛད། ཕར་ཡང་འབུལ་བ་དང་བཀུར་གཟོས་རྨད་དུ་བྱུང་བ་གནང། དེ་ནས་ཕེབས་ལམ་དུ་མཇལ་བ་བགྲང་གིས་མི་ལང་བར་ཕྱག་དབང་ལྗགས་བསྔོ། ཆོས་འབྲེལ་སོགས་གནང་བཞིན་པར་ཟླ་མཇུག་ལ་གདན་སར་འབྱོར། ཨོར་ཏུ་སུ་སྨན་པ་བླ་ཟུར་བློ་བཟང་ཡོན་ཏན་སོགས་ཀྱིས་སྒུག་སྡོད་བྱས་ཡོད་པར་ཕྱག་དབང་ཇ་གྲལ་དང། མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང་སོགས་འདོད་ཆོས་ཀྱིས་ཚིམ་པར་མཛད། ལོ་འདིར་བསྙེན་རྫོགས་བརྒྱ་དང་དྲུག་ཅུ། དགེ་ཚུལ་རེ་གཉིས་བསྒྲུབས་ནས་འཆལ་ཚུལ་མུན་པའི་དཔུང་ཚོགས་ཉུང་ངུར་བྱས། དེ་ནས་ལོ་མཇུག་བར་དུ་རི་ཁྲོད་ནས་བཅད་རྒྱ་མཛད་ཅིང། བར་སྐབས་ཤིག་རྗེ་བཙུན་དམ་པ་འཇིགས་མེད་རིགས་པའི་སེངྒེ་སྐུ་ཁམས་རིམ་ལོད་དུ་སོང་བར་གཟིམས་ཤག་ཏུ་ཕེབས་ནས། ཁོང་གི་ཐུགས་བཞེད་ལས་ཞབས་ཕྱིའི་མོས་པ་ལྟར་ཀུན་རིག་གི་དབང་ཆེན་སྩལ། ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེའི་སྐུ་དོན་གྱི་སྐོར་སོགས་ལ་གསུང་འཕྲོས་ཞིབ་མོ་དང། ཞལ་ཆེམས་བཞིན་སྐུ་གདུང་ཞུགས་འབུལ་ཀྱང་གནང་ཤིང་


GTD008_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དོན་ཐམས་ཅད་ལ་གསུང་བཀོད་ཀྱིས་ཁྱབ་པར་མཛད། དགུང་ལོ་ང་ལྔ་པ་མེ་བྱིའི་ལོ་གསར་ཚེས་གཏོར་སོགས་དཀྱུས་བཞིན། ཐག་ཉེ་རིང་གི་མཇལ་མང་ལ་ཕྱག་དབང། ཆོས་འབྲེལ། ལྗགས་བསྔོ་སོགས་བཀག་འགོག་མེད་པར་གནང། གཟིམས་ཁང་བདེ་ཡངས་ནས་བསྒྲུབ་བྱ་ལྔ་ལ་བསྙེན་རྫོགས་ཀྱི་འབོག་ཆོག་དང། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས། རྟ་མགྲིན་གསང་སྒྲུབ། ལོ་གྱོན་མ་གཙོ་འཁོར་གསུམ་བཅས་ཀྱི་རྗེས་གནང་སོགས་བཀའ་ཆོས་དུ་མ་ཞལ་བསྲོའི་ཚུལ་དུ་གནང། བདེ་ལམ་གྱི་ཁྲིད་སྨིན་རྒྱས་སེམས་བསྐྱེད་མཆོད་པ་དང་བཅས་པ། ཚེ་དཔག་མེད་ཀྱི་དབང། རྡོར་སེམས་བླ་མེད་ལུགས་དང། མགོན་ཆོས་རྒྱལ་བེག་ཙེའི་རྗེས་གནང་སོགས་ཆོས་བཀའ་རིམ་པར་གནང་བ་ལ་བླ་གྲྭ་སུམ་བརྒྱ་ལྷག་རེ་འདུས། དགེ་བའི་བཤེས་གཉེན་ཨ་རིག་ར་ཡོབ་སྤྲུལ་སྐུའམ་གསེར་ཁང་ཚང་ཞེས་གྲགས་པས་ཆེད་དུ་གསོལ་བ་བཏབ་པ་བཞིན་ཉིན་གསུམ་གྱི་རིང་ལམ་གཙོའི་ཁྲིད་རྒྱས་པ་དང། བྱམས་པ་ལུང་སྟོན་མའི་མདུན་ནས་སེམས་བསྐྱེད་མཆོད་པ་ཡང་གནང། དེ་ནས་ཟླ་བ་དྲུག་པ་བར་དུ་བཅད་རྒྱ་མཛད་ཅིང། རེབ་ཙ་ཞབས་དྲུང་དཀོན་མཆོག་ཡར་འཕེལ་གྱིས་རང་ལ་འབྲེལ་ཐོགས་ཐམས་ཅད་རྒྱལ་བ་དགྱེས་པའི་ལམ་དང་མི་འབྲལ་ཞིང། འདི་སྣང་འགག་མ་ཐག་ཏུ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ཚིག་ཡན་ལག་བདུན་པ་དང་འབྲེལ་བ་ཞིག་བཅུ་གསུམ་གྱི་ཉིན་གསུང་དགོས་ཞེས་གསུམ་པའི་ཚེས་ལྔའི་ཉིན་ཞུས་པར་དེ་བྱེད་ཀྱང། འོད་དཔག་མེད་ཀྱི་གོས་སྐུ་ཞིག་བཞེང་རྒྱུའི་སྐྱ་ཐིག་སྔ་མྱུར་ལ་བཏབ་ན་བསམ་ཡང། ཉི་མ་རེ་རེ་བཞིན་ཁ་བ་འབབ་པ་འདིས་སྟབས་མི་འགྲིག་པས་སྐྱ་ཐིག་འདེབས་ཉིན་ནམ་ཡིན་ཀྱང་རོགས་བྱེད་དགོས་


GTD008_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པར། དེ་ནས་བཟུང་ཁ་བ་མ་ཆད། བཅུ་གསུམ་གྱི་ནངས་པར་སྐད་གནང་སྟེ། ཞབས་ཕྱིར་ཁྲིད་ནས་ཀླུ་ཐང་ལ་བྱོན། ཞལ་རས་ཀྱི་ཐིག་བཏབ་མ་ཐག །དེ་རིང་ཁྱོད་ཀྱི་སྐར་མ་དང་འགྲིག་སོང་བ་དེ་ང་རང་ཚོ་སྨོན་ལམ་ལྷན་ཅིག་པའི་རྟགས་ཡིན་པས་འདྲི་དགོས་གསུངས་ནས་དེ་ཉིད་དུ་ཕྱག་བྲིས་མཛད་དེ་ལུང་ཡང་གནང། ཕྱིས་སུ་ལུང་གནང་སྐབས་ཤིག་ཀྱང་གསུང་བཤད་དང་སྦྲགས་ནས་སྔར་གྱི་རྒྱུ་མཚན་དང་བཅས་ཆོས་ཉན་པ་མང་ལ་སྩལ། དེ་ཉིན་ཀླུ་ཐང་དེར་ཐོག་མར་ཞལ་ནུབ་ལ་ཕྱོགས་ཏེ་ཐིག་བཏབ་རིང། ལྗོན་ཤིང་ཕྲེང་བསྒྲིགས་པ་ལ་གཟིགས་ནས། རིན་ཆེན་ཏ་ལའི་ཤིང་གི་ཕྲེང་བ་ཡིས། །ཡོངས་སུ་བསྐོར་བ་སྐར་མས་ཟླ་བ་བཞིན། །ཞེས་པ་འདི་ཡིན་ཞེས་གསུངས། དྲུག་པའི་ཚེས་ལ་གོས་སྐུ་གྲུབ་སྟེ་བཟོ་བོ་རྣམས་ཡོན་གྱིས་ཚིམ་པར་མཛད། འདི་ལོ་ཐོག་སེར་འཚུབ་ཅིང་མོ་རྩིས་པས་ཉི་མ་འདི་དང་འདིར་ངན་ཟེར་ཚད་ལ་ཐིག་པ་བྱུང། ལྷག་པར་བཅོ་བརྒྱད་ལ་ཤིན་ཏུ་ངན་ཅིང་བཟློག་ཐབས་དཀའ་ཟེར་བར་བཅོ་ལྔའི་ཉིན་རི་ཁྲོད་ནས་གནོད་པ་བཟློག་པའི་གསོ་སྦྱོང་མཛད་པ་དེ་ནས་བཟུང་སྟེ་གནམ་གཤིས་ཤིན་ཏུ་ལེགས་པ་བྱུང། སྤྱིར་སྐུ་ན་ཕྲ་བའི་དུས་ནས་བྱམས་པའི་ཏིང་ངེ་འཛིན་དང། རྣམ་པར་མི་རྟོག་པའི་ངང་དུ་བཞུགས་པས་གཞན་གྱི་གདུག་པའི་ནད་དང། སྨྱོ་འབོག་རིམས་ནད་ཐོག་སེར་སོགས་ཞི་ཞིང་ཆར་ཆུ་དུས་འབེབས་བྱུང་བ་ལྟ་བུ་ཤིན་ཏུ་མང་ལ། ལྕགས་མཁར་ཆེན་མོ་དང་བསྒྲལ་ཆོག་སྦྱིན་སྲེག་སོགས་ལ་ཐོད་བཅིངས་གནང་བ་དང། རུས་རྒྱན་བཞེས་སྐབས་སོགས་སུ་ཞལ་ལ་ལྟ་མི་ཕོད་པའི་ཟིལ་ཆེ་བས་ལྷའི་ང་རྒྱལ་དང་གསལ་སྣང་བརྟན་པོར་


GTD008_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

དཔོག་ནུས་པ་ནི་ཀུན་ལ་བསྙོན་མེད་དུ་གྲུབ་བོ། །ལྷག་པར་ལོ་ཀྱ་ཏུན་དུ་དང་པོ་ཕེབས་པའི་སྔ་ཕྱི་ཞིག་ནས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཟབ་མོའི་རོལ་པ་ལས་མི་གཡོ་བའི་སྐུའི་ཉམས་དང། དབང་རྗེས་གནང་སོགས་ཀྱི་སྐབས་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ངོ་སྤྲོད་དང་ཕྱག་བཞེས་གནང་ཚུལ་སོགས་ལ་དཔགས་ན་རྟོགས་པ་ཀློང་དུ་གྱུར་ཏེ་ཐུན་གྱི་དུས་བདེ་སྟོང་གི་གཟུང་རྣམ་ལྷར་འཆར་བ་དང། ཐུན་མཚམས་སུ་གང་སྣང་དག་པའི་རོལ་པར་བདེ་སྟོང་གི་རྒྱས་ཐེབས་པའི་འབྲས་རྟགས་མང་ངོ་། །མི་འགྱུར་བདེ་ཆེན་སྟོང་པའི་མཁའ་དབྱིངས་སུ། །ཅི་དགར་རོལ་པའི་རིག་སྔགས་དྲི་བཞོན་གྱིས། །ཐ་མལ་སྣང་ཞེན་སྤྲིན་ཚོགས་བསྐྲད་པ་ན། །ཉི་མ་བརྒྱ་ཕྲག་འབར་བཞིན་གཟི་བརྗིད་རྒྱས། །བྱིན་རླབས་བདུད་རྩིས་ཉེར་འཚེའི་ཟུག་རྔུ་འཇོམས། །ཐུགས་རྗེ་ཉིན་བྱེད་བདེ་སྐྱིད་པངྨོའི་གཉེན། །ཏིང་འཛིན་ལྕགས་ཀྱུས་སྲིད་ཞིའི་དཔལ་ཀུན་འགུགས། །མཐུ་སྟོབས་མེ་ལྕེས་མི་མཐུན་བུད་ཤིང་སྲེག །མཁས་བཙུན་གྲུབ་པའི་རྣམ་ཐར་ཟུང་དུ་འཇུག །གསང་གསུམ་འཕྲིན་ལས་དུས་ལས་ཡོལ་བ་མེད། །དང་སེམས་འཛིན་མར་ཕན་བདེའི་ཆར་བ་འབེབས། །དེང་འདིར་རྒྱལ་བའི་གདུང་འཚོབ་ཁྱོད་མིན་སུ། །དབྱར་ཞལ་བཞེས་མཛད་པའི་བར་སྐབས་ཤིག །མཛོད་དགེ་དཔོན་པོ་དཀོན་མཆོག་རབ་བརྟན་འཆི་ལ་ཐུག་པའི་ནད་གཞི་ཤིན་ཏུ་ལྕི་བ་བྱུང་སྟེ་ཨུ་ཚུགས་མཐར་སྐྱེལ་གྱིས་གདན་འདྲེན་ཞུས་པར་དབྱར་བྱིན་རླབས་གནང་སྟེ་ཞག་གཅིག་གིས་དགོན་གསར་དུ་འབྱོར་བ་གནང། རིམ་གྲོ་རྗེས་གནང་དང་བྱད་གྲོལ་གནང་ཙམ་གྱིས་ནད་ལས་གྲོལ་ཏེ་ཕྱིར་ཕེབས་སྐབས་ཆིབས་སྐྱེལ་བྱེད་ཐུབ་པས་བྱིན་རླབས་ཀྱི་བདེན་པ་མངོན་དུ་གྱུར། ཞག་དྲུག་པའི་ཉིན་རི་


GTD008_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་དུ་འབྱོར་པ་གནང། སེར་བཟང་སྤྲུལ་སྐུ་ནས་ཞུས་ངོར་དོན་གཉེར་བ་འགའ་ཞིག་ལ་བདེ་མཆོག་ལཱུ་ཨི་པ་དང་ལྷ་ལྔ། ལུས་དཀྱིལ། ཚེ་དཔག་མེད། གདུགས་དཀར་བཅས་ཀྱི་དབང་ལུང་མང་དུ་སྩལ། དབྱར་གནས་གྲོལ་ནས་དགོན་པར་བྱོན་ཏེ་བླ་མཆོད་དང་ཕྱག་ཆེན་སྦྲགས་མའི་ཁྲིད། དཔའ་གཅིག་གི་དབང་སོགས་ཆོས་བཀའ་འགའ་ཞིག་གནང། རྣམ་རྒྱལ་སྟོང་མཆོད་ཀྱི་ཚོགས་དབུར་སྔ་ཕྱིར་ལན་ཁ་ཤས་བྱོན་པ་མ་གཏོགས་ལོ་མཇུག་བར་དུ་བཅད་རྒྱ་མཛད། སྔ་ཕྱིར་བསྒྲུབ་བྱ་བརྒྱ་དང་ཉེར་གསུམ་བསྙེན་རྫོགས་དང། བརྒྱད་ཅུ་དགེ་ཚུལ་དུ་བསྒྲུབས། ལོ་འདིར་རྗེ་ཉིད་ཀྱིས་མཛད་པའི་ག་ཏེའི་འགྲེལ་པར། འདི་ལྟ་སྟེ་ཞེས་པ་མཛད་པ་པོའི་ཆེ་བ་དང། ཆོས་ཀྱི་ཆེ་བ་དགོས་སོགས་བཞི། སོང་ཞིག་ཅེས་པ་བདེན་པ་བཞི་ལ་སྦྱར་བ་སོགས་མདོར་ན། ཇི་ལྟར་བཤད་ཀྱང་ལུང་རིགས་ཀྱིས་གྲུབ་པའི་འཐད་ལྡན་གང་འདོད་དུ་འཆད་ནུས་པ་ནི་གསུང་རབ་ལ་ནང་བྱན་ཆུད་པའི་རྣམ་ཐར་ལ་བསྙོན་དུ་མེད་པ་ནི་ག་ཏེའི་འགྲེལ་པ་བཀླག་པ་ཙམ་གྱིས་ཤེས་ལ། དེའི་མཛད་བྱང་དུ་ཐུབ་པ་ཀུན་གྱི་ཡེ་ཤེས་ཀྱི་སྐུ་ཅན་ཡབ་གཅིག་འཇིགས་མེད་དབང་པོའི་ཞབས་ལ་གསོལ་བ་ནན་ཆེར་བཏབ་པས་གོ་ལུགས་འདི་འདྲ་བྱུང། ཞེས་པའི་ངོ་མཚར་གྱི་གནས་དཔྱོད་ལྡན་རྣམས་ཀྱིས་དགོངས་པར་ཞུ། དགུང་ལོ་ང་དྲུག་པ་མེ་གླང་ལོ་གསར་གྱི་ཚེས་ལ་བྱང་འགྲུལ་མང་པོར་ཚེམ་བུ་དམར་ཁྲིད། ལམ་རིམ་བསྡུས་དོན་གྱི་ཁྲིད། སིན་དྷུ་རའི་དཀྱིལ་འཁོར་དུ་མཁའ་སྤྱོད་མའི་བྱིན་རླབས། ཐུགས་རྗེ་ཆེན་པོའི་རྗེས་གནང། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང། སྒྲོལ་དཀར་རྣམ་རྒྱལ་མ་སོགས་ཀྱི་རྗེས་གནང་དང། ལྗགས་ལུང་ཐོར་


GTD008_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡང་མང་དུ་སྩལ། སྔ་ཕྱིར་སྐུ་བརྙན་དང་གསུང་རབ་ཀྱི་གླེགས་བམ་ཕུལ་བ་དང་བཞེངས་པ་རྣམས་བསྒྲིགས་ཏེ་བླ་བྲང་ཐུབ་བསྟན་སྐྱེད་ཚལ་དུ། གསུང་རབ་ལྷ་ཁང་དང། ལི་མ་ལྷ་ཁང་ལྔ་དྲུག་ཙམ་བསྐྲུན། བསླུ་མེད་རིན་ཆེན་གསུམ་གྱི་བྱིན་རྟེན་བགྲང་ལས་འདས་པ་ཚར་དུ་དངར་བའི་མཐུ་ལས་བྱིན་རླབས་ཀྱི་ཟ་མ་ཏོག་ཏུ་རྒྱལ་བ་སྲས་དང་བཅས་པའི་འཕྲིན་ལས་དཔལ་དང་གཡང་དུ་འཁྱིལ་ཏེ། གང་དང་གང་གིས་མཐོང་ཙམ་གྱིས་ཀྱང་སྣང་བ་འགྱུར་ཞིང་དད་པའི་མེ་ལོང་སྒྲིབ་པའི་གཡའ་དང་བྲལ་ནས་ཡོན་ཏན་གྱི་རི་མོ་རྣམ་པར་བཀྲ་བར་བྱེད་དོ། །ནོར་བུའི་འོད་འབར་གྲངས་མེད་རྒྱལ་བའི་སྐུ། །བྱེ་བ་ཕྲག་བརྒྱ་ཚར་དུ་དངར་བ་ཡིས། །རྨད་བྱུང་ངོ་མཚར་ཕུང་པོའི་རི་མོ་ནི། །པིར་གྱིས་བྲིས་མིན་འཇའ་ཚོན་བཞིན་དུ་བཀྲ། །བཅུ་གསུམ་གྱི་ཉིན་འོད་དཔག་མེད་ཀྱི་གོས་སྐུ་གསར་དུ་ཞལ་ཕྱེ། ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་ནས་གཙོ་མཛད། དགེ་འདུན་མང་དང་ལྷན་ཅིག་ཏུ་སྤྱན་འདྲེན་ཁྲུས་གསོལ་དང། བསྟན་འགྲོའི་དོན་དུ་བསྔོ་སྨོན་རྣམ་དག་གི་མཚམས་སྦྱོར་གནང་སྟེ་གོས་སྐུ་འདུ་ཁང་ཡང་རྩེར་གདན་དྲངས། དོན་གཉེར་བ་འགའ་ཞིག་ལ་འདོད་ཆོས་ཕྲན་ཚེགས་གནང་ནས་བཅད་རྒྱ་ལ་བཞུགས། ཐུབ་དབང་གི་གོས་སྐུ་གསར་བཞེངས་མཛད། བཞི་པའི་ཚེས་ལ་བདེ་མཆོག་རང་བྱོན་མཇལ་བར་ཕེབས། ལམ་བར་ནས་སྟག་ལུང་དགོན་དུ་གདན་དྲངས་པར་ལྷ་ཁང་སོ་སོར་རྟེན་མཇལ་དང། དགོན་པར་མང་འགྱེད་སྤྱི་འཇོག་སྤམ་མཐོ་བ་གནང། བསྒྲུབ་བྱ་བཅུ་བསྙེན་རྫོགས་ལ་བཀོད་ཅིང། བདེ་མཆོག་ལཱུ་ཨི་པ་དང་གདུགས་དཀར་ལྷ་བཅུ་བདུན་མའི་དབང་གནང། ཨ་འགང་དགོན་དུ་གདན་དྲངས་པ་ལྟར་བྱོན་ཞིང་


GTD008_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་སྦྱོང་ལ་སོ་ཐར་གྱི་མདོ་གསུངས། བཅུ་གཅིག་ཞལ་གྱི་དབང་སྟ་གོན་དང་བཅས་པ་སྩལ། བཅུ་དྲུག་ལ་ལོ་ཀྱ་ཏུན་ཏུ་འབྱོར། བཅུ་བདུན་གྱི་སྔ་དྲོ་བདེ་མཆོག་གི་བདག་འཇུག་གནང་སྟེ་ཕྱི་དྲོ་ནས་ཉེར་ལྔའི་བར་དུ་བཅད་རྒྱ་དམ་པོ་མཛད། ཉེར་ལྔའི་ཉིན་ལྷ་དང་མཁའ་འགྲོ་དགྱེས་པ་བསྐྱེད་པའི་ཕྱིར་དུ་བཟའ་བཅའ་བཏུང་བའི་ཚོགས་བསམ་གྱིས་མི་ཁྱབ་པ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས་ཚོགས་འཁོར་བརྒྱ་རྩ་ཕུལ་ཏེ་ཚིམ་པ་དྲུག་ལྡན་དུ་རོལ། བསྔོ་སྨོན་གྱི་མཚམས་སྦྱོར་ནན་ཏན་དང། བཀྲ་ཤིས་ཀྱི་གླུ་དབྱངས་བརྗོད་དེ་མེ་ཏོག་གི་ཆར་ཕབས། ཟུང་འཇུག་རྡོ་རྗེའི་སྐུ་བརྙེས་ཕམ་མཐིང་པའི། །ཡེ་ཤེས་སྒྱུ་མའི་རོལ་པ་བརྟན་གཡོའི་གར། །ཅིར་ཡང་འཆར་བ་དག་པའི་གཞལ་ཡས་སུ། །བདེ་སྟོང་ཆོས་སྐུའི་རྣམ་འགྱུར་འབུམ་གྱིས་རྩེན། །ཡིད་འོང་བཟའ་བཅའ་བཏུང་བ་རྣམ་མང་པོ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །ཧེ་རུ་ཀ་དཔལ་དཔའ་བོ་མཁའ་འགྲོའི་ཚོགས། །བདེ་ཆེན་ཉམས་བརྒྱས་གླུ་གར་མཆོད་པས་བྲེལ། །གཞི་བྱེས་ཀྱི་དགེ་འདུན་རྣམས་དང། མཇལ་མང་ལ་འདུ་ཁང་ནས་ཕྱག་དབང་དང། ཆོས་འབྲེལ་འདོད་མོས་བཞིན་དང་མང་འགྱེད་ཀྱང་གནང། མཆོད་རྟེན་དཀར་པོ་དང་ཨ་འགང་དགོན། བྱམས་སྤྲིན་གླིང་སོགས་སུ་གདན་དྲངས་པར་འདོད་མོས་ཀྱི་ཆོས་བཀའ་མང་འགྱེད་དང་བཅས་པ་གནང། མགོ་མོག་དགོན་པར་གདན་དྲངས་པ་ལྟར་གསོ་སྦྱོང་གི་མགོན་དུ་ཕེབས་ཤིང། འཇིགས་བྱེད་ཀྱི་དབང། བཅུ་གཅིག་ཞལ་གྱི་རྗེས་གནང་བཅས་སྩལ། བསྒྲུབ་བྱ་བཅུ་དྲུག་བསྙེན་རྫོགས་ལ་བཀོད་ཅིང། འགྱེད་སྤྱི་འཇོག་དང་


GTD008_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་བསྟར། ལམ་བར་ནས་གང་ཕེབས་སུ་ཆིབས་བསུ་སྐྱེལ། ཇ་ཐབ། ཕྱག་དབང། འཕོ་ལུང་བསྔོ་ཞུས་སོགས་བར་མ་ཆད་པ་ཡོད་ཀྱང་བྲིར་མ་ལང། གདན་སར་བྱོན་ནས་བླ་གྲྭ་མང་པོར་འདུལ་བའི་སྡོམ་ཚིག་གི་བཤད་ལུང། རྗེའི་བསྟོད་འགྲེལ་གྱི་བཤད་ལུང། བླ་མ་མཆོད་པའི་ཁྲིད། བཀའ་རྩོམ་དུ་མའི་ལུང། རྣམ་རྒྱལ་སྟོང་མཆོད་དང་ཁྲི་མཆོད་ཀྱི་ཚོགས་དབུ། བསྙེན་རྫོགས་སོགས་བསྟན་པའི་བྱ་བ་འབའ་ཞིག་ལ་གཞོལ། ལྔ་པའི་ཉི་ཤུ་ལ་དངུལ་སྲང་བཞི་བརྒྱ་སྐོར་ལས་བསྒྲུབ་པའི་ཐུབ་པའི་གོས་སྐུ་ཁྱད་འཕགས་ལེགས་པར་གྲུབ་སྟེ་མཛོད་དགེ་དགོན་དུ་གདན་དྲངས། སྤྱན་དབྱེའི་ཆོ་ག་དང་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་ཁྲུས་གསོལ་སྨོན་ལམ་བསྟན་འབར་མ་བཅས་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་ཐུགས་སྨོན་ནན་ཏན་མཛད། སྐོང་བུ་ནང་ཁྱ་དགེ་སྤྲུལ་སྐུ་སོགས་བསྒྲུབ་བྱ་དོན་བདུན་བསྙེན་རྫོགས་སུ་བསྒྲུབས། འཇིགས་བྱེད་བཅུ་གསུམ་མའི་དབང། ཆོས་སྐྱོང་འགའ་ཞིག་གི་རྗེས་གནང། སྐྱབས་འགྲོའི་ཁྲིད། ལུང་ཐོར་བུ་མང་དུ་གནང། ཞག་དགུའི་རིང་ལ་བཅད་རྒྱ་མཛད། རྐང་ཚ་དགོན་པས་སྔ་ཕྱིར་གདན་འདྲེན་ནན་ཆེ་བ་ལྟར་བྱོན་ནས་བླ་གྲྭ་བཞི་བརྒྱ་ལྷག་སེར་སྐྱ་སྟོང་ལྷག་གི་ཁྲོམ་ཆེན་པོར་བླ་མཆོད་ཀྱི་ཁྲིད། ཚེ་དཔག་མེད་ཀྱི་དབང། གདུགས་དཀར། སེང་གདོང་མ། རྟ་མགྲིན་གསང་སྒྲུབ་རྣམས་ཀྱི་རྗེས་གནང། བདེ་ལམ་ཚིགས་བཅད་མའི་ལུང། བསྒྲུབ་བྱ་བཅོ་བརྒྱད་དགེ་ཚུལ་དུ་བསྒྲུབས་ཤིང། དོང་ཚེ་ཞོ་ལྔ་རེ་དང་ཞོ་དར་རེའི་འགྱེད་བསྟར། དེར་ཁྲི་བྱམས་པ་རྒྱ་མཚོའི་ནང་རྟེན་གྱི་རིགས་བཞུགས་པ་ལ་རྟེན་མཇལ་དང་ཀུན་ལ་བྱིན་རླབས་སྩལ། ཐེ་བོའི་


GTD008_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་ཚན་ལ་ཕེབས་ལམ་དུ། བྲག་མགོན་བཀྲ་ཤིས་ལྷ་སྡིངས་ཀྱི་རི་ཁྲོད་དུ་བཞུགས་ཞག་ངོས། ཀུན་ལ་ཕྱག་དབང་ཆོས་འབྲེལ་དང། བསྒྲུབ་བྱ་བཅུ་དྲུག་བསྙེན་རྫོགས་གནང། བྲག་ལུང་རི་ཁྲོད་དུ་གདན་དྲངས་པར་འདུ་ཁང་ནས་བཀྲ་ཤིས་ཀྱི་གསོ་སྦྱོང་དང། དགེ་འདུན་རྣམས་ལ་ཕྱག་དབང་ཆོས་འབྲེལ་མང་འགྱེད་བཅས་སྩལ། ཚ་མདོ་དགོན་པས་ཐབ་བསུ་ཞུས་པར། ཕྱག་དབང་ཆོས་འབྲེལ་མང་འགྱེད་བཅས་གནང། རེབ་ཚ་རྒྱལ་མོ་དགོན་བསམ་འགྲུབ་གླིང་དུ། ལྷ་ཁང་གསར་པ་རྟེན་དང་བརྟེན་པར་རབ་གནས། ལམ་རིམ་བསྡུས་དོན་གྱི་ཁྲིད། ཐུགས་རྗེ་ཆེན་པོའི་དབང། མང་འགྱེད་སྤྱི་འཇོག་བཅས་དང་ཞག་གསུམ་བཞུགས། དེར་རྗེ་ཙོང་ཁ་པའི་དབུ་སྐྲ་བུབ་ཚང་བཞུགས་པའི་རྗེ་གྱེ་རེ་མར་གྲགས་པ་རྟེན་གཙོ་བྱིན་རླབས་ཅན་དེ་ཀུན་དགའ་ར་བའི་མཐོ་སར་བཞུགས་པ་ལ་སྙན་ཤལ་རྒྱང་ནས་འཕང་བ་དབུ་གདུགས་ལ་ཕོག་པས་གཡས་སྐོར་དུ་འཁོར་ཞིང། སྙན་དར་སྐུ་གཟུགས་ཀྱི་མགུལ་དུ་དར་དཔྱངས་ཀྱི་ཚུལ་དུ་གཡས་གཡོན་རིང་ཐུང་མེད་པར་བབས་པས་དེར་འཚོགས་ཐམས་ཅད་དད་པ་ཐོབ། ཀླུ་ཆུང་རྒྱ་མཁར་དགོན་དགའ་ལྡན་ཕུན་ཚོགས་གླིང་དུ་གདན་དྲངས་པ་ལྟར་བྱོན་ཞིང་ཆོས་འབྲེལ་གནང། སྨན་ཆུ་ཁར་ཆབ་ཚན་འཕྲོད་བསྟེན་གྱི་ཞར་ལ། བསྒྲུབ་བྱ་འགའ་ཞིག་བསྙེན་རྫོགས་དང། འདོད་ཆོས་མོས་པ་བཞིན་མཛད། དེ་ནས་ཆས་པ་གཤོང་བརྒྱུད་དེ་བྱོན་པར་བརྒྱ་མཆོད་རི་ཁྲོད་དང་སྡེ་པས་ཐབ་བསུ་ཞུས་ཤིང། རྒྱལ་ཏེའུ་མགོའི་དགོན་པར་བཞུགས། ཐུགས་རྗེ་ཆེན་པོའི་དབང་དང་མང་འགྱེད་དཔེ་འགྲེ་གནང། གང་དང་གང་དུ་ཞབས་


GTD008_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

སེན་བཀྲ་ཤིས་ཀྱི་རི་མོ་བཀོད་པ་དེར་འཇའ་ཚོན་ཤར་བ་དང་འཁྲུག་ལོང་ཞི་བ་དང། ལོ་ལེགས་པ་སོགས་བཀྲ་ཤིས་དང་དགེ་ལེགས་ཀྱི་དགའ་སྟོན་ཡར་ཚེས་ཀྱི་འཕེལ་བ་ལ་འགྲན་པ་འཕྲལ་དང་འཕྲལ་དུ་རྒྱ་ལས་རྒྱ་ཡི་འབུར་གསལ་བ་ལྟ་བུ་བྱུང་བའི་ལོ་རྒྱུས་མང་ཡང་བྲི་མ་ནུས་སོ། །ཆས་པ་དར་དགེ་དགོན་དུ་བྱོན། ལྷ་ཁང་གསར་པ་དཔག་བསམ་འཁྲི་ཤིང་སོགས་རབ་གནས་དང། ལུང་རྗེས་གནང། མང་འགྱེད་སོགས་ཀྱིས་ཚིམ་པར་མཛད། དེ་ནས་ཐབ་བསུ་ཁ་ཤས། ཆིབས་བསུ་སེར་སྦྲེང་དང་བཅས་ཏེ་བདེ་ཐང་ཆོས་འཁོར་གླིང་དུ་བབས། བླ་གྲྭ་འདུ་ཁང་དུ་མི་ཤོང་ཙམ་ལ་ལམ་རིམ་བསྡུས་དོན་གྱི་ཁྲིད། ཀུན་རིག་གི་དབང་སྟ་གོན་དང་བཅས་པ། སྤྲུལ་སྐུ་གཉིས་ལ་དགེ་ཚུལ་གྱི་སྡོམ་པ་དང། སྒེར་དུ་འཇམ་དབྱངས་དཀར་པོ་དང་སྒྲོལ་དཀར་གྱི་རྗེས་གནང་སྩལ། དངོས་འབུལ་ཤིན་ཏུ་སྤམ་མཐོ་བ་བཏེག་སྟེ་བཞེས་དགོས་ནན་ཆེ་རུང་རྒྱུ་མཚན་དང་བཅས་ཕྱིར་སློག་སྟེ་མང་འགྱེད་གྱ་ནོམ་པ་གནང། ཆས་པ་རྒྱ་མཁར་དགོན་ཕུན་ཚོགས་ཐར་པ་གླིང་དུ་གདན་དྲངས་པ་ལྟར་བྱོན་ཞིང། དཔའ་གཅིག་གི་དབང་དང། མང་འགྱེད། ཨ་འཁོར་བྲག་དཀར་རི་ཁྲོད་བྱང་ཆུབ་གླིང་དུ་ཞག་གཅིག་བཞུགས་ཤིང། རྡོར་གཅོད་ཀྱི་ལུང་སོགས་དང། མང་འགྱེད་དེ་མཚུངས་སྕལ། དེ་ནས་དགོན་གསར་དུ་ཕྱག་ཕེབས་ཏེ་ཞག་ཁ་ཤས་ཀྱི་རིང་འཇིགས་བྱེད་བསྐྱེད་རིམ་གྱི་ཁྲིད་སོགས་ཆོས་བཀའ་འགའ་ཞིག་གནང། ཆོས་རྫོང་དགོན་དུ་གདན་དྲངས་པར་འཇིགས་བྱེད་ཡུམ་བཅས་ཀྱི་རྗེས་གནང། སེར་སྐྱའི་ཁྲོམ་ཆེན་པོར་འཕོ་བ་ཕྱག་དབང། མང་འགྱེད་བཅས་སྩལ། འབུལ་བ་ཕྱིར་སློག་པ་སོགས་དུས་རྒྱུན་ལྟར་མཛད། ཞལ་ནས་དེང་སང་བྲེལ་བ་བཅད་ནས་དགེ་སྦྱོར་གྱི་ཁུལ་ཡིན་


GTD008_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

རུང། དགོས་པའི་དབང་གིས་ཆབ་ཚན་གྱི་ཞར་ལ་ལྷོ་ཕྱོགས་ཀྱི་དགོན་པ་ཐམས་ཅད་ལ་རེ་རེ་སོང་བ་ཡིན། འབུལ་བ་བླངས་ན་གྲོང་ཆོག་དང་དོན་གཅིག་པས་རི་ཁྲོད་ཀྱི་ཐ་སྙད་ཞིག་འགྲོ། ཞར་ལ་དགེ་འདུན་པ་ཐམས་ཅད་ལ་མང་འགྱེད་ཀྱི་འབྲེལ་ཐེབས་པ་སྐལ་བ་བཟང་གསུངས། དུས་རྒྱུན་དུ་དགོན་པ་སོ་སོའི་མདོ་སྔགས་ཀྱི་བསྟན་སྲོལ་དང། བྱ་བ་ལས་ཀྱི་འཁོར་ལོ་ལ་བཀོད་ཁྱབ་མཛད་པས་སོ་སོའི་རེ་བ་སྐོང་བར་མཛད་ཅིང། ཞལ་ནས་ཀྱང། ཀུན་མཁྱེན་བླ་མས་སངས་རྒྱས་ཀྱི་བསྟན་པའི་འབྲས་བུ་འཕེལ་བའི་ཕྱིར་ཆོས་ཀྱི་ལྗོན་ཤིང་གི་དགོན་པ་མང་པོ་བཏབ་པ་ཡིན། བཀྲ་ཤིས་འཁྱིལ་ནི་ལྗོན་པའི་རྩ་བ་ལྟ་བུ་དང། དགོན་ལག་གཞན་རྣམས་ཡལ་ག་ལྟ་བུ་ཡིན་པས། འབྲས་བུ་ཆགས་པ་ལ་གལ་ཆེ་མཉམ་ཡིན་གསུངས། སྣ་ཚོགས་མོས་ལྡན་རིས་མེད་གདུལ་བྱ་ཡི། །བཅུ་གཉིས་ཁྱིམ་གྱི་འཁོར་ལོ་དང་འཚམ་པར། །རྒྱལ་ཀུན་འཕྲིན་ལས་ཉི་ཟླ་རྒྱུ་སྐར་གྱི། །བགྲོད་པ་རྫོགས་པ་གང་ཐུགས་ལྷ་ལམ་ནས། །བཤད་སྒྲུབ་ཟུང་འཇུག་ཉི་གཞོན་འཆར་བའི་འོད། །སྙིང་བརྩེའི་གསེར་ཞུན་རྒྱུན་དུ་འབབ་པ་ཡིས། །མཐའ་བྲལ་ནོར་འཛིན་ཁྱོན་ལ་ཉེར་བྲིས་པའི། །ཡོན་ཏན་གླེགས་བམ་ཡོངས་རྫོགས་རྒྱལ་ཀུན་ཡུལ། །བརྒྱད་པའི་ཚེས་ལྔ་ལ་གདན་སར་བབས་ནས་བསྙེན་རྫོགས་དང། རྣམ་རྒྱལ་མཆོད་པ་འགའ་མ་གཏོགས་དགུ་པའི་ཟླ་མཇུག་བར་དུ་བཅད་རྒྱ་མཛད། རོང་པོ་ནས་སླར་ཡང་འཁྲུགས་པ་སློང་སྐད་དང། ལན་ཇུའི་ཙུན་ཏུ་གཟུ་ཆིངས་ལ་འོང་སྐད་སོགས་འུར་ཟིང་ཆེ་བར་བརྟེན། དགུ་པའི་ཉེར་བཞིའི་ཉིན་གཏོར་ཆེན་སྨད་རྒྱུད་ལྟར་བརྩེགས་ནས་ཉིན་


GTD008_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་མགོན་པོའི་གཏོར་ཆེན་བསྒྲུབས། སླར་ཡང་ཉེར་བདུན་གྱི་ཉིན་གཏོར་ཆེན་བརྩེགས་ནས་ཉིན་གཉིས་ལ་གཏོར་ཆེན་སྨད་རྒྱུད་ལྟར་བསྒྲུབ་པའི་ཚོགས་དབུར་བར་མ་ཆད་པར་བྱོན། བླ་མ་ཁྲི་གདན་ཟུར་དང། གྲྭ་མང་ཡང་གདན་འཛོམ་སྟེ་ཐུགས་འདུན་ཆིག་དྲིལ་མཛད་པས་དར་འཇམ་ཡུག་གཅིག་ལ་སོང། གཏོར་ཆེན་གྱི་རྗེས་ཤིག་གསུང་འཕྲོས་ཀྱི་ཞར་ལ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང། ལས་འབྲས་ཀྱི་བླང་དོར་དང་འགལ་བར་མ་བྱས། སངས་རྒྱས་ཀྱི་བསྟན་པ་ལ་གཅེས་སྤྲས་བྱས་ན་ཆོས་སྐྱོང་དབང་མེད་དུ་འཁོར་དགོས་པ་དམ་ཚིག་རེད་མོད། རེབ་ཙ་བཀའ་འགྱུར་བ་ངག་དབང་བློ་བཟང་ཉི་མ་བཞུགས་དུས་བྲག་ལུང་རི་ཁྲོད་པ་ཚོའི་ཁང་པ་ལ་སྒོ་ལྕགས་མི་དགོས་པ་རེད། སྒྲུབ་པ་པོ་ངོ་མ་རང་ཡིན་པའི་རྟགས་རེད། དེ་བཞིན་དུ་སྒྲིག་ལམ་དང་འཆད་ཉན་ལ་འབད་དགོས། ཐམས་ཅད་དེ་ལ་རག་ལས་གསུངས། དམུ་དགེ་ཕ་མཐའ་སྤྲུལ་སྐུ་སོགས་ལ། ལྷོ་བྲག་སྙན་བརྒྱུད་ཀྱི་རྗེས་གནང། དུག་དབང་རྨ་བྱ་རྒྱས་པ་སོགས་གནང། ལོ་འདིར་གཞི་བྱེས་སུ་བསྙེན་རྫོགས་སུམ་བརྒྱ་བཅུ་གཉིས། རབ་བྱུང་དགེ་ཚུལ་རེ་དགུ་བསྒྲུབས་ཏེ་མངོན་མཐོ་ངེས་ལེགས་ཀྱི་ཟམ་པ་བརྟན་པར་མཛད། དགུང་ལོ་ང་བདུན་པ་ས་སྟག་གི་དཔྱིད་བདེ་ལམ་གྱི་ཁྲིད་སྨིན་རྒྱས་ལན་གཉིས། བླ་མ་མཆོད་པའི་ཁྲིད། སྙིང་པོ་དོན་གསུམ་གྱི་ཁྲིད། ཚེམ་བུ་དམར་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། འཇིགས་བྱེད་དཔའ་གཅིག་གི་དབང་ལན་གཉིས། བསྐྱེད་རྫོགས་ཀྱི་ཁྲིད། དྲིལ་བུ་ལྷ་ལྔ་དང། ལུས་དཀྱིལ་གྱི་དབང་བསྐྱར་མ་སོགས་བར་མ་ཆད་དང། རྣམ་རྒྱལ་ཁྲི་མཆོད། རབ་བྱུང་བསྙེན་རྫོགས་སོགས་


GTD008_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མཚན་ཁོར་མོ་ཡུག་ཏུ་གནང། བཞི་པའི་ཚེས་གཅིག་ནས། ༸ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེར་མི་ཏྲ་རྡོར་འཕྲེང་གཉིས་ཀྱི་དབང་ཡོངས་རྫོགས་ཆ་ཚང་བར་ཕུལ་ཞིང། བར་སྐབས་སུ་ཡང་བསྙེན་རྫོགས་དང་རྣམ་རྒྱལ་མཆོད་པའི་ཚོགས་དབུ་ལན་ཁ་ཤས་མཛད། ལྷ་ལམ་མ་ཡིན་འཇམ་དབྱངས་བླ་མའི་ཐུགས། །འབྲུག་སྒྲ་མ་ཡིན་འཆད་རྩོད་རྩོམ་པའི་གསུང། །སྦྲང་ཆར་མ་ཡིན་ཨ་བྷི་ཥིཉྩའི་ཆུ། །སྐྱེད་ཚལ་མ་ཡིན་བསྟན་འགྲོའི་དཔལ་དུ་སྨིན། །འཇམ་དཔལ་ཞི་ཁྲོའི་གར་ཐབས་བརྒྱ་ཕྲག་གིས། །བདེ་སྟོང་རྣོ་ལྡན་སྒྱུ་འཕྲུལ་དྲ་བའི་མདའ། །དབང་བཞིའི་གཞུ་མོར་སྦྱར་བས་སངས་རྒྱས་ལ། །བྱང་ཆུབ་རྡོ་རྗེས་མཆོད་ཆེན་སྩལ་བ་བཞིན། །སྲིད་གསུམ་འཇོམས་པའི་བི་ཥའི་དཔུང་བཅིལ་ཞིང། །དབྱངས་གསལ་མཐའ་ཅན་ཟབ་མོའི་རྒྱུད་ཀྱི་སྡེ། །བཤད་སྒྲུབ་སྦྲང་རྩིས་མྱོས་པའི་བུང་བའི་དབྱངས། །སྐལ་བཟང་སྙིང་དབུས་པད་མཚོར་དར་དིར་སྒྲོགས། །རིམ་གཉིས་ཀློང་འཁོར་ཆེས་ཟབ་ཅིང། །དངོས་གྲུབ་རིན་ཆེན་བྱེ་བས་གཏམས། །རྒྱུད་རྒྱལ་གདེངས་ཅན་རོལ་པའི་མཚོ། །རྒལ་བྱེད་དབང་གི་གྲུ་བོ་ཆེ། །ཡབ་སྲས་ཐུགས་བསྐྱེད་སྨོན་པའི་ཤུགས། །བསྐལ་པར་གོམས་པའི་མཐུན་པའི་རླུང། །དོན་ཡོད་ཞགས་པའི་འཁྲུལ་འཁོར་བཞིན། །ལྷུན་གྱིས་གྲུབ་འདི་ཨ་ཧོ་རྨད། །རྗེ་ཐུའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེ་ནས་བཀའ་ཆོས་གསན་རྒྱུར་ཡང་ཡང་གདན་འདྲེན་ཞུས་ཀྱང་རིམ་འགྱངས་སུ་སོང་བར། ལོ་འདིར་གདན་འདྲེན་པ་ནན་ཅན་ཡང་ཡང་འབྱོར་བས། ལྔ་པའི་ཉི་ཤུ་གཉིས་ལ་དགོན་ལུང་དུ་གདན་དྲངས་པ་ལྟར་བྱོན། ལམ་བར་ནས་གཅུ་འཁོར་དགོན། བེའུ་མདོ་


GTD008_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དགོན། ཀ་རིང་དགོན། ཀ་མདོ་དགོན་སོ་སོས་གདན་དྲངས། གང་ཞུས་ཀྱི་དབང་རྗེས་གནང། མང་འགྱེད། སྤྱི་འཇོག་སོགས་ཀྱིས་ཚིམ་པར་མཛད་བཞིན་པའི་ངང་ནས་དྲུག་པའི་ཚེས་བཞིའི་ཉིན་བླ་བྲང་བཀྲ་ཤིས་འོད་འབར་དུ་ཕྱག་ཕེབས། སྤྲུལ་བའི་སྐུ་རིན་པོ་ཆེར་ཐོག་མའི་ཕྱག་རྟེན་དུ་ནང་མཛོད། ལམ་རིམ་ཆེན་མོའི་ཕྱག་དཔེ། ཆིབས་ཆེན་ལེགས་པ་བཅས་ཕུལ། ཉིན་དེར་རྟོགས་བརྗོད་མདུན་ལེགས་མའི་ལུང་གནང་སྟེ་བཀའ་ཆོས་ཀྱི་དབུ་ཚུགས། ཚེས་ལྔའི་ཉིན་བྱམས་ཆོས་སྡེ་ལྔའི་ལུང། ཚེས་དྲུག་གི་ཉིན་དགོན་ལུང་ཚོགས་ཆེན་གྱི་གསུང་ཆོས་སྨོན་ལམ་གྱི་མགོན་དུ་གདན་དྲངས་པ་བཞིན་ཕེབས་ཤིང། ཕྱི་དྲོ་དབུ་མ་རིགས་ཚོགས་དྲུག་གི་ལུང་སྩལ། ཚེས་བདུན་ལ་སྣར་ཐང་བརྒྱ་རྩ་ནས་ཐུབ་དབང་གཙོ་རྐྱང་སོགས་རྗེས་གནང་ལྔ། ཚེས་བརྒྱད་ལ་འཇམ་དབྱངས་ཨ་ར་པ་ཙ་སོགས་རྗེས་གནང་བདུན། ཕྱི་དྲོ་བཞི་བརྒྱ་པ་དང་སྤྱོད་འཇུག་གི་ལུང། ཚེས་དགུའི་སྔ་དྲོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སོགས་ཀྱི་རྗེས་གནང་བདུན། ཕྱི་དྲོ་འགྲེལ་པ་དོན་གསལ་དང་སྡུད་པ་སྦྱར་ནས་བཤད་ལུང་གི་དབུ་ཚུགས། ཚེས་བཅུ་ལ་ལོ་གྱོན་མ་སོགས་རྗེས་གནང་བདུན། ཕྱི་དྲོ་བཤད་ལུང། འདན་མ་སྤྲུལ་བའི་སྐུ་སོགས་ལ་འཁོར་ཆེན་བསྐྱེད་རིམ་གྱི་ལུང། བཅུ་གཅིག་གི་སྔ་དྲོ་རྗེས་གནང་བདུན། ཕྱི་དྲོ་བཤད་ལུང། བཅུ་གཉིས་ཀྱི་སྔ་དྲོ་སྣར་ཐང་བརྒྱ་རྩའི་རྗེས་གནང་རྫོགས། གུང་ཐུན་ལ་གཞི་བྱེས་ཀྱི་བླ་གྲྭ་མང་པོར་རྟེན་འབྲེལ་བསྟོད་པའི་བཤད་ལུང། ཕྱི་དྲོ་སྐུ་མདུན་ལ་སྔ་མའི་བཤད་ལུང་གི་འཕྲོ། བཅུ་གསུམ་གྱི་སྔ་དྲོ་མཁྱེན་ཡངས་གླིང་ནས་བསྒྲུབ་བྱ་གྱ་དགུ་བསྙེན་རྫོགས་


GTD008_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྒྱད་དགེ་ཚུལ། ཕྱི་དྲོ་སྐུ་མདུན་ལ་བ་རི་བརྒྱ་རྩའི་མགོ་ནས་རྗེས་གནང་བཅུ། སྒྲུབ་ཐབས་རང་རང་གི་རྒྱ་གཞུང་གི་ལུང། བཅུ་བཞིར་བསྒྲུབ་བྱ་རེ་དགུ་བསྙེན་རྫོགས། ཕྱི་དྲོ་སྐུ་མདུན་ལ་རྗེས་གནང་བཅུ་གཅིག །མང་ལ་དྲག་པོ་སུམ་སྒྲིལ། ཆོས་སྤྱོད་གསལ་སྒྲོན། དགེ་ཚུལ་སློང་གི་ཕྱིར་བཅོས་རྣམས་ཀྱི་ལུང། བཅོ་ལྔའི་སྔ་དྲོ་རྗེས་གནང་བཅུ་གཅིག །མང་ལ་དཔའ་གཅིག་དབང་གི་སྟ་གོན། ཕྱི་དྲོ་འགྲེལ་པ་དོན་གསལ་དང་སྡུད་པའི་བཤད་ལུང་རྫོགས། བཅུ་དྲུག་གི་སྔ་དྲོ་རྗེས་གནང་བཅུ་གཅིག །ཚོགས་ཆེན་གྱི་ཚོགས་དབུར་གདན་དྲངས་ཏེ་བརྟན་བཞུགས་ཕུལ། ཚུལ་ཕེབས་འཕྲལ་བླ་གྲྭ་སུམ་བརྒྱ་སྐོར་ལ་དཔའ་གཅིག་གི་དབང། ཐུབ་དབང་གནས་བཅུས་བསྐོར་བ། སེང་ལྡེང་ནགས་སྒྲོལ། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་རྣམས་ཀྱི་རྗེས་གནང་སྩལ། བཅུ་བདུན་གྱི་སྔ་དྲོ་རྗེས་གནང་བཅུ་གཉིས། ཕྱི་དྲོ་ལྗགས་ལུང་ཁ་ཤས། བཅོ་བརྒྱད་ཀྱི་སྔ་དྲོ་ལྷ་ཁང་འདུ་ཁང་སོ་སོར་མཆོད་མཇལ་མཛད། ཕྱི་དྲོ་རྗེས་གནང་བཅུ་གཉིས། བཅུ་དགུའི་སྔ་དྲོ་རྗེས་གནང་བཅུ་གཅིག་གིས་བ་རི་བརྒྱ་རྩ་རྫོགས། གུང་ཐུན་མང་ལ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས། ཚེ་ལྷ་རྣམ་གསུམ། ཁྲོ་བོ་སྨེ་བརྩེགས། ནཱ་ག་རཀྴ་རྣམས་ཀྱི་རྗེས་གནང་དང་ལུང་ཐོར་བུ་འགའ་སྩལ། ཕྱི་དྲོ་སྐུ་མདུན་ལ་སྐྱེས་རབས་སོ་བཞི་པའི་ལུང་གི་དབུ་ཚུགས། ཉི་ཤུའི་སྔ་དྲོ་མགོན་པོ་བཅུ་གསུམ་གྱི་རྗེས་གནང་བདུན། ཕྱི་དྲོ་སྐྱེས་རབས་རྫོགས། ཉེར་གཅིག་གི་སྔ་དྲོ་བཀའ་བཅུ་གསུམ་སྙིང་ཞུགས་དང་བཅས་པ་གྲུབ། ཕྱི་དྲོ་ཆོས་ཆུང་བརྒྱ་རྩའི་ལུང་གི་དབུ་ཚུགས། ཉེར་གཉིས་ཀྱི་སྔ་དྲོ་མང་ལ་གཏུམ་པོ་ཁྱུང་ལྔ། ལོ་གྱོན་མ། ཤེར་ཕྱིན་མ་སེར་མོ་རྣམས་


GTD008_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེས་གནང། སྨན་ཆོག་བསྡུས་པའི་ལུང། ཕྱི་དྲོ་ཆོས་ཆུང་བརྒྱ་རྩ་གྲུབ། ཉེར་གསུམ་གྱི་སྔ་དྲོ་སྒྲུབ་ཐབས་རིན་འབྱུང་ནས་ཐུབ་པ་དམ་ཚིག་གསུམ་བཀོད། སྨན་བླ། ཀླུ་དབང་རྒྱལ་པོ། ཀྱཻ་རྡོར། དུས་འཁོར། གཤེད་དམར། སྤྱན་རས་གཟིགས་གསང་སྒྲུབ། ནམ་མཁའ་རྒྱལ་པོ། རྒྱལ་བ་རྒྱ་མཚོ་རྣམས་ཀྱི་རྗེས་གནང། གུང་ཐུན་མང་ལ་བྱིན་རླབས་སྤུང་ཞུས་ཀྱི་ཁྲིད། ཕྱི་དྲོ་བསྟོད་པ་བརྒྱ་ལྔ་བཅུ་པ། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་གྱི་ལུང། ཉེར་བཞིའི་སྔ་དྲོ་རིན་འབྱུང་ནས་ཕྱག་རྡོར་གཏུམ་ཆེན་དང་གཏུམ་ཆུང་གཉིས། རྟ་མགྲིན་ཤྭ་ན་བཞི་སྐོར། ལྕགས་རལ། མི་གཡོ་བ་དཀར་པོ། ཚེ་དཔག་མི་ཏྲ་ལུགས། འཆི་མེད་རྡོ་རྗེ་ལྷ་མོ། རྣམ་འཇོམས་ལྗང་གུ །རྣམ་འཇོམས་དཀར་པོ་བཅས་རྗེས་གནང་དགུ། གུང་ཐུན་སུམ་པ་བླ་བྲང་ནས་མཁན་སྤྲུལ་ཉིད་ཀྱིས་གཙོས་བླ་གྲྭ་ཧྲག་བསྡུས་ལ་དྲིལ་བུ་ལྷ་ལྔའི་དབང་གི་སྟ་གོན། ཕྱི་དྲོ་སྐུ་མདུན་ལ་མཛོད་རྩ་སོགས་ཀྱི་ལུང། ཉེར་ལྔའི་སྔ་དྲོ་རིན་འབྱུང་ནས་སྣ་ཚོགས་ཡུམ། སོར་འབྲང་མ། སྨེ་བརྩེགས་དུད་ཁ། སྨེ་བརྩེགས་ལྗང་གུ། སེང་གདོང་མ་སྔོན་མོ། ནཱ་ག་རཀྴ། འོད་དཔག་མེད། ཉེ་སྲས་བདུན་གྱི་རྗེས་གནང། གུང་ཐུན་ལ་སུམ་པ་བླ་བྲང་ནས་ལྷ་ལྔའི་དབང། ཕྱི་དྲོ་སྐུ་མདུན་ལ་སྔགས་ཆེན་དཀོན་རྒྱམ་པའི་ལམ་རིམ་ཚིགས་བཅད་མའི་ལུང། ཉེར་དྲུག་གི་སྔ་དྲོ་སུམ་པ་བླ་བྲང་དུ་ལུས་དཀྱིལ་གྱི་དབང། ཕྱི་དྲོ་སྐུ་མདུན་ལ་ཡོན་ཏན་གཞིར་གྱུར་མའི་ཁྲིད། ཉེར་བདུན་གྱི་སྔ་དྲོ་སྐུ་མདུན་ལ་བདེ་ལམ་གྱི་ཁྲིད་ཀྱི་དབུ་བཙུགས། གུང་ཐུན་ལ་གཞི་བྱེས་ཀྱི་བླ་གྲྭ་སུམ་སྟོང་བརྒལ་བར་ཀུན་རིག་དབང་གི་སྟ་གོན། ཉེར་བརྒྱད་ཀྱི་སྔ་དྲོ་བདེ་ལམ། གུང་ཐུན་ཚོགས་ཆེན་ལ་ཀུན་རིག་གི་དབང། ཕྱི་དྲོ་བདེ་ལམ། ཉེར་དགུའི་


GTD008_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་དྲོ་བདེ་ལམ་གྱི་ཁྲིད། གུང་ཐུན་མང་ལ་ཚེ་དཔག་ལྷ་དགུའི་དབང་དང་གདུགས་དཀར་གྱི་རྗེས་གནང། ལམ་མཆོག་སྙིང་པོའི་ལུང། ཕྱི་དྲོ་བདེ་ལམ་གྱི་འཕྲོ། གནམ་གང་གི་སྔ་དྲོ་བདེ་ལམ། གུང་ཐུན་མང་ལ་བདེ་ལམ་ཚིགས་བཅད་མའི་ཁྲིད། ཕྱི་དྲོ་བདེ་ལམ་གྱི་འཕྲོ། བདུན་པའི་ཚེས་གཅིག་གི་སྔ་དྲོ་བདེ་ལམ་གྱི་ཁྲིད། སུམ་པ་མཁན་སྤྲུལ་རིན་པོ་ཆེ་སོགས་ལ་མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད། བཀའ་རྩོམ་ཞི་ཁྲོ་སྦྲགས་སྒྲུབ་རྣམས་ཀྱི་ལུང། མཁན་པོ་ཉིད་ལ་མགོན་པོ་སྙིང་ཞུགས་དང། བྲམ་ཟེ་མངགས་གཏད་ཀྱི་རྗེས་གནང་བཅས་སྩལ། ཚེས་གཉིས་ཀྱི་སྔ་དྲོ་བདེ་ལམ་གྱི་ཁྲིད། ཕྱི་དྲོ་མང་ལ་ཆོས་བཀའ་འགའ་ཞིག །ཚེས་གསུམ་གྱི་སྔ་དྲོ་བདེ་ལམ་གྱི་ཁྲིད་རྫོགས་ཏེ་ལྗགས་ལུང་ཡང་སྩལ། གུང་ཐུན་མང་ལ་རྣམ་རྒྱལ་མ་དང་གནས་བཅུའི་རྗེས་གནང། ལམ་རིམ་བསྡུས་དོན་གྱི་ཁྲིད། ཕྱི་དྲོ་སྐུ་མདུན་ལ་བདེ་མཆོག་ཐུན་མོང་གི་སྟ་གོན། ཚེས་བཞིའི་སྔ་དྲོ་ལཱུ་ཨི་པའི་དབང། གུང་ཐུན་ལ་ཚོགས་ཆེན་དུ་ཐུགས་རྗེ་ཆེན་པོའི་དབང། ཕྱི་དྲོ་སྐུ་མདུན་ལ་ལྗགས་རྩོམ་བླ་མའི་རྣལ་འབྱོར་གྱི་འགྲེལ་པའི་ལུང། ཚེས་ལྔའི་སྔ་དྲོ་དྲིལ་བུ་ལྷ་ལྔའི་དབང། བསྒྲུབ་བྱ་སོ་གསུམ་བསྙེན་རྫོགས་དང་གཉིས་དགེ་ཚུལ་དུ་བསྒྲུབས། ཕྱི་དྲོ་སྐུ་མདུན་ལ་འཇམ་དཔལ་ཞལ་ལུང་གི་ལུང། ཚེས་དྲུག་གི་སྔ་དྲོ་ལུས་དཀྱིལ་གྱི་དབང། གུང་ཐུན་མང་ལ་ཕྱག་རྡོར། ཐུགས་རྗེ་ཆེན་པོ། རྟ་མགྲིན་གསང་སྒྲུབ། སྒྲོལ་དཀར། མགོན་པོ་བར་ཆད་ཀུན་སེལ་རྣམས་ཀྱི་རྗེས་གནང། བདེ་ལམ་གྱི་ལུང། ཕྱི་དྲོ་སྐུ་མདུན་ལ་འཇམ་དཔལ་ཞལ་ལུང་རྫོགས། ཚེས་བདུན་གྱི་སྔ་དྲོ་


GTD008_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་པའི་ལུགས་ཀྱི་བདེ་མཆོག་གི་དབང། གུང་ཐུན་མང་ལ་ཚེ་རྟ་ཟུང་འབྲེལ་དང་འཇམ་དབྱངས་དཀར་པོའི་རྗེས་གནང། ཕྱི་དྲོ་ཝང་སྤྲུལ་བའི་སྐུ་སོགས་ཉུང་འདུས་ལ། བཀའ་རྩོམ་ཆོས་རྒྱལ་བསྙེན་སྒྲུབ་ལས་གསུམ་དང། དྲུག་ཅུ་པའི་རྣམ་བཤད་ཀྱི་ལུང། ཚེས་བརྒྱད་ཀྱི་སྔ་དྲོ་ཕྱག་མཛོད་ཆོས་རྗེ་སོགས་བསྒྲུབ་བྱ་བཞི་བསྙེན་རྫོགས། ཕྱི་དྲོ་སྐུ་མདུན་ལ་ཀུན་རིག་དབང་གི་སྟ་གོན། ཚེས་དགུའི་སྔ་དྲོ་དེའི་དབང། གུང་ཐུན་མང་ལ་ཕྱག་ཆེན་གྱི་ཁྲིད། ཕྱི་དྲོ་སྐུ་མདུན་ལ་འདུལ་བ་མདོ་རྩའི་ལུང། ཚེས་བཅུའི་སྔ་དྲོ་ཐུགས་རྗེ་ཆེན་པོའི་དབང། གུང་ཐུན་མང་ལ་བླ་མེད་ལུགས་ཀྱི་རྡོར་སེམས། བཅུ་གཅིག་ཞལ། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཡུམ་བཅས། ཆོས་རྒྱལ་ཕྱི་སྒྲུབ་རྣམས་ཀྱི་རྗེས་གནང། ཚེམ་བུ་དམར་ཁྲིད། ཕྱི་དྲོ་སྐུ་མདུན་ལ་བླ་མཆོད་དང་ཕྱག་ཆེན་སྦྲགས་མའི་ཁྲིད་ཀྱི་དབུ་བཙུགས། བཅུ་གཅིག་གི་སྔ་དྲོ་ཚེ་དཔག་ལྷ་དགུའི་དབང། གུང་ཐུན་མང་ལ་བདེ་ལམ་གྱི་ཁྲིད་ཀྱི་དབུ་བཙུགས། ཕྱི་དྲོ་བླ་མཆོད་དང་ཕྱག་ཆེན་གྱི་ཁྲིད། བཅུ་གཉིས་ཀྱི་སྔ་དྲོ་ཐིག་ལེ་བཅུ་དྲུག་གི་དབང། གུང་ཐུན་མང་ལ་བདེ་ལམ་དང། ཕྱི་དྲོ་ཚེམ་བུ་དམར་ཁྲིད། བཅུ་གསུམ་གྱི་སྔ་དྲོ་གདུགས་དཀར་ལྷ་བཅུ་བདུན་མའི་དབང། ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང། གུང་ཐུན་མང་ལ་བདེ་ལམ། ཕྱི་དྲོ་ཕྱག་ཆེན་དང་བླ་མཆོད་སྦྲགས་མའི་ཁྲིད་རྫོགས་ཏེ་ལུང་ཡང་སྩལ། བཅུ་བཞིའི་སྔ་དྲོ་རིན་འབྱུང་ནས་ནཱ་རོ་མཁའ་སྤྱོད། མཻ་ཏྲི་མཁའ་སྤྱོད། ཨིནྟྲ་མཁའ་སྤྱོད་གསུམ་གྱི་སིནྡྷུ་རའི་བྱིན་རླབས། གུང་ཐུན་མང་ལ་བདེ་ལམ་གྱི་ཁྲིད་རྫོགས། བཅོ་ལྔའི་སྔ་དྲོ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དང་བཅས་སྤྱི་སྒེར་


GTD008_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོམས་པར་སེམས་བསྐྱེད་ཀྱི་ཁྲིད་སྨིན་རྒྱས་སྩལ་ཏེ་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཡོངས་སུ་སད་པར་མཛད། དེ་དང་འབྲེལ་བར་ཐིག་ལེ་བཅུ་དྲུག་གི་དབང་སྩལ། ཕྱི་དྲོ་སྐུ་མདུན་ལ་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོ་སོ་བ་དང། ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་དཀྱུས་གཅིག་ཏུ་བྱས་པ། མཚན་མོ་སྐུ་འབུམ་སྨན་པ་བླ་ཟུར་གྲོ་ཚང་སྤྲུལ་སྐུར་བདེ་མཆོག་ལུས་དཀྱིལ་གྱི་དབང། བཅུ་དྲུག་གི་སྔ་དྲོ་ལྷོ་བྲག་སྙན་བརྒྱུད་ཀྱི་ཐུབ་དབང་ཉེ་སྲས་བཅས་དང། ཕྱག་རྡོར་སྐུ་ལྔའི་རྗེས་གནང། གུང་ཐུན་ལ་བསྒྲུབ་བྱ་བཅུ་གཅིག་བསྙེན་རྫོགས། ཕྱི་དྲོ་སྐུ་མདུན་ལ་ཕྱག་རྡོར་ཞལ་གསུམ་ཕྱག་དྲུག །ཕྱག་རྡོར་སེམས་དཔའ་སུམ་བརྩེགས། སྲོད་ཐུན་སྐབས་འབག་འཆམ་པ་རྣམས་ལ་ཆོས་རྒྱལ་ནང་སྒྲུབ་དང་གསང་སྒྲུབ་གཉིས་ཀྱི་རྗེས་གནང། བཅུ་བདུན་གྱི་སྔ་དྲོ་དྲག་པོ་སུམ་སྒྲིལ་གྱི་རྗེས་གནང། མང་ལ་གནས་བཅུ་དང་ཀླུ་དབང་རྒྱལ་པོའི་རྗེས་གནང། རྟེན་འབྲེལ་བསྟོད་པ། གནས་བཅུ། བཀའ་རྩོམ་མིག་གཟུངས་འདོན་ཐབས་སོགས་ཀྱི་ལུང། གུང་ཐུན་མང་ལ་ནག་པོ་པའི་ལུགས་ཀྱི་བདེ་མཆོག་གི་དབང་སྩལ་ཏེ་སྐུ་བཞིའི་ས་བོན་ཐེབས་ངེས་མཛད། རྒྱལ་སྲས་རི་ཁྲོད་དུ་གདན་འདྲེན་ནན་ཆེ་བ་བཞིན། ཚེས་བཅོ་བརྒྱད་ལ་དེར་ཕེབས་ཏེ་ཐུབ་དབང་གནས་བརྟན་བཅུ་དྲུག་གིས་བསྐོར་བ་དང། སྨན་བླ་མཐོ་བརྩེགས་ཀྱི་རྗེས་གནང། ལྗགས་ལུང་ཁ་ཤས་སྩལ། ཕྱིར་ཕེབས་ཏེ་མང་ལ་ཀླུ་དབང་རྒྱལ་པོའི་རྗེས་གནང། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་གི་འཇམ་དབྱངས་མངོན་རྟོགས་རྒྱས་པ། འཇམ་དཀར་བསྟོད་སྤྲིན་རྒྱ་མཚོ་


GTD008_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ལུང། སྐུ་མདུན་ལ་ལྷོ་བྲག་སྙན་བརྒྱུད་ཀྱི་ཚེ་དབང། གཏུམ་པོ་མེ་འབར་གྱི་རྗེས་གནང་བཅས་སྩལ། བཅུ་དགུའི་སྔ་དྲོ་ཞལ་བསྙེན་དུས་ལྷ་བཞི། ཙ་ཏུར་མུ་ཁ་རྒྱས་བྱེད་སེར་པོ་ལྷ་དགུ། དམར་པོ་དབང་སྡུད་ལྷ་བཞི། དཀར་པོ་ཚེ་འཕེལ་ལྷ་བཞི་རྣམས་ཀྱི་རྗེས་གནང། ཉི་ཤུའི་སྔ་དྲོ་ཛམ་དཀར་ལྷ་ལྔ་དང་ཤྲ་མ་ཎའི་རྗེས་གནང། སྙིང་པོ་དོན་གསུམ་གྱི་ཁྲིད། གུང་ཐུན་མང་ལ་སྨན་བླ་མཆེད་བརྒྱད་དང། ཛམ་དཀར་གྱི་རྗེས་གནང་སོགས་སྩལ། ཉེར་གཅིག་གི་སྔ་དྲོ་སྐུ་ཞབས་རིན་པོ་ཆེར་འཇམ་ལུགས་ཚེ་དཔག་མེད་ཀྱི་རྗེས་གནང་གིས་མཚམས་སྦྱར་ཏེ། ཐུའུ་བཀྭན་བླ་བྲང་དུ་ཡབ་སྲས་གཉིས་ལྷན་དུ་བཞུགས་པ་ལ་གསོལ་སྟོན་གྱི་ཐོག་ཁོང་དཔོན་སློབ་རྣམས་ཀྱིས་དད་འདུན་རྩེ་གཅིག་པས་དངོས་འབུལ་རྒྱ་ཆེར་ཕུལ་ཀྱང་ཕལ་ཆེར་ཕྱིར་སློག་པར་མཛད། ཆོས་སྲིད་གཉིས་ཆར་གྱི་མཛད་པ་གང་ཐད་ནས་སྐུ་གོང་མ་ཇི་ལྟ་བ་གནང་དགོས་ཚུལ་གྱི་ཞལ་གདམས་ཟབ་ཅིང་བརླིང་བ་ཞུས། སེང་བར་རྣམས་སུ་བཀའ་རྩོམ་ཅི་རིགས་དང། མཚན་མོའི་ཆ་ལ་ཐུགས་དམ་ཉམས་བཞེས་ཀྱི་རིགས་ཆག་མེད་དུ་མཛད་ཅིང། དགོན་ལུང་ཚོགས་ཆེན་དང། བུ་སློབ་སོ་སོ་ནས་དངོས་འབུལ་གང་གཟབ་དང་བཅས་བརྟན་བཞུགས་གསོལ་འདེབས་ནན་ཅན་ཞུས་པ་ལ་དགྱེས་གཟིགས་ངོས་ཞལ་བཞེས་བཟང་པོ་སྩལ། འབུལ་བ་རྣམས་ཕྱིར་སློག་ཅིང་མང་འགྱེད་གྱ་ནོམ་པ་དང། ཆོས་བཟང་རི་ཁྲོད། ཐར་པ་གླིང། རྒྱ་ཡག་དགོན་སོགས་དགོན་དང་སྒྲུབ་སྡེ་དུ་མར་སྤྱི་འཇོག་མང་འགྱེད་ཀྱི་ཐེབས་འཚེམ་མེད་དུ་གནང། ཉེར་གཉིས་ལ་ཨོར་དུ་སུ་མེ་རིན་དཔོན་གཡོག་སོགས་མང་འདུས་ལ་སྒྲོལ་དཀར་གྱི་རྗེས་གནང། དགའ་ལྡན་ལྷ་བརྒྱ་མ་དང། ཡིད་དགའ་ཆོས་འཛིན་དུ་སྐྱེ་བའི་སྨོན་ལམ་གྱི་ལུང་སོགས་


GTD008_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ། ཕྱོགས་སོ་སོར་ཕེབས་པའི་ཚེ་ན་ཡང། སྐབས་སྐབས་སུ་ཞབས་ཕྱི་རྣམས་ཁམས་གསོ་བའི་ཕྱིར། བླ་མ་སོ་སོའི་རྣམ་ཐར་དང་ཆོས་ལྡན་གྱི་ལོ་རྒྱུས་རེ་གསུངས་པ་མ་གཏོགས་ཕལ་ཆེར་ཐུགས་དམ་གྱི་ངང་ནས་ཕེབས་ཤིང། གྲོང་སྡེ་དང་ཉེ་བའི་སར་རང་རང་གི་རྣམ་དཀར་གྱི་བྱ་བ་ལ་བརྟེན་ནས་ཐར་པའི་སར་བཀྲི་ཐབས་ཁོ་ན་མཛད་པ་གོང་འོག་ཏུ་གསལ་ལོ། །ཚུལ་འཆལ་རྙོག་བྲལ་ཤེས་རབ་གཏིང་ཟབ་མཚོ། །ཏིང་འཛིན་རླབས་ཕྲེང་གཡོ་བའི་རྩེ་མོ་རུ། །འཆད་ཉན་ཟེགས་མ་དཀར་པོ་འགྱེད་པ་ན། །དགེ་ལྡན་ཆུ་གཏེར་རྒྱས་པའི་ལང་ཚོ་ངོམ། །མདོ་སྔགས་དྲང་ངེས་གཞུང་བརྒྱའི་ལྷ་ལམ་ངོས། །ཚུལ་གཉིས་གཞུང་བཤད་ཤིང་རྟའི་བགྲོད་པ་ཡིས། །ཐར་འདོད་དཔུང་བཞི་ཐར་པའི་མཁར་བསྙེགས་ཚེ། །ཆེར་རློམ་དྲེགས་པའི་རལ་པ་ས་ལ་ལྷུང། །ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་བསྐལ་པའི་མཐར། །བཏུང་བས་མི་ངོམས་སྐྱེས་མཆོག་རྟ་གདོང་རི། །ཆོས་ཀྱི་དབང་ཕྱུག་འབྱོར་པ་རྒྱ་ཆེའི་རླབས། །རེག་པས་རྒྱལ་སྲས་གློག་འོད་མཚན་མས་མཛེས། །ཉེར་གསུམ་ལ་ཆིབས་སྐྱེལ་དར་འབོད་སོགས་ཀྱི་རྟེན་འབྲེལ་དང་བཅས་དགོན་ལུང་ནས་བཏེག །གདན་ས་ཆེན་པོ་སྐུ་འབུམ་དུ་གདན་དྲངས་པ་ལྟར་བྱོན། གསེར་གདུང་ཆེན་མོའི་མདུན་དུ་མཆོད་པའི་སྤྲིན་ཕུང་སྤྲོས་ནས་བསྟན་པ་རྒྱས་པའི་ཐུགས་སྨོན་གནང། ཚོགས་ཆེན་ལ་ལམ་གཙོའི་ཁྲིད་དང། དགེ་ལྡན་བསྟན་འབར་མའི་ལུང་སྩལ། དངོས་འབུལ་སྤམ་མཐོར་བཏེག་པ་ཕྱིར་སློག་སྟེ་ཚོགས་ཆེན་དང། བཤད་སྒྲུབ་གླིང་གཉིས་ལ་མང་ཇ། གྲྭ་ཇ། འགྱེད་བཅས་གནང། སྒར་པ་འགའ་ཞིག་ནས་གདན་དྲངས་པར་ཆོས་འབྲེལ་སྩལ་ཞིང་འབུལ་བ་རྣམས་ཕྱིར་སློག །བསྒྲུབ་བྱ་མང་པོ་དགེ་ཚུལ་སློང་གི་


GTD008_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་ལ་བཀོད། སྔ་ཕྱིར་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་མཁན་ཁྲིར་གདན་འདྲེན་གྱི་སྒོ་ནམ་དོད་ལ་བཤོལ་ཐབས་ཁོ་ན་མཛད་པས་ཐོག་ཏུ་མ་ཁེལ་ཀྱང་གདན་ས་ཆེན་པོ་ཉིད་ཀྱི་མཁན་བརྒྱུད་གོང་མ་རིམ་བྱོན་མང་ཞིག་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་དངོས་སློབ་ཡིན་པས་རྗེ་ངག་དབང་བསྟན་པའི་རྒྱལ་མཚན་པ་རྒྱལ་ཁབ་པེ་ཅིན་དུ་འབྱོན་སྐབས་ཀྱང་ཆོས་སྡེ་ཆེན་པོ་འདི་ཉིད་དུ་སྤྱན་དྲངས་ཏེ་དགེ་འདུན་འདུས་པའི་ཚོགས་ལ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་དང། ཞལ་གདམས་མགུར་མ་སོགས་སྩལ་བ་དང། དེང་འདིར་ཡང་རྒྱལ་བ་ཙོང་ཁ་པ་དངོས་སུ་བྱོན་པ་ལྟ་བུའི་རྗེ་བླ་མ་འདི་ཉིད་ལན་སྔ་ཕྱིར་བྱོན་ནས། ལམ་ཡོངས་སུ་རྫོགས་པའི་གདམས་ངག་ཁྱད་པར་ཅན་དུ་མ་སྩོལ་རྒྱུ་བྱུང་བ་ནི་བློ་བཟང་འཇམ་དཔལ་སྙིང་པོའི་བསྟན་པ་ཕྱོགས་མཐར་དར་བའི་རྟེན་འབྲེལ་གྱི་ཆེ་བ་དང། དད་དང་དམ་ཚིག་གཙང་བའི་འབྲེལ་བ་བར་མ་ཆད་པའི་རྟེན་འབྲེལ་རྨད་དུ་བྱུང་བར་ཤེས་པར་བྱའོ། །བཤད་སྒྲུབ་ཆུ་ཀླུང་འབུམ་ཕྲག་འཁྱིལ་བའི་མཚོ། །མཁས་གྲུབ་གདེངས་ཅན་བྱེ་བས་རོལ་པའི་གནས། །ཆོས་གོས་མདངས་ཀྱིས་མཁའ་ཡང་དམར་སེར་དུ། །བསྒྱུར་ནུས་དམ་ཆོས་ནོར་བུའི་འབྱུང་གནས་དེར། །ཆོས་འདུལ་རྒྱ་མཚོར་གསོལ་བཞིའི་གྲུ་སྦྱར་ནས། །ངེས་ལེགས་ནོར་བུའི་གླིང་གི་འཇུག་ངོགས་བསྟན། །ཐུབ་བསྟན་ལྷ་ཡི་ཕོ་བྲང་དམ་པ་དེར། །འཆད་ཉན་ཕུལ་དུ་བྱུང་བའི་རྒྱལ་མཚན་བཀོད། །ལུང་རིགས་དར་གྱི་ཤམ་བུ་རྣམ་བཀྲ་བས། །བློ་གྲོས་མིག་ཡངས་དགའ་བའི་དཔལ་ལ་བཀོད། །རྣམ་པར་དག་པའི་འཆད་ཉན་རྒྱལ་མཚན་རྩེར། །བསླབ་གསུམ་ནོར་བུའི་ཏོག་གིས་མཛེས་པར་བྱས། །འཇམ་དཔལ་སྙིང་པོའི་ཞབས་སྐྱེས་གེ་སར་རྡུལ། །ལན་མང་འཐུང་བའི་ངོ་མཚར་དགེ་མཚན་གྱིས། །སྟུག་པོ་བཀོད་པའི་དཔལ་ལ་རེག་པ་ཡི། །


GTD008_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེར་ཡབ་རྗེ་སླར་ཡང་བྱོན་པ་བཞིན། །བརྒྱད་པའི་ཚེས་གཅིག་ལ་ཆིབས་སྐྱེལ་དར་འབོད་སོགས་དང་བཅས་ཕེབས་ཏེ་བསམ་གཏན་གླིང་དུ་བཞུགས། ཆོས་འབྲེལ་ཕྱག་དབང་དང་མང་འགྱེད་ཀྱང་གནང། སྔར་ནས་ཡང་ཡང་ནན་ཏན་ཞུས་ཡོད་པ་བཞིན་བྱ་ཁྱུང་ཆོས་སྡེ་ཆེན་པོར་ཕེབས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་གདུང་རིན་པོ་ཆེར་མཆོད་སྤྲིན་སྤྲོས་ཏེ་རྒྱལ་བསྟན་སྙིང་པོ་མཁའ་ཁྱབ་ཏུ་སྤེལ་བའི་ཐུགས་སྨོན་གནང། དགེ་འདུན་ཚོགས་ཡོངས་ལ་ཉིན་གསུམ་གྱི་རིང་བླ་མ་མཆོད་པའི་ཁྲིད། ཡོན་ཏན་གཞིར་གྱུར་མའི་ཁྲིད། ཡང་ཟུར་དུ་བླ་གྲྭ་མང་པོའི་སྒེར་ཞུས་འཇིགས་བྱེད་དཔའ་གཅིག་གི་དབང་གནང། དེ་ཡང་གདན་ས་ཆེན་པོ་འདི་ཉིད་གང་དུ་གནས་པའི་ས་འཛིན་གྱི་དབྱིབས་ནི་གཡས་སྤུངས་གཡོན་སྤུངས་ཀྱི་ཁྱད་པར་ཙམ་མ་གཏོགས་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གང་དུ་བཏབ་པའི་གནས་འབྲོག་རི་བོ་ཆེ་དང་ཆ་མཚུངས་ལ། ཆུ་དང་མེ་ཤིང་རྒྱང་རིང་བ་སོགས་ཀྱིས་ཐ་མལ་གྱི་སྐྱེ་བོས་བརྟེན་པར་དཀའ་ན་ཡང་འདིར་བཞུགས་པའི་དགེ་འདུན་པ་རྣམས་ནི་ཟང་ཟིང་གི་འདུ་ལོང་ལ་མི་དགྱེས་ཤིང། འདོད་པ་ཆུང་ཞིང་ཆོག་ཤེས་པ། ཚུལ་གནས་བཤད་སྒྲུབ་ལ་བརྩོན་པའི་དབང་གིས་གྲགས་ཆེན་གང་ཡིན་ལ་འགྲམ་ཆུ་མི་ལྡང་ན་ཡང། རྗེ་བླ་མ་འདི་ཉིད་ལ་སྙིང་ནས་དད་ཅིང་གུས་པའི་སྒོ་ནས་གདམས་པའི་བདུད་རྩི་ལ་རོལ་པའི་འདུན་པ་གཞན་དང་མི་མཉམ་པ་ནི་ཆོས་ཀྱི་རྗེས་སུ་འབྲང་བའི་རང་རྟགས་སུ་སྣང་ངོ་། །མཁྱེན་པའི་ཆུ་འཛིན་མདོ་སྔགས་གཞུང་བརྒྱའི་མཁར། །འཁྲིགས་པའི་ལུང་རིགས་གློག་འོད་དང་འགྲོགས་པར། །གཞུང་བཤད་དབྱར་གྱི་རྔ་གསང་བཞད་པ་ན། །གདམས་ངག་གྲུ་ཆར་འཇོ་བས་སྐལ་ལྡན་ཚིམ། །ཡང་དག་གདམས་


GTD008_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནོར་བུ་ཀེ་ཏ་ཀ །འདུན་ལྡན་ཡིད་ཀྱི་ཆུ་མཚོར་རེག་པ་ན། །ཕྱིན་ཅི་ལོག་གི་རྙོག་མ་དྭངས་པའི་དབུས། །ཐོས་བསམ་སྒོམ་པའི་སྣང་བརྙན་བརྒྱ་ཕྲག་འབར། །ས་འདིའི་སྨྲ་དབང་བྷྲ་མ་རཿཡི་ཁྱུ། །ཁྱོད་ཐུགས་པད་མཚོ་ཁོ་ན་ལ་ཆགས་པས། །ཟང་ཟིང་ཡལ་འདབ་སྟུག་པོའི་ཨེ་རནྜ། །བླུན་པོ་བྱེའུའི་ཚོགས་ཀྱིས་བསྟེན་བྱ་ཙམ། །ཀ་ཀྱཱའི་དགོན་དུ་སེར་སྐྱ་སྟོང་ཕྲག་བརྒལ་བར་བཅུ་གཅིག་ཞལ་གྱི་དབང། སྨྱུང་གནས་ཆོ་གའི་ལུང་སོགས་སྩལ། ས་ག་ཟླ་བར་སྨྱུང་གནས་རྒྱུན་འཛུགས་ཀྱི་ཐེབས་བཞག །རྨ་ཆུ་ཕར་ཀ་ཚུར་ཀའི་ལམ་བར་གྱི་སྡེ་པ་སོ་སོས་དད་འདུན་རྩེ་གཅིག་པས་ཇ་ཐབ་བར་མ་ཆད་པ་དང། མཇལ་ཁ་ཞུ་མི་ལམ་མི་ཐོབ་པ་ལྟ་བུ་བྱུང་བ་ལ་ཕྱག་དབང་བསྔོ་སྨོན་སོགས་གནང་བཞིན་པར་རོང་པོ་བཀྲ་ཤིས་ཆོས་སྡེར་བབས། ཐོས་དོན་རྒྱུད་ལ་སྦྱར་ནས་ཚེ་དང་སྒྲུབ་པ་སྙོམས་པར་བསྐྱངས་ཏེ་མཐའ་འཁོབ་ཀྱི་ཡུལ་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་སྐྱེས་མཆོག་བྱང་ཕྱོགས་ཀྱི་མི་ལ་རས་པ་གཉིས་པ་རྗེ་གྲུབ་པའི་དབང་ཕྱུག་སྐལ་ལྡན་རྒྱ་མཚོའི་སྐུ་གདུང་སོགས་རྟེན་རྣམས་ལ་མཆོད་འབུལ་བསྔོ་སྨོན་ནན་ཏན་མཛད། དགེ་འདུན་རྣམས་ལ་བླ་མ་མཆོད་པའི་ཁྲིད། ཀུན་རིག་གི་དབང། བདེ་ལམ་ཚིགས་བཅད་མ་དང། དགེ་ལྡན་བསྟན་འབར་མའི་ལུང། བསྒྲུབ་བྱ་བཅུ་བསྙེན་རྫོགས་ལ་བཀོད། ཚོགས་ལ་མང་ཇའི་ཐོག་དོང་ཚེ་ལྔ་བརྒྱ་རེ་དང་བསོད་བཏགས་རེའི་འགྱེད། བཞི་པའི་སྨོན་ལམ་གྱི་ཐེབས་དང། སྐུ་ཞབས་རིན་པོ་ཆེའི་གཟིམས་ཁང་ཞིག་གསོས་ཀྱི་ཐེབས་ལ། གྲོ་ནས་གཉིས་བྲེ་བཞི་སྟོང་ལ་རེག་ཙམ་གྱི་འཇོག་པ་གནང། ཐར་པ་གླིང་དུ་རི་ཁྲོད་པ་རྣམས་ལ་བླ་མཆོད་དང། ལམ་སྒྲོན་གྱི་ལུང། སེ་ཆང་དགོན་པར། སྐྱེ་ཕོ་མོ་མང་པོར་སྡོམ་


GTD008_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ལུང། སེར་སྐྱའི་ཁྲོམ་ཆེན་པོར་ཀུན་རིག་གི་དབང་སྟ་གོན་དང་བཅས་པ། ཕྱག་དབང་འཕོ་ལུང་སོགས་གང་འདོད་དུ་སྩལ། འབུལ་བ་ཕྱིར་སློག་ཅིང། འདུ་ཁང་དུ་ཐུབ་སྐུ་ཞིག་བཞེང་རྒྱུའི་ཐེབས་སུ། ནས་ཤིང་ཚེ་སུམ་བརྒྱ་དང་དྲུག་ཅུ། རྟ་རྒོད་མ་གཉིས། མཛོ་མོ་གཉིས་བཅས་བཞག །རོང་པོ་དགོན་ནས་བཟུང་སྟེ་ལམ་བར་གྱི་སྡེ་པ་སོ་སོས་ཇ་ཐབ་ཆིབས་བསུ་སེར་སྦྲེང་དང་བཅས། བྲག་དཀར་དགོན་དུ་བྱོན། དེར་དགེ་འདུན་རྣམས་ལ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས། མགོན་ཆོས་གཉིས་བཅས་ཀྱི་རྗེས་གནང་སྩལ། ལམ་བར་གྱི་ཇ་ཐབ་གསུམ་ཙམ་ལ་གདན་དྲངས་པ་ལྟར་རེ་བ་སྐོང་བར་མཛད་དོ། །སྤྲུལ་བའི་སྐྱེས་རབས་ཚེམས་ཀྱི་འཕྲེང་བ་ཡིས། །ཐུབ་བསྟན་ལང་ཚོ་གསར་པ་ངོམ་བྱེད་པ། །དམ་པ་རྣམས་ཀྱི་སྤྱི་བོས་ཉེར་མཆོད་པས། །ཆེར་རློམ་ཕལ་གྱི་ཁེངས་པའི་ཀུ་མུད་ཟུམ། །སྐར་འཕྲེང་མཁའ་ལ་སྡོད་པར་མ་ནུས་ཏེ། །ས་ལ་འཁོད་སྙམ་བྱེད་པའི་འདུས་པའི་སྡེ། །ནོར་འཛིན་ལི་ཁྲིའི་མདངས་སུ་སྒྱུར་བྱེད་པ། །དེ་དག་ཁྱོད་ཞབས་གཙུག་ཏུ་མཆོད་པས་བྲེལ། །ཀུན་བཟང་སྤྱོད་པ་ཤར་རིའི་ཕྲག་པ་ལས། །ཡོན་ཏན་དཀྱིལ་འཁོར་རྫོགས་པའི་ཉིན་བྱེད་ཀྱིས། །བསྐྱངས་པས་མདོ་སྔགས་སྦྲང་རྩིས་ཉེར་གཏམས་པའི། །མཁས་གྲུབ་མེ་ཏོག་གསར་པས་ས་འདི་གང། །དེའི་ཚེ་ཕལ་པས་ཕྱག་བྱས་ས་རྡུལ་གྱིས། །གངྒཱའི་བྱེ་མ་ཉུང་ངུར་བྱས་སོ་ཞེས། །བསྔགས་པའི་གྲེ་འགྱུར་དབྱངས་ཀྱིས་སྐྱེ་བོ་འདི། །མགྲིན་པ་ངལ་མོད་བྲག་ཆའི་སྤུན་དུ་ཟད། །འོན་ཏེ་ལུས་དང་སྲོག་གི་གེ་སར་རྡུལ། །མི་རྟག་བུང་བའི་ཟས་སུ་མ་གྱུར་བར། །ཁྱོད་ཞབས་མཆོད་པའི་སྐལ་བ་ཐོབ་པ་ཡིས། །སྲིད་པའི་རི་བོ་བསྙིལ་རྣམས་ཨ་ཧོ་རྨད། །བརྒྱད་པའི་བཅུ་བདུན་ལ་གདན་སར་བྱོན། འགའ་


GTD008_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བསྙེན་རྫོགས་དང། རྣམ་རྒྱལ་མཆོད་པའི་ཚོགས་དབུར་ལན་ཁ་ཤས། འཇམ་དབྱངས་དམར་སེར། འཇམ་དབྱངས་དཀར་པོ། དབྱངས་ཅན་དཀར་དམར། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས། མགོན་པོ་ཞལ་གྱི་རྗེས་གནང་སོགས་འདོད་ཆོས་དང། ལོ་ལྟར་འཆར་ཅན་གྱི་མཆོད་མཇལ་རྒྱས་པ་གནང་སྟེ་བཅད་རྒྱ་མཛད། བར་སྐབས་སུ་ལྕང་སྐྱ་ཕྱག་མཛོད་སོགས་དགོན་ལུང་གི་མི་སྣ་རྣམས་འབྱོར་བར་བཅད་རྒྱ་ཅུང་ཟད་ལྷོད་ནས། སླར་ཡང་བཅུ་གཉིས་པའི་ཚེས་གཅིག་བར་དུ་སྐུ་མཚམས་ལ་བཞུགས། ཉིན་དེར་སྒོ་མང་དཔོན་སློབ་ངག་དབང་དགེ་ལེགས་ཀྱི་སྤྲུལ་བའི་སྐུ་སྐལ་བཟང་དགེ་ལེགས་རྒྱ་མཚོ་ལ་མཇལ་འཛོམ་དང། ལོ་མཇུག་རི་ཁྲོད་དུ་བྱོན་ཏེ་ཆོས་བཀའ་འགའ་ཞིག་གནང། རི་ཁྲོད་ཀྱི་གསོ་སྦྱོང་གི་མགོན་དུ་ཕེབས་པ་ཡང་རི་ཁྲོད་དུ་ནམ་བཞུགས་ཀྱི་སྐབས་ཆག་མེད་ཡིན་པ་དུས་ཐམས་ཅད་དུ་ཤེས་པར་བྱ། འདི་ལོ་གཞི་བྱེས་བསྡོམས་པར་སུམ་བརྒྱ་སོ་དགུ་བསྙེན་རྫོགས་དང། དགེ་བསྙེན་རབ་བྱུང་དགེ་ཚུལ་བཅས་བརྒྱ་དང་ལྔར་འཆལ་ཚུལ་གྱི་རྒྱུན་འགོག་པའི་ཆུ་ལོན་བརྟན་པར་མཛད། དགུང་ལོ་ང་བརྒྱད་པ་ས་ཡོས་ལ་འདོད་ཁམས་དབང་མོ་དགྱེས་པའི་དུས་གཏོར། ལོ་གསར་གྱི་དགྱེས་སྟོན་སོགས་དཀྱུས་བཞིན་དང། དགོན་པར་བྱོན་ནས་སྨད་སོག་སྦྱིན་བདག་སོགས་ཕྱོགས་ནས་འོང་བ་རྣམས་ལ། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཟབ་གནད་དང་འབྲེལ་བ། དེའི་མན་ངག་ནོར་བུའི་ཐེམ་སྐས་ཀྱི་བཤད་པ། ཡོན་ཏན་གཞིར་གྱུར་མའི་ཁྲིད་སེམས་བསྐྱེད་མཆོད་པ་དང་བཅས་པ། དཔའ་གཅིག་གི་བསྐྱེད་རྫོགས་ཀྱི་བཤད་ལུང། བདེ་མཆོག་དྲིལ་བུ་ལྷ་ལྔ་དང་ལུས་དཀྱིལ་གྱི་དབང། མགོན་པོ་བཀའ་བཅུ་གསུམ། ཐུགས་རྗེ་ཆེན་པོ། སྒྲོལ་ལྗང། རིག་བྱེད་མ་ཐུན་མོང་དང་ཐུན་མོང་མ་ཡིན་པ།


GTD008_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྒྱལ་ལུགས་ཀྱི་ཚེ་དབང། ཁྱུང་ཁྲ་ནག །ལོ་གྱོན་མ་གཙོ་འཁོར་གསུམ། ཆོས་རྒྱལ་ཕྱི་སྒྲུབ། ལྷ་མོ་སོགས་ཀྱི་རྗེས་གནང་གིས་མཚོན་ཆོས་བཀའ་ཅི་རིགས། རྣམ་རྒྱལ་མཆོད་པ། རབ་བྱུང་བསྙེན་རྫོགས་འདོད་མོས་བཞིན་གནང། ཨ་བ་ཀ་ཉང་ཚང་ཧུ་ཐོག་ཐུས་བདེ་མཆོག་ལྷ་རེ་གཉིས་ཡོངས་རྫོགས་ཀྱི་པཔདྨ་བུམ་སྐུ་གསེར་ཟངས་ལས་དངུལ་སྲང་ལྔ་བརྒྱའི་ཟོང་གིས་བསྒྲུབས་པ་ཁྱད་མཚར་ཕུལ་བ་ལ་དགྱེས་གཟིགས་དཔེ་མེད་མཛད། འབྱོར་ལན་དུ་བྱམས་ཆེན་ཆོས་རྗེའི་བདེ་མཆོག་གི་བྲིས་སྐུ་དང། བདེ་ཆེན་བདེ་འཐུང་ཞེས་སོགས་སྨོན་ཚིག་ཀྱང་སྩལ། ཟླ་མཇུག་ནས་བཟུང་སྟེ་བཱ་རིན་ཐོ་ཡོན་དཀོན་མཆོག་བསྟན་པའི་ཉི་མ་རང་ཡུལ་དུ་འགྲོ་དུས་གཏུགས་པས་བསྙེན་རྫོགས་དང། གཞན་རྣམ་རྒྱལ་མཆོད་པ་དང། རྗེས་གནང་ཁ་ཤས་ཙམ་གནང་བ་མ་གཏོགས་བཅད་རྒྱ་དམ་པར་མཛད། དགོན་པའི་གོང་འོག་གི་ལྷ་སྡེ་དང་བསང་གི་ལྷ་སྡེ་ལས་འབྲུམ་པ་མ་ཐར་པའི་རིགས་སོ་སོར་གསུང་བཀོད་གནང་སྟེ་ལྷ་འབྲུམ་བཏབ་པས་གཅིག་ཀྱང་མ་གྲོན་པར་ཐམས་ཅད་རྡོ་རྗེ་ཚེར་མའི་ནད་ལས་གྲོལ་བར་གྱུར། ཞལ་ནས། སྐུ་ཞབས་ནས་ལོ་ཁ་ཤས་རེའི་མཚམས་སུ་ལྷ་འབྲུམ་བཏབ་པས་འདུམ་བདེ་བ་དང། སེམས་བདེ་ཁྱད་ཆེ་ཡང་དུས་ཕྱིས་ལོ་ཉི་ཤུ་ལྷག་ཕྱིན་ཆད་ཀྱི་མི་ཕལ་ཆེར་མ་ཐར་བས། ད་རེས་ཐམས་ཅད་དུས་གཅིག་པ་བྱུང་ན་དུད་ཚང་འགའ་ཞིག་ལ་ཆུ་ལེན་མཁན་ཡང་དཀའ་བའི་ཚོད་དུ་སོང་བས་སེམས་འཚེར་ཆེན་པོ་བྱས་ཀྱང་དཀོན་མཆོག་གི་ཐུགས་རྗེས་ལེགས་པོ་བྱུང་ཞེས་གསུངས། དབུས་པ་འགའ་ཞིག་གིས་ཇོ་ཤཱཀ་མཇལ་སྐབས་འདོན་རྒྱུའི་སྨོན་ཚིག་ཞུས་པར། ཐུགས་རྗེའི་གཏེར་ཆེན་གང་དུ་བཞུགས་པའི་མཐུ། །ཁོ་ནས་བསྟན་པ་མཆོག་ཏུ་གནས་འགྱུར་


GTD008_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང། །མཇལ་བ་ཙམ་གྱིས་ལུང་རྟོགས་ཡོན་ཏན་ཀུན། །རྫོགས་མཛད་སྐྱབས་ཀྱི་དམ་པར་ཕྱག་འཚལ་ལོ། །ཞེས་པ་གནང་སྟེ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་དང་མི་མཐུན་པ་ཞིག་ཡིན་གསུངས། དེ་ཡང་བྱིན་རླབས་ཀྱི་རྒྱུ་རང་གིས་བསྒྲུབ་དགོས་པ་ལ་དགོངས་པའི་གསུང་དཔྱད་གཞི་ཅན་དུ་སྣང། ཟླ་བ་གསུམ་པའི་ནང་དུ་སྐུ་མཚམས་གྲོལ་ཏེ་ལུང་རྗེས་གནང་མང་ཙམ་དང། ཆབ་ཚན་གྱི་འཕྲོད་བསྟེན་གནང། བཞི་པའི་ཡར་ངོ་ལ་ཡང་གྲོལ་ཙམ་དང། མདོ་སྡུད་པ་དང་འགྲེལ་པ་དོན་གསལ་སྦྱར་བའི་བཤད་ལུང་སོགས་སྩལ། བཤོལ་ཟླ་བཞི་པའི་ནང་དུ་ཏ་རི་ཀང་ཀའི་ཨིརྡྷི་ནི་ཧུ་ཐོག་ཐུའི་མཚམས་ཞུས་པ་སོགས་འབྱོར་བའི་རྐྱེན་གྱིས་སྐུ་མཚམས་གྲོལ་ཙམ་དང། དེ་གསུམ་ཀ་ལ་རྣམ་རྒྱལ་མཆོད་པའི་ཚོགས་དབུ་དང། རབ་བྱུང་བསྙེན་རྫོགས་འགའ་རེ་ཙམ་མ་གཏོགས་བཅད་རྒྱ་མཛད། ལྔ་པའི་བཅུ་བདུན་ལ་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་ཚད་ལས་ཅུང་ལྷག་པའི་ཇོ་བོའི་སྐུ་དངུལ་སྲང་སྟོང་ཕྲག་ཁ་ཤས་ལས་བསྒྲུབས་པ་དེ་ཉིད་བཀུར་སྟི་ཕུན་སུམ་ཚོགས་པ་དང་བཅས་ཏེ་གཟིམས་ཁང་ཐུབ་བསྟན་རྒྱལ་མཚན་དུ་གདན་དྲངས། ཟླ་གྲགས་འབྲལ་སྤངས་ཀྱི་ཐུབ་སྐུ་ཐུགས་ཀར་བཞུགས་ཤིང། གཞན་ཡང་གཟུངས་གཞུག་ཚད་ལྡན། བཞུགས་ཁྲི་རྒྱབ་ཡོལ་གསེར་གསོལ་སོགས་མཛེས་པར་བསྒྲུབས་ཏེ་དྲུག་པའི་ཚེས་བཞིའི་ཉིན་སྤྱན་དབྱེའི་ཆོ་ག་དང། མཇུག་ཏུ་གནས་བཅུ། ལམ་རིམ་བསྡུས་དོན། བསྟན་འབར་མ་བཅས་གསུངས་ཏེ་རིས་མེད་ཀྱི་བསྟན་འགྲོའི་དོན་དུ་ཐུགས་སྨོན་ནན་ཏན་མཛད། དེ་དང་དུས་མཚུངས་པར་སྔོན་གྱི་སྡུད་པའི་མཆན་མཇུག་ཁ་བསྐངས་པ་དང། བརྒྱད་སྟོང་པའི་མཆན་བུ་ཉུང་ངུ་རྗེ་ཉིད་ཀྱིས་མཛད་པ་དང། བརྒྱད་སྟོང་པ་ཡོངས་འཛིན་པཎྚི་ཏ་ཆེན་པོས་མཛད་


GTD008_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆན་དང་བཅས་པ་དགོན་སྡེ་སོ་སོར་པར་དུ་བཀོད་པ་ནི་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བའི་བྱང་སེམས་དུ་མས་ཤེར་ཕྱིན་སྤེལ་བར་གསུངས་པའི་བདེན་པའི་ཆ་ཤས་གསལ་བར་མཛད་པའོ། །གང་ཕྱིར་དགེ་ལེགས་ཐམས་ཅད་ནི། །རྟག་ཏུ་སྦྱིན་ཞིང་འཕེལ་འགྱུར་བའི། །ཐུབ་བསྟན་དཔག་བསམ་ལྗོན་ཤིང་གི །ངོ་མཚར་གླེང་ལ་སུ་མི་གུས། །ཞེས་པ་ལྟར་རང་གཞན་གྱི་དད་པ་སྤེལ་བའི་ཆེད་དུ་འདི་ལྟར་གླེང་སྟེ། མི་སྣང་བ་མ་དམིགས་པའི་མདོ་ལྟར་དཔག་དཀའ་ཡང། རྗེས་དཔག་གིས་དཔྱད་ན་རྣམ་འདྲེན་སྟོང་སོགས་སངས་རྒྱས་ཐམས་ཅད་སློབ་དཔོན་གྱི་གཟུགས་སུ་ཤར་བ་ནི། འཕགས་བོད་དུ་པཎ་གྲུབ་ཇི་སྙེད་བྱོན་པ་རྣམས་ཡིན་པ་དང། གནས་བརྟན་བཅུ་དྲུག །ཉེ་སྲས་སོགས་བསྟན་པ་གནས་ཀྱི་བར་དུ་བཤེས་གཉེན་གྱི་གཟུགས་སུ་འབྱོན་པ་ནི་ཇོ་འབྲོམ་གྱི་རྣམ་ཐར་དང་སྤྱན་རས་གཟིགས་གངས་ཅན་འདུལ་ཕྱིར་བྱོན་པའི་ལོ་རྒྱུས་ཀྱིས་ཤེས་ལ། དེ་ཡང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བསྟན་པའི་གཞི་བཙུགས། ལོ་པཎ་རིམ་བྱོན་གྱིས་མདོ་སྔགས་རིག་གནས་བཀྲལ་ཞིང་བསྒྱུར། མཉམ་མེད་ཇོ་བོ་ཆེན་པོས་ཆོས་ལྟར་སྣང་ཚར་བཅད་དེ་གསུང་རབ་གདམས་པར་འཆར་བའི་བློ་མིག་ཕྱེ། དེས་སེམས་འདུལ་བའི་རིམ་པ་གཙོ་བོར་བཏོན་པའི་དོན་བཞིན་དུ་རྒྱལ་བ་ཙོང་ཁ་པ་ཆེན་པོས་སྡེ་སྣོད་དང། རྒྱུད་སྡེ་ཡོངས་ཀྱི་ཉིང་ཁུ་ཕྱོགས་གཅིག་ཏུ་བསྡུས་ཏེ་དར་ཞིང་རྒྱས་པར་མཛད་པས་རྒྱལ་བའི་ཞལ་སྐྱིན་ཇོ་ཤཱཀ་སོགས་བཞུགས་པ་དང། གཞན་ཡང་བཀའ་གདམས་གསར་རྙིང། མར་མི། དྭགས་ཤངས། ས་ཆེན་རྣམ་ལྔ། ཤོང་དཔང་བུ་སོགས་གསར་རྙིང་གི་མཁས་གྲུབ་འབུམ་སྡེ་


GTD008_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཏིལ་གྱི་གང་བུ་ལྟར་གཏམས་པའམ་མཁའ་ལ་རྒྱུ་སྐར་གྱི་ཕྲེང་བ་ཚར་དུ་དངར་བ་ལྟ་བུའི་ཚོགས་བཤད་སྒྲུབ་ཀྱི་བྱ་བའི་སྒོ་ནས་བྱང་ཕྱོགས་གངས་ཅན་གྱི་ལྗོངས་ནི་འཕགས་ཡུལ་རྡོ་རྗེ་གདན་དང་ཆོས་མཚུངས་ལ། བོད་ཀྱི་བྱང་ཕྱོགས་མདོ་སྨད་ཀྱང་བྱང་དང་པོ་དབུས་གཙང་དང་ཆ་འདྲ་བར་རྗེ་གྲུབ་པའི་དབང་ཕྱུག་སྐལ་ལྡན་རྒྱ་མཚོ་སོགས་ཀྱིས་བསྔགས་ཤིང། འཛམ་གླིང་གི་བྱང་ཕྱོགས་ཁ་བ་ཅན། དེའི་བྱང་ཕྱོགས་མདོ་སྨད། དེའི་ཆའམ་ལྷོ་བྱང་གཉིས་སུ་ཕྱེ་བའི་ལྷོ་རྒྱུད་འདིར། འབྲས་བུའི་ལེའུ་གསུམ། ལྷག་མཐོང་གི་ལེའུ་བཅས་ལ་ཉིས་སྟོང། ཏིང་འཛིན་གྱི་ལེའུའི་ལྔ་བརྒྱ། ཚུལ་ཁྲིམས་ལེའུའི་ཞེ་གསུམ་སོང་བའི་ཞེ་བཞི་པ་ས་གླང་ལ་དགོན་པ་འདི་བཏབ་པ་ཡིན་ལ། དེའི་ལེགས་ཚོགས་ཀྱི་ཐོག་མར་ལྷ་སའི་ཇོ་བོ་དང་སྐུ་རྒྱུ་གཅིག་པའི་ཇོ་བོ་གཅིག་མཁན་ཆེན་ཞི་བ་འཚོའི་ཐུགས་དམ་གྱི་རྟེན་དུ་མཛད་པ་ལས་བསྟན་པ་དར་ཞིང་རྒྱས་པའི་རྟེན་འབྲེལ་དུ་བོད་ཡུལ་འདིར་ཕེབས་ཏེ་ཕྱིས་སྐྱིད་ཤོད་འབུམ་སྟོད་དུ་བཞུགས་པ་ལས་འབུམ་སྟོད་ཇོ་བོར་གྲགས་པ་དེ་ཉིད་དང། བཀྲ་ཤིས་དོ་ཁ་མ་བརྒྱད་ཀྱི་ནང་ཚན་འཁྲུལ་མེད་རྒྱལ་བའི་དབང་པོ་དགེ་འདུན་རྒྱ་མཚོའི་ཐུགས་དམ་རྟེན་སྡེ་པ་ལྷ་རྒྱ་རི་བ་སོགས་ནས་རིམ་པར་བྱུང་བའི་ལོ་རྒྱུས་ངེས་འདྲོངས་ཅན་སོགས་ཀུན་མཁྱེན་བླ་མའི་ཕྱག་ཏུ་བྱུང་སྟེ་མདོ་སྨད་འདིར་ཕེབས་པ་དང། མ་ཅིག་ལབ་སྒྲོན་ཡུམ་སྲས་ཀྱང་ཕྱོགས་འདིར་ཕེབས་པ་སོགས་ནི་བྱང་ཕྱོགས་མཐའ་འཁོབ་ཀྱི་ཡུལ་དུ་བསྟན་པ་དར་བའི་རྟེན་འབྲེལ་དང། ཀུན་མཁྱེན་བླ་མ་ཡང་ཞི་འཚོ་དང་འཕྲིན་ལས་མཉམ་པའི་གཏན་ཚིགས་ཡིན་པས། རབ་བྱུང་བདུན་པའི་ས་གླང་ལ་དགེ་ལྡན་བཏབ་ནས་སུམ་བརྒྱ་གོ་བདུན་དང། ལྔ་བརྒྱ་ཐ་མ་ཚུགས་ནས་ལོ་བཅུ་ལྷག་ན་ཀུན་མཁྱེན་རིན་པོ་ཆེ་འཁྲུངས་པ་དང། བཀྲ་ཤིས་འཁྱིལ་


GTD008_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ནས་གོ་བདུན་པ་ཤིང་གླང་ལ་མཐོང་གྲོལ་ཆེན་མོ་བཞེངས་པ་སོགས་དུས་ཚོད་ཕན་ཚུན་ཤན་སྦྱར་བ་ཡང་ཤེས་ལ། ད་དུང་བྱང་ཕྱོགས་ནས་བྱང་ཕྱོགས་རྒྱ་མཚོའི་མཐའི་བར་དུ་བསྟན་པ་དར་བར་འགྱུར་བ་ལ་ཐེ་ཚོམ་མི་དགོས་པའི་གསུང་རྒྱུན་ཡོད་དེ། ཤེར་ཕྱིན་གྱི་མདོ་སྡེ་སོ་སོར་ཡུལ་སྤྱད་པའི་ཡོན་ཏན་གྱི་སྐབས་སུ་ཆོས་དང་འདུལ་བ་དར་ལ་བབ་པ་ན་དམ་པའི་ཆོས་ནུབ་པར་མི་འགྱུར་ཞེས་བཀའ་སྩལ་ནས། དེ་རྗེས་སླད་མའི་དུས་དང་སླད་མའི་ཚེ་བྱང་གི་ཕྱོགས། ཞེས་དང། ཕྱི་མའི་དུས་དང་ཕྱི་མའི་ཚེ་བྱང་ཕྱོགས་སུ་ཞེས་དང། བྱང་ཕྱོགས་ནས་ཀྱང་བྱང་ཕྱོགས་སུ་ཞེས་དང། སླད་མའི་དུས་དང་སླད་མའི་ཚེ་ན་བྱང་ཕྱོགས་ཀྱི་ཆ་དེར་ཞེས་བསྔགས་བརྗོད་རིམ་པར་བཀའ་སྩལ་པ་ལ་དོན་གྱི་ཁྱད་པར་མི་འདྲ་བ་འབྱུང་ལ། སྤྱིར་ཡུལ་དབུས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དང། དེ་ནས་བར་ད་ནི་དང། དེ་ནས་བྱང་ཕྱོགས་ཀྱི་རྒྱུད་དུ་ཤེར་ཕྱིན་འདིས་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་ཞེས་གསུངས་པས་རྒྱུད་ཅེས་པ་སའི་ཐིག་ལེ་ཉི་ཚེ་ཙམ་མ་ཡིན་པའི་ཕྱིར་རོ། །དེས་ན་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། གསང་བའི་བདག་པོ་གང་གི་ཚེ། བཅོམ་ལྡན་འདས་ཀྱིས་སྤྲུལ་བ་སྤྲུལ་བ་དེའི་ཚེ་ཁྱོད་ཀྱིས་སྤྲུལ་བ་སྤྲུལ་ལམ། ལག་ན་རྡོ་རྗེས་སྨྲས་པ། བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་འདི་ཁོ་བོའི་དཔང་ཡིན་ཏེ། ཞི་བའི་བློ་གྲོས་གལ་ཏེ། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་སྤྲུལ་ན་ཁོ་བོའི་སྤྲུལ་བ་གཟུགས་ཐ་དད་པའོ། །སྲིད་པར་བརྩོན་པ་ཐ་དད་ལ་ཡང་དེ་སྙེད་དེ་དག་གི་རྗེས་སུ་འབྲང་བ་ཡིན་ཏེ། ཞི་བའི་བློ་གྲོས་འདི་ནི་སྔོན་གྱི་བསམ་པ་ཡོངས་སུ་དག་པའི་རྒྱུ་མཐུན་པའོ། །ཞེས་གསུངས་པ་ལྟར། ཏེ་ལོ། ནཱ་རོ། ཇོ་འབྲོམ་མར་མི། རྗེ་དང་ཤེར་སེང་སོགས་དུས་


GTD008_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་སྤྲུལ་བ་ལ་ཐེ་ཚོམ་མ་དགོས་པར་མ་ཟད། བཅོམ་ལྡན་འདས་དང་དྲི་མེད་གྲགས་པ། འདུལ་དཀར་བ་དང་ཤེར་སེང། དཔོན་སྟོན་སྐྱེར་སྒང་བ་དང། ཀུན་མཁྱེན་བླ་མ་སོགས་ཐུགས་རྒྱུད་གཅིག་པར་གསུང་རྒྱུན་རྣམ་ཐར་ཅི་རིགས་ལས་འབྱུང་ངོ་། །སླར་ཡང་འདི་སྐད་ཅེས་བྱ་སྟེ། རི་ཡི་དབང་པོ་བྱ་རྒོད་ཕུང་པོའི་སྤོར། །ཐུབ་པའི་ཉི་མ་སྐྱེ་དགུའི་དཔལ་དུ་ཤར། །རྨོངས་པའི་མུན་སེལ་ཟབ་རྒྱས་ཤེར་ཕྱིན་དོན། །འོད་བརྒྱའི་སྣང་བ་ས་གསུམ་ཁྱབ་པར་སྤྲོས། །དེའི་ཚེ་ལྷོ་ཡི་ཕྱོགས་དང་བར་དུ་ནི། །བྱང་དང་བྱང་ནས་བྱང་གི་ཕྱོགས་དང་ཆར། །རྒྱུད་དང་ཡུན་དུ་ཆོས་འདི་དར་རོ་ཞེས། །བདེན་པའི་བཀའ་ལུང་ཚངས་པའི་དབྱངས་ཀྱིས་བསྒྲགས། །དེ་བཞིན་ཁྱོད་སྐུའི་བཀོད་པས་ས་གསུམ་ཁྱབ། །གསུང་གི་སྣང་བས་འགྲོ་བློའི་མུན་པ་བསལ། །ཐུགས་རྗེ་འཇུག་པ་སྐལ་བའི་རིམ་པར་བབས། །ཆོས་སྤྱོད་དགའ་སྟོན་ཟླ་བ་ཚེས་པ་བཞིན། །རྙོགས་བྲལ་དྭངས་པའི་རྫིང་བུར་ཟླ་ཤེལ་གཟུགས། །གཅིག་ལས་རྒྱ་མཚོའི་རྡུལ་སྙེད་གྲངས་འཆར་ན། །མི་ཟད་རྒྱན་གྱི་འཁོར་ལོ་བྱེ་བའི་མཛོད། །སྤྲོ་བའི་བྱེད་པོ་ཐ་དད་སུ་ཡིས་དམིགས། །ལ་ལར་རིམ་དང་ལ་ལར་ཅིག་ཅར་དུ། །ལ་ལར་སློབ་དཔོན་ལ་ལར་སློབ་མའི་ཚུལ། །བགྲང་ཡས་རྣམ་པར་རོལ་པ་སྲིད་མཐའི་བར། །སྤྲོས་དང་སྤྲོ་བའི་ཕན་བདེས་འགྲོ་ཀུན་ཚིམ། །བདག་འཛིན་རྨོངས་པས་ཕྱེ་བའི་རྒྱུ་ཐ་དད། །དག་པའི་ཡེ་ཤེས་མེ་ལོང་ངོས་ལ་མེད། །ཡེ་ཤེས་རྣམ་ལྔ་རིགས་ལྔའི་དབང་གཞུ་རུ། །དྭངས་ཤེལ་ཚོན་བརྒྱའི་རི་མོ་བཞིན་དུ་བཀྲ། །ལྷག་པར་བོད་ཡུལ་ནོར་འཛིན་ཐིག་ལེར་མཁན་སློབ་ཆོས་རྒྱལ་ལོ་པཎ་ཟོལ་གྱིས་ཐུབ་བསྟན་དབུ་བརྙེས་སྲོལ་བཏོད་དར་རྒྱས་མཛད། །མཁའ་དབྱིངས་རྒྱུ་སྐར་དཔལ་ལ་ཅོ་འདྲི་མཁས་གྲུབ་འཕྲེང་བ་རིམ་པར་བགྲངས་པས་རིས་


GTD008_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཆོས་ཚུལ་འོ་མཚོ་ཕྱོགས་བརྒྱར་སྤེལ། །རིགས་པའི་བསྲུབས་ཤིང་དྲི་མེད་མདོ་རྒྱུད་བསྲུབས་ཐག་གིས་བཟུང་ལེགས་བསྲུབས་ཉིང་ཁུ་དགེ་ལྡན་རིང་ལུགས་གསེར་སྦྱངས་འབར་འདྲའི་བཅུད། །སྐལ་བཟང་སྙིང་གི་ཡོལ་གོར་འཁྱིལ་ལས་དད་བརྩོན་སྡོང་བུར་བསླབ་གསུམ་རིམ་གཉིས་བཤད་སྒྲུབ་མེ་འོད་རྨོངས་པའི་གཤེད་དུ་སྤྲོས། །དེ་ལྟའི་ཡ་མཚན་རི་མོ་ནི། །དུས་ཀྱི་མཐར་ཡང་ཉམས་མེད་ཕྱིར། །གང་གིས་གང་གི་གཟུགས་ཀྱི་སྐུ། །རིན་ཆེན་ལྷུན་པོ་བརྩེགས་འདྲ་དང། །འཛད་མེད་ཆོས་སྦྱིན་བདུད་རྩིའི་སྒོ། །ཕྱེ་བའི་ངོ་མཚར་རྩེ་དགའ་ནི། །ཐུབ་པ་བྱ་རྒོད་ཕུང་པོའི་སྤོར། །བྱོན་པའི་ངོ་མཚར་བྲིས་པ་བཞིན། །སྔོན་དང་ཕྱི་མཐའི་རྟེན་འབྲེལ་དག །དུས་དང་དུས་སུ་སྨིན་པ་ཡི། །བརྗོད་པ་ཡང་དག་རྫོགས་པའི་མཐའ། །ཀུན་མཁྱེན་མཁྱེན་པས་དམིགས་སུ་མེད། །དེ་སླད་འགྲོ་བའི་ནགས་ཀླུང་ཡངས་པའི་ཁྱོན། །སྒྲིབ་གཉིས་འཁྲི་ཤིང་མིང་གི་ལྷག་མ་རུ། །མ་བཅོམ་དེ་སྲིད་ཁྱོད་དང་མི་འབྲལ་བར། །མཛད་པའི་ཁུར་འདེགས་དགྱེས་པས་སྐྱོངས་གྱུར་ཅིག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཇོ་བོ་བཞེངས་སྐབས་མགར་བས་སྣང་མེད་ཀྱིས་གསེར་སྲང་སུམ་ཅུ་བཞུས་ནས་གསེར་ལད་སོང་བར་ཞབས་ཕྱི་རྣམས་ཀྱིས་སེམས་འཚེར་བྱས་པས། དེ་ལེགས་པོ་བྱུང། མགར་བ་འདིས་དང་པོར་སྣང་རྟག་མི་བྱེད་པ་དང། རྗེས་སོར་འགྱོད་པ་མེད་པ་འདི་ངོ་མཚར་པོ་རེད་གསུངས། ཁོང་ཚོ་ཁྲོས་ནས་འོ་ན་གསེར་འདི་ཅི་བྱེད་རྒྱུ་ཡིན་ཞུས་པས། དེ་གསེར་ཡིན་སྙམ་ནས་བཞག་བཏང་ན་དེ་རེད་མོད་གསུངས། འདི་ནི་ཆོག་ཤེས་ནས་ལྟ་བའི་བར་འདོམས་པའི་གསུང་ཡིན་ལ། གསུང་གི་ཕེབས་སྒོ་ཐམས་ཅད་འདི་དང་འདྲ་ཡང་བྲི་མ་ནུས། དོན་གཉེར་ཅན་དུ་མ་


GTD008_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས། རིག་བྱེད་མའི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ། ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་ཆོས་བཀའ་དུ་མ་དང་འབྱོར་ཕྱག་ཐོན་ཕྱག་སོགས་མོས་པ་བཞིན་གནང་སྟེ་ཐེ་བོ་ཆབ་ཚན་དུ་ཆིབས་བསྒྱུར། དེར་ཡང་ཕྱོགས་འདུས་པ་མང་པོར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང། མགོན་པོ་བར་ཆད་ཀུན་སེལ་དང། སེང་གདོང་མའི་རྗེས་གནང། ལམ་རིམ་སྙིང་པོ་དངོས་གྲུབ་ཀུན་འབྱུང་གི་ལུང་སོགས་སྩལ། ཟླ་མཇུག་ལ་གདན་སར་འབྱོར། དགེ་བའི་བཤེས་གཉེན་རྒྱུད་པ་སློབ་ཟུར་དགེ་འདུན་དཔལ་བཟང་པོས་གསོལ་བ་བཏབ་པ་བཞིན་ལུང་རིགས་སྨྲ་བ་ལྔ་བཅུ་ལྷག་ལ་རྟེན་འབྲེལ་བསྟོད་པའི་བཤད་ལུང། དགའ་ལྡན་ལྷ་བརྒྱ་མའི་ལུང། བླ་མཆོད་དང་ཕྱག་ཆེན་སྦྲགས་པའི་ཁྲིད་གཟབ་རྒྱས། རྣམ་རྒྱལ་མཆོད་པ་དང་རབ་བྱུང་བསྙེན་རྫོགས་འགའ་གནང། ཨ་མཆོག་དགོན་དུ་གདན་འདྲེན་ཞུས་པ་མཛོད་དགེ་དགོན་གསར་དང་སྦྲགས་ནས་ཆིབས་བསྒྱུར། བརྒྱད་པའི་ཚེས་ལྔ་ལ་དགོན་པའི་བླ་མ་ལས་སྣེ། ཚོ་པ་བརྒྱད་ཀྱི་རྒན་སེམས་ཤེས་སོགས་སྐྱ་སེར་གྱི་རྟ་བསུ་ཇ་ཐབ། ཞག་བབ་ཀྱི་བསྙེན་བཀུར་སོགས་ཕུལ་ཞིང། གཉན་རྗེ་གོང་སྔོན་གྱི་ལྷ་ཞོལ་དུ་བཞུགས་ཏེ། ཕྱི་ཉིན་སེར་སྦྲེང་དཀྱུས་རིང་དང་བཅས་དགོན་པར་བབས། སེར་སྐྱ་སུམ་སྟོང་ལྷག་ལ་ལམ་གཙོའི་ཁྲིད་སྙན་བརྒྱུད་མན་ངག་གིས་བརྒྱན་པ། བཅུ་གཅིག་ཞལ་གྱི་རྗེས་གནང་བཅས་སྩལ། ཚེས་བརྒྱད་ཀྱི་ཉིན་བཀྲ་ཤིས་གསོ་སྦྱོང་མཛད། དགེ་འདུན་དགུ་བརྒྱ་སྐོར་ལ་ཟམ་ཡ་རེ་དང་ཁ་དར་རེའི་འགྱེད། སྤྱི་འཇོག་སོ་སོར་རྟ་ནོར་བརྒྱད། འདུ་ཁང་གི་ཐེབས་སུ་རྟ་ནོར་བཞི་བཅུ་ཞེ་གསུམ། བླ་མ་སོ་སོར་རྟ་ཕྲུག་རེས་གཙོས་པའི་ཚན་གྲངས་བསྟར། བསྒྲུབ་བྱ་གཉིས་དགེ་བསྙེན། བཅུ་


GTD008_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཚུལ། ཞེ་དགུ་བསྙེན་རྫོགས་སུ་བསྒྲུབས། དེ་ནས་བཏེག་སྟེ་ལམ་བར་གྱི་སྡེ་པ་སོ་སོས་ཇ་ཐབ་བཞི་ལྔ་ཙམ་ཕུལ་བའི་རེ་བ་བསྐངས། མཆོད་རྟེན་ཤར་དགོན་པ་བཀྲ་ཤིས་རབ་རྒྱས་ལ་འདུ་ཁང་ཐེབས་སུ་རྟ་ནོར་ལྔ། ནས་བྲེ་བཞི་བརྒྱ། འགྱེད་ཐེབས་སུ་ཟམ་དམར་དགུ་བཅུ། ཁ་དར་བརྒྱ་དང་བརྒྱད་ཅུ་བཅས་ཕུལ། མཛོད་དགེ་དགོན་གསར་དུ་བྱམས་སྐུ་ཆེན་མོ་དང། དྲི་གཙང་ཁང་གསར་བཞེངས་སོགས་ལ་སྤྱན་དབྱེའི་ཆོ་ག་མཛད། རབ་དར་ཡང་སྩལ། དགེ་འདུན་སྟོང་ལྷག་ལ་སྣར་ཐང་བརྒྱ་རྩ། སྨན་བླ་མཐོ་བརྩེགས། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་སོགས་ཀྱི་རྗེས་གནང། བྱམས་ཆོས་སྡེ་ལྔའི་ལུང་སོགས་འདོད་མོས་བཞིན་གནང། ཁྲི་པ་རྡོ་རམས་པ་དཀོན་མཆོག་དབང་ཕྱུག་ནས་ཞབས་བརྟན་གསོལ་འདེབས་ནན་ཅན་ཞུས་པར་དགྱེས་པའི་ཞལ་བཞེས་དང་བཅས་འབུལ་བ་རྣམས་ཕྱིར་སློག །སླར་ཡང་རྟེན་བཞེངས་ཀྱི་ཐེབས་སུ་ཐོའུ་ཁྲོན་ཉིས་བརྒྱ་བཅུ་གསུམ་བཞག །དོང་ཚེ་ཞོ་བདུན་རེའི་ཟོག་འགྱེད་བསྟར། ཚོགས་དབུར་བཞུགས་ནས་རྣམ་རྒྱལ་མཆོད་པའི་སྲོལ་གསར་དུ་ཚུགས། དེ་ནས་ཆིབས་བསུ་སྐྱེལ། ལམ་བར་གྱི་སྡེ་པ་སོ་སོས་ཇ་ཐབ་བཞི་ལྔ་ཙམ་ཞུས་པར་འཕོ་ལུང། ལྗགས་བསྔོ། ཕྱག་དབང་སོགས་ཀྱིས་རེ་བ་སྐོང་བཞིན་པར་ཙ་ཡུ་དགོན་པར་བྱོན། ལམ་ཁྲིད་མདོར་བསྡུས་སྔོན་དུ་བཏང་སྟེ་ཕྲེང་བའི་ཆིངས་ཀྱི་སྟེང་ནས། འདུས་པ་འཕགས་ལུགས་ཀྱི་དབང་སྟ་གོན་དང་བཅས་པ། དགེ་འདུན་བཞི་བརྒྱ་སྐོར་ལ་ཟམ་དམར་ཡ་རེ་དང་ཁ་དར་རེའི་འགྱེད་སྕལ། འབུལ་བ་ཕྱིར་སློག་སྟེ་ནས་འཇག་བརྒྱ་དང་ཉི་ཤུ། རྟ་ནོར་བཅུ་གསུམ། ཆས་འཇུག་གཅིག །རྡོར་དྲིལ་གཅིག་བཅས་སྒྲུབ་མཆོད་གསར་ཚུགས་ཀྱི་ཐེབས་སུ་གནང།


GTD008_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕེབས་པས་ཉིན་དེར་ལམ་བར་གྱི་སྡེ་པ་སོ་སོས་ཇ་ཐབ་བརྒྱད་དགུ་ཙམ་ཞུས་པའི་འབུལ་བ་རྣམས་ཀྱང་ཙ་ཡུ་དགོན་པར་སྤྱི་འཇོག་ལ་གནང་སྟེ་བརྒྱད་པའི་ཉེར་བརྒྱད་ལ་དགོན་པར་བབས། སྨད་སོག་མང་པོ་དང་སྐུ་འབུམ་པ་འགའ་སོགས་སྒུག་སྡོད་བྱས་ཡོད་པ་རྣམས་དང། འཆམ་པ་ལྕགས་མཁར་བ་སོགས་ཀྱིས་ཞུས་ངོར་འདོད་ཆོས་གང་འདོད་དུ་གནང་ཞིང། རྣམ་རྒྱལ་མཆོད་པའི་ཚོགས་དབུར་ལན་ཁ་ཤས་ཕེབས། དགུ་པའི་ཉེར་བདུན་གྱི་ཉིན་ཚོགས་ལ་གཏོང་སྒོ་དང་འཆར་ཅན་གྱི་མཆོད་མཇལ་སྦྲགས་ནས་མཛད། ཉིན་དེར་ཚོགས་སུ་ཕུལ་བའི་ཞུ་ཐོ་ནི། བསླབ་གསུམ་ནོར་བུའི་གཏེར་མཛོད་འཕགས་ཆེན་འདུས་པ་རྒྱ་མཚོའི་ཞབས་དྲུང་དུ་གང་ཞུ་ན། པཎ་ཆེན་དགེ་འདུན་གྲུབ་ཀྱི་ཞལ་ནས། ཤར་གངས་རི་དཀར་པོའི་རྩེ་མོ་ན། །སྤྲིན་དཀར་པོ་དགུང་ལ་བསྙེགས་པ་འདྲ། །དེ་མཐོང་བའི་མོད་ལ་བླ་མ་དྲན། །དྲིན་བསམ་ཞིང་བསམ་ཞིང་དད་པ་སྐྱེ། །ཞེས་གསུངས་པ་ལྟར། དེང་དུས་རྒྱ་བོད་ཧོར་གསུམ་གྱི་མཆོག་དམན་སེར་སྐྱ་ཐམས་ཅད་ཀྱི་སྤྱོད་ཚུལ་དང། བསྟན་པའི་འཕེལ་འགྲིབ་གང་ལ་བརྟག་ནའང་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་གང་ནས་བསམས་ཀྱང་མཚུངས་པའི་ཟླ་དང་བྲལ་བས་དུས་ཅི་ཙམ་འགོར་བ་བཞིན་ལྷག་པར་དྲན་དགོས་ལ། སྤྱིར་སྙིགས་མ་ལྔ་བདོ་བའི་དུས་སུ་ཐུབ་པའི་དབང་པོ་དང། དེའི་དངོས་ཀྱི་འདུལ་ཞིང་དུ་མ་གྱུར་བའི་ཁ་བ་ཅན་གྱི་གདུལ་བྱ་ལ་འཕགས་པ་སྤྱན་རས་གཟིགས་ལྷག་པར་བཀའ་དྲིན་ཆེའང། དེ་ལས་ཀྱང་ཆེས་ཆེར་སྙིགས་པའི་དུས་ངན་གྱི་མཐའ། ཡུལ་ངན་གཤིན་རྗེའི་འཐབ་ར་ལྟ་བུ་འདིར་གཞན་གྱི་ལོག་སྒྲུབ་དང་ངན་སྨྲས་སོགས་གང་ལ་ཡང་མ་འཛེམ་པར་བསྟན་འགྲོ་


GTD008_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་གི་དོན་ཁུར་དུ་བཞེས་ཏེ། རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། །ཟླ་མེད་བླ་མ་ཞེས་པ་དེ་ཁོ་ན་ཡིན་ཀྱང་སྐྱེ་བོ་བློ་གྲོས་ཀྱི་མིག་དང་བྲལ་ཞིང་བསོད་ནམས་ཀྱི་མཐུ་དམན་པ་དུ་མས་སངས་རྒྱས་དངོས་ཀྱི་མཛད་པ་བསྟན་ཀྱང་ཡོན་ཏན་དུ་མ་མཐོང། ཕན་པའི་ཐབས་གང་དགོས་ཐམས་ཅད་མཛད་ཀྱང་དྲིན་ངོ་མ་ཤེས་པར་རྟེན་འབྲེལ་ཅུང་ཟད་འཕྱུགས་པའི་རྐྱེན་གྱིས་ད་ལྟ་ཕྱི་ནང་གི་རྐྱེན་ངན་སྣ་ཚོགས་པ་འདི་བྱུང་བར་སྣང་ནའང། རང་ངོས་ནས་སྐྱོན་རྟོག་སྐད་ཅིག་ཀྱང་སྐྱེས་པ་མི་དྲན་ལ། ད་དུང་ཚེ་རབས་ཀུན་ཏུ་དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུར་དམིགས་ཏེ་དུས་མཆོད་དང་འབྲེལ་བར་ཇ་ཐུག་ཉིན་འཁྱོང་གི་བསྙེན་བཀུར་ཞུས་པའི་ཐོག་སྤྱི་འཇོག་ལ་རས་ལྔ་ཁ་དར་ཕྱི་མཛོད། འཇོག་པ་གཞན་རྣམས་ལ་ཟམ་ཆ་རེ་དང་ཁ་དར་རེ། སྐུ་འགྱེད་དོང་ཙེ་ཁྲོན་རེ་བཅས་འབུལ་ལམ་ཞུ་ལགས་པས། སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་མཆོག་གི་ཐུགས་རྗེ་དང། དགེ་འདུན་མི་ཕྱེད་འདུན་པའི་སྟོབས་ཀྱིས་ཇི་ལྟར་སྨོན་པའི་དོན་ཐམས་ཅད་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་པ་འདི་ཡིན་ནོ། །འདིའི་རྟེན་འབྲེལ་ནོར་བ་ཞེས་པ་ནི། སྒྲིག་ལམ་ཡལ་བར་བོར་བ་སོགས་གསུང་ལ་མངོན་ལྐོག་བཏང་བ་ཁོ་ནའི་སྟེང་ནས་ཤེས་པར་གྱིས་ཤིག །བཅུ་པའི་ཚེས་ལ་རི་ཁྲོད་ཀྱི་གཟིམས་ཁང་གསར་པ་ནས་བསྒྲུབ་བྱ་འགའ་ཞིག་བསྙེན་རྫོགས་དང། བཱ་རིན་ཞབས་དྲུང་སོགས་དགེ་འདུན་མང་པོར་ལམ་གཙོའི་ཁྲིད་དང། སྤྱོད་འཇུག་གི་བཤད་པ་ཉིན་བཞི་ཙམ་ལ་གནང་སྟེ་ཚེས་ལྔ་ནས་བཅད་རྒྱ་མཛད། བར་སྐབས་སུ་གསོ་སྦྱོང་ལ་ཕེབས་པ་དང་སྦྲགས་ནས་བྱང་འགྲུལ་པ་སོགས་དོན་གཉེར་ཅན་སྒུག་སྡོད་བྱས་པ་རྣམས་ལ་རབ་བྱུང་བསྙེན་


GTD008_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཀྱི་རེ་བ་བསྐང་ཙམ་མ་གཏོགས་ལོ་མཇུག་བར་དུ་བཅད་རྒྱ་ཁོ་ན་མཛད། བཅུ་གཉིས་པའི་ཉེར་ལྔ་ལ་སྐུ་མཚམས་གྲོལ་ཏེ་འགྲུལ་པ་མང་པོ་ལ། བླ་མཆོད་དང་ཕྱག་ཆེན་སྦྲགས་མའི་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། བདེ་ལམ་གྱི་ཁྲིད་སོགས་རིམ་པར་གནང་ཞིང། ལོ་འདིར་བསྒྲུབ་བྱ་བཞི་བརྒྱ་མ་ལོང་ཙམ་བསྙེན་རྫོགས་དང། དགེ་ཚུལ་གྱ་བརྒྱད་བསྒྲུབས་ཏེ་འཁོར་འདས་བརྗེ་བའི་བསླབ་ཟོང་ཆེན་པོ་སྩལ། དགུང་ལོ་ང་དགུ་པ་ལྕགས་འབྲུག་གི་ལོ་གསར་ལ་སྔར་གྱི་བཀའ་ཆོས་འཕྲོས་ནས་དཔའ་གཅིག་དང་ཀུན་རིག །བདེ་མཆོག་ལཱུ་ཨི་པའི་དབང། རིག་བྱེད་མ། ཛམ་དམར། སྒྲོལ་མ་ཉེར་གཅིག །གདུགས་དཀར་སོགས་ཀྱི་རྗེས་གནང་དུ་མ་སྩོལ་བཞིན་པར་ཚེས་བརྒྱད་ཀྱི་ཉིན་ཇོ་བོ་རིན་པོ་ཆེར་ན་བཟའ་དང་དབུ་རྒྱན་ཕུལ་ཏེ། དཔོན་སློབ་ལྔ་བཅུ་སྐོར་གྱིས་སྤྱན་འདྲེན་ཁྲུས་གསོལ། རྟེན་འབྲེལ་བསྟོད་པ། ཡོན་ཏན་གཞིར་གྱུར་མ། བསྟན་འབར་མ་བཅས་གསུངས་ཏེ་ཐུགས་སྨོན་རྒྱ་གང་ཆེ་གནང་ཞིང། རྗེ་བདག་ཉིད་ཆེན་པོས་ལྷ་སའི་ཇོ་བོ་རིན་པོ་ཆེར་དབུ་རྒྱན་ཕུལ་བའི་ཉི་མ་ཡིན་ཞེས་ཐུགས་དགྱེས་ཚོར་ཆེ་བ་མཛད། ཇོ་བོའི་སྐུ་འདི་ཉིད་ཀྱི་རྒྱུ་སོང་སོགས་མ་ངེས་ཀྱང་ཕྱག་གཡས་པའི་མཁྲིག་མ་ནས་སོར་རྩེའི་བར་ལ་དངུལ་དཀར་སྲང་བདུན་ཅུ་སྐོར་ཅིག་སོང་བར་ཞལ་ནས་ཐོས། ས་གསུམ་ན་རྙེད་པར་དཀའ་བའི་རྒྱ་བོད་ཀྱི་བྱིན་རྟེན་གཟུངས་གཞུག་འཛོམ་ཆེ་བ་འདི་འདྲ་མདོ་སྨད་ཀྱི་ཕྱོགས་འདིར་དཀོན་པ་ལྟ་བུར་ཡོད་ཀྱང་གབ་པའི་ཚུལ་གྱིས་དཀར་ཆག་ཙམ་ཡང་མ་བཀོད་པས་གསལ་ཆ་བྲི་བར་མ་ནུས་སོ། །བཅུ་གསུམ་གྱི་ཉིན་རྗེ་ཉིད་ཀྱིས་གཙོས་གནས་བརྟན་འདུལ་བ་འཛིན་པ་བཅུ་གཅིག་གིས་ཇོ་བོ་རིན་པོ་ཆེར་སྤྱན་དབྱེའི་ཆོ་ག་མཛད། གང་གི་ཡོན་ཏན་ཕུང་པོ་ལ། །མངོན་དགའ་རྒྱས་


GTD008_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་བོའི་སྤྲིན། །ཟང་ཟིང་ནོར་གྱི་ཆར་འབེབས་པས། །ཆགས་བྲལ་བདུད་རྩི་བྱིན་པ་བཞིན། །འགྲོ་བའི་སེམས་རྒྱུད་ཀུན་མཁྱེན་གྱི། །གཏེར་དུ་སྒྲུབ་ཕྱིར་གཟུགས་ཀྱི་སྐུ། །བཞེངས་པས་གདུལ་བྱ་ནོར་འཛིན་མ། །ཕན་བདེའི་མེ་ཏོག་འབུམ་དུ་བཞད། །འཇམ་དབྱངས་དམར་སེར། རྣམ་འཇོམས། རྡོར་སེམས། རིག་བྱེད་མ། སྒྲོལ་དཀར་ལྗང་རྣམས་ཀྱི་རྗེས་གནང། ཉན་མཁན་བརྒྱ་ཕྲག་དུ་མ་ལ་སྐྱབས་འགྲོའི་ཁྲིད། བླ་མཆོད་ཀྱི་ཁྲིད་སོགས་འདོད་མོས་བཞིན་གནང། སྦྱིན་བདག་རྣམས་ལ་ཐོན་ཕྱག་བྱིན་རྟེན་སྐུ་བརྙན། སྣམ་ཐེར། སྡེ་དགེའི་དྲིལ་བུ། ཏིང་ཤག །དབུས་སྤོས། སྟག་གཟིག་གི་པགས་པ་སོགས་སྩལ་ཞིང། ལྷག་པར་ཨུ་ཅུ་མུ་ཆིན་ཙ་ཁ་རུག་ཆི་གསེར་སྐྱེམས་ཀྱི་བུ་ལ། སྔར་ཕ་མེས་ཀྱི་དུས་ནས་ཚོགས་བསགས་རྒྱ་ཆེན་པོ་རྒྱུན་མི་འཆད་དུ་བྱས་པ་འདིའི་རྒྱུན་མ་ཉམས་པར་བསྐྱངས་ན་འདི་ཕྱིའི་དོན་ལེགས་པར་འགྲུབ་ཚུལ་སོགས་དགྱེས་པའི་གསུང་གི་སྒོ་ནས་དགའ་སྤྲོ་ཚད་མེད་པའི་གནས་ལ་བཀོད། འདི་མཚོན་བྱེད་ཙམ་དུ་བཀོད་ལ། དུས་ནམ་གྱི་ཚེ་ཡང་འགྲུལ་པ་སོ་སོར་ཐོན་ཕྱག །ཇ་གྲལ། བླ་དཔོན་སྦྱིན་བདག་གི་བབས་དང་བསྟུན་པའི་དཀར་སྤྲོ་དང། གནང་སྦྱིན་སོགས་ལ་ལེ་ཤོར་མེད་ལ་དགྱེས་པའི་གསུང་གིས་ཚིམ་པར་མཛད་པས་བྱམས་པའི་སྟོབས་ཀྱི་སྐྱེས་རབས་ལས། ཕོངས་ཏེ་སློང་དུ་འོངས་པ་རྣམས་ཀྱི་གདོང། །རེ་བ་བཟློག་པས་ངོ་ཟུམ་གནག་གྱུར་པ། །བུ་ཡུག་རླུང་གིས་པཔདྨ་རྙིང་པ་བཞིན། །མི་དགའ་བྱས་པ་ནམ་ཡང་བདག་མི་དྲན། །ཞེས་པ་ལྟར་ཡིན་ནོ། །དུས་རྒྱུན་དུ་ཡོངས་གྲགས་ལྟར་གྱི་འཇིག་རྟེན་མཐུན་འཇུག་གི་རིགས་མི་མཛད་པར་བཀའ་གདམས་གཙང་མའི་རྣམ་ཐར་ཁོ་ན་ལྷུར་


GTD008_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་པར་མཛད་ཀྱང། ཐག་རིང་གི་ལམ་ནས་དཀའ་བ་ཁྱད་དུ་བསད་དེ་ཆོས་དོན་གཉེར་ལ་འོང་བ་དང། བླ་མ་དགེ་འདུན་དང་བཅས་པའི་ཞལ་མཐོང་ཞིང་གསུང་ཐོས་འདོད་དང། བསྙེན་བཀུར་ནས་བསྔོ་སྨོན་གྱི་འབྲེལ་བ་ཐོབ་འདོད་རྣམས་ལ་མོས་པ་དང་མཐུན་པའི་རེ་བ་རྫོགས་པར་མཛད་དེ། མཁོ་བའི་དངོས་པོ་སྟོབ་པ་དང། དགྱེས་པའི་གསུང་གི་སྒོ་ནས་རྣམ་དཀར་ལ་མོས་པ་བརྟན་ཅིང་སྤྲོ་བ་འཕེལ་བར་མཛད་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་རྨད་དུ་བྱུང་བ་ཡིན་ཏེ། བྱང་ས་ལས། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ལས་ནན་ཏན་དུ་གདམས་ཤིང་གདམས་ཤིང་ཟས་དང། སྐོམ་དང། བཞོན་པ་དང། གོས་ལ་སོགས་པ་མཆོག་དང། རབ་མཆོག་གང་ཡིན་པ་དེ་དག་སྦྱིན་པར་བྱེད་དོ་ཞེས་དང། བྱང་ཆུབ་སེམས་དཔའ་གཏམ་སྣ་ཚོགས་དང། སྙན་པའི་གཏམ་དང། སྤོབས་པ་དགེ་བ་དང་ལྡན་པ་ཅི་ནས་སེམས་ཅན་དབུལ་པོ་རྣམས་ཀྱང་སྦྱིན་པར་བྱེད་འདོད་པ་དང་སེར་སྣ་ཅན་རྣམས་ཀྱང་སྦྱིན་པ་བྱེད་པར་འདོད་པ་དེ་ལྟ་བུར་གཞན་ལ་ཆོས་སྟོན་པར་བྱེད་དོ། །ཞེས་གསུངས་པ་ལྟར་རོ། །མཛོད་དགེ་གྲོ་པཎྚི་ཏ་སོགས་མང་པོར། འཇམ་དཔལ་ནག་པོ། དྲག་པོ་སུམ་སྒྲིལ། ཡེ་ཤེས་ཁྱུང་ཁྲ་སོགས་ཀྱི་རྗེས་གནང་དང། སྐབས་འདི་སོགས་སྔ་ཕྱིར་གཟིམས་ཁང་བདེ་ཡངས་ནས་བཀའ་ཆོས་རྒྱུན་ཆགས་གནང་སྐབས་ཉན་མཁན་བརྒྱ་ཕྲག་རེ་མ་མཐའ། བཞི་བརྒྱ་ལྔ་བཅུ་བརྒལ་བ་ཡོད་ཀྱང་ཞིབ་པར་བྲིར་མ་ལང། ཞྭ་སེར་བསྟན་པའི་གསལ་བྱེད་གྲོ་པཎྚི་ཏ་ངག་དབང་འཕྲིན་ལས་ལྷུན་གྲུབ་དཔོན་གཡོག་ཉུང་བསྡུས་ལ། རྒྱལ་པོ་ལྷན་སྐྱེས་རོལ་པའི་ལུགས་ཀྱི་ཀུ་རུ་ཀུལླེ་ཐུན་མོང་དང་ཐུན་མོང་མ་ཡིན་པ། ཌོཾ་བྷི་ཧེ་རུ་ཀ་ནས་བརྒྱུད་པའི་གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་


GTD008_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དང། ཁོང་གཅིག་པུར་འཇིགས་བྱེད་དམར་པོའི་དུག་དབང་སྩལ། སྨན་བླ་བདེ་གཤེགས་བརྒྱད་སོགས་ཐང་ཆེན་བཅུ་གཅིག་དང། རྒྱལ་བ་སེངྒེ་ང་རོ། སྟོན་པ་ཐུབ་པའི་དབང་པོ། མཉམ་མེད་ཇོ་བོ་ཆེན་པོ། རྒྱལ་བ་ཙོང་ཁ་པ། སྐྱབས་མགོན་རྡོ་རྗེ་འཆང་བཅས་གོས་སྐུ་ཆེ་ཚད་ལྔ་བཟོ་དྲུབ་གྲས་མཚུངས་བྱེད་རྒྱུའི་མགོ་ཚུགས། ཕལ་ཆེར་བཅད་རྒྱའི་ངང་དུ་བཞུགས། བཞི་པའི་ཚེས་ལ་ཐང་ཆེན་རྣམས་གྲུབ་སྟེ་ལྷ་བྲིས་པ་རྣམས་དང། གསེར་མགར་ལགས་སོགས་ཡོན་གྱིས་མཉེས་པར་མཛད། མང་འགྱེད་དང་བཅས་ཚོགས་ཆེན་ནས་ཏཱ་རེ་དུང་ཕྱུར་བསྒྲུབས། མཁའ་སྤྱོད་སྐོར་གསུམ་གྱི་སིནྡྷུ་རའི་བྱིན་རླབས་སོགས་འདོད་ཆོས་དང་རྣམ་རྒྱལ་མཆོད་པ་སོགས་ཀྱིས་འདུན་ལྡན་རྣམས་ཀྱི་རེ་བ་བསྐངས་ཏེ་ཕལ་ཆེར་བཅད་རྒྱ་ལ་བཞུགས། རེབ་ཙ་སྨན་པ་དཀོན་མཆོག་བསྟན་དར་གློ་བུར་དུ་མ་བདེ་བར་ཨུ་ཚུགས་མཐར་སྐྱེལ་གྱིས་གསོལ་བ་བཏབ་པ་ལྟར། བཞི་པའི་ཉེར་བརྒྱད་ལ་བྲག་ལུང་རི་ཁྲོད་དུ་བཏེག །ཀུན་གྱིས་མི་འཚོ་བར་ཐག་བཅད་ཀྱང་བཀའ་བསྒོ་སྲུང་འཁོར་གྱི་དམིགས་རིམ་དང། སྒྲོལ་དཀར་གྱི་རྗེས་གནང་མགོན་ཆོས་ལྷ་མོའི་བསྐང་གསོ་བཅས་གནང་བས་སྐྱེད་ཐོན་ཏེ་སངས་དྭངས་སུ་སོང་བས་བྱིན་རླབས་དང་དད་པ་འཛོམ་པའི་བདེན་པ་མངོན་དུ་གྱུར། དེ་ནས་ངར་རྒོད་སྒང་དུ་གདན་དྲངས་པའི་ལམ་བར་དུ། ལུང་ནག་རི་ཁྲོད། གྱི་ལིང་དགོན་པ། རེབ་ཙ་ཕུག་གྲོང་དགོན་སོགས་ཀྱིས་ཇ་ཐབ་ཞུས་པར་དགོན་པ་སོ་སོར་མང་ཇ་དང། ཟམ་ཡ་རེའི་འགྱེད་དུས་རྒྱུན་དང་མཐུན་པ་གནང། བཀྲ་ཤིས་བཤད་སྒྲུབ་གླིང་གི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་ལ་རབ་གནས་དང། འདུ་ཁང་ནས་སྙིང་པོ་དོན་གསུམ་


GTD008_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁྲིད་སོགས་དང། སྔོན་པོ་ཐང་བཤད་སྒྲུབ་གླིང་དུ་གདན་དྲངས་པ་ལྟར་གཞི་བྱེས་ཀྱི་བླ་གྲྭ་སྟོང་ཕྲག་གཉིས་ལྷག་ལ། དཔའ་གཅིག་གི་དབང། ལུང་འགའ་ཞིག་སྩལ། ལྔ་པའི་ཚེས་བརྒྱད་ཀྱི་ཉིན་བཀྲ་ཤིས་ཀྱི་གསོ་སྦྱོང་མཛད། བོར་ཆུང་རི་ཁྲོད་བཀྲ་ཤིས་ཆོས་འཕེལ་གླིང་དུ། ལམ་གཙོའི་ཁྲིད། ལམ་རིམ་ཆེན་མོ་ལ་དབུ་ཚུགས་ཙམ་གནང་སྟེ་རྟེན་འབྲེལ་བསྒྲིགས། སླར་ཡང་སྔོན་པོ་ཐང་དུ་བྱོན། རྟ་རྒོད་མ་བཅུ་བཞི། མཛོ་མཛོ་མོ་བདུན། ཇ་ལན་འདུའུ་གཅིག །མར་རྒྱ་མ་རེ་བདུན། ནས་བྲེ་དྲུག་བརྒྱ་སོགས་ཆོ་འཕྲུལ་སྨོན་ལམ་གྱི་ཐེབས་སུ་བཞག །གསང་སྔགས་ཆོས་རྫོང་དགོན་དུ་ཐུགས་རྗེ་ཆེན་པོ་དང། ཛམ་དཀར་གྱི་རྗེས་གནང་སྩལ་ཞིང། མང་ཇ་ཁ་དར་ཟམ་འགྱེད་དང་འབུལ་བ་ཕྱིར་སློག་དཀྱུས་ལྟར་གནང། དེ་ནས་དགོན་གསར་དགའ་ལྡན་རབ་རྒྱས་གླིང་དུ་བྱོན། ཅོ་ནེ་དགོན་ཆེན། ཡེར་པ་སོགས་དེ་ཕྱོགས་ཀྱི་དགོན་ཁག་སོ་སོ་དང། རེབ་ཚ་ཁ་བཞི། རོང་ཚོ་ཆེན་བཅོ་བརྒྱད། ཐེ་བོ་སྟོད་སྨད། སེ་པོ་རོང་སོགས་ནས་འདུས་པ་བཅས་གཞི་བྱེས་བླ་གྲྭ་ཉིས་སྟོང་ལྷག་ལ་ཚེས་བཅོ་ལྔ་ནས་བརྩམས་ཏེ་མི་ཏྲ་བརྒྱ་རྩའི་དབང་རྫོགས་པར་གནང་ཞིང། མཇུག་ཏུ་ཚོགས་ཀྱི་འཁོར་ལོ་ཚིམ་པ་དྲུག་ལྡན་དུ་རོལ་པར་མཛད། དབུས་ནས་འོངས་པའི་ཧལ་ཧ་ལྷ་རམས་པ་དཔོན་གཡོག་སྟོང་འཁོར་ནས་ཆེད་གཏད་ཀྱིས་འོང་བར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། བདེ་མཆོག་དཀར་པོའི་རྗེས་གནང་བཅས་སྩལ། བསྒྲུབ་བྱ་གཅིག་དགེ་བསྙེན། བདུན་རབ་བྱུང། ཉེར་གསུམ་བསྙེན་རྫོགས་ལ་བཀོད། བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་བགྲེས་པ་ཁྱོམ་དགེ་དཔོན་སློབ་ངག་དབང་བསྟན་འཛིན་དགུང་ལོ་བརྒྱད་ཅུ་ལོན་པ་ཆེད་གཏད་ཀྱིས་འོངས་ནས་ཧ་


GTD008_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་ཨུ་ཚུགས་མཐར་སྐྱེལ་གྱི་སྒོ་ནས་རང་གི་དགོན་པར་གདན་དྲངས་པ་དང། ཅོ་ནེ་མཁན་པོ་ངག་དབང་མཁས་བཙུན་རྒྱ་མཚོས་གཙོ་མཛད་པའི་ཅོ་ནེ་དགོན་ཆེན་གྱི་གྲྭ་དཔོན་སློབ་དང། ཅོ་ནེ་དཔོན་བཅས་ནས། གྲྭ་ཚང་གཉིས་ཀྱི་བླ་མ། མགོ་པ་སྐུ་ཚབ་བཅས་གདན་འདྲེན་དུ་མངགས་ཏེ། ཅིས་ཀྱང་ཕེབས་དགོས་པར་མ་ཟད་རྡོར་འཕྲེང་གི་དབང་ཞིག་ཀྱང་བཀའ་དྲིན་སྐྱོང་དགོས་ཞེས་ཞུས་པར་ལོང་ཁོམ་མེད་པ་སོགས་གང་ཅི་ནས་ད་རེས་མི་འགྲིག་གསུངས་ཀྱང་ཀུན་གྱི་ཨུ་ཚུགས་དང་ཞུ་ནན་ཐབས་གང་གིས་ཀྱང་མ་ཟློག་སྟེ་ཞལ་བཞེས་མི་གནང་ཐབས་མེད་བྱུང། དེའི་རྐྱེན་གྱིས་ལམ་བར་གྱི་དགོན་པ་སོ་སོས་ཀྱང་གདན་དྲངས་པ་ལྟར་རེབ་ཚ་སྟོད་མའི་དགོན་དགའ་ལྡན་གླིང་དུ་ཕེབས། དེར་གདུགས་དཀར། རྟ་མགྲིན། མགོན་པོ་བཅས་ཀྱི་རྗེས་གནང། འཇོག་པར་རྟ་ནོར་བཅུ། ཐོའུ་ཁྲོན་ལྔ་བཅུ་བཅས་བཞག །ཁང་ཐོག་དགོན་པ་དར་རྒྱས་གླིང་དུ་ཡོན་ཏན་གཞིར་གྱུར་མའི་ཁྲིད། ནམ་མཁའ་སྒོ་འབྱེད་ཀྱི་དབང། ཀུན་སྤངས་རི་ཁྲོད་པ་བྱམས་པ་འོད་ཟེར་ལ་བྱམས་པ་དང་འབྲེལ་བའི་འཕོ་བ་གསུང་བཤད་འབྱམས་ཀླས་པ་དང་བཅས་གནང། བསྒྲུབ་བྱ་ལྔ་དགེ་བསྙེན། ཉེར་ལྔ་དགེ་ཚུལ། སུམ་ཅུར་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། འཇོག་པར་རྟ་ནོར་བཅུ། ཐོའུ་ཁྲོན་བདུན་ཅུ། མར་རྒྱ་མ་སུམ་ཅུ་བཅས་བཞག །ཁ་དྲོན་རི་ཁྲོད་བསམ་གཏན་གླིང་དུ་བཞུགས་ཞག་མཛད། ཁྱ་དགེ་ལེགས་བཤད་གླིང་དུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་རབ་གནས་དང། ཀུན་རིག་གི་དབང་སྟ་གོན་དང་བཅས་པ་གནང། བསྒྲུབ་བྱ་གཉིས་དགེ་ཚུལ། བཅུ་གཉིས་བསྙེན་རྫོགས་ལ་བཀོད། འབུལ་བ་ཕྱིར་སློག་


GTD008_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

དང་མང་ཇའི་ཐོག་རྟ་རྒོད་མ་བཅུ་ཙམ་གྱི་འགྱེད། བླ་མ་གཉིས་ལ་རྟ་རེ་དང་བཅས་པའི་ཚན་གྲངས། ཁྲི་ཟུར་གཉིས་ལ་རྟ། སྤྱི་འཇོག་ལ་རྟ་ནོར་གསུམ། ལྷ་ཁང་ཐེབས་སུ་རྟ་ནོར་གསུམ། ཆོས་རྒྱལ་གཏོར་སྒྲུབ་ལོ་ལྟར་བསྒྲུབ་ཐེབས་སུ་རྟ་ནོར་སུམ་ཅུ་སོ་གཅིག་སོགས་ཐོའུ་ཁྲོན་སུམ་བརྒྱ་ལྷག་ཙམ་གྱི་རྩིས་དང་དེའི་སྟེང་དུ་མེ་མདའ་དགུ་བཞག །ཤིན་ཚང་སྟེང་ཁར་གྲགས་པ་བཀྲ་ཤིས་ཆོས་སྡིངས་སུ་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོ་དང། རྟ་ཚག་རྗེ་དྲུང། ཀུན་མཁྱེན་གོང་མ་སོགས་ཀྱིས་བྱིན་གྱིས་བརླབས་པའི་བཞུགས་ཁྲིའི་སྟེང་ནས་སེར་སྐྱའི་ཁྲོམ་ཆེན་པོར་བཅུ་གཅིག་ཞལ་གྱི་དབང་སྩལ། ཚོ་གསུམ་དཔོན་པོ་སོགས་ཀྱིས་ཆིབས་བསུ་དང་ཇ་ཐབ་ཏུ་གདན་དྲངས་པ་ལྟར་སེར་སྐྱའི་ཁྲོམ་ཆེན་པོར་ཐུགས་རྗེ་ཆེན་པོའི་དབང་གནང། ཡེར་པ་དགོན་དུ་རྡོ་རྗེ་འཕྲེང་བ་ལྟར་གསང་འདུས་ཀྱི་དབང་སྟ་གོན་དང་བཅས་པ། འབུལ་བ་སློག་པ་དང་མང་འགྱེད་སོགས་སྔར་རྒྱུན་བཞིན་མཛད། ཨ་མོ་རི་ཁྲོད་རྒྱལ་ལུང་རྣམ་རྒྱལ་གླིང་དུ་སྔ་མོ་ནས་གདན་འདྲེན་ནན་ཆེར་ཞུས་པ་ལྟར་བཅུ་བཞིའི་ཉིན་ཕེབས་ནས། བཅོ་ལྔའི་སྔ་དྲོ་བཀྲ་ཤིས་ཀྱི་གསོ་སྦྱོང་དང། ཕྱི་དྲོ་བྱམས་ཆེན་གཙུག་ལག་ཁང་དང་བཅས་པ་རབ་གནས་མཛད། བཅུ་དྲུག་ནས་ཞག་ལྔའི་རིང་བདེ་ལམ་གྱི་ཁྲིད་ཆོས་ཐུན་རེ་དང། དེའི་ཞར་ལ་བཅུ་གཅིག་ཞལ་གྱི་དབང། གཙུག་ཏོར་རྣམ་རྒྱལ་གྱི་དབང། བསྒྲུབ་བྱ་ཉེར་གསུམ་རབ་བྱུང་བསྙེན་རྫོགས་ལ་བཀོད། ཅོ་ནེ་དཔོན་ཆེན་རྒྱའི་ལུགས་སྲོལ་ལྟར་གྱི་སྤྲོས་པ་རྒྱ་ཆེ་བ་དང་བཅས་དེར་བྱོན་ནས་མཇལ་བ་དང་རྣམ་རྒྱལ་མའི་དབང་གནང་བ་དུས་འགྲིག་པ་བྱུང་བས་རྟེན་འབྲེལ་ལེགས། རི་ཁྲོད་དེར་མང་ཇ་དང། འགྱེད་ཐེབས་ཐོའུ་ཁྲོན་སུམ་ཅུ། བསོད་བཏགས་བཞི་བཅུ། འདུ་ཁང་ཞིག་གསོས་ཀྱི་ཐེབས་སུ་དངུལ་སྲང་བརྒྱ། ཐོའུ་ཁྲོན་བརྒྱ་


GTD008_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བཞག །འདི་སྐབས་གང་ཕེབས་དང་བཀའ་ཆོས་སོགས་ཀྱི་སྐབས་ས་གཡོ་བ་དང་འཇའ་ཤར་བ་སོགས་ཀྱི་དགེ་ལྟས་ཚད་མེད་བྱུང་བར་ཀུན་གྱིས་གླེང་ན་ཡང་ཞིབ་ཆ་མ་ངེས། དེ་ནས་ཕེབས་པར་ཅོ་ནེ་དགོན་གྱི་ཁྲི་གདན་ཟུར་ལས་སྣེ་མགོ་བ། གྲྭ་མང་བཅས་ཀྱི་ཆིབས་བསུ། ཅོ་ནེ་མདོའི་འགོ་བ་གཉིས་ཀྱིས་གཙོས་གྲོང་པའི་ཆིབས་བསུ། ཅོ་ནེ་དཔོན་པོ་ཤིང་རྟའི་འགྱོགས་སྦྱངས་ལ་སྐུ་འཁོར་མང་པོ་དང་བཅས་བསུ་བར་འབྱོར། མཆོད་རྫས་སྣ་ཚོགས་ཐོགས་པའི་གྲྭ་མང་གིས་མདུན་བདར། ཅོ་ནེ་མཁན་ཆེན་དང་དགེ་འདུན་མང་གི་སེར་སྦྲེང་དང་བཅས་མཁན་པོ་བླ་བྲང་དུ་ཕྱག་ཕེབས། བླ་དཔོན་གཉིས། མདོ་དགོན་གྱི་འགོ་བ་བཞི། བླ་མ་ལས་སྣེ་སོ་སོའི་མཇལ་ཁའི་ཐོག་འབྱོར་སྟོན་རྒྱ་ཆེ་བ་ཞུས། རྡོར་འཕྲེང་གི་དབང་གནང་བར་ཅོ་ནེ་མཁན་པོ་ངག་དབང་མཁས་བཙུན་རྒྱ་མཚོ། ཡི་ལེ་མཁན་པོ་ལྷ་རམས་པ་ངག་དབང་བཟང་པོ། དགོན་པའི་ཁྲི་གདན་ཟུར་ཡོངས་རྫོགས། ཅོ་ནེ་དཔོན་ཆེན་ཆོས་རྒྱལ་འཇིགས་མེད་སྟོབས་རྒྱལ། གཞན་ཡེར་པ་དགོན། གོང་སོ་དགོན། ནགས་མདོ་དགོན། ཁྱ་དགེ་དགོན། དམར་སླུད་དགོན། སེ་པོ་རོང་སོགས་ཞི་ངན་ཕུ་དང་ཟི་ཁྲོན་ཚུན་ཆད་ནས་གཞི་བྱེས་ཀྱི་བླ་གྲྭ་བཞི་སྟོང་ལྷག་འདུས་ཤིང། སྐབས་རེར་ལྔ་སྟོང་ལྷག་པའང་བྱུང། བར་སྐབས་སུ་ཅོ་ནེ་མདོར་དཔོན་བློན་མང་གིས་བཀུར་སྟི་རྒྱ་ཆེན་པོ་དང་བཅས་ཡཱ་མིན་ཕུག་གི་ལྷ་ཁང་དུ་ཞག་གཉིས་བཞུགས། ཡཱ་མོན་ཆེན་མོའི་ནང་དུ་དཔོན་ཡབ་སྲས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་བཅས་སྩལ་ཞིང། ལྷ་ཁང་དང་ཕོ་བྲང་ལ་རབ་གནས་ཀྱི་ཆོ་ག་མཛད། དེའི་སྟེང་དུ་ཆོས་ཉན་པ་ཤིན་ཏུ་མང་པོ་


GTD008_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སྒྲོལ་དཀར། ཐུགས་རྗེ་ཆེན་པོ། རྟ་མགྲིན་གསང་སྒྲུབ་བཅས་ཀྱི་རྗེས་གནང། འཕོ་བ། ཕྱག་དབང་སོགས་ཚིམ་པར་གནང། སླར་ཡང་དགོན་པར་བྱོན་ནས་རྡོར་འཕྲེང་གི་མཇུག་རྫོགས་པར་མཛད། ཞལ་ནས་རྡོར་འཕྲེང་གི་ཕྱག་ལེན་བསྡུས་པར་དབང་དངོས་གཞི་ཉི་མ་བཅོ་བརྒྱད་ལ་བྱེད་པའི་སྲོལ་ཡོད་ཀྱང། ད་རེས་བྲེལ་དབང་གིས་ཉི་མའི་གྲངས་མ་ཚང་ཡང་ཆོས་ཐུན་བཅོ་བརྒྱད་བྱས་ནས་དེའི་གྲངས་ཀྱི་བདག་འཇུག་ལེན་རྒྱུ་སོགས་ཕྱག་ལེན་གྱི་རིགས་ཅུང་ཟད་ཀྱང་སླ་ཆོས་སུ་སོང་བ་མེད། བར་ནས་གཉིད་རྒྱུ་ཁ་ཤས་ལུས་སོང་བ་འདྲ་ཞེས་ཀུ་རེ་ཡང་མཛད། ཚེས་དགུའི་ཉིན་ཚོགས་སུ་ཇ་ཐུག་བཏང་སྟེ་སྐུ་འགྱེད་ཀ་ཁྲོན་རེ་དང། ཞོ་དར་རེ། སྐུ་ཞབས་མཁན་རིན་པོ་ཆེར་རྟ་ཆེན་སོགས་འབུལ་བ་ཚན་གྲངས། བླ་མ་རྣམས་ལ་ཚན་གྲངས་དང་སྤྱི་འཇོག་བཅས་བསྟར་ཏེ་ཆོས་སྲིད་ཀྱི་དགའ་སྟོན་སྤེལ་བར་མཛད་དོ། །དེ་ཡང་རྗེ་བདག་ཉིད་ཆེན་པོ་དགུང་ལོ་ཞེ་བཞི་པ་ལྕགས་འབྲུག་གི་ལོ་དཔོན་ཆེན་པོ་གོང་མ་ཞིག་གིས་ཡུལ་འདིར་མངའ་བསྒྱུར་བར་གྲགས་ལ། རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོ་དགའ་ལྡན་དུ་འཇམ་དཔལ་སྙིང་པོའི་རྣམ་པར་རོལ་པའི་ཕག་ལོ་ནས་བརྩིས་པའི་ཞེ་གཅིག་པ་མྱོས་ལྡན་ཞེས་པ་ས་ཡོས་ཀྱི་དུས་སུ་ཆོས་རྒྱལ་རིན་ཆེན་ལྷུན་པོས་ཆོས་སྡེ་ཆེན་པོ་འདི་ཉིད་བཏབ་ཅིང། དེ་ནས་རིམ་པར་སྲས་ཁང་བ་སངས་རྒྱས་རྒྱ་མཚོ། ར་རོང་ཆོས་རྗེ་ངག་དབང་དཀོན་མཆོག་གྲུབ་པའི་སྡེ། རྒྱལ་བ་བསོད་ནམས་རྒྱ་མཚོ། སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོ། བ་སོ་རྗེ་དྲུང་ངག་དབང་དཀོན་མཆོག་ཉི་མ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་སྔ་ཕྱི་སོགས་སྐྱེས་ཆེན་དམ་པ་དུ་མས། དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང། ཁྱད་པར་རྒྱལ་བའི་འཕྲིན་ལས་པ་ཆེན་པོ་དཔོན་སློབ་གྲགས་པ་


GTD008_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་སྒྲུབ་པ་དེ་ཉིད་ཀྱིས་མདོ་སྔགས་ཀྱི་གྲྭ་ཚང་གཉིས་ཚུགས་ཤིང་དར་རྒྱས་སུ་མཛད་པ་ད་ལྟའི་བར་དུ་མ་ཉམས་པར་ཡོད་ལ། མི་ཡི་བདག་པོ་ཆེན་པོ་ཅོ་ནེ་དཔོན་ཆེན་རིམ་བྱོན་ཡང་འཇམ་དབྱངས་གོང་མ་ཆེན་པོའི་ལུང་ལས་ཀྱིས་མངོན་པར་མཐོ་ཞིང། ཆོས་སྲིད་ཀྱི་དཔལ་འབྱོར་གཟི་བརྗིད་རྒྱ་ཆེ་བ་དང། ཇོ་བོ་ཡབ་སྲས་དང། འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་ཀྱི་དུས་ནས། ཆོས་གྲྭ་དུ་མ་ཚར་དུ་དངར་ཞིང། ཆུ་མང་མཁར་དང། ཐོའུ་ཇུ་མཁར་སོགས་གྲོང་དང་གྲོང་རྡལ་ཆེན་པོ་མང་པོ་འདབས་འབྲེལ་བ་སོགས་ཕུན་ཚོགས་ཀྱི་བཀོད་པ་རྒྱ་ཆེ་ཞིང་ངོ་མཚར་བའི་གནས་དེར། མགོན་པོ་གང་གིས་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་ན། སྟོན་པ་ཟས་གཙང་གི་སྲས་པོ་བུ་རམ་ཤིང་འཕེལ་གྱི་ཚལ་དུ་བྱོན་པའམ། བྱ་རྒོད་ཕུང་པོའི་རིར་ཞབས་པད་བཀོད་པ་ལྟ་བུའི་དགའ་སྟོན་གྱིས་ས་འདི་མཛེས་པར་གྱུར་ཏོ། །སྣ་ཚོགས་སྙེ་མའི་གང་བུ་གཡུར་དུ་ཟ་བས་ནོར་འཛིན་ཁྱོན་ལ་མི་ཕྱུགས་རྒྱུ་བའི་གོ་སྐབས་འཕྲོག །འབྲས་བུས་དུད་པའི་ལྗོན་ཤིང་འཁྲིགས་པས་དགའ་བའི་དཔལ་སྟེར་རྫ་རི་བྲག་རི་རྩེ་མོ་མཁའ་ལ་བསྙེགས། །ཐུབ་པའི་བཀའ་ཁྲིམས་ཚུལ་བཞིན་སྐྱོང་རྣམས་བཤད་སྒྲུབ་ལ་བརྩོན་ཆོས་ལྡན་རྒྱལ་པོ་སྡེ་བཞིའི་དཔལ་གྱིས་སྙེམས། །ཆབ་འབངས་འགྲོ་རྣམས་སྔོན་རབས་ཆོས་སྲིད་སྲོལ་འཛིན་དགའ་བདེའི་དཔལ་ལ་ཉེར་སྤྱོད་ཉམས་དགའི་གྲོང་ཁྱེར་དེར། །མགོན་ཁྱོད་ཐུགས་རྗེ་ཉིན་མོར་བྱེད་པའི་དཔལ། །གསར་པའི་འོད་རླབས་འབུམ་གྱིས་འཕྲལ་ཕུགས་སུ། །དགེ་བའི་ལེགས་བྱས་འདབ་སྟོང་ཚལ་བཞད་པས། །སྐྱེ་དགུའི་བུང་བ་ཕན་བདེ་སྦྲང་རྩིས་ཚིམ། །ཐུབ་བསྟན་འཆི་མེད་སྐྱེད་ཚལ་ཉམས་དགའ་བར། །ཐུགས་བསྐྱེད་འཕྲིན་


GTD008_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཨུཏྤལ་མིག་ཡངས་ལས། །རྣམ་གྲོལ་སྦྲང་རྩིའི་ཆང་གི་དགའ་སྟོན་གྱིས། །འགྲོ་ཀུན་མྱ་ངན་བྲལ་བའི་དགེ་མཚན་འཛིན། །གོང་སོ་དང་ནགས་མདོ་དགོན་པ་གཉིས་ནས་ཞབས་ཀྱིས་མ་བཅག་ན་ཐུགས་ནས་དོར་བ་ཡིན་ཞེས་ནན་ཆེ་བར་བརྟེན་ཅོ་ནེ་དགོན་ནས་བཏེག །བཟང་གདོང་རི་ཁྲོད་ནས་ཐབ་བསུ་ཞུས་ཤིང་གོང་སོ་དགོན་པ་བྱང་ཆུབ་གླིང་དུ་ལྷ་མོའི་རྗེས་གནང་དང་ལུང་ཁ་ཤས། ལྗགས་བསྔོ་ཕྱག་དབང་གིས་ཚིམ་པར་མཛད་དེ་ཆིབས་བསུ་སྐྱེལ་དང་ཇ་ཐབ་གཉིས་ལ་རིམ་བཞིན་དུ་ཕེབས་ཏེ་ནགས་མདོ་དགོན་པར་བབས། ཚེ་དཔག་ལྷ་དགུའི་དབང། འཕོ་བ་ལྗགས་བསྔོ་སོགས་ཆོས་སྦྱིན་གྱིས་ཚིམ་པར་མཛད། འབུལ་བ་ཕྱིར་སློག་པ་དང་མང་འགྱེད་བཅས་དཀྱུས་བཞིན་གནང། དེ་ནས་བཏེག་པར་ལམ་བར་གྱི་སྡེ་བ་སོ་སོས་ཇ་ཐབ་དང། དཔལ་ཡུལ་དཔོན་པོ་དང་སྡེ་པ་སྤྱིས་ཐབ་བསུ་དང་དངོས་འབུལ་བསྟར་བས་ལྗགས་བསྔོ། ཆོས་སྦྱིན། དགྱེས་པའི་གསུང་གིས་ཚིམ་པར་མཛད་ནས་གུར་ཡག་རི་ཁྲོད་ནས་བཞུགས། ཀླུ་ཆུའི་འགྲམ་གྱི་སྤང་ལྗོངས་སུ་རས་གུར་ཡངས་པ་ཞིག་གི་ནང་ནས་ཅོ་ནེ་དགོན་གྱི་བླ་མ་ཁྲི་གདན་ཟུར་གྲྭ་མང། གུར་ཡག་བླ་མ་གཉིས། ཨ་མོ་སྤྲུལ་སྐུ། ཅོ་ནེ་དཔོན་བློན་བཅས་སེར་སྐྱ་ཉིས་སྟོང་ལྷག་ལ་འཇིགས་བྱེད་ཀྱི་དབང་སྟ་གོན་དང་བཅས་པ། དགའ་ལྡན་ལྷ་བརྒྱ་མའི་མན་ངག་ནོར་བུའི་ཐེམ་སྐས་ཀྱི་བཤད་ལུང་བཅས་སྩལ། བསྒྲུབ་བྱ་བཅུ་དགུ་བསྙེན་རྫོགས་ལ་བཀོད་ཅིང། འབུལ་བ་ཕྱིིར་སློག་པ་སོགས་རྒྱུན་ལྟར་གནང། དེར་བཞུགས་རིང་གུར་ཡག་སྒྲུབ་སྡེ་ནས་བསྙེན་བཀུར་བ་ལ་མང་འགྱེད། རི་ཁྲོད་སྤོ་བའི་གནས་ལ་གཟིགས་ནས་གསུང་བཀོད་ཀྱང་སྩལ། བཅུ་བཞིའི་ཉིན་མདོ་དགོན་གཉིས། དགོན་རི་ཁྲོད་སོ་སོས་ཆིབས་སྐྱེལ་བཅས་


GTD008_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

བཏེག་སྟེ་ཇ་ཐབ་དགུར་རིམ་བཞིན་འཕོ་ལུང་ལྗགས་བསྔོ་སོགས་ཆོས་སྦྱིན་གྱིས་ཚིམ་པར་མཛད་ཅིང། སྤྲོ་སྟེང་ངམ་ཀྲི་ཀྲིའི་རི་ཁྲོད་དུ་བཞུགས། གཞི་བྱེས་གང་དུ་ཡང་གུང་ཚིགས་ཡོལ་ནས་ཟས་འབྲུ་གཅིག་ཀྱང་ཞལ་དུ་མི་གསོལ་ཞིང། གཞན་གྱིས་ཇ་ཐབ་ཕུལ་བ་ལྟ་བུ་ལ་ཡང་བསྔོ་སྨོན་རེ་གནང། སྤྱིར་གསོལ་བ་བྱུང་ན་གསུང་འཕྲོ་བཅད་ནས་ཟས་ཀྱི་རྣལ་འབྱོར་ལ་གཞོལ་བར་མཛད། འདི་ལ་ཞལ་ནས། བཟའ་བཏུང་སོགས་མཆོག་གསུམ་ལ་མཆོད་པར་ཕུལ་ནས་གསོལ་བའི་ལྷག་མ་རང་གིས་ལོངས་སྤྱོད་པའི་མོས་པ་བྱས་ན་སྡིག་སྦྱོང་དུ་ཡང་སོང་ཆོག་པ་ནི། འོ་ཐུག་བསྒྲུབ་སྐབས། དེ་བཞིན་གཤེགས་པའི་ལྷག་མ་ནི། །སྡིག་པ་རྣམ་པར་སྦྱོང་ཕྱིར་གསོལ། །ཞེས་པ་ལྟར་ཡིན། དེར་མ་ཟད་རང་ལ་གང་ཡོད་དཀོན་མཆོག་ལ་ཕུལ་ན་སངས་རྒྱས་ཀྱི་མཐུས་ཡོ་བྱད་དེ་དག་བཀྲ་ཤིས་པའི་དངོས་པོར་འགྱུར་བ་ནི། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང། །ཞེས་པས་ཀྱང་འགྲུབ་ལ། ན་བཟའ་དང་གཏོར་སྐམ་སོགས་ཟོས་པ་དང་བདུག་པ་ལ་བྱིན་རླབས་འབྱུང་བས་ཀྱང་ཤེས་གསུངས། བཅོ་ལྔའི་ཉིན་སེར་སྐྱ་མང་པོར་ཚེ་དབང། འབུལ་བ་ཕྱིར་སློག་མང་འགྱེད་བཅས་སྩལ་ཏེ་ཆོས་རབ་རི་ཁྲོད་སོགས་རི་ཁྲོད་འགའ་ཞིག་དང་ཇ་ཐབ་ལྔར་ཆོས་འབྲེལ་ཕྱག་དབང། ལུང་ནག་སྟེང་ཁ་ཐོས་བསམ་དར་རྒྱས་གླིང་དུ། ནམ་མཁའ་སྒོ་འབྱེད་ཀྱི་དབང། འབུལ་བ་ཕྱིར་སློག །མང་འགྱེད། རྒྱལ་ཏེའུ་དགོན་པ་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཀུན་རིག་གི་དབང་སྟ་གོན་དང་བཅས་པ། མང་འགྱེད། གཞན་ཡང་དེ་མཐུན་བྱ་ཕུག་རི་ཁྲོད་ཡིད་དགའ་ཕུན་ཚོགས་གླིང། ཡིན་ཛ་རི་ཁྲོད་ཕུན་ཚོགས་ཆོས་འཕེལ་གླིང། ཤིང་ཁམས་རི་ཁྲོད་


GTD008_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་བཤད་སྒྲུབ་གླིང་སོགས་དེ་ཕྱོགས་ཀྱི་དགོན་སྒྲུབ་སྡེ་སེར་སྐྱ་མ་ལུས་པས་ཆོས་འབྲེལ་གང་ཞུས་ལྟར་གནང་ཡང་བྲིར་མ་ལང། ལམ་བར་གྱི་སྡེ་པ་སོ་སོའི་ཇ་ཐབ་ནས་བསྔོ་བ་འཕོ་ལུང། ཆོས་འབྲེལ་གྱིས་ཚིམ་པར་མཛད་བཞིན་བཅོ་བརྒྱད་ཀྱི་སྔ་དྲོ་ཆབ་ཚན་དུ་འབྱོར་འཕྲལ་ཆབ་བཞུགས་གནང། དེར་ཡང་ཀིརྟི་དགོན་གྱི་དཔོན་སློབ་གདན་ཟུར་གཉིས་སོགས་བསྒྲུབ་བྱ་ཉེར་གཅིག་བསྙེན་རྫོགས། འགའ་ཞིག་ལ་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད་ཡིག་གི་སྟེང་ནས་གསུང་བཤད། འཇམ་དབྱངས་དམར་སེར་དང། དབྱངས་ཅན་མ་དཀར་དམར་གྱི་རྗེས་གནང་བློ་གསལ་གླིང་དཔོན་སློབ་ཟུར་པ་བློ་བཟང་ཕུན་ཚོགས་སོགས་ལ་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་གནང་དང་ལུང་ཕྲན་ཚེགས་འགའ་ཞིག་སྩལ། དེ་ནས་བཏེག་པར་ནོར་ལྗོངས་རི་ཁྲོད་དང། འབྲིང་ཁོག་སྡེ་མང་སོ་སོས་ཇ་ཐབ། ཆིབས་བསུ་སྐྱེལ་སེར་སྦྲེང་དང་བཅས་ལུང་བཟང་རི་ཁྲོད་དུ་ཞག་གསུམ་བཅག་མལ་མཛད། ལྷ་ཁང་གི་ཐེབས་སུ་དངུལ་སྲང་ཉེར་ལྔ། རས་ལྔ་བཅུ། དད་འབུལ་གྱི་འབྲུ་གང་ཡོད་སྦྱོར་འཇགས་དང་མང་འགྱེད་བཅས་གནང། ཉི་མའི་ལ་བརྒྱུད་ནས་ཕེབས་པར་ལམ་བར་གྱི་དགོན་གྲོང་རི་ཁྲོད་སོ་སོས་ཇ་ཐབ་གང་མང། ཞག་བབས་སོགས་ཀྱི་བསྙེན་བཀུར་ཞུས་ཤིང། སྒང་ཚ་རི་ཁྲོད་བཀྲ་ཤིས་བསམ་གཏན་གླིང་དུ་མི་འཁྲུགས་པའི་དབང། བདེ་ཐང་དགོན་དུ་སྐྱབས་འགྲོའི་ཁྲིད། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང། མ་མགོན་གཉིས་ཀྱི་རྗེས་གནང། སྟག་ཚང་རི་ཁྲོད་དུ་གྲགས་པ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དང། རྒྱལ་དབང་བདུན་པ་ཆེན་པོ་རྣམ་གཉིས་ཀྱིས་མིང་སྩལ་བའི་བྱ་རྒོད་སྤུངས་རིའི་མགུལ་གྱི་རི་ཁྲོད་བྱང་ཆུབ་གླིང་དུ་ལམ་རིམ་བསྡུས་


GTD008_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་ཁྲིད་གནང་ཞིང། སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ་དགེ་ཚུལ་དུ་བསྒྲུབས། དགོན་པ་གར་ཕེབས་ལ་བབས་དང་བསྟུན་པའི་སྤྱི་འཇོག །འབུལ་བ་ཕྱིར་སློག །ཟམ་ཡ་རེ་ཡན་ཆད་ཀྱི་འགྱེད་སྤུས་གཙང་ཆ་མཚུངས་སུ་གནང། གང་ཐུགས་དགྱེས་པའི་ཉམས་ཀྱིས་འཁོར་ལོའི་ཞབས། །ཕྱོགས་འདིར་བཀོད་པའི་ངོ་མཚར་དགའ་སྟོན་གང། །རྨི་ལམ་ཉིད་དམ་ངེས་པར་བདེན་ནོ་ཞེས། །འགྲོ་སེམས་རི་དྭགས་ཐེ་ཚོམ་རྒྱར་ཚུད་ཀྱང། །དབང་ལུང་མན་ངག་སྤྲིན་གྱི་ཕང་བ་ནས། །དབང་ཕྱུག་བརྒྱད་ཀྱི་བགོ་སྐལ་བདུད་རྩིའི་ཆར། །ཕབ་པས་གདུལ་བྱ་ཁུ་བྱུག་གཞོན་ནུའི་ཚོགས། །རབ་དགས་མྱོས་པའི་དབྱངས་སྙན་སྲིད་རྩེར་སྒྲོག །ཟང་ཟིང་འབུལ་ནོད་སྤྲིན་ལྟར་འཁྲིགས་པ་ལས། །གཏོང་བའི་ལེགས་མཛད་ཆར་ལྟར་བབས་གྱུར་ཀྱང། །མཆོད་པའི་དངོས་པོའི་མཚོ་རླབས་འཕྱུར་བ་ལས། །ཟད་མེད་ནམ་མཁའ་མཛོད་ཀྱི་ན་བུན་གཏིབས། །ཀླུ་ཆུང་དགོན་ཕུན་ཚོགས་གླིང་སོགས་འགའ་ཞིག་ནས་གདན་འདྲེན་ཤིན་ཏུ་ནན་ཆེ་རུང་ནམ་ཟླ་སོགས་ཀྱི་དུས་གཏུགས་པས་རྗེས་སོར་སྟབས་འགྲིག་འགྲོ་གསུངས་ནས་ལམ་བསྲངས་ཏེ་ཕེབས་པར་བྲག་ལྕོག་གྲོང་དང། བས་རིས་གྲོང་གཉིས་ཀྱིས་ཇ་ཐབ་ཞུས་ཏེ་ཆས་པ་རྒྱ་མཁར་དགོན་དུ་བྱོན། འཕོ་ཁྲིད་དང་ལྗགས་ལུང་འགའ་ཞིག་དང་མང་འགྱེད་གནང། བསྒྲུབ་བྱ་བཅོ་ལྔ་བསྙེན་རྫོགས་ལ་བཀོད། ལམ་བར་གྱི་སྡེ་པ་སོ་སོའི་ཇ་ཐབ་དང་བཅས་བྲག་དཀར་ལྷ་ཞོལ་རི་ཁྲོད་བྱང་ཆུབ་གླིང་དུ་ཕེབས། སྐྱབས་འགྲོའི་ཁྲིད་སོགས་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་ནས་མཛོད་དགེ་དགོན་པ་དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་དུ་གདན་དྲངས་པ་ལྟར་བྱོན། ཀུན་རིག་གི་དབང་


GTD008_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་དང་བཅས་པ། གསོལ་འདེབས་བླ་མ་མཆོག་གསུམ་མ་ལྟར༸ཀུན་མཁྱེན་བླ་མའི་འཁྲུངས་རབས་གསེར་ཟངས་ལས་བཞེངས་པ་སོགས་འདུ་ཁང་རྟེན་དང་བརྟེན་པར་བཅས་པ་ལ་རབ་གནས་གནད་དུ་སྨིན་པ་གནང། ཕྲན་གྱིས་མིག་ནས་མཆི་མ་ཆར་ལྟར་བབས་ཏེ་རེ་གཅིག་གི་དགུང་གེགས་མེད་པར་དགུང་ལོ་བརྒྱ་ཕྲག་གི་བར་དུ་ཞབས་པད་བརྟན་དགོས་པའི་གསོལ་འདེབས་དམ་ཚིག་ལ་བཀར་ནས་ནན་ཆེན་ཞུས་པར་དགྱེས་པའི་གསུང་དུ་མ་དང་བཅས་ཏེ་རེ་ཞིག་སེམས་བདེ་བ་བྱས་ཆོག་གསུངས། མནའ་སྐྱེལ་བ་དཀའ་གསུངས་པ་ལས་ཀྱིས་བསྒྲིབས་ནས་ཀུ་རེ་ཡིན་པར་གོ །འབུལ་བ་ཕྱིར་སློག །མང་འགྱེད་དཀྱུས་བཞིན་གནང། སྤྱི་འཇོག་ལ་མཛོ་མོ་གཅིག །བདེ་ལམ་དུས་བཟང་གི་ཐེབས་ལ་མཛོ་རྟ་དགུ། འཁྲུངས་རབས་བར་ཐེབས་ལ་རྟ་ནོར་ལྔ་བཅས་སྩལ། དེ་ནས་དགའ་ལྡན་རབ་རྒྱས་གླིང་དུ་ཕྱག་ཕེབས་ཏེ་རྟ་ནོར་ཆེ་ཆུང་སུམ་ཅུ་ཙམ་གྱི་ཟོག་འགྱེད་འཇོག་པ་དང་བཅས་གནང། དེ་ཡང། འཇམ་མགོན་ས་པཎ་གྱིས། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་ངང་གིས་འདུ། །ཞེས་གསུངས་པ་ལྟར། སྐྱེ་དགུ་ཐམས་ཅད་ངང་གིས་འདུ་བ་དང། ཟང་ཟིང་གི་འབུལ་ནོད་སྤྲིན་ལྟར་འདུས་པ་དེ་ཐམས་ཅད་ཀྱང། ལུང་རྟོགས་ཡོན་ཏན་གྱི་གཟི་བྱིན་ཁོ་ན་མ་གཏོགས། གཞན་ཡིད་འགུགས་པའི་ཐབས་འཕྲུལ་ཅི་ཡང་མི་མཛད་པ་ནི་ཀུན་ལ་མཐུན་གྲུབ་ཡིན་ལ། རྣམ་ཐར་སྤྲིང་ཡིག་ལས་ཀྱང། དད་ལྡན་དུ་མས་བསྐུལ་ཏེ་མདོ་སྨད་ཀྱི། །ཕྱེད་ཙམ་བསྐོར་ཀྱང་དངོས་འབུལ་གང་བྱུང་ལས། །ཕ་རོལ་འདྲིད་པའི་ཐབས་དང་འཕྲུལ་མ་བཀྱེ། །ལུགས་གཉིས་མཁྱེན་རྒྱ་ཆུང་བའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་ན་ཕྱོགས་གང་དུ་ཕེབས་པའི་ལམ་བར་ཐམས་ཅད་དུ། དེ་དང་དེར་འཁོད་པའི་སྐྱེ་བོ་མཆོག་


GTD008_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

དམན་མཐའ་དག་གིས་བསུ་སྐྱེལ་ཇ་ཐབ། འབུལ་ནོད་སོགས་གཞན་གྱིས་རྟིང་བསྐུལ་ལ་མི་ལྟོས་པར་ངམ་ངམ་ཤུགས་ཀྱིས་འདུ་ཞིང། གཏིང་ནས་དད་གུས་ཤུགས་དྲག་པོས་ལུང་རྗེས་གནང། འཕོ་བ་བསྔོ་སྨོན་སོགས་རང་གི་འདོད་མོས་དང་མཐུན་པའི་བགོ་སྐལ་ནོད་པ་དག་ནི་བུང་བས་མེ་ཏོག་ལས་སྦྲང་རྩི་ལེན་པ་དང་ཀུན་ནས་མཚུངས་ལ། ཁྲོམ་ཆེ་ཆུང་གང་ལ་ཡང། ཕྱག་དབང་བྱིན་རླབས། བུམ་ཆུ། སྲུང་མདུད། ཞལ་ཕུ་སོགས་གནང་བ། གཟུངས་དང་མཚན་སྔགས་རྣ་ལམ་དུ་སྒྲོགས་པ། མ་ཎི་སོགས་ཀྱི་ལུང་སྩོལ་བ། ཁ་འདོན་བསྐོར་བ། ཉལ་ཕྱག །ལངས་ཕྱག །མདོ་ཀློག །མཆོད་འབུལ་རྟེན་བཞེངས་སོགས་གསུང་བརྟགས་ཚུན་ཆད་ཀྱི་སྒོ་དུ་མ་ནས་ཆོས་ལ་བསྐུལ་ཏེ་ས་ལ་གསེར་གྱི་ཚུལ་དུ་གནས་པའི་རྣམ་དཀར་གྱི་ས་བོན་རྣམས་དགེ་བའི་ངོ་བོར་སྤེལ། དགེ་བ་ཕྲ་མོ་རྣམས་ཐབས་མཁས་ཀྱིས་གོང་དུ་སྤེལ། ཀུན་ཀྱང་བྱམས་བརྩེའི་ཤུགས་ཀྱིས་བྱང་ཆུབ་ཏུ་བསྔོས་ནས་མི་ཟད་པའི་གཏེར་དུ་བསྒྱུར་བ་ནི་བཏང་སྲུང་དག་སྤེལ་གྱི་སྤྱོད་པ་བསྔགས་པར་འོས་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་དེ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་གསུངས་པ་ལྟར་རོ། །མཆོག་དམན་འགྲོ་ལ་བགྲང་དུ་ཡས་པ་ཡི། །མོས་པ་ཐ་དད་གངྒཱའི་བྱེ་སྙེད་ལ། །དེ་སྙེད་བློ་དང་འཚམ་པར་འཇུག་པ་ཡི། །ཐབས་མཁས་སྤྱོད་པ་དཔག་བསམ་ལྗོན་ཤིང་བཞིན། །མོས་ལྡན་གླིང་བཞིའི་མཁའ་ལ་བགྲོད་པ་དུས་ལས་ཡོལ་བ་མེད། །འཕྲིན་ལས་བསིལ་བའི་ཟེར་འཕྲེང་འཛིན་མའི་ཁོར་ཡུག་མཉམ་པར་འབེབས། །བྱིན་རླབས་བདུད་རྩིའི་དཔུང་གིས་ཉེར་


GTD008_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་ཚ་གདུང་ལྷག་མེད་འཇོམས། །ཐུགས་རྗེའི་ཟླ་གཞོན་འདི་ཀོ་སྙིང་གི་ཀུནྡ་དགའ་བའི་དཔྱིད། །དེ་ནས་བརྒྱད་པའི་བཅུ་གསུམ་ལ་གདན་སར་འབྱོར། མཁྱེན་རབ་ཀྱི་དབང་ཕྱུག་ཨ་མཆོག་དགེ་བཤེས་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་རྒྱལ་མཚན་ལ་འཇིགས་བྱེད་བཅུ་གསུམ་མ་དང་དཔའ་གཅིག །བདེ་མཆོག་ལྷ་ལྔ་དང་ལུས་དཀྱིལ། བཀའ་གདམས་ཐིག་ལེ་བཅུ་དྲུག །ནམ་མཁའ་སྒོ་འབྱེད། གདུགས་དཀར་སོགས་ཀྱི་དབང། དབྱངས་ཅན་མ་དཀར་མོ། ཤྲ་མ་ཎ། གཏུམ་ཆེན་སོགས་ཀྱི་རྗེས་གནང། བསྙེན་རྫོགས་དང་རྣམ་རྒྱལ་མཆོད་པ་སོགས་འདོད་མོས་བཞིན་གནང། ཅུན་གར་དགེ་སློང་ཆོས་འཕེལ་དང། ཚ་ཁོ་ཏཱ་རོ་སངས་རྒྱས་འབུམ་སོགས་ཏཱ་རོ་གསུམ། གཞན་ཆོས་ཉན་པ་དུ་མའི་ངོར། སླར་ཡང་འཇིགས་བྱེད་ཀྱི་དབང། བདེ་མཆོག་ནག་པོའི་དབང། ཨུ་རད་ཞབས་དྲུང་ཡེ་ཤེས་སྨོན་ལམ་སོགས་མི་ལྔ་ཙམ་ལ་ཞལ་སྒྲུབ་དུས་ཀྱི་མགོན་པོ་ཞལ་ཁྲ་ཅན་ཐུན་མོང་བ། བསྙེན་དུས་ཀྱི་མགོན་པོ། སྒྲུབ་དུས་ཐུན་མོང་མ་ཡིན་པ། དཀར་པོ་ཚེ་འཕེལ། སེར་པོ་བསོད་ནམས་རྒྱས་བྱེད། དམར་པོ་དབང་སྡུད། ནག་པོ་ཉམས་པ་སྒྲོལ་བྱེད། རྒྱས་བྱེད་སེར་པོ་ཐུན་མོང་མ་ཡིན་པ་ལྷ་དགུ། མགོན་པོ་སེདྒེ་ནག་པོ། དཔལ་མགོན་གདོང་བརྙན་ཅན། དཔལ་མགོན་ཁྱུང་ཞལ་ཅན། བྲམ་ཟེ་མངགས་གཏད་བཅས་ཀྱི་རྗེས་གནང་སོགས་སྩལ་ནས་བཅད་རྒྱ་ལ་བཞུགས། བཅུ་གཅིག་པའི་ཚེས་གསུམ་གྱི་ཉིན་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་དང་ལྷན་ཅིག་པར་མགོན་ཁང་དང། སྐུ་གདུང་ལྷ་ཁང་དུ་ཕེབས་ཏེ་གཏོར་བསྔོས་འཕྲིན་བཅོལ། གསོལ་འདེབས་ཤུགས་དྲག་དང་བཅས་ཏེ་རྗེ་བཙུན་དམ་པ་འཇིགས་མེད་རིགས་པའི་སེདྒེའི་སྤྲུལ་བའི་སྐུ་བརྟག་བསྒྲིལ་གྱིས་གསལ་ཆ་མཛད། སྤྲུལ་བའི་སྐུ་སྐལ་བཟང་དགེ་ལེགས་རྒྱ་


GTD008_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་དང། ཧལ་ཧ་ཇ་སག་ཐུ་ཧན་གྱི་ཐོ་ཡོན་བླ་མ་དཀོན་མཆོག་བསྟན་པ་དར་རྒྱས་སོགས་འགའ་ཞིག་ལ་བཀའ་ཆོས་ཕྲན་ཚེགས་དང་ཐོ་ཡོན་བླ་མ་ཁོང་ཐུགས་གཉེར་གྲུབ་ནས་རང་ཡུལ་དུ་ཕེབས་རྒྱུར་ཐོན་ཕྱག་དང་དགྱེས་པའི་གསུང་གི་ཕེབས་སྒོ་བླ་ན་མེད་པ་སྩལ་ཏེ། ཚེས་བཞི་ནས་བཅད་རྒྱ་མཛད། བཅུ་གཉིས་པའི་ཉེར་བཞི་ལ་སྐུ་མཚམས་གྲོལ་ཏེ་ཕྱོགས་འགྲུལ་རྣམས་ལ་འབྱོར་ཕྱག་དང། བཀའ་ཆོས་ཐོར་བུ་འགའ་ཞིག་འདོད་མོས་བཞིན་གནང། ལོ་འདིར་གཞི་བྱེས་སུ་བསྙེན་རྫོགས་སུམ་བརྒྱ་བཅུ་དྲུག །དགེ་བསྙེན་རབ་བྱུང་དགེ་ཚུལ་དོན་དགུའི་ཉོན་མོངས་གཡུལ་ངོ་ཕམ་པའི་རྒྱལ་མཚན་གྱིས་ཐུབ་བསྟན་ཁང་བཟང་མཛེས་པར་བསྒྲུབས། དགུང་ལོ་དྲུག་ཅུ་པ་ལྕགས་སྦྲུལ་གྱི་ཚེས་གཏོར་སོགས་དཀྱུས་ལྟར་དང། བྱང་འགྲུལ་སོ་སོས་གསེར་ཟངས་ལས་བསྒྲུབས་པའི་སྐུ་བརྙན། གོས་དར་དངུལ་སོགས་ཀྱི་མཆོད་སྤྲིན་དང་བཅས་བརྟན་བཞུགས་གསོལ་འདེབས་རིམ་པར་ཞུས། འདོད་མོས་བཞིན་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། མཁའ་སྤྱོད་མའི་བྱིན་རླབས། སྐྱབས་འགྲོའི་ཁྲིད། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང། ཚེ་ལྷ་རྣམ་གསུམ། བཅུ་གཅིག་ཞལ། ཁྱུང་ནག །སེང་གདོང་མ། ལྷ་མོ། རྟ་མགྲིན་དམར་ཆུང། བེག་ཙེ། བྱམས་འཇམ་དབྱངས། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས། ཛམ་དཀར་ལྷ་ལྔ་སོགས་ཀྱི་རྗེས་གནང། ལམ་མཆོག་སྙིང་པོའི་ཁྲིད་བཅས་སྩལ། ཐོན་ཕྱག་རྒྱས་པར་གནང་ནས་དགའ་བས་རང་ཡུལ་དུ་ཐེགས། སླར་ཡང་བྱང་འགྲུལ་རྗེས་མ་རྣམས་ལ་བཅུ་གཅིག་ཞལ་གྱི་དབང། ཚེ་རྟ་ཟུང་འབྲེལ་གྱི་རྗེས་གནང། འགྲེལ་པ་དོན་གསལ་གྱི་ལུང་སོགས་གང་འདོད་ཀྱི་ཆོས་བཀའ་དང།


GTD008_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་ཕྱག་གནང་སྟེ་ཟླ་མཇུག་བཅད་རྒྱ་མཛད། གཉིས་པའི་ཚེས་བདུན་ལ་སྐུ་མཚམས་གྲོལ་ཏེ་ཐུའུ་བཀྭན་བླ་བྲང་གི་མི་སྣ་རྣམས་ལ་མཇལ་ཕྱག་གནང། ཐུའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེ་དབུས་སུ་ཕེབས་ནས་སློབ་གཉེར་གནང་རྒྱུར་བསླབ་བྱ་ཞིག་ཞུས་པར། ལན་དུ་ཞུ་ཆུང་ཕུལ་དོན། ཐུགས་གཉེར་གནང་ཚུལ་གྱི་བསླབ་བྱ་དགོས་གསུངས་པ། ཀུན་མཁྱེན་གོང་མའི་གསུང་དང་ངེད་ཀྱིས་ཀྱང་དེ་འདྲའི་བསླབ་བྱ་ཞིག་བྲིས་ཡོད་པ་དེ་དག་གིས་འཐུས། ཚིགས་བཅད་དུ་འདྲི་མི་དགོས། དོན་གྱི་སྙིང་པོ་ནི་ཐག་རིང་པོ་ནས་དཀའ་ཚེགས་ཀྱིས་ཕེབས་པའི་དགོས་དོན་གཙོ་བོ་ནོར་བུའི་གླིང་དུ་ཕྱིན་པའི་དེད་དཔོན་བཞིན་ཐུགས་གཉེར་ཕུལ་དུ་ཕྱིན་པ་ཞིག་གནང་དགོས། དེའང་དཔེ་གཟིགས་ཙམ་གྱིས་གོ་མི་ཆོད་པས་གཞུང་རང་རང་གི་རྩ་བ་དང་ཐལ་འཕྲེང་ཐུགས་འཛིན་དང་སྐྱོར་སྦྱངས་དཔྱད་པ་དང་སྦྲགས་པ། དེའི་སྟེང་ནས་རྩོད་པ་བདར་ཤ་ཆོད་པ་གནང་དགོས། ཡིག་ཆའང་གཞན་འགའ་ཞིག་བལྟས་མ་ཐག་གོ་བདེ་ཞིང་མདོར་འདུ་བ་ལྟ་བུ་ཡོད་ནའང། དང་པོར་གོ་བ་དེ་ལས་ལྷག་པའི་ཡུན་དུ་བལྟས་ཀྱང་ཕར་འབྱམས་ནས་ཟབ་རྒྱས་སུ་འགྲོ་རྒྱུ་མེད། ཀུན་མཁྱེན་བླ་མའི་ཡིག་ཆ་འདི་ཚིག་དུམ་ཆོད་དང་འགའ་ཞིག་བར་སྐབས་དེར་མ་འབྲེལ་བ་ལྟ་བུ་ཡོད་ཀྱང། ཤིང་རྟ་ཆེན་པོའི་གཞུང་མང་པོ་ལ་བལྟས་ཏེ་ཕྱིར་འཁོར་བ་ན་འདིའི་རྩ་བ་འདི་ལ་ཐུག་པར་འདུག་སྙམ་དུ་དེ་དག་གི་སྒོ་ནས་ཡིག་ཆ་ལ་ཡིད་ཆེས་དང། ཡིག་ཆའི་སྟེང་ནས་དེ་ཐམས་ཅད་ཀྱི་ཁོག་འགྲིག་པས་རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག་ཏུ་འགྲོ་ལུགས་ཤིག་ཡོད། ཕར་ཕྱིན་ལ་འགྲེལ་པ་དོན་གསལ་ལྟ་བུ་དང་པོར་བལྟས་ཚེ་གྲངས་འདྲེན་ཙམ་ལྟ་བུར་ཡོད་ཀྱང་ཤིན་ཏུ་འདྲིས་ན་མཆོད་བརྗོད་སྐོར་ཅུང་ཟད་འཕྲོས་ཆེ་བ་མ་གཏོགས་ཐལ་འཕྲེང་དུ་


GTD008_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཐམས་ཅད་རྣམ་བཤད་གསེར་འཕྲེང་གཉིས་ལ་ཐུག་ཅིང། དེ་གཉིས་འགྲེལ་པའི་ཚིག་ལ་མ་འཁྲིས་པ་མེད་པས། འགྲེལ་པ་སྐྱོར་ཐེངས་གཅིག་གི་ཁོངས་སུ་ཕར་ཕྱིན་གྱི་རྩོད་པ་ཐམས་ཅད་དྲན་ཐུབ་པ་ཞིག་བྱུང་ན་ཉམས་འོག་ཏུ་ཚུད་པ་ཡིན། དབུ་མ་ལ་དགོངས་པ་རབ་གསལ་གྱི་ས་བཅད་སྟེང་ནས་འཇུག་པའི་དོན་ཚན་ཐམས་ཅད་ངེས་པ་བྱུང་ན་དབུ་མའི་རིགས་པ་གཙོ་ཆེ་ཤོས་རགས་རིམ་ཙམ་དེར་ཚང་ཡང། ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེ་ཁ་དོག་གིས་འཇིགས་གསུང་དོན། རྩ་ཤེས་ཀྱིས་རྣམ་གྲངས་རེ་རེའང་ཡང་ཡང་བསྐྱར་ནས་གསུངས་པས་བལྟས་འཕྲལ་ཟློས་པ་ལྟ་བུར་ཡོད་པ་དེ་རྒྱུས་ལོན་ན་ཚིག་རེ་རེ་བཞིན་གྱིས་རིགས་པའི་ཟུར་ཇེ་རྣོ་དང་ཇེ་ཟབ་ཀྱིས་གཏུགས་ས་མེད་པར་འགྲོ་བས། སྟོང་ཉིད་ལ་ཟབ་པ་ཞེས་པ་དེར་མྱོང་ཐོག་ནས་གོ་བ་རྙེད་པ་ཞིག་བྱུང་ན་དབུ་མ་འཇུག་པ་རྩ་ཤེས་ལ་ཟབ་པའི་སྒོ་ནས་འཇུག་ཅེས་པའི་དོན་དེ་བྱུང་བ་ཡིན། རྩ་ཤེས་ཀྱི་རིགས་པ་ལ་ཟུར་སྣོན་བྱེད་རིགས་ཚོགས་གཞན་རྣམས་ཀྱང་ཡིན་ལ། རྗེས་འཇུག་གི་གཞུང་གི་ཁྲོད་ན་རིགས་པའི་ཟུར་སྣོན་བྱེད་བཞི་བརྒྱ་པ་ལས་ལྷག་པ་མེད། མཛོད་འདུལ་གཉིས་ལ་དབུ་ཕར་ལྟ་བུའི་གཏིང་བཙལ་གཏོང་རྒྱུ་མེད་ཀྱང་རྣམ་གྲངས་ངེས་ཤིང་ཤིན་ཏུ་འདྲིས་པ་གལ་ཆེ། མཛོད་གནས་དང་པོ་ལྟ་བུར་བགྲོ་གླེང་གཏོང་ཚེ་ཁས་བླངས་ཤོར་བ་ལ་གནས་དང་པོའི་ལུང་འདྲེན་རྒྱུ་ཡོད་པས་གོ་མི་ཆོད། གནས་གཅིག་གི་སྟེང་ནས་ཁས་བླངས་ཤོར་དུས་གནས་བརྒྱད་ཀའི་ནང་ནས་ལྷུ་མ་འགྲིག་པ་རེ་ངེས་པར་བྱས་ཡོད་པས་དེ་ཐམས་ཅད་ནས་གནོད་བྱེད་གཏོང་རྒྱུ་དང། དེའི་རེ་རེ་བཞིན་རྩ་བའི་ལུང་རེ་འདྲེན་རྒྱུ་མེད་པ་ཡང་མི་སྲིད་པས་དེ་ལྟར་གོང་འོག་ཐམས་ཅད་བསྡེབས་ཤེས་པ་


GTD008_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་མཛོད་ལ་གོམས་ཆ་སོང་བ་ཡིན། འདུལ་བའང་མདོ་རྩར་བལྟས་ཚེ་རྩོད་རྒྱུ་དང་གཉིས་ཀ་ཕྱོགས་མི་གཅིག་པ་ལྟ་བུར་ཡོད་ཀྱང། མཚོ་ཊཱིཀ་ལྟ་བུའི་སྟེང་ནས་གོང་འོག་གི་གནང་བཀག་སོ་སོར་ཞིབ་ཆ་འབྱེད་ལུགས་དང། ཡན་ལག་ཚང་མ་ཚང་གི་ཁྱད་པར་ཁ་འགེངས་ལུགས་ཐམས་ཅད་ངེས་པའི་ཚེ་མཐའ་དཔྱོད་དུ་གང་ཡོད་ཐམས་ཅད་རྩ་བ་རང་གི་ནང་དུ་ཧྲུག་གེ་ཚང་བ་ཞིག་འབྱུང། རྣམ་འགྲེལ་ད་ལྟ་ཀུན་ན་གཟུགས་བརྙན་ཙམ་ལས་མེད་པས་རིགས་ལམ་ཕྲ་མོའི་ཟུར་དཔྱིས་ཕྱིན་པར་ཐོན་པར་དཀའ་ནའང་ལེའུ་གཉིས་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་སྒྲུབ་ཚུལ་གྱི་རྣམ་གཞག་སྤྱི་པམ་གཅིག་ཐུགས་ལ་འཇགས་པ་མེད་མི་རུང་ཡིན། དེ་ལྟར་བཀའ་པོཏ་ཆེན་པོ་ལྔ་ལ་རྩ་འགྲེལ་མཐའ་དཔྱོད་ཐམས་ཅད་གུང་འགྲིག་པའི་གོ་བ་གཏིང་ཚུགས་པ་དང། ཚིག་འཁྲི་ཕྲ་མོ་ཚུན་ཆད་ཀྱང་ཆོད་པའི་རིགས་ལམ་གྱི་བདར་ཤ་ཆོད་པ་མང་དུ་ཐོས་པའི་ཕ་རོལ་ཏུ་སོན་པ་ན་གཞུང་ལུགས་གདམས་པར་འཆར་ཚུལ་ཡང། གསུང་རབ་ཐམས་ཅད་ཀྱི་དགོངས་འགྲེལ་བྱང་ཆུབ་ལམ་གྱི་རིམ་པ་ཡིན་ཞིང། དེའི་དོན་སྐྱེས་བུ་ཆུང་འབྲིང་གི་ངེས་འབྱུང། ཆེན་པོའི་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་སྟེ་ཟབ་རྒྱས་ཀྱི་རིམ་པ་གཉིས་སུ་འདུ། ངེས་འབྱུང་གིས་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་ཡིད་འབྱུང་བར་བྱེད་པ་ལ་ཁམས་གསུམ་འཁོར་བའི་གནས་ཚུལ་རང་ཤེས་དགོས། དེ་མངོན་པ་མཛོད་དུ་སྣོད་བཅུད་ཀྱི་འཇིག་རྟེན། ཕུང་ཁམས་སྐྱེ་མཆེད་སོགས་བཤད་པ་དེ་ཡིན། དེ་ལ་འཇིགས་ནས་སྐྱབས་སུ་འགྲོ་བ་མོས་མནོ་ཙམ་མ་ཡིན་པར་སྐྱབས་ཀྱི་ཡོན་ཏན་དངོས་སྟོབས་ཀྱི་རིགས་པས་འགྲུབ་པ་ཞིག་དགོས་ཤིང། དེ་ཚད་མ་རྣམ་འགྲེལ་ལ་མ་བརྟེན་པའི་


GTD008_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མེད། འཁོར་བ་མཐའ་དག་ལས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ལ་སློབ་ཚུལ་འདུལ་བ་རང་ཡིན་ཞིང། བདེན་བཞིའི་འཇུག་ལྡོག་བཤད་ཚུལ་ཡང། བཀའ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་དགོངས་འགྲེལ་གྱི་གཙོ་བོ་མངོན་པ་མཛོད་ཡིན་པས་དེའི་སྟེང་ནས་ཤེས་དགོས། སྐྱེས་བུ་ཆེན་པོའི་བྱང་ཆུབ་ཀྱི་སེམས་དང་སྤྱོད་པ་ཕྱིན་དྲུག་ལ་སློབ་ཚུལ་སོགས་ཕར་ཕྱིན་ལ་བརྟེན་ནས་གོ་དགོས་ལ། ཤེར་མདོ་ཙམ་མ་ཡིན་པར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་གི་དོན་ཉམས་སུ་ལེན་ཚུལ་མདོ་སྡེ་རྒྱན་གྱི་སྟེང་ནས་ཤེས་དགོས་པས། རྒྱ་ཆེ་བའི་ལམ་གྱི་རིམ་པ་ཐམས་ཅད་མཐའ་ཆོད་པར་ངེས་པ་ལ་རྒྱན་གཉིས་སྦྱར་ཏེ་གཏན་ལ་འབེབས་དགོས། ཟབ་མོ་ལྟ་བའི་ལམ་གྱི་རིམ་པ་ནི་དབུ་མའི་སྟེང་ནས་ཤེས་དགོས་པ་ཀུན་ལ་རླུང་ལྟར་གྲགས་པ་དེ་ཡིན། དེ་ལྟར་གསུང་རབ་ཐམས་ཅད་ཀྱི་དགོངས་པ་བཀའ་པོཏ་ཆེན་པོ་ལྔའི་སྟེང་ནས་མདོ་ཕྱོགས་ཀྱི་ལམ་གྱི་རིམ་པའི་ལུས་གཅིག་ཏུ་ངེས་པ་རྙེད་པ་ན། འོ་མའི་ནང་ནས་མར་ལེན་པ་བཞིན་ཟབ་པ་དང་རྒྱ་ཆེ་བའི་ལམ་དེ་གཉིས་ཀྱི་ཁོངས་ནས་སྔགས་ཀྱི་མཚན་བཅས་མཚན་མེད་གཉིས། བསྐྱེད་རྫོགས་གཉིས། སྒྱུ་ལུས་འོད་གསལ་གཉིས། དེ་གཉིས་དབྱེར་མི་ཕྱེད་པ་ཟུང་འཇུག་དང་བཅས་པ་ཐམས་ཅད་ལ་ངེས་པ་ཁྱད་པར་ཅན་སྙིང་པོ་དང་ཡང་སྙིང་གི་ཚུལ་དུ་ལོན་པ་འབྱུང་བས། དེ་ལྟར་འཇམ་མགོན་བླ་མའི་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་གནད་ལ་མངའ་བསྒྱུར་ཏེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཕྱོགས་མཐར་སྤེལ་ཞིང། སྐལ་ལྡན་གྱི་གདུལ་བྱ་མཐའ་དག་རྣམ་གྲོལ་ནོར་བུའི་གླིང་དུ་འཁྲིད་པའི་དེད་དཔོན་མཚུངས་ཟླ་མེད་པར་འགྱུར་བ་ཞིག་ཅི་ནས་


GTD008_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཀའ་དྲིན་སྐྱོང་བར་ཞུ། ཞེས་སྩལ་ཞིང་གང་ཅིའི་བཀོད་ཁྱབ་ཞུས་པའང་ཞིབ་པར་གནང། འདི་རིགས་སྨྲ་དོན་གཉེར་བ་རྣམས་ལ་མཁོ་བར་བསམ་ནས་ཇི་ལྟ་བ་བཞིན་དུ་བྲིས་པ་ཡིན་པས་རྒྱ་ཆེར་རོལ་བ་ལས། འདོད་པ་ཐམས་ཅད་མི་གཅིག་གིས་ཐོབ་ཀྱང། །དེས་ཀྱང་ཆོག་པ་མེད་པར་དེར་ཡང་འཚོལ། །ཞེས་པ་ལྟར་འདོད་པའི་ཡོན་ཏན་གྱི་ཉེས་དམིགས་དང། འདོད་པ་དུག་འདྲ་ཉེས་པ་མཐའ་ཡས་ལྡན། །ངར་སྣབས་རུལ་བ་བཞིན་དུ་ཁོ་བོས་བོར། །ཞེས་གསུངས་པ་ལྟར་ཐུབ་པ་མཆོག་གི་རྣམ་ཐར་དྲན་ནས་ཚུལ་གནས་ཐོས་བསམ་ལ་བརྩོན་པར་བྱས་ན་དོན་ཆེ་བ་ཡིན་ཏེ། མདོ་ལས། འཇིག་རྟེན་གཏེར་ཆེན་རྣམས་ནི་རྒྱལ་པོ་དང། །རྐུན་པོ་མེ་ཆུ་བསླུས་པས་ཟད་པར་འགྱུར། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐོས་གཏེར་ནི། །བསྐལ་པ་བྱེ་བ་མང་པོར་ཆུད་མི་ཟ། །ཞེས་གསུངས་པ་ལྟར་རོ། །ལོག་སྨྲ་འདར་བྱེད་རིགས་པའི་རྒྱལ་རྔ་དང། །འགྲོགས་པའི་གསུང་ངག་སྣ་ཚོགས་བརྗོད་པ་ཀུན། །བཀའ་པོཏ་རྒྱུད་ཀྱི་དབྱངས་སུ་འབབ་པ་འདིས། །གསུང་རབ་གདམས་པར་ཤར་བ་ཅིས་མི་དཔོག །མ་སྨད་བསམ་དད་སྦྱོར་བ་ཕུན་ཚོགས་ལས། །རང་གཞན་དོན་གཉིས་ཕུན་ཚོགས་མངོན་གྱུར་པས། །ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་པ་ཁྱོད་མིན་སུ། །དོན་གཉེར་ཅན་འགའ་ཞིག་ལ་འདོད་ཆོས་ཕྲན་ཚེགས་གནང་ནས་སླར་ཡང་བཅད་རྒྱ་མཛད། ཡིད་དགའ་ཆོས་འཛིན་གྱི་རི་ཁྲོད་པའི་གྲངས་མཉམ་གྱི་ཆས་འཇུག་དང་མི་འཁྲུགས་པའི་གོས་སྐུ་གསར་དྲུབ་ཀྱི་དབུ་བརྩམས། བཅད་རྒྱའི་ཁོང་ནས་རེབ་ཙ་བཀའ་འགྱུར་བ་དཀོན་མཆོག་དམ་ཆོས་ཡར་འཕེལ་ཕུན་ཚོགས་གོང་འཕེལ་དང། ལྷ་ཁང་ལུང་སྤྲུལ་བའི་སྐུ་དཀོན་མཆོག་འཕྲིན་ལས་རྒྱ་མཚོ་བསྙེན་རྫོགས། ཞབས་དྲུང་


GTD008_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་རྒྱ་མཚོ། ཞབས་དྲུང་དཀོན་མཆོག་ཡར་འཕེལ་གཉིས་ལ་དུག་དབང་དང། མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་བཅས་སྩལ། ཚོགས་ཆེན་ནས་ཞབས་བརྟན་དུ་སྒྲོལ་དཀར་སྙིང་པོ་བསྒྲུབས་པར་བསོད་བཏགས་རེ་དང་དོང་ཚེ་ཁྲོན་རེའི་འགྱེད་བཏང་བར་སྐལ་བ་སྟོང་ཕྲག་གསུམ་མ་ལོང་ཙམ་སོང། བཞི་པའི་ཡར་ངོར་རྣམ་རྒྱལ་མཆོད་དབུ་དང་རབ་བྱུང་བསྙེན་རྫོགས་འགའ་གནང་ནས་སླར་ཡང་བཅད་རྒྱ་མཛད། ཆར་ཤིན་ཏུ་དཀོན་ཞིང་རིམས་ནད་སྣ་ཚོགས་མཆེད་པ་སོགས་ཀྱིས། ཚོགས་འདུ་ནས་ཞུས་པ་བཞིན་ལྔ་པའི་བཅོ་ལྔའི་ཉིན་གསོ་སྦྱོང་ལ་སོ་ཐར་གྱི་མདོ་གནང་བས་དེ་ནུབ་ནས་ཆར་གྱི་རྒྱུན་རྩོལ་མེད་དུ་བབས། ནད་རིམས་སྣ་ཚོགས་ཆད་པ་སོགས་བྱིན་རླབས་ཀྱི་བདེན་པ་ཀུན་གྱིས་མངོན་སུམ་དུ་མཐོང། སྔོན་དུས་དགེ་ལུགས་ཙམ་དུ་མ་ཟད། ས་སྐྱ། བཀའ་བརྒྱུད། རྙིང་མ་གང་ལ་ཡང་གོལ་ཤོར་གཉིས་ཀའི་མཐའ་སྤངས་ཏེ་མདོ་སྔགས་དབུ་མའི་ལམ་གྱི་རྟོགས་པ་བརྙེས་པའི་མཁས་གྲུབ་རྒོད་པོ་མཁའ་ལ་ལྡིང་བ་ལྟ་བུ་བྱ་ཁྱུ་འཕུར་བ་འདྲ་བ་བྱུང་ཡང་དེང་དུས་ཞྭ་ཡི་མདོག་ཙམ་གྱིས་ཕྱེ་སྟེ་ཞྭ་དམར་གྱོན་ཚད་གྲུབ་མཐའ་འདྲེས་པར་སྤྱོད་ཅིང། སྡེ་དགོན་གྱི་ཕྱོགས་རིས་ཙམ་མ་གཏོགས་རང་ལུགས་ཅི་ཡང་ངོས་མ་ཟིན་པའི་དུས་འདིར་འདི་ལྟ་བུའི་བསླབ་གསུམ་ཟུང་འཇུག་དང། བཤད་སྒྲུབ་ཟུང་འཇུག་གི་འཕྲིན་ལས་ལྷུན་གྱིས་གྲུབ་པའི་རྣམ་པར་ཐར་པ་ནི་ངོ་མཚར་བའི་གནས་སུ་གྱུར་ཏོ། །རྣམ་རྟོག་མི་གཡོ་མཉམ་གཞག་ཀློང་དུ་དཔག་ཡས་ཏིང་འཛིན་ཟག་མེད་བདེ་ལ་རོལ། །གཞུང་ལུགས་འཆད་དང་རྩོམ་པའི་ཆར་འབེབས་གདུལ་བྱའི་འཛིན་མར་ལུང་རྟོགས་མྱུ་གུ་སྤེལ། །དགེ་འདུན་སྡེ་དང་གཙུག་ལག་ཁང་སྤེལ་ཆོས་སྤྱོད་བཅུ་


GTD008_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྣམ་དཀར་ཀླུང་རྒྱུན་འབེབས། །མཆོག་དམན་ཞིང་ལ་མཆོད་སྦྱིན་སྦྲང་རྩིས་ཡིད་ཀྱི་རྐང་དྲུག་ལན་བརྒྱར་ཚིམ་པ་སྟེར། །རྒྱལ་བསྟན་སྤེལ་བའི་འཕྲིན་ལས་ཡོངས་རྫོགས་གློག་འོད་འཁྱུག་པའི་སྐད་ཅིག་རེར། །སྐྱེ་དགུའི་དབྱར་རྔ་སྙན་གྲགས་སྒྲ་ཆེན་འུར་འུར་སྒྲོགས་པས་ངལ་བྱེད་ཀྱང། །ཁ་སྦྱོར་ཡན་ལག་གདེངས་ཀ་བདུན་ལྡན་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ། །སུ་ཞིག་བསྟོད་ཅིང་སུ་ཞིག་སྨད་པའི་སྤྲོས་པའི་མཚན་མ་ཀུན་དང་བྲལ། །འོན་ཏེ་དད་པའི་རྒྱལ་མཚན་རྩེ་མོ་རུ། །སྐུ་གསུམ་གོ་འཕང་སྐད་ཅིག་ཉིད་སྩོལ་བའི། །བསམ་འཕེལ་དབང་གི་རྒྱལ་པོ་གུས་མཆོད་ན། །དངོས་གྲུབ་འདོད་དགུར་འབྱུང་བར་སོམ་ཉི་བྲལ། །སྐབས་དེར་རྣམ་རྒྱལ་མཆོད་དབུ་ལན་ཁ་ཤས་དང། བདེ་མཆོག་ལྷ་ལྔའི་དབང། མགོན་ཆོས་རྣམ་སྲས་ཀྱི་རྗེས་གནང་སོགས་ཆོས་བཀའ་ཕྲན་ཚེགས་སྩལ་ནས་སླར་ཡང་བཅད་རྒྱ་མཛད། དྲུག་པའི་ཚེས་མགོར་མི་འཁྲུགས་པའི་གོས་སྐུ་གྲུབ་སྟེ་འདུ་ཁང་སྒོ་འཕྱོར་དུ་བཤམས་ནས་གྲྭ་མང་དང་ལྷན་དུ་ཤིས་བརྗོད་མཛད། མཆོད་རོལ་དང་བཅས་ཏེ་རི་ཁྲོད་དུ་གདན་དྲངས་ཤིང། དེར་དབྱར་ཞལ་བཞེས་མཛད། ཧལ་ཧ་བླ་མ་དཀོན་མཆོག་སྨོན་ལམ་དང། རི་ཁྲོད་སྤྱི་ནས་གསོལ་བ་བཏབ་པ་ལྟར་བཅུ་བདུན་ནས་བཟུང་སྟེ་ཉིན་དྲུག་ལ་སྐྱབས་འགྲོའི་ཁྲིད། དེ་ནས་རིམ་གྱིས་མཎྜལ་གྱི་ཁྲིད། རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད། བླ་མ་མཆོད་པའི་ཁྲིད། ལམ་གཙོའི་ཁྲིད། བདེ་ལམ་གྱི་ཁྲིད་སྨིན་རྒྱས་བཅས་བདུན་པའི་བཅོ་ལྔ་བར་དུ་བར་མ་ཆད་པར་གནང་ཞིང། བཅོ་ལྔའི་ཉིན་སྔ་དྲོ་སེམས་བསྐྱེད་མཆོད་པ་དང་དུས་འབྲེལ་གྱི་གསོ་སྦྱོང། ཕྱི་དྲོ་འཇིགས་བྱེད་བཅུ་གསུམ་མའི་དབང་གི་སྟ་གོན་དང་བཅུ་དྲུག་ལ་དངོས་གཞི། ཚེས་བཅུ་བདུན་ནས་འདུལ་བ་མདོ་རྩའི་བཤད་ལུང་གནད་འདྲིལ་བ་སྩལ། གཞུང་ཆེ་ཆུང་


GTD008_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

གང་འཆད་ན་ཡང་དོན་གྱི་ངོ་བོ་གསལ་ལ་འདྲིལ་བ། དགག་སྒྲུབ་ཀྱི་རིགས་པས་ཐེ་ཚོམ་ཆོད་པ། སྤྱི་དོན་འབྲེལ་བསྒྲིགས་ཀྱི་གོ་བ་སྟེར་བ། བཤད་དོན་ཉམས་ལེན་དུ་དྲིལ་བས་ལག་ཏུ་ལེན་བདེ་བ། རྒྱ་གར་མཁས་པའི་གཞུང་གི་ཉམས་དང་འདྲ་བ་ཞིག་ཡོད་ལ། ཞལ་ནས། བོད་གཞུང་ལས་རྒྱ་གཞུང་ནུས་པ་ཆེ། དོན་འདྲིལ། གོ་བདེ་བས་རྒྱ་གཞུང་ལ་བལྟ་དགོས་ཞེས་ཡང་ཡང་འདོམས་པར་མཛད་དེ་འཕགས་བོད་ཀྱི་མདོ་སྔགས་གཞུང་བརྒྱར་མི་འཇིགས་པའི་སྤོབས་པ་མྱུར་ལ་ཟབ་པའི་གསུང་ངོ་། །དེ་དང་འབྲེལ་བར་གསུང་སྒྲོས་འགའ་དགོད་པར་བྱ་སྟེ། ཞལ་ནས་ལམ་རིམ་ཆེན་མོར་ལམ་བགྲོད་པ་ལ་སྟོང་ཉིད་ཀྱི་ལྟ་བ་དགོས་པ་ལ་མིང་ཙམ་སྣང་ཡང། བྱང་ཆུབ་ཀྱི་སེམས་དེ་དང་འདྲ་བར་ཁྱད་ཞུགས་པ་དགོས་པ་ལ་མིང་ཙམ་མི་སྣང་གསུངས་པ་ལྟར་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་གལ་ཆེ་མཉམ་ཡིན། ཉམས་ལེན་དང་སྒོམ་སྒྲུབ་ཕྱོགས་རེ་བ་ཙམ་གྱིས་མི་ཡོང་ལྟ་བས་བྱང་ཆུབ་ཀྱི་སེམས་ལ་ངེས་པ་ཇེ་བརྟན་དང། བྱང་ཆུབ་ཀྱི་སེམས་ཀྱིས་ལྟ་བ་ལ་བོགས་ཇེ་ཐོན་དུ་འགྲོ་བ་རེ་དགོས་གསུངས། ཡང་རྟ་ཕུག་པས་འཁོར་རྣམས་ལ་བླ་མ་རྒྱལ་ཚབ་པས་འདུལ་མ་ནུས་པ་ཁྱེད་ཚོ་ཡིན་མོད་གསུངས་པ་རེད། དེ་བཞིན་དུ་ཀློང་རྡོལ་རིན་པོ་ཆེ་ནས་གསུང་ཆོས་ཀྱི་སྐབས་བཀའ་བཀྱོན་གནང་ནས། ༸རྒྱལ་བ་བསྐལ་བཟང་རྒྱ་མཚོ་ངུ་གི་འཇུག་མཁན་དེ་ཁྱོད་ཚོ་ཡིན་མོད་གསུངས་པས་མཚོན་བླ་མས་གང་གསུངས་རང་རྒྱུད་ལ་སྦྱར་བ་གལ་ཆེ་གསུངས། ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་སྤྱོད་པ་འགའ་ཞིག་དང། གཡོ་སྒྱུའི་སྤྱོད་པ་གཉིས་རྣམ་པ་འདྲ་བ་རེ་འོང། གང་ཟག་རླབས་པོ་ཆེའི་བསྟན་འགྲོའི་དོན་མཛད་ཚུལ་དང། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་


GTD008_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆ་འགའ་རེ་འདྲ་བ་ཡོང་ཡང། ཀུན་སློང་གཏན་ནས་མི་འདྲ་བས། ནམ་མཁའ་དང་ས་གཞིའི་ཁྱད་ཡོད་པ་མི་ཤེས་པར་ཞྭ་དཔེ་ལྷམ་ལ་བཀབ་ནས་རང་སྡིག་པའི་དབང་དུ་འགྲོ་བ་དང། གཞན་ལ་སྡིག་གསོག་པ་མང་གསུངས། ཡང་བརྒལ་བརྟག་ལ་བྱང་འཛིན་སྐྱོར་སྦྱངས་སོགས་ཀྱི་སྒོ་ནས་ཐོས་པ་བཙལ་ན་གོ་བ་རྙེད་ཡོང་ན་ཡང་ཉམས་ལེན་གྱི་གནད་འགག་ཤེས་པ་ལ་བླ་མའི་མན་ངག་ཐོས་ན་འཕུལ་ཆེ་གསུངས། ཡང་རང་རེ་ལ་ཆོས་བྱེད་ལོང་མེད་པ་འདི་བྱ་བ་ཐམས་ཅད་ལོགས་སུ་བྱས། ཆོས་ལོགས་སུ་བྱས་པའི་སྐྱོན་ཡིན། བྱ་བ་གང་བྱས་ཆོས་སུ་འགྲོ་བ་ཞིག་དགོས་གསུངས། ཡང་ལོངས་སྤྱོད་ཆེ་བ་དང། རྙེད་པ་དང། གྲགས་པ་འཕེལ་བ་སོགས་ཕལ་ཆེར་བདུད་ཀྱི་བར་ཆད་ཡིན། པདྨའི་རྩ་བའི་སྐྱེས་རབས་སུ། བྲམ་ཟེ་མིང་སྲིང་རྣམས་ཀྱིས་དམོད་པ་བོར་བར། བྲམ་ཟེ་ཁྱོད་ཀྱི་རྩ་བ་སུས་ཁྱེར་བ། །རིག་བྱེད་ལེགས་པར་ལོབ་ནས་སྟོན་པ་བྱེད། །དཀའ་ཐུབ་ཅན་དུ་རེ་བ་ཆེན་པོ་ཡིས། །ཡུལ་མི་དག་གིས་དེ་ལ་མཆོད་པར་ཤོག །ཅེས་དང། བྲམ་ཟེ་ཁྱོད་ཀྱི་རྩ་བ་སུས་ཁྱེར་བ། །ཕྲེང་བ་ཙན་དན་དོ་ཤལ་གོས་བཟང་དང། །ཡུལ་གྲུ་དམ་པ་འབྱོར་བ་བཞི་བརྒྱ་ཙམ། །ཐོབ་ནས་འདོད་ཡོན་དག་ལ་ལོངས་སྤྱོད་ཤོག །ཅེས་སོགས་སྨྲས་པ་འདི་ང་རང་ཚོས་ཁ་ནས་ཁྲག་སྐྱུག་ཅེས་པ་ལས་ཀྱང་ཐུ་བའི་ཚིག་སྨྲས་པ་ཡིན་པས། བག་ཡོད་དང་ངོ་ཚ་ཁྲེལ་ཡོད་ལ་གནས་དགོས་གསུངས། ཡང་བུད་སྙེགས་ཐོབ་གསུམ་མ་ཡོང་རུང་ཚེ་འདི་དང་ཕྱི་མ་གཉིས་ལས་ཕྱི་མ་དང། ཆོས་དང་འཇིག་རྟེན་གཉིས་ལས་ཆོས་གལ་པོ་ཆེར་བཟུང་སྟེ་དམན་ཆ་བཟུང། བླ་མ་དང་ཆོས་དང་གྲོགས་ལ་དག་སྣང་སྦྱངས། གཞན་ལ་ཕྲག་དོག་སྐྱེ་དུས་སུ་རྗེས་སུ་ཡི་རང་སྦྱངས། ང་རྒྱལ་སྐྱེ་དུས་རློམ་སེམས་མགོ་མནན། ཁོང་ཁྲོ་དང་ལོག་ལྟ་འདི་གནོད་ཚབས་ཆེ་བས་ནམ་སྐྱེ་དུས་


GTD008_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

འབུར་འཇོམས་བྱེད་པ་སོགས་རྐྱེན་དང་ཕྲད་དུས་ཆོས་ཀྱིས་མ་ཕན་ན་དགོས་པ་མེད་པས་རྐྱེན་ལམ་དུ་འཁྱེར་གང་ཐུབ་བྱེད་དགོས་གསུངས། གོང་འོག་ཏུ་གསུང་སྒྲོས་ཐོར་བུ་འགའ་ཞིག་བཀོད་པ་འདི་དག་ཅུང་ཟད་མང་སོང་བ་ལྟར་སྣང་ཡང། གླེང་བསླང་བའི་དབང་གིས་འཕྲལ་དུ་དྲན་པ་རྣམས་བསྐྱུར་བར་ཕངས་ཏེ་གང་ཟག་རེ་རེ་ཙམ་ལ་རྣམ་དཀར་གྱི་བློ་སྣ་སྐད་ཅིག་མ་རེ་སྐྱེ་བའི་རྐྱེན་དུ་སོང་ན་ཡང་ཅི་མ་རུང་སྙམ་ནས་བྲིས་པ་ལགས་ཤིང། སྤྱིར་དོན་མེད་ཀྱི་ལོང་གཏམ་ཅི་ཙམ་མང་ན་ཡང་སྤྲོ་བ་མ་གཏོགས་སུན་པ་མེད་ལ། དོན་ལྡན་གྱི་གཏམ་ལ་ཞེ་སུན་པ་དང་མང་བའི་འདུ་ཤེས་སྐྱེས་པ་དག་ནི་ཉན་ས་ལས། གལ་ཏེ་དབང་པོ་རྟུལ་པོ་ཞིག་ཡིན་ན་གསལ་བའི་གསལ་བའི་གཏམ་བྱས་ན་ཡང་སོ་སོར་རྟོགས་པ་ལ་ཤིན་ཏུ་རྨོངས་ཤིང་བརྟུལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་བག་ཆགས་ངན་པའི་དབང་གིས་བླང་བར་བྱ་བའི་གནས་ལ་རྨོངས་པའི་རང་རྟགས་ཡིན་པས་བློ་ཁ་ཆོས་ལ་ཕྱོགས་པའི་སྒོ་ནས་ལེགས་པར་བཤད་པའི་གཏམ་ཅི་ཙམ་ཐོས་པ་དེ་ཙམ་དུ་སོ་སོར་རྟོགས་པའི་ཤེས་རབ་འཕེལ་བ་ལ་བརྩོན་པར་བྱ་དགོས་སོ། །རྟ་ལྗང་ཅན་ལས་འོད་ཟེར་དང། །ཟླ་བ་ལས་ནི་ག་བུར་འཕྲེང། །རྒྱ་མཚོ་ཆེ་ལས་ཆུ་རྒྱུན་བཞིན། །ཞལ་ལས་ལེགས་བཤད་ཟད་པ་མེད། །ཨ་མོ་སེང་བཟང་སྤྲུལ་སྐུ་ལ་སྒེར་དུ་སྙིང་ཞུགས་ཀྱི་རྗེས་གནང་དང་གཞན་ཡང་མགོན་པོ་བཀའ་བཅུ་གསུམ། དབྱངས་ཅན་མ་དཀར་མོ། འབྱུང་པོ་འུར་འདེད་ཀྱི་རྗེས་གནང་སོགས་དབྱར་གནས་ཀྱི་རིང་ཆོས་བཀའ་བར་མ་ཆད་པར་གནང། བར་སྐབས་ཤིག་དབྱར་བྱིན་རླབས་མཛད་ནས་དགོན་པར་བྱོན་ཏེ་བཟང་སྐོར་ཞབས་དྲུང་དཀོན་མཆོག་བསྟན་འཛིན་འབྱུང་གནས་སོགས་བསྙེན་རྫོགས་དང།


GTD008_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་མཆོད་པའི་ཚོགས་དབུ་ལན་གཉིས། བཅུ་གཅིག་ཞལ་གྱི་དབང། བདེ་མཆོག་ལུས་དཀྱིལ་གྱི་དབང་ནམ་མཁའ་སྒོ་འབྱེད་བཅས་གནང། དགག་དབྱེ་གྲོལ་ནས་ལྗོངས་རྒྱུ་མཛད་དེ་དགོན་པར་བྱོན། རྣམ་རྒྱལ་མཆོད་པ་དང་དབང་རྗེས་གནང་འགའ། རབ་བྱུང་བསྙེན་རྫོགས་སོགས་ཀྱི་རེ་བ་བསྐངས་ནས་བཅད་རྒྱ་མཛད། བར་སྐབས་སུ་བཅད་རྒྱ་གྲོལ་ཙམ་གནང་ནས་རྣམ་རྒྱལ་མཆོད་དབུ་དང་ཆོས་བཀའ་ཕྲན་ཚེགས། སྒུག་སྡོད་བྱས་ཡོད་པ་རྣམས་ལ་ཕྱག་དབང་སོགས་ཀྱིས་རེ་བ་བསྐངས་ནས་སླར་ཡང་བཅད་རྒྱ་མཛད། བཅུ་པའི་བཅུ་དགུ་ལ་རི་ཁྲོད་དུ་བྱོན་ནས་ཉི་ཟློག་སྦྱིན་སྲེག་གི་ཚོགས་དབུ་དང། བཅུ་གཉིས་པའི་བཅུ་གསུམ་ཉིན་མི་འཁྲུགས་པའི་གོས་སྐུ་བཤམས་ནས་མཆོད་འབུལ་བསྔོ་སྨོན་གང་རྒྱས། ཁྲོམ་ཆེན་པོར་ཕྱག་དབང་གནང་བ་ཙམ་མ་གཏོགས་ལོ་མཇུག་བར་དུ་བཅད་རྒྱ་མཛད། དེ་ཡང་རི་ཁྲོད་དུ་བཞུགས་པ་ནས་བཟུང་སྟེ་དགེ་འདུན་པ་རྣམས་ལ་གསུང་བཀོད་རིམ་པར་སྩལ་ཏེ་བཅའ་ཡིག་ཟུར་འདེབས་དང་བཅས་པ་བཞག །རང་རང་གི་བློ་དང་འཚམ་པའི་ཞལ་ཏའི་སྒོ་ནས་བློ་ཁ་གོང་དུ་བཀྲི་གང་མཁས་མཛད་པས་སྤོང་བ་པ་རྣམས་ཀྱིས་ལྟུང་བའི་བསྔོ་བགྲངས་གཞིར་བཟུང། ནང་ནུབ་ཀྱི་ཐུན་ཆག་མེད་ཀྱི་ཁོངས་ནས་ལམ་ཡོངས་རྫོགས་ཀྱི་ཉམས་ལེན་ཐུན་བཞིའམ་ཐུན་དྲུག །བདེ་ལམ་རྒྱུན་འདོན་གཞིར་བཞག་གི་སྟེང་ནས་ལམ་རིམ་ཆེ་ཆུང་འཛིན་སྐྱོར། བདེ་གསང་འཇིགས་གསུམ་གྱི་བསྙེན་པ། སྨྱུང་གནས། རེས་མོས་ཀྱི་ཚུལ་དུ་ལོ་མཚམས་པ་གསུམ་བཞི་རེ་བཅས་རྒྱུན་གྱི་འགྲིག་ལམ་ཆུ་ལམ་ཞུགས་ལྟ་བུ་དང། ཕྱག་མཆོད་མཎྜལ་སོགས་བཀའ་གདམས་པའི་རྣམ་ཐར་དང་མཐུན་པའི་དགེ་སྦྱོར་དབྱར་


GTD008_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་དཔལ་ལ་འགྲན་བཞིན་པར་ཡོད་ལ། དེ་དང་མཐུན་པར་འདུ་ཁང་གསར་ཕིབས་དང་རྟེན་བཞེངས། བཀའ་འགྱུར་རོ་ཅོག་བཞུགས་པའི་ཆོས་ཀྱི་འཁོར་ལོ་བཞེངས་པ་སོགས་དང། སྒྲུབ་ཤག་སོ་སོའི་ཞིག་རལ་བཅོས་ཤིང་ས་དཀར་གསོ་བ་དང། གསུང་བཀོད་ལྟར་གྱི་སྤོང་ཁང་གསར་བཟོ་དང། མདུན་རི་ལ་སྐྱེ་ཤིང་འཛུགས་པ་སོགས་གང་ཅིར་བཀོད་ཁྱབ་མཛད་པས་ཡིད་དང་མིག་གི་བདུད་རྩི་ཁོ་ནར་ཡོད་དོ། །དེ་ལྟར་ཆར་སྤྲིན་གསར་པའི་རྐེད་ཆིངས་རྣམ་པར་གཡོ་བའི་ས་འཛིན་གྱི་སྡིངས་སུ་རྒྱུ་སྐར་བྱེ་བའི་ཕྲེང་བ་ལ་འགྲན་པའི་སྤྱོད་ལམ་བཞི་ཤོང་གི་སྤྱིལ་བུ་ནི་མངོན་པར་མཛེས། ཕྱོགས་ཀྱི་ངོས་ཀུན་རི་དྭགས་གཞོན་ནུའི་ཚོགས་རྣམས་རྩྭ་ཡི་མྱུ་གུས་ཚིམ་ཞིང་འཚེ་བ་མེད་པའི་དགའ་བདེའི་རྩེད་འཇོ་ལ་ནི་རོལ། དྲི་ཞིམ་སྨན་དང་མེ་ཏོག་གི་འཕྲེང་བ་ལ་བུང་བའི་ཚོགས་ཀྱིས་དབྱངས་སྙན་སྒྲོགས་པས་བསམ་གཏན་གྱི་བདེ་བ་ནི་བསྐུལ། འདབ་ཆགས་སྣ་ཚོགས་སྐད་སྙན་པར་སྒྲོག་པས་སྐྱོ་སངས་ཀྱི་དཔལ་ལ་འགོད་ཅིང། སེམས་རྒྱུད་ཆོས་ལ་གཞོལ་བའི་སྒྲུབ་པ་པོ་སྤྲོ་བར་བྱེད། ཉིན་མོ་སྤྱོད་པའི་རྣལ་འབྱོར་དང། མཚན་མོ་ཟླ་སྐར་གྱི་བགྲོད་པས་མི་རྟག་པའི་འདུ་ཤེས་ཉེ་བར་མཚོན་པའི་སྤོང་བ་པ་རྣམས་འཕགས་པའི་རིགས་བཞི་ལ་གནས་ཤིང། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣལ་འབྱོར་ལ་གཞོལ་བའི་སྒྲུབ་བརྒྱུད་བསྟན་པའི་གསོས་སུ་གྱུར་པའི་སྙན་པ་རྣ་བའི་རྒྱན་དུ་མཛེས་པར་གྱུར་ཏོ། །སྨྲས་པ། དགའ་བར་བྱེད་དོ་སྐྱོ་ཤས་ལྡན་རྣམས་ལ། །འདུ་འཛི་རྣམ་སྤངས་ཡིད་འོང་དབེན་གནས་དང། །བཀྲེས་པས་གདུང་ལ་གཡོས་ལེགས་རོ་བརྒྱའི་ཟས། །རྨ་བྱ་གཞོན་ནུར་དབྱར་རྔ་བཞད་པའི་སྒྲས། །གང་


GTD008_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཛད་བཟང་ཉིན་བྱེད་འོད་རྣོན་པོས། །བཤད་སྒྲུབ་འདབ་བརྒྱའི་ཚལ་རབ་བཞད་པ་ན། །ཐོས་ཉུང་ཆེན་པོར་རློམ་པའི་རྨོངས་པ་འགའ། །རང་རིགས་རྨོངས་པའི་ཁང་བུར་ཡིབ་ལས་ཅི། །ནེའུ་གསིང་སྨད་གཡོགས་ན་བུན་ཟུར་ཕུད་ཅན། །གཉིས་སྐྱེས་འཕུར་ལྡིང་རོལ་པའི་རི་སུལ་དུ། །དྲང་སྲོང་ངུར་སྨྲིག་འཛིན་པས་གང་མཐོང་ནས། །འོད་ལྡན་གསེར་རིའི་འཕྲེང་རྣམས་རོལ་མཚོར་བྲོས། །ཚེ་འདིའི་སྣང་ཤས་སྲོད་ཀྱི་སྨག་འཐུག་སངས། །བཤད་སྒྲུབ་ཟླ་བའི་འཕེལ་བ་རྫོགས་པར་རྩོམ། །དད་ལྡན་སྙིང་གི་ཀུ་མུད་མགོ་ལྕོག་ལྡེམ། །ལོག་སྨྲ་ཝ་སྐྱེས་ཞུམ་པ་ལྷན་ཅིག་ངོམས། །གང་གི་བཀའ་དྲིན་ནོར་བུ་ཀེ་ཏ་ཀས། །རྨོངས་པའི་རྙོགས་མ་དྭངས་བྱས་གཟུར་གནས་ཀྱི། །བློ་མཚོར་བླང་དོར་རྒྱུ་སྐར་གསལ་བ་ནི། །དྲི་བྲལ་སྟོན་གྱི་ནམ་མཁའ་དྭངས་པ་བཞིན། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཀ་ཐོག་དགོན་ནས་ཆེད་གཏད་ཀྱིས་འོངས་པའི་སྤྲུལ་བའི་སྐུ་ཐུགས་མཆོག་རྡོ་རྗེ་ལ་མངོན་རྟོགས་རྒྱན་གྱི་བཤད་ལུང་ཉིན་ལྔའི་བར་དུ་སྩལ། ལོ་འདིར་བསྙེན་རྫོགས་བརྒྱ་དང་སོ་གཉིས། དགེ་ཚུལ་སོགས་རེ་བརྒྱད་བསྒྲུབས་ཏེ་ངུར་སྨྲིག་འཆང་བའི་དྲང་སྲོང་གི་ཚོགས་རྒྱ་ཆེར་སྤེལ་བར་མཛད། དགུང་ལོ་རེ་གཅིག་པ་ཆུ་རྟ་གནམ་ལོ་གསར་བའི་ཚེས་གཏོར་ལོ་གསར་གྱི་དགྱེས་སྟོན་སོགས་དཀྱུས་ལྟར་དང། ཉིན་དེར་དགོན་པར་བྱོན་ནས་ཕྱོགས་འགྲུལ་བ་རྣམས་ལ་ཕྱག་དབང་དང། རིམ་གྱིས་དོན་གཉེར་བ་རྣམས་ལ་དཔའ་གཅིག་དང་བཅུ་གཅིག་ཞལ་གྱི་དབང། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས། མ་མགོན་གཉིས། བདེ་གསང་ལྷན་སྐྱེས་གཉིས། བླ་མེད་རྡོར་སེམས། ཁྱུང་ཁྲ། ཛམ་དཀར་བཅས་ཀྱི་རྗེས་གནང། ཡོན་ཏན་གཞིར་གྱུར་མ་དང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་སྩལ། ཀ་ཐོག་སྤྲུལ་སྐུ་ཐུགས་མཆོག་རྡོ་རྗེ་བསྙེན་རྫོགས་


GTD008_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྒྲུབས་ཏེ་དཀོན་མཆོག་ཐུབ་བསྟན་རྒྱ་མཚོ་ཞེས་བཏགས། རྣམ་རྒྱལ་མཆོད་པ་དང། རབ་བྱུང་བསྙེན་རྫོགས། ཆུ་མར་སྒོམ་ཆེན་སྤྲུལ་སྐུ་དང། འགའ་དག་སྤྲུལ་སྐུ་སོགས་དང། དོན་གཉེར་བ་མང་པོར་བླ་མཆོད་དང་འབྲེལ་བའི་ཕྱག་ཆེན་གྱི་ཁྲིད་སོགས་ཆོས་བཀའ་འགའ་ཞིག་གནང། ཨ་མཆོག་དགོན་གྱི་བླ་མ་ལས་སྣེ་སེར་སྐྱ་གྲོས་མཐུན་གྱི་ཐོག་ནས། ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་གདན་སར་ཞུ་བ་ཕུལ་ཀྱང་ཧ་ཅང་ནན་ཆེ་བ་མ་སྤོབས་པར་བརྟེན། དེ་ཉིད་ལ་ཨུ་ཚུགས་མཐར་སྐྱེལ་གྱི་སྒོ་ནས་ཞུས་པར་ལོ་རྗེས་མར་འབྱོན་རྒྱུའི་ཞལ་བཞེས་མཛད། ཚེས་བཅོ་ལྔའི་ཉིན་རྣམ་རྒྱལ་མཆོད་པར་ཕེབས་ཏེ་ཕྱི་དྲོ་ནས་བཅད་རྒྱ་མཛད་ཅིང། བར་སྐབས་སུ་རྣམ་རྒྱལ་མཆོད་པར་ལན་ཁ་ཤས། དོན་གཉེར་བ་འགའ་ལ་རབ་བྱུང་བསྙེན་རྫོགས་དང་ནམ་མཁའ་སྒོ་འབྱེད་ཀྱི་དབང། མགོན་ཆེན་བཅུ་གསུམ་གྱི་རྗེས་གནང་བཅས་སྩལ། སྐབས་འདིར་སོག་ཡུལ་གྱི་གཞི་བདག་གི་བསང་མཆོད་ཅིག་གསུང་རྩོམ་གནང་བའི་མཛད་བྱང་དུ། ཅེས་པ་འདི་ནི་སུ་ཉིད་ཤོག་ནས་དད་བརྩོན་ལྷག་བསམ་མཆོག་ཏུ་དགེ་བ་དགེ་སློང་དཀོན་མཆོག་བློ་བཟང་གིས་ཡུལ་ཕྱོགས་དེའི་ས་ཆུ་བཙན་པའི་སྟབས་ཀྱིས་མི་རྣམས་རྐང་ལག་མི་བདེ་བ་དང། ཟོག་ཞར་བ། གྱོལ་བོ་སོགས་མི་མཐུན་པ་སྣ་ཚོགས་འབྱུང་བ་ཞིག་འདུག་པས་དེ་སངས་བྱེད་དུ་ཡུལ་ལྷ་འདི་རྣམས་ཀྱི་མིང་ཐོན་པའི་བསང་མཆོད་ཅིག་དགོས་ཞེས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བའི་ངོར། བསང་མཆོད་ཁམས་གསུམ་དགོས་འདོད་རྒྱ་མཚོ་སྤུངས་པ་ཞེས་བྱ་བ་འདི་ཉིད། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེའམ། ད་ལྟའི་སྲོལ་བསྟུན་གྱི་མིང་གཞན་བློ་བཟང་རྡོ་རྗེ་ངག་དབང་སངས་རྒྱས་ནམ་མཁའ་རྒྱ་མཚོ་བསོད་


GTD008_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དཔལ་འབྱོར་དོན་གྲུབ་རྒྱལ་མཚན་བདེ་ཆེན་ཆེ་མཆོག་མཚན་སྙན་དཔལ་བཟང་པོས་དངོས་གཞི་མདོར་བསྡུས་ཤིང། དགོས་དོན་ཚང་བར་བྱས་ཏེ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའ་འོ། །ཞེས་པ་གཅིག་གནང་བ་དགོས་པ་ཅན་གྱི་གསུང་དུ་སྣང། བར་སྐབས་ཤིག་སྐུ་མཚམས་གྲོལ་ནས་ནེ་མན་ཝང་གི་སྲས་འཇམ་དཔལ་རྡོ་རྗེ། ཧལ་ཧའི་གྲྭ་པ་འགའ་ཞིག་སོགས་ཀྱི་འདུན་མོས་ལྟར་བདེ་ལམ་གྱི་ཁྲིད། བླ་མ་མཆོད་པའི་ཁྲིད་གཟབ་རྒྱས། འཇིགས་བྱེད་དབང་ལན་གཉིས། འགྱང་རོ་སྤྲུལ་སྐུ་འཇམ་དཔལ་བསྟན་པའི་སྒྲོན་མེ་སོགས་བསྙེན་རྫོགས་ལ་བཀོད། ཐུ་མེད་ཀུ་ཤྲི་བླ་མ་དགེ་བཤེས་ཚེ་འཕེལ་ལ་ཡི་གེ་གནང་བའི་ནང་དུ། དེང་དུས་བསྟན་པའི་འཕེལ་འགྲིབ་ཆགས་སྡང་གི་ལ་རྒྱ་ཙམ་དུ་གོ་སྟེ་ལུང་རྟོགས་གཉིས་གར་སོང་མི་ཤེས། བསྟན་འཛིན་གྱི་རྣམ་ཐར་སྟོབས་འབྱོར་ཁ་དྲེགས་ཀྱི་ཡོ་ལང་ཙམ་དུ་བཟུང་ནས་བཤད་སྒྲུབ་ཀྱི་མཛད་པ་ཅི་མཛད་པ་མི་སེམས། དགོན་སྡེའི་ན་འཕངས་གྲྭ་ཚོགས་ཁང་བཀོད་འགྱེད་ཕོགས་ལ་བརྩི་ཡི། མང་ཐོས་ཚུལ་ལྡན་ལ་ལྟོས་པ་རང་མེད། སྙིགས་མའི་སྙིགས་མ། བསྟན་པའི་ཐ་མ་ཤིན་ཏུ་ཡི་ཆད་དེ། ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད་གསུང་བ་དེར་སྣང། ཞེས་སོགས་ཐུགས་སྐྱོ་ཉམས་མཛད་ཅིང་ལྷག་པར་རྗེ་ཉིད་ལས་ཀྱང་ཅུང་ཟད་བགྲེས་ཙམ་གྲྭ་ཐོག་དུས་རགས་པ་མཉམ་པའི་ཟོང་ཆུ་ཁྲིམས་ཆོས་མཛད་དཔོན་སློབ་ལ་འདི་ལྟར། ཕུལ་བྱུང་བསོ༷ད་ན༷མས་ཡངས་པའི་ལྷ་ལམ་ངོས། །གཞུང་ལུགས་འབུམ་སྡེའི་སྤྲིན་འཕྲེང་བཀྲ༷་བ་ལས། །གཞན་ཕན་ཤི༷ས་པའི་དབྱངས་ཀྱི་སྒྲ་བརྒྱ་རྒོད། །མཚུངས་མེད་བཤེས་གཉེན་དམ་པའི་ག་ལ་བར། །ཆེད་གསོལ་སྔོན་གོམས་ལེགས་བྱས་ཤེལ་དཀར་གྱི། །ཁམས་ལས་གྲུབ་པ་སྐུ་འཚོའི་མེ་ལོང་ནི། །མཆོག་ཏུ་དྭངས་


GTD008_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

པར་དོན་གཉིས་རི་མོ་འབུམ། །རྣམ་པར་བཀྲ་བའི་སྣང་བ་འགོག་མེད་ནས། །དོན་ལྡན་སྙན་པའི་དབྱངས་ཀྱི་འཕྲིན། །དྲི་མེད་ལྷ་དར་གོས་ཁ་ཟུང། །ངོ་མཚར་རི་མོའི་ཚོགས་དང་བཅས། །སོན་པས་ཡིད་ལ་སྤྲོ་བ་འཕེལ། །སྔོན་ཚེ་འབྲས་དཀར་སྤུངས་པའི་སྡེ་ཆེན་དུ། །ལྷན་ཅིག་ལེགས་བཤད་གར་གྱིས་རྩེན་པ་དེ། །དེང་ནས་དྲན་པའི་ཡུལ་དུ་གྱུར་པས་སྐྱོ། །ཕྱི་མའི་ཚེ་ཡང་དེ་བཞིན་འགྲོགས་པར་སྨོན། །དབུས་འགྱུར་བསྟན་པའི་ཉི་མ་གཅིག་པུ་བ། །ཡེ་ཤེས་མཚན་ཅན་གསུང་གི་དགའ་སྟོན་མཆོག །མྱོང་བ་དེ་ཡང་རྨི་ལམ་བཞིན་དུ་དྲན། །ཕྱིས་ཀྱང་དེ་འདྲའི་བཤེས་གཉེན་མཇལ་བར་སྨོན། །གདན་ས་གསུམ་གྱི་མཁས་མང་ངང་པའི་ཁྱུ། །ལུང་རིགས་མགྲིན་རྔ་འགྲན་བཞིན་སྒྲོགས་པ་ལས། །ཕྱོགས་སུ་བཀར་ཏེ་སྐྱོ་བའི་ཤུགས་འབྱིན་ཡང། །རྟག་ཏུ་རྒྱལ་བའི་དམ་ཆོས་འཛིན་པར་སྨོན། །སླད་ཀྱང་སྐུ་འཚོའི་ཡིད་བཞིན་ནོར། །བསྲུང་བའི་བྱི་དོར་མི་གཡེལ་ཞིང། །ཟབ་ལམ་རྣལ་འབྱོར་གཟི་འབར་བའི། །ངེས་ལེགས་འདོད་པ་འཇོ་བར་མཛོད། །རྟེན་ལྷ་དར། སྣང་བརྙན། ཕྲེང་བ་རྒྱན་ལྡན། ཅོད་པན་བཅས། ཞེས་པ་དང། ཐུབ་དབང་རྡོ་རྗེ་འཆང་དང་བློ་བཟང་གྲགས། །ཡི་དམ་མཆོག་གསུམ་རྒྱ་མཚོར་བཅས་པ་ལ། །སྙིང་ནས་མི་ཕྱེད་དད་པས་གསོལ་འདེབས་ན། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །བློ་བཟང་རྒྱལ་བའི་བསྟན་ལ་ཐོས་བསམ་སོགས། །ཇི་ལྟར་ནུས་བཞིན་བགྱིས་པ་འདི་ཡིས་མཚོན། །དུས་གསུམ་དགེ་ཚོགས་མཐའ་དག་གཅིག་བསྡུས་ནས། །ཡང་དག་ལམ་བཟང་འགྲུབ་པའི་རྒྱུ་རུ་བསྔོ། །ནམ་ཞིག་ཚེ་འདིའི་སྣང་བ་འགག་མ་ཐག །ས་མཁན་འཇམ་དཔལ་སྙིང་པོས་ཉེར་ཁྲིད་ནས། །དགའ་ལྡན་གནས་སུ་པངྨོ་ལས་སྐྱེས་ཏེ། །མི་ཕམ་


GTD008_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་བདུད་རྩིས་ཚིམ་གྱུར་ཅིག །ངེས་འབྱུང་འཛིན་མར་སེམས་མཆོག་རྩ་བརྟན་ཅིང། །དམིགས་མེད་ལྟ་བའི་ཡལ་འདབ་མཐའ་དང་བྲལ། །རིམ་གཉིས་ལམ་བཟང་མེ་ཏོག་བཞད་པའི་རྩེར། །མཐར་ཐུག་སྐུ་བཞིའི་འབྲས་བཟང་སྨིན་གྱུར་ཅིག །མདོར་ན་ཚེ་རབས་ཀུན་ཏུ་བླ་མ་ལྷས། །རྗེས་གཟུང་ས་ལམ་བགྲོད་པ་མཐར་ཕྱིན་ནས། །ནམ་མཁའི་མཐས་གཏུགས་མར་གྱུར་འགྲོ་བ་ཀུན། །ཟུང་འཇུག་ནོར་བུའི་གླིང་དུ་འཁྲིད་གྱུར་ཅིག །ཅེས་གསུང་ཤོག་སྨོན་ལམ་དང་བཅས་པ་འདི་ཉིད་གནང་བ་དང། གཞན་ལ་ཡང་དེ་འདྲའི་རིགས་མང་བར་གནང། ཟླ་བ་ལྔ་པ་ཡོངས་རྫོགས་ལ་བཅད་རྒྱ་མཛད་ཅིང། ཟླ་མཇུག་ལ་ཐེ་བོ་ཆབ་ཚན་དུ་ཆིབས་བསྒྱུར། ཆབ་བཞུགས་ཀྱི་སྐབས་སུ་ཡང་དོན་གཉེར་བ་མང་པོར་བདེ་ལམ་གྱི་ཁྲིད། བསྒྲུབ་བྱ་གཅིག་དགེ་ཚུལ། ཉེར་དགུ་བསྙེན་རྫོགས་ལ་བཀོད། ཚུར་ཕེབས་ལམ་བླ་རི་མགུལ་གྱི་དཀར་མཛེས་དགོན་དགའ་ལྡན་ཆོས་འཕེལ་གླིང་དུ་སེར་སྐྱ་ཡོངས་ལ་བདེ་ལམ་གྱི་ཁྲིད་གནང། མར་རྒྱ་ཆེན་སུམ་ཅུ་དང། ཇ་ལན་འདུའུ་གཅིག་ལམ་རིམ་དུས་བཟང་གི་ཐེབས་སུ་བཞག །ཧོར་དགོན་པ་དང། གོའུ་དགེ་གཞིས་ཀར་ཡང་གདན་དྲངས་པར་དགྱེས་གཟིགས་ཀྱི་བཀའ་དྲིན་བསྐྱངས། ཆུ་མིག་དཀར་མོར་སྒྲུབ་པའི་རྒྱལ་མཚན་འཛིན་པ་ནམ་མཁའ་རི་ཁྲོད་པའི་སྒྲུབ་ཁང་དུ་སེར་སྐྱ་མང་པོར་སྐྱབས་ཁྲིད་སྩལ་ཞིང། སྙིང་ཐག་པ་ནས་ཡོད་དགུ་སྤྲུགས་པའི་དད་དབུལ་རྣམས་བརྩེ་ཉམས་དང་བཅས་དགྱེས་བཞེས་མཛད། རྗིས་ཚང་དགོན་དུ་ཡོན་ཏན་གཞིར་གྱུར་མའི་ཁྲིད་དང། ལྗགས་ལུང་ཁ་ཤས་གནང། འབུལ་བ་ཕྱིར་སློག་པ་དང་མང་འགྱེད་གོང་འོག་ཀུན་ལ་འདྲ། ཕུགས་བདེ་ཐང་གི་དགོན་པ་དགའ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཞག་གཅིག་བཞུགས་ཤིང། དགེ་


GTD008_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བསྟན་འབར་མའི་བཤད་ལུང་སྩལ། འདུ་ཁང་ཐེབས་སུ་རྟ་རྒོད་མ་དགུ། མཛོ་འབྲི་བཅུ་གཅིག །ནས་བྲེ་བཞི་བརྒྱ་བཅས་གནང། ལམ་བར་གྱི་སྡེ་པ་སོ་སོ་དང། ཀོའུ་ཚང་རི་ཁྲོད། དམེ་རྒྱ་རི་ཁྲོད་སོགས་ནས་ཇ་ཐབ་ཞུས་པར་རི་ཁྲོད་གཉིས་ལ་མང་འགྱེད་དང། ལོ་བ་དགོན་པ་བཀྲ་ཤིས་ཆོས་འཁོར་གླིང་དུ་ཡོན་ཏན་གཞིར་གྱུར་མའི་ཁྲིད། གྱི་ལིང་དགོན་པ་དགའ་ལྡན་དར་རྒྱས་གླིང་དུ་ཀུན་རིག་གི་དབང་བསྐུར་མཛད། དགོན་གསར་དགའ་ལྡན་རབ་རྒྱས་གླིང་དུ་བསྒྲུབ་བྱ་བཅུ་གཉིས་དགེ་ཚུལ། ང་ལྔ་བསྙེན་རྫོགས་ལ་བཀོད་ཅིང། ཚོགས་སུ་མང་འགྱེད་དཀྱུས་འདྲ་སྩལ། ཚ་གོ་ཏཱ་རོ་རྣམ་རྒྱལ་ཆེད་གཏད་ཀྱིས་མཇལ་བར་འོང་བ་ལ་ཕྱག་དབང་ཆོས་འབྲེལ་དང་གནང་སྐྱེས་ཀྱིས་ཚིམ་པར་མཛད། གསེར་ཟངས་ལས་གྲུབ་པའི་རྗེའི་སྐུ་མི་ཚད་གསར་འབྱོར་སོགས་རྟེན་དང་བརྟེན་པ་ལ་སྤྱན་དབྱེའི་ཆོ་ག་དང། འདུ་ཁང་ནས་བླ་གྲྭ་སྟོང་ཕྲག་བརྒལ་བར་འཇམ་དབྱངས་དམར་སེར། འཇམ་དབྱངས་དཀར་པོ། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས། ཆོས་རྒྱལ་ཕྱི་སྒྲུབ་བཅས་ཀྱི་རྗེས་གནང། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། དགེ་ལྡན་བསྟན་འབར་མའི་བཤད་ལུང་བཅས་སྩལ་ཞིང་བརྟན་བཞུགས་ཀྱི་རྟེན་འབྲེལ་བསྒྲིགས། ཅོ་ནེ་བསྟན་འགྱུར་གདན་འདྲེན་རྒྱུར་སྣག་ཚའི་ནང་དུ་བསྲེ་རྒྱུའི་གསེར་བཏུལ་མ་ཕོན་ཆེ་བ་དང། ཡོན་དངུལ་སྲང་དགུ་བརྒྱ་སུམ་ཅུ་སྐོར་ཕུལ་ནས་བཀུར་སྟི་ཆེན་པོས་གདན་དྲངས་ཏེ། བདུན་པའི་ཚེས་དགུའི་ཉིན་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་དུ་ཕྱག་བབས། སྨད་སོག་དང་ཕྱོགས་འགྲུལ་སྒུག་སྡོད་བྱས་ཡོད་པ་རྣམས་ལ་ཕྱག་དབང་དང་ཆོས་འབྲེལ་གནང། ལྷག་པར་སྒོ་མང་གྲྭ་ཚང་གི་དགེ་བཤེས་ཨོར་དུ་སུ་སྨན་པ་བླ་ཟུར་བློ་བཟང་ཡོན་


GTD008_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྱིས་བརྒྱད་སྟོང་པ་རྒྱལ་ཁབ་པེ་ཅིན་གྱི་པར་མ་ཁྱད་མཚར་དངུལ་སྲང་སུམ་ཅུའི་ཡོན་གྱིས་སྤྱན་དྲངས་པ་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ཏེ་དགེ་རྩ་སྤེལ་བའི་སྨོན་ཚིག་ཚིགས་བཅད་བཅུ་བདུན་པ་ཞིག་དང། ཚེ་དཔག་མེད་ལྷ་དགུའི་དབང། འོད་ཟེར་ཅན་གྱི་རྗེས་གནང་སོགས་སྩལ། མི་རིན་དགེ་ལེགས་བཀྲ་ཤིས་དང་ཁོང་གཉིས་ནས། ཨོ་ཐོག་ཏཱ་པེ་ལི་བསོད་ནམས་དགེ་འདུན་རབ་རྒྱས་ཀྱི་ངག་བཀོད་བཞིན་དུ་དཔོན་དེ་ཉིད་ཀྱི་རིམ་གྲོར་རྣམ་རྒྱལ་ཁྲི་མཆོད་བསྒྲུབས་པའི་ཚོགས་དབུར་སྤྱན་དྲངས་ཏེ་བརྟན་བཞུགས་ཕུལ་བར། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་མཐར་ཆགས་སུ་གསུངས་ནས། བླ་མ་ལྷག་པའི་ལྷ་མཆོག་ཁྱད་པར་ཅན་གྱི་ནུས་མཐུར་ལེགས་ལམ་ཡོང་བ་གཞིར་བཅས། རང་གིས་ཀྱང་སེམས་ལ་འཛིན། མཆོག་གསུམ་ལ་ཞབས་འདེགས་དང། རིམ་གྲོ་མི་ལྷོད་པ་གལ་ཆེ་གསུངས། བཀའ་བསྟན་གསར་པ་རྣམས་ལ་ན་བཟའ་དང། གདོང་དར་བསྒྲིགས་ཏེ་བརྒྱད་སྟོང་པ་ཐུབ་དབང་གི་དངུལ་སྐུའི་མདུན་དང། བཀའ་བསྟན་གཉིས་ཀྱི་དཀྱིལ་དུ་རྗེའི་གསུང་འབུམ་བཞུགས་ནས། རྗེ་བླ་མའི་གསུང་རབ་ཆོས་ཀྱི་ཉིང་ཁུར་བྱས་ཡོད་ཨང་གསུངས་པ་དཔྱད་གཞི་ཆེ་བར་སྣང། བརྒྱད་པའི་བཅོ་ལྔ་ནས་བཅད་རྒྱ་མཛད། པཎ་ཆེན་འཁྲུངས་རབས་ཀྱི་ཐང་ཀ་པར་མ་བཅུ་ལ་གསར་ཚོན་གྲུབ་པར་ལྷ་བཟོ་ལ་ཡོན་སྩལ། རྣམ་རྒྱལ་མཆོད་པར་ཕེབས་སྐབས་གྲོལ་ཙམ་རེ་དང། དགུ་པའི་ཉེར་བདུན་ནས་རི་ཁྲོད་དུ་བཅད་རྒྱ་གནང་བ། བཅུ་གཅིག་པའི་ཉེར་དྲུག་ལ་གྲོལ་ཏེ། ཉེར་བདུན་ལ་དགོན་པར་བྱོན། ཉེར་བརྒྱད་ནས་ཆིང་སུ་ཅུག་ཐུ་ནོ་མོན་ཧན་གྱི་དགོན་པའི་ཆོས་རྗེ་བླ་མ་དཀོན་མཆོག་བསྟན་འཛིན་གྱིས་གསོལ་བ་བཏབ་ངོར་རྒྱལ་མཁན་ཟུར་གྲགས་པ་རྒྱལ་མཚན་སོགས་བླ་མ་དགེ་བཤེས་སུམ་བརྒྱ་སྐོར་ལ་


GTD008_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མཆོད་དང་ཕྱག་ཆེན་སྦྲགས་པའི་ཁྲིད་དགེ་ལྡན་སྙན་བརྒྱུད་ནས་འོང་བའི་མན་ངག་ཞལ་ཤེས་ཀྱིས་བརྒྱན་པ་ཞག་ལྔའི་རིང་སྩལ། སྐབས་འདིར་སྡེ་ཁྲི་སྤྲུལ་བའི་སྐུ་འཇམ་དབྱངས་ཐུབ་བསྟན་ཉི་མ་སྨད་ཕྱོགས་ནས་བྱོན་ཏེ་འབྱོར་ཕྱག་ཞུས། དེ་ཡང་ཁོང་ལ་སྔ་ལོ་ཡི་གེ་གནང་བའི་ནང་དུ། ངེད་རང་ལ་ཐུག་འདོད་ན་ལོ་རྗེས་མར་ཕེབས་དགོས་གསུངས་པ་དང། སྐབས་འདིར་ཡང་བག་ཕེབས་ཀྱི་གསུང་གླེང་གི་དང་པོ་ལ། ད་ངོ་ཐུག་ནས་སེམས་བདེ་བ་ཡིན་གསུངས་པ་ཉིད་ནས་ས་མཐར་བཞུགས་ཡུན་རིང་བ་ལ་བཀའ་བཀྱོན་མཛད་དམ་དགོངས་འདུག་ཀྱང་དོན་ལ་ཐུགས་གཏད་པའི་གསུང་དུ་སྣང། ཉིན་གཉིས་ལ་བདེ་ལམ་གྱི་ཁྲིད་མདོར་བསྡུས་དང། ཞག་བརྒྱད་ལ་འཇམ་དཔལ་ཞལ་ལུང་གི་ཁྲིད་སྨིན་རྒྱས་སེམས་བསྐྱེད་མཆོད་པ་དང་བཅས་པ་གནང། ལོ་འདིར་གཞི་བྱེས་སུ་བསྙེན་རྫོགས་སུམ་བརྒྱ་དང་ལྔ། རབ་བྱུང་དགེ་ཚུལ་གྱ་ལྔའི་ཡིད་ཀྱི་ཀུན་གསལ་སོ་ཐར་ཉི་ཟླའི་འོད་ཀྱིས་མཛེས་པར་བསྒྲུབས། ཉང་ཚང་སྤྲུལ་བའི་སྐུ་ལ་བདེ་མཆོག་ལྷ་ལྔ་དང་ལུས་དཀྱིལ་གཉིས་ཀྱི་དབང་རྒྱས་པར་སྩལ་ཏེ། མཇུག་ཏུ་ཚོགས་འཁོར་ཀྱང་མཛད། གཞན་ཡང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང། གདུགས་དཀར། རྣམ་འཇོམས། སྒྲོལ་མ་དཀར་ལྗང་གཉིས། མྱ་ངན་མེད་པའི་འོད་ཟེར་ཅན་ཞལ་གཅིག་ཕྱག་གཉིས་མའི་རྗེས་གནང་སོགས་ཆོས་བཀའ་དུ་མ་བར་མ་ཆད་པར་གནང་ཞིང། སེང་བར་རྣམས་སུ་ཧལ་ཧ་ཆིང་སུ་ཅུག་ཐུ་ནོ་མོན་ཧན་རིན་པོ་ཆེ་བློ་བཟང་བསྟན་དར་དབང་ཕྱུག་གིས་བསྐུལ་བའི་ཚེ་བདག་མགོན་པོ་ལ་བརྟེན་པའི་འཆི་བླུའི་ཆོ་ག་སོགས་བཀའ་རྩོམ་ཡང་མང་དུ་སྤེལ། ཉི་ཤུ་དགུ་ལ་དབེན་གནས་ཡིད་དགའ་ཆོས་འཛིན་དུ་ཕེབས། དགུང་ལོ་རེ་གཉིས་པ་ཆུ་ལུག་གི་ཟླ་བ་དང་པོའི་ཚེས་གཅིག་གི་ཉིན་རི་ཁྲོད་ནས་


GTD008_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཁམས་དབང་མོ་དགྱེས་པའི་དུས་གཏོར་གྱི་ཆོ་ག་རྒྱས་པར་གནང་ཞིང་ལོ་གསར་དགྱེས་སྟོན་ཀྱང་མཛད། དེ་གྲོལ་འཕྲལ་དགོན་པར་བྱོན་ནས་ཀྱང་ཐུགས་དགྱེས་ཉམས་ཆེན་པོ་དང་བཅས་ལོ་གསར་མཇལ་ཁ་སོགས་གང་རྒྱས་གནང། ཚེས་གསུམ་ནས་རིམ་པར་འཇིགས་བྱེད་བཅུ་གསུམ་མ། གདུགས་དཀར་ལྷ་བཅུ་བདུན་མའི་དབང། འཇིགས་བྱེད་བསྐྱེད་རིམ་གྱི་ཁྲིད། མཁའ་སྤྱོད་མའི་སིན་དྷུ་རའི་བྱིན་རླབས། མགོན་པོ་ཞལ་སྒྲུབ་དུས། བསྙེན་དུས། དཀར་པོ་ཚེ་འཕེལ། སེར་པོ་རྒྱས་བྱེད། ཁྱུང་ཁྲ། རྣམ་རྒྱལ་མ་སོགས་ཀྱི་རྗེས་གནང། གྲུབ་རྒྱལ་ཚེ་དབང་སོགས་བསྐྱར་མ་དུ་མ། སྡེ་ཁྲི་རིན་པོ་ཆེའི་ཐུགས་བཞེད་ལྟར་ཉིན་གཉིས་ལ་བསྐལ་བཟང་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་ལ་སྐྱབས་མགོན་ཡབ་སྲས་ལྷན་རྒྱས་ནས་རབ་གནས་དང། རབ་བྱུང་དགེ་ཚུལ་སོ་གཉིས། བསྙེན་རྫོགས་གོ་གཅིག་གི་རེ་བ་བསྐངས། གཉིས་པའི་ཚེས་བདུན་ལ་ཨ་མཆོག་དགོན་པར་ཆིབས་བསྒྱུར་ཏེ་བཅུ་གཅིག་གི་ཉིན་ཁྲི་སྟོན་གྱི་རྟེན་འབྲེལ་བསྒྲིག །མང་ཇ་གཉིས་བཏང་ཐོག་བསོད་བཏགས་རེའི་འགྱེད་སྩལ། དགའ་ལྡན་ཁྲི་ལ་དབང་མཛད་ཁྱོད་ཉིད་ཀྱིས། །དགའ་ལྡན་ཆོས་ཀྱི་འཁོར་ལོའི་གླིང་ཆེན་པོར། །དགའ་ལྡན་བསྟན་པའི་སྒྲོན་མེ་སྦར་བ་ན། །དགའ་བརྒྱའི་འོད་སྣང་སྲིད་གསུམ་ཀུན་ཏུ་ཁྱབ། །ཉིན་ཁ་ཤས་ལ་ཆོས་གྲྭར་བརྩི་བཞག་ལ་ཕེབས་ཤིང། བརྩི་བཞག་གི་སྐབས་གསུང་བཤད་དང། འཛིན་གྲྭ་སོ་སོར་གསུང་འཕྲོས་ཀྱང་མཛད། བླ་མ་མཆོད་པའི་ཁྲིད་སྨིན་རྒྱས་དང། མགོན་པོ་བར་ཆད་ཀུན་སེལ་གྱི་རྗེས་གནང་སྩལ། བཅོ་ལྔའི་ཉིན་གསོ་སྦྱོང་གི་མགོན་དུ་བྱོན་ནས་སོ་ཐར་གྱི་མདོ་གསུངས་ཤིང། གུང་ཚིགས་ཆོས་གྲྭར་སེམས་ལ་ཕན་པའི་བསླབ་བྱ་དང་ཚོགས་གཏམ་བརྩི་བཞག་རྒྱས་པར་གནང། བཅུ་བདུན་ལ་དེ་ནས་ཆིབས་བསྒྱུར་ཏེ་


GTD008_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

གདན་སར་བྱོན། བསྒྲུབ་བྱ་བཞི་ཙམ་བསྙེན་རྫོགས་དང། བཀའ་ཆོས་ཐོར་བུ་རྒྱུན་ཆགས་ཀྱི་ངང་ནས་བསྐལ་བཟང་ལྷ་ཁང་གི་དཀར་ཆག་དང་འཇམ་དཔལ་ཞལ་ལུང་ཉམས་སུ་ལེན་ཚུལ་སོགས་གསར་རྩོམ་གྱི་དབུ་ཚུགས། ནམ་མཁའི་མཐའ་བཞིན་འགྲོ་བའི་ཁམས། །དེ་བཞིན་དཔའ་ཆེན་བྱང་ཆུབ་ཐུགས། །དེ་བཞིན་འགྲོ་བའི་དོན་སྤྱོད་པ། །ཚད་དང་གྲངས་ཀྱིས་གཞལ་དུ་མེད། །གསུམ་པའི་ཚེས་ནས་ཞག་བཅུ་བདུན་གྱི་རིང་བདེ་ལམ་གྱི་ཁྲིད་སྨིན་རྒྱས་དང། སེམས་བསྐྱེད་ཆོ་ག་ཕྱག་ལེན་གསུང་བཤད། མཆོད་པ་གང་རྒྱས་གནང། དེ་ཡང་བསྟན་པའི་རྒྱུན་ལ་དགོངས་ནས་བཀའ་ཆོས་བར་མ་ཆད་དུ་གནང་བ་ནི་མདོ་ལས། གངྒཱའི་བྱེ་སྙེད་རིན་ཆེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། །དེ་ཡིས་ཕན་འདོགས་དེ་འདྲ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་བསྔགས་པའི་གནས་སུ་ཆེ་བར་མ་ཟད། ཉན་མཁན་རྒྱུན་མི་འཆད་དུ་བྱུང་བ་རྗེས་སུ་ཡི་རང་བའི་གནས་ཡིན་ཏེ། ད་ལྟ་ཁྱོད་ཀྱིས་ཆོས་ཉན་ནས་ཅི་བྱེད་ཅེས་སྨྲ་བ་མང་བས་སོ། །དེས་ན་མདོ་ལས། དགེ་བའི་བཤེས་གཉེན་ལ་འདུན་པ་མེད་པ་དང། ཡིད་ལ་མི་བྱེད་པ་དང། ཁེངས་པའི་ཚིག་སྨྲ་བ་དང། འཇིག་རྟེན་འདི་ལ་སེམས་པ་སྟེ་བཞི་པོ་འདི་དག་ནི་བདུད་ཀྱི་ལས་སོ། །ནོར་ལ་བརྐམ་པ་དང། མི་དགེ་བའི་བཤེས་གཉེན་དང་རྒོད་ཅིང་སྨྲ་བ་དང། ཆུང་མས་ཡིད་བདེ་བ་དང། ཆོས་ཉན་པ་དེ་དག་གི་འདུན་པ་བཟློག་པ་སྟེ་བཞི་པོ་འདི་དག་ནི་བདུད་ཀྱི་ལས་སོ། །ཞེས་གསུངས་པ་ལྟར་ཐར་པ་འདོད་པ་རྣམས་ཀྱིས་བདུད་ཀྱི་ལས་སྤངས་ནས་ཆོས་ཉན་པ་ལ་འབད་དགོས་ཏེ། མདོ་ལས། བྱང་ཆུབ་མངོན་པར་འདོད་


GTD008_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ང་ཡིས་ནི། །རང་གི་ཡན་ལག་ལན་སྟོང་སྙེད་དུ་བཏང། །ཆོས་ཉན་པས་ནི་ང་ལ་ངོམས་མེད་ན། །དེ་དག་ཆོས་ཉན་པས་ནི་སྐྱོ་བར་འགྱུར། །རིགས་ཡིན་སྨྲ་དང་རིགས་པ་མ་ཡིན་སྨྲ། །རྣམ་པ་ཀུན་ཏུ་ཡོངས་སུ་སྤང་བར་བྱ། །བསྐལ་པ་བྱེ་བ་དུ་མར་གང་དཀོན་པ། །ཆོས་ཀྱི་དམ་པ་འདི་ལ་དགའ་བསྐྱེད་ཅིག །ཅེས་དང། འོད་སྲུང་གིས་ཞུས་པ་ལས། མང་དུ་ཐོས་པ་ལས་ཤེས་རབ་འབྱུང་བར་མཐོང་ནས་མགོའམ་གོས་ལ་མེ་འབར་བ་བཞིན་དུ་བསྒྲིམས་ཏེ་ཐོས་པ་འཚོལ་བར་བྱའོ། །ཞེས་པའི་དོན་བསམ་པར་རིགས་སོ། །བསྒྲུབ་བྱ་ལྔ་བཅུ་དགེ་ཚུལ་དང། རེ་གསུམ་བསྙེན་རྫོགས་སུ་བསྒྲུབས་ཏེ་ཐུབ་བསྟན་ལྷ་ཡི་དགའ་ཚལ་ངུར་སྨྲིག་འཆང་བའི་པད་དཀར་གྱིས་ཁྱབ་པར་མཛད། བཞི་པའི་བཅོ་ལྔའི་ཉིན་དཀོན་མཆོག་ཚུལ་ཁྲིམས། བློ་བཟང་དཀོན་མཆོག །དཀོན་མཆོག་ཐབས་མཁས་གསུམ་བསྙེན་པར་རྫོགས་ཏེ་བསླབ་གསུམ་བདུད་རྩིའི་བཅུད་ཀྱིས་ཚུལ་འཆལ་གདུང་བ་ཀུན་ནས་ཞི་བར་མཛད། ཨ་མཆོག་དགོན་པའི་འདུ་ཁང་རྒྱ་མཐོངས་འཁོར་བའི་གོས་ཀྱི་ཆུ་དར་བཟོ་རྒྱུ་མི་དྲུག་ལ་གཏད་ནས་མྱུར་དུ་བཟོས་གྲུབ་པ་དགོས་གསུངས། རྣམ་རྒྱལ་མཆོད་པའི་དབུར་ལན་ཁ་ཤས་ཕེབས་པ་དང། ཆོས་བཀའ་དང་གསུང་རྩོམ་བར་མ་ཆད་པར་མཛད། དེ་ཡང་རྣམ་ཐར་སྤྲིང་ཡིག་ལས། ཉིན་མཚན་དོན་ལྡན་ཆོས་ཀྱིས་འདའ་བ་ཡིས། །དགེ་སྦྱོར་ངང་དུ་མི་ཚེ་བསྐྱལ་མིན་ཡང། །ཚེ་དང་གྲོང་ཆོག་སྙོམས་པར་མ་བྱས་པ། །མི་རྒན་སྐྱིད་ཉལ་བརྒྱབ་པའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར། དགུང་ལོ་ཞེ་ལྔ་ནས་བཟུང་སྟེ་རེ་གཉིས་བར་གཤིན་སྔས་ལ་ཕེབས་པ་སོགས་གྲོང་ཆོག་གི་གཡེང་བ་བཙན་ཆོད་དུ་སྤངས་ཏེ་རི་ཁྲོད་ཡིད་དགའ་ཆོས་འཛིན་དང། གདན་ས་བཀྲ་ཤིས་འཁྱིལ་གཉིས་རེ་མོས་ཀྱི་ཚུལ་དུ་རྒྱུན་


GTD008_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་མཛད་དེ་ཐུན་བཞིའི་རྣལ་འབྱོར་ཆག་མེད་དང། ཆབ་ཚན་ལ་ཕེབས་སྐབས་སོགས་ཀྱི་ལམ་བར་ནས་ཀྱང་གྲོང་ནག་གི་ཁྱིམ་དུ་གཏན་མི་ཕེབས་ཤིང་གྲོང་སྡེ་སོ་སོས་ཇ་ཐབ་ཕུལ་བ་ལ་ཡང་རས་གུར་གྱི་ནང་ནས་འདོད་ཆོས་མོས་པ་བཞིན་གནང་བ་དང། ཕེབས་ལམ་ནས་དགོན་པ་སོ་སོར་ནན་གྱིས་གདན་དྲངས་པ་ལ་ཡང་བསྟན་པའི་རྒྱུན་ལ་དགོངས་ནས་ཆོས་བཀའ་གང་ཞུས་འདོད་མོས་ལྟར་དང། སྤྱི་འབུལ་གྱི་རིགས་བདག་གིར་མི་མཛད་ཅིང་གཞན་གྱི་དད་འབུལ་རྣམས་ཀྱང་མང་འགྱེད་སྤྱི་འཇོག་སོགས་ལ་གནང་སྟེ། མདོར་ན་ཕྱི་བཀའ་གདམས་གཙང་མའི་རྣམ་ཐར་འཕགས་པའི་རིགས་བཞི་ལ་གནས་པའི་སྒོ་ནས། ལམ་བསླབ་པ་གསུམ་ལ་གཅེས་སྤྲས་སུ་མཛད་པ། ནང་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞིའི་སྒོ་ནས་བསྟན་འགྲོའི་དོན་ལྷུར་ལེན་པའི་ཚུལ་གྱིས་རྒྱལ་སྲས་ཀྱི་སྤྱོད་པ་ལ་གཞོལ་བ། གསང་བ་རིམ་གཉིས་བདེ་སྟོང་གི་རྣལ་འབྱོར་ལས་སྐད་ཅིག་ཙམ་ཡང་མི་འདའ་བའི་སྒོ་ནས་བློ་བཟང་རྒྱལ་བ་གཉིས་པའི་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་བར་མཛད་དོ། །སྨྲས་པ། རྨོངས་མུན་རྩད་ནས་བཅད་ཀྱང་ད་དུང་ཐོས་བསམ་སྒོམ་པས་བྲེལ། །རྒྱལ་ཀུན་མེས་པོར་གྱུར་ཀྱང་ད་དུང་རྒྱལ་སྲས་གཞོན་ནུའི་ཚུལ། །མ་འདྲེས་སྤྱོད་པ་དག་ཀྱང་ད་དུང་ངུར་སྨྲིག་ཟོལ་བརྟེན་ཁྱོད། །བཀའ་དྲིན་འཁོར་མཐའ་བྲལ་ཡང་ད་དུང་བྱང་ཆུབ་བར་དུ་སྐྱོངས། །གཞན་ཕན་ཁུར་འཁྱེར་ལྷག་བསམ་དག་པའི་མཁར། །སྐྱོ་ངལ་ཆུ་འཛིན་ཀུན་རྟོག་དྲི་བཞོན་བཅས། །དག་པས་ཐབས་མཁས་མཛད་བཟང་འོད་ཟེར་འབུམ། །ཐར་ལམ་སྣང་བའི་དཔལ་དུ་ཆད་མེད་ཤར། །རི་དྭགས་ཁྲོད་ན་གདོང་ལྔའི་དབང་པོ་བཞིན། །གངས་ཅན་


GTD008_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དབུས་བསྟན་འཛིན་བྱེ་བའི་ཁྲོད། །མཁས་བཙུན་བཟང་པོའི་རྣམ་ཐར་རྨད་བྱུང་དང། །ལེགས་བཤད་གཏམ་གྱི་སྦྱོར་བས་ཁྱོད་ཉིད་འཕགས། །ཁྱད་པར་རྒྱལ་ཀུན་ཁྲག་ཁྲིག་བསྐལ་པའི་བར། །སྲིད་ན་ཡིད་འོང་ལྷ་རྫས་དངོས་ཀུན་གྱིས། །མཆོད་པས་དཔེ་དང་ཆར་ཡང་མི་བཟོད་པའི། །སྒྲུབ་ལ་གཞོལ་བའི་རྣམ་ཐར་འདི་རྨད་བྱུང། །གནའ་དུས་རབ་ཡངས་རྒྱ་མཚོའི་གོས་ཅན་ཁྱོན། །ཚུལ་གནས་མང་ཐོས་དྲང་སྲོང་སྤོང་བ་པས། །མེ་ཏོག་འཛུམ་བཞད་མགོ་ལྕོག་ལྡེམ་པའི་འཕྲེང། །ཚལ་དུ་དངར་བའི་དགའ་བའི་ཚལ་བཞིན་མཛེས། །དེང་འདིར་རྣམ་ཐར་གཙང་མའི་སྐྱེད་ཚལ་དུ། །རིམ་གཉིས་སྦྲང་རྩིའི་ཆང་གིས་སྐལ་བཟང་འགྲོ །ཉམས་བརྒྱའི་གར་གྱི་རྩེ་དགས་རོལ་པ་ཡིས། །རྒྱལ་ཀུན་དགྱེས་པའི་བྱེད་པོ་ཁྱོད་མིན་སུ། །ཀྭ་ཡེ་ས་བཟང་གྲོགས་བཟང་འདུ་འཛིས་དབེན་པའི་ལྔ་ལྡན་གནས། །དམ་པའི་མགོན་དང་ཉེར་ཕྲད་ལྷ་ཆོས་སྐལ་བ་ལྡན་པ་དག །མ་དུལ་གླང་ཆེན་སྨྱོས་འདྲའི་རྨོངས་སེམས་ལོག་ལམ་དུ་འཕྱན་པ། །དྲན་ཤེས་ལྕགས་ཀྱུས་ཉེར་དུལ་ཆོས་ལམ་བདེ་བར་གཞོལ་བའི་རིགས། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་བཤད་སྒྲུབ་ཟུང་དུ་འབྲེལ་བའི་སྒྲུབ་པ་སྙིང་པོར་མཛད་པའི་སརྒ་སྟེ་བཅུ་པའོ།། །།འཆད་པའི་གླེགས་བམ་རྩོད་པའི་རལ་གྲི་ཅན། །རྩོམ་པའི་དབྱངས་ཅན་དཔལ་མོར་རྗེས་ཆགས་བཞིན། །སྙིང་དབུས་ལ་བཞུགས་ལོངས་སྤྱོད་འཁོར་ལོའི་འདབ། །ལེགས་བཤད་སྦྲང་རྩིའི་རྒྱུད་དུ་རྒྱས་པར་མཛོད། །དེ་ཡང་པོ་ཏོ་བའི་ཞལ་ནས། ཐེག་ཆེན་གྱི་བླ་མ་བྱ་བ་བཤད་པ་ན་འབྱམས་ཀླས་པར་གོ་བ་བསྐྱེད་ལ། ལག་ཏུ་ལེན་པ་ན་བསྟན་པའི་ཐ་མ་ལ་


GTD008_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཕན་དང། ཐད་ཀར་དོན་དུ་གང་འགྱུར་སྟོན་པ་གཅིག་དགོས་གསུངས་པ་ལྟར་རྗེ་འདི་ཉིད་ནི་འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་དང་བྲལ་བའི་ལུང་གི་ཡོན་ཏན་དང། བསླབ་གསུམ་རིམ་གཉིས་ལ་མངའ་བརྙེས་པའི་རྟོགས་པའི་ཡོན་ཏན་གྱི་མཛོད་དུ་གྱུར་ཀྱང་ལས་དང་པོ་བའི་དགེ་སློང་རྣམ་པར་དག་པ་ཐ་མལ་པ་འབའ་ཞིག་གི་ངང་ཚུལ་ཁོ་ན་ལྷུར་བཞེས་ཏེ་སྙིགས་མའི་དུས་སུ་སླེབས་ཀྱང་བསྟན་པའི་གཞི་རྩ་བརྟན་པ་ཁོ་ན་དང། སེམས་ཅན་ལ་ཐད་ཀར་དོན་དུ་གང་འགྱུར་གྱི་ཕན་པ་ཁོ་ན་གཙོ་བོར་མཛད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་བདག་གིར་མཛད་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཀུན་ལ་གསལ་ཞིང། ནང་དུ་དེ་ལྟ་བུའི་ཡོན་ཏན་གྱི་མཐུ་ཆེན་པོ་དང་ལྡན་པས་གྲགས་པའི་མེ་ཏོག་རྒྱུན་ཆགས་པ་སྐྱེ་རྒུའི་རྣ་བའི་རྒྱན་དུ་གྱུར་པ་དང། རྒྱལ་བ་དགྱེས་པའི་སྤྱོད་པ་མ་གཏོགས་ཆོས་མིན་གྱི་འཇིག་རྟེན་མཐུན་འཇུག་སོགས་ཅུང་ཟད་ཀྱང་མི་མཛད་པ་དང། སེར་སྣ་མེད་པར་གཏོང་ཕོད་ཆེ་བས་འབྲེལ་ཚད་དོན་དང་ལྡན་ཞིང་གསུང་འཕྲོས་དང་ཞལ་རྩེད་ཚུན་ཆད་ཀྱང་ལེགས་པར་བཤད་པའི་གཏེར་དུ་གྱུར་པ་དང། ཚེ་འདི་པའི་མི་དང་མི་བསྟུན་ཀྱང་འདུན་པ་ཡང་ལྡོག་མི་འཇུག་པར་གར་བཞུགས་དང་གར་ཕེབས་སུ་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་ནས་དགེ་བའི་བྱ་བ་གང་འཚམ་ལ་འགོད་པ་དང། ཐོས་བསམ་དང་བཟླས་བརྗོད་སྦྱིན་གཏོང་མཁན་རྣམས་ལ་བསྔགས་ནས་གཟེངས་བསྟོད་ཅིང་སྤྲོ་བ་བསྐྱེད་པ་དང། རྐྱེན་དང་བྱ་བ་བཟང་ངན་གང་བྱུང་རང་གཞན་ཆོས་ལ་བསྐུལ་བའི་ཐབས་སུ་སྦྱོར་བ་མ་གཏོགས་གཞན་ལ་བརྙས་སྨོད་དང་མཚང་འབྲུ་བ་སོགས་སེམས་ལ་གནོད་པའི་རིགས་མི་མཛད་ཅིང། ཚུར་ལ་བསླུ་མི་ཚུགས་


GTD008_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་གཞན་ཆོས་ཀྱིས་བསྲུང་བ་དང། ཇི་ལྟར་གྱུར་ཀྱང་མི་ཞུམ་ཞིང། ཇི་ལྟར་བྱས་ཀྱང་བརྩེ་བ་མི་ལྷོད་པའི་སྙིང་སྟོབས་བརྟན་པ་དང། ཀུན་གྱིས་ཇི་ལྟར་བཀུར་ཀྱང་མཆོག་དམན་བར་མ་སུ་ལ་ཡང་ཇི་མི་སྙམ་པ་མི་བྱེད་པར་ངོ་ཚ་ཁྲེལ་ཡོད་བག་དང་ལྡན་པས་འཇུག་པ་དང། སྐྱིད་དེ་བ་ལས་རབ་ཏུ་བྱུང་བའི་རང་བཞིན་དུ་གྱུར་ཀྱང་ཐོས་བསམ་སྒོམ་གསུམ་དང་བསྟན་འགྲོའི་དོན་ལ་སྐྱོ་ངལ་མེད་ཅིང་ཚ་གྲང་བཀྲེས་སྐོམ་རྐྱེན་ངན་གང་ལ་སྲན་ཐུབ་པས་བརྟན་པ་དང། ལྷག་པར་མཁྱེན་དཔྱོད་ཆེ་བས་མདོ་སྔགས། སྨན་རྩིས། སྒྲ་སྙན། ལྷ་སྐུའི་ཐིག་དང་རི་མོ། ཟངས་ལྕགས་སོགས་ཀྱི་བཟོ་དང། སྒྱུ་རྩལ་སྐད་རིགས་ཐམས་ཅད་ལ་མཁས་པས་གཞན་དོན་སྒྲུབ་པའི་ཡན་ལག་རྫོགས་པ་དང། ཚུལ་ཁྲིམས་ཀྱི་མཐུས་འཕྲལ་དུ་ཡང་སྨོན་པ་ཙམ་གྱིས་དོན་འགྲུབ་ཅིང་བདེན་པའི་ཚིག་ལས་འབྱུང་བ་བཞི་ཡང་འདའ་མི་ནུས་པས་ཚིག་ཙམ་གྱིས་ཀྱང་གནོད་པ་ལས་ཐར་ཞིང་བདེ་བའི་འབྲས་བུ་ལ་འགོད་པ་དང། དུལ་བ་དང་ཞི་བས་བརྒྱན་ཅིང་བརྩེ་བའི་ངང་དུ་གནས་ཀྱང་ཉེས་སྤྱོད་ལས་བཟློག་པའི་ཕྱིར་བརྟན་ཅིང་ཕ་རོལ་གནོན་པ་དང། སྦྱིན་པ་དང་སྙན་པར་སྨྲ་བས་འཁོར་དུ་བསྡུས་པ་རྣམས་དོན་བཟང་པོ་ལ་འགོད་ཅིང་རང་ཡང་དེ་ལ་གནས་པ་དང། ཏིང་ངེ་འཛིན་དང་ཤེས་རབ་ཟུང་དུ་འབྲེལ་བའི་ངང་ལས་མི་གཡོ་བར་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་སྤྱོད་པས་གདུལ་བྱ་འདུལ་བ་ལ་བཟོད་ཅིང་སྤྲོ་བས་བརྒྱན་པ་དང། ཟབ་མོའི་ཏིང་ངེ་འཛིན་ལས་གཡོ་མེད་ཀྱི་ངང་ནས་ཕྱག་དང་སྐོར་བ་དཔེ་གཟིགས། བཟླས་བརྗོད་སཙྪ་སྐུ་པར་མཆོད་འབུལ་སོགས་སྤྲོས་བཅས་ཀྱི་དགེ་སྦྱོར་ཆུ་བོའི་རྒྱུན་ལྟ་བུར་མཛད་པ་ལས་བཏང་སྙོམས་ཀྱི་ངང་ནས་སོས་བདེར་བཞུགས་པ་སྐད་ཅིག་ཀྱང་མི་མཛད་པ་དང།


GTD008_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

འུད་དང་གྲགས་སྐམ་ལ་མི་དགྱེས་པས་ཆེ་ཕྲ་སུས་ཀྱང་རང་གཞན་ལ་བསྟོད་སྨད་ཀྱི་ཚིག་དོན་མེད་ཞུས་པ་དང་ལེན་མི་མཛད་པ་དང། རྒྱུན་དུ་ཡང་བསྟན་འགྲོའི་དོན་དུ་དགོངས་པའི་ཞལ་ཏ་མ་གཏོགས་གསུང་འཕྲོས་ཕལ་བའི་རིགས་ཆེར་མི་མཛད་ཅིང། ཆོས་མཐུན་གྱི་གཏམ་ལ་ཕྱོགས་སྐྱོར་བ་མ་གཏོགས་སྙིང་པོ་མེད་པའི་གཏམ་ལ་ལན་མི་མཛད་པར་བཟླས་བརྗོད་དང་དཔྱད་འཇོག་གི་ངང་ལ་བཞུགས་པ་དང། ཚུལ་ཁྲིམས་ཡལ་བར་བོར་ནས་བཟླས་བརྗོད་དང་ཕྱག་སྐོར་མང་འགྱེད་ཙམ་རེས་གྲོལ་བར་རེ་བའི་བློ་དམན་ལ་འདོམས་ཆེད་འདུལ་བའི་ལག་ལེན་གང་ཞིབ་མཛད་པ་དང། སྐུ་གཟུགས་སྟེམ་པ་དང་ཆབ་ཚན་སོགས་ཀྱི་ཚེ་ཡང་གུང་ཚིགས་དུས་ལས་མི་ཡོལ་བ་སོགས་ཚུལ་ཁྲིམས་དང་བཤད་སྒྲུབ་ཀྱི་ལག་ལེན་ལ་གནོད་པའི་རིགས་སྤངས་པས་སྡོམ་གསུམ་དག་པ་དང། བཞེས་ཕོར་གསོལ་ཏེམ་སོགས་ཆ་སྤྱད་གང་ལ་ཡང་རིན་པོ་ཆེའི་ཤན་མི་བསྲེ་ཞིང། རིན་ཆེན་རྒྱན་སྤྲོད་སོགས་ཀྱི་སྐབས་སུ་ཡང་གོ་བ་ལེན་པའི་ཐབས་མ་གཏོགས་རེག་པ་དང། རེག་ཏུ་མི་འཇུག་ཅིང་རྒྱུན་གྱི་ན་བཟའ་ལ་ཡང་གསར་པ་མདོག་དབྱིབས་ངོམ་ཆེ་བའི་རིགས་མི་བཞེས་པ་སོགས་འདོད་པ་བསོད་སྙོམས་ཀྱི་མཐའ་སྤངས་པ་དང། ཟས་གོས་དང་གཉིད་ཀྱི་བདེ་བ་ལ་ཞེན་པ་དང། ཆགས་སྡང་དང་འགྲན་སེམས། ཁ་བསག་གཞོག་སློང་སོགས་མི་མངའ་བ་ནི་དགྲ་གཉེན་བར་མ་སུས་ཀྱང་བསྙོན་དུ་མེད་པར་མངོན་སུམ་གྱིས་གྲུབ་པ་དང། དད་པ་དང་བརྩོན་འགྲུས་ཆེ་བའི་མཛད་པ་ཡོངས་ལ་གསལ་ཞིང། མཁྱེན་རབ་རྣོ་ཞིང་གཏིང་ཟབ་པས་ཤགས་འདེབས་དང། རྩེད་མོ་ཚུན་ཆད་ཉམས་དོད་ཅིང་དཔྱད་ན་གོ་རྒྱུ་ཆེ་བ་དང། སྡུག་བསྔལ་གྱིས་ནོན་པ་དག་ལ་ཞལ་རྩེད་སོགས་ཀྱིས་སྤྲོ་བསྲིངས་པ་དང།


GTD008_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་རས་མཐོང་ཙམ་གྱིས་དགའ་ལྷང་གིས་འགྲོ་ཞིང། དེའི་ཞར་ལ་ཞལ་རས་ཀྱི་ཉམས་ཤིག་གིས་སྤྱོད་ངན་གྱིས་ནོངས་པ་རྣམས་འཇིགས་ཞུམ་གྱིས་འགྲོ་བ་དང། སྐུ་གཟུགས་ཆེ་ཞིང་བརྗིད་པ། ཆ་མི་སྙོམས་པ་མེད་པར་ཕྱག་ཞབས་ཀྱི་མཐིལ་སྙོམས་ཤིང། སྤྱན་དང་ཕྱག་སོར་སོགས་གང་དང་གང་ལ་ཡང་མཚན་དཔེའི་ཉམས་མང་དུ་དོད་པ་དང། མཐའ་དབུས་གང་ནས་ཉན་ཀྱང་གསུང་གདངས་མཐོ་དམན་འདྲ་བར་ཐོས་ཤིང། འཛེར་བག་མེད་པར་མཉེན་འཇམ་སྙན་ཆ་ཆེ་ཞིང་འགྱུར་ཁུག་དོད་པས་ལྷང་ལྷང་ཐོས་པ་ཙམ་གྱིས་ཡིད་དབང་མེད་དུ་འགྱུར་བ་དང། ཐུགས་དཀྱེལ་ཆེ་ཞིང་བྱ་བ་གང་ལ་གྱ་ཚོམ་མེད་པར་འཕྲལ་ཕུགས་ཁེ་དང་ཉེན་ལ་གཟིགས་ཏེ་ལས་འབྲས་སྤང་བླང་མཛད་པ་ལས། དགའ་སྡུག་ཁྲོ་ཆགས་ཀྱི་རྣམ་པ་ཚུབ་ལིང་མི་མཛད་པ་དང། སྐུ་སྐེད་བསྙུང་ན་མ་གཏོགས་རྒྱབ་བསྙེལ་སྤངས་ཤིང། སྐྱིལ་ཀྲུང་ལས་གཡོ་བ་དང་འཕྲེད་ཉལ་མི་སྲིད་ལ། ཕེབས་དུས་གཉའ་ཤིང་གང་ཙམ་ལ་གཟིགས་ནས་འཕགས་པའི་མི་སྨྲ་བའི་ངང་ནས་སམ་ཆོས་མཐུན་གྱི་སྤྱོད་པས་ཕེབས་པ་སོགས་སྤྱོད་ལམ་མཐོང་བ་ཙམ་གྱིས་དང་བ་འདྲེན་པ་དང། ཡིག་དྲུག་ཞལ་འདོན་དུ་གནང་བ་མ་གཏོགས་གཞན་བསྐྱེད་རྫོགས་ཀྱི་ཉམས་བཞེས་ཕར་ཞོག་ཞལ་འདོན་ཅི་མཛད་ཀྱང་མི་མངོན་ཞིང། ཐུགས་དམ་གྱི་རྟེན་བྲིས་ཐང་གླེགས་བམ་བགྲང་འཕྲེང་སོགས་ཉེ་གནས་དག་གིས་ཀྱང་མཐོང་མ་མྱོང་བ་ལྟ་བུའི་སྦས་པའི་བརྟུལ་ཞུགས་ཁོ་ན་མཛད་པ་དང། ཐོས་བསམ་གནད་དུ་འགྲོ་བ་ཚུལ་ཁྲིམས་ལ་རག་ལས་པ་དང། ཚུལ་ཁྲིམས་ལ་གནས་ནས་ཐོས་བསམ་སྒོམ་གསུམ་བྱེད་པ་ལས་ཟུར་དུ་ཚོགས་བསགས་སྒྲིབ་སྦྱོང་ཚོལ་མི་དགོས་པ་དང། ཚུལ་ཁྲིམས་ཡལ་བར་བོར་བའི་སྦྱིན་སོགས་ཀྱིས་ས་གང་ཡང་མི་ཆོད་ཚུལ་ཡང་ཡང་འདོམས་པ་དང། ཚུལ་ཁྲིམས་ཀྱི་


GTD008_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་དགའ་བདེས་ཚིམ་པར་བྱེད་ཅིང། ཞལ་དཀྱིལ་དང་གསུང་གདངས་བྱམས་བརྩེ་བྱང་སེམས་ཀྱིས་བརླན་ཅིང་འཇམ་པས་ཡིད་དུལ་བར་མཛད་པ་དང། མངོན་ཤེས་སོགས་ཀྱི་ཟུར་ཙམ་ཡང་མི་གསུངས་པར་མ་ཟད་ཆུང་དུས་ཅུང་ཟད་གསལ་བ་ཡང་བར་ཆད་ཡིན་ཞེས་དང་དུ་མི་ལེན་ཀྱང་བློ་རྩེ་གཏད་ན་གང་གསུང་འཁྲུལ་པ་མེད་པའི་བསླུ་མེད་ཀྱི་གདེང་ཀུན་གྱིས་མཐོང་རུང་དུ་ཡོད་པ་དང། གསུང་གི་ཟུར་ལ་བརྟགས་ན་འཕོ་འགྱུར་སོགས་འབྱུང་འགྱུར་ཐམས་ཅད་ཐོག་ཏུ་མི་ཁེལ་བ་མི་སྲིད་ལ། ཕ་རོལ་གྱི་བསམ་པ་དང་བྱ་བྱེད་མངོན་སུམ་དུ་གཟིགས་པས་རྩེད་མོ་དང་བཀའ་བཀྱོན་གྱི་གསུང་ལས་རང་སྤྱོད་རང་གིས་དྲན་པ་ཀུན་ལ་མཐུན་སྣང་དུ་གྲུབ་པ་དང། སྨད་དུ་རུང་བའི་སྐྱོན་གྱི་རྣམ་པ་བརྟག་ཏུ་མེད་ཅིང་ཡིད་དུ་འོང་བའི་ཡོན་ཏན་འབའ་ཞིག་གིས་བརྒྱན་པས་བསྟན་པ་དང་བསྟན་འཛིན་ལ་མི་གུས་པའི་སྡིག་ཅན་རྣམས་ཀྱང་རང་བཞིན་གྱིས་འདུད་པ་དང། མདོར་ན་ཇི་མཛད་བསྟན་འགྲོའི་དོན་ལས་གཡོ་བ་མེད་པས། དྲུང་དུ་བཏུད་པ་དག་གིས་ཇི་ཙམ་བརྟག་ཀྱང་ད་རེས་ཀྱི་འདི་མངོན་ལྐོག་ཅུང་ཟད་མི་མཐུན་པ་འདྲ་སྙམ་པའི་ཐེ་ཚོམ་ཞིག་སུ་ལ་ཡང་སྐྱེ་བའི་གནས་སྤུ་ཙམ་མི་སྲིད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་ཡོན་ཏན་ལ་འཇུག་པའི་མདོ་ལས། གསང་བའི་བདག་པོ་ལག་ན་རྡོ་རྗེས་སྨྲས་པ། ཞི་བའི་བློ་གྲོས། གང་ཚུན་ཆད་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པ་དེ་ཚུན་ཆད་ཁོ་བོ་བྱང་ཆུབ་སེམས་དཔའི་ཞམ་འབྲིང་ན་འདུག་ཀྱང་བྱང་ཆུབ་སེམས་དཔའི་ལུས་འགྱུར་བའམ། ཚུལ་འཆོས་པའམ། ངག་འགྱུར་བའམ། ཁ་གསག་གམ། སེམས་འགྱུར་བའམ། སེམས་


GTD008_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་ཡང་མ་མཐོང་ངོ་། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་བཙན་པོའི་ལུང་ལས་ཀྱི་དཔུང་དང་སྟོབས་འབྱོར་ལོངས་སྤྱོད་ཀྱི་ཡོ་ལང་གིས་ཆེན་པོར་བསྒྲགས་ཙམ་མ་ཡིན་པར་མཁས་བཙུན་བཟང་པོར་གྲུབ་པའི་དཔལ་གྱིས་ཞབས་མཐིལ་རྡུལ་གྱི་འཕྲེང་བ་སྐྱེ་རྒུའི་གཙུག་ན་མངོན་པར་མཐོ་བ་ནི་ཉི་མའི་དཀྱིལ་འཁོར་རྟ་ལྗང་བདུན་གྱི་ཤིང་རྟས་བཀུར་བ་ལྟ་བུ། འཆད་པའི་ཚེ་ཤེས་བྱེད་ཀྱི་ལུང་དང་སྒྲུབ་བྱེད་ཀྱི་རིགས་པ། གསལ་བྱེད་ཀྱི་དཔེ་གསུམ་སྦྱར་བའི་སྒོ་ནས་བློ་ལྡན་དོན་གཉེར་བ་རྣམས་ཀྱི་ཡིད་ཀྱི་མུན་པ་སེལ་བ། སྤྱི་དོན་གྱི་སྣང་བས་མ་རྟོགས་པའི་མུན་པ་འཇོམས་པ། ཚིག་དོན་གྱི་སྲོལ་ཡངས་པོར་ཕྱེ་བས་ལོག་རྟོག་གི་གོལ་ས་སྤངས་པ། དཀའ་གནད་ཀྱི་མདུད་པ་དཀྲོལ་བས་ཡིད་གཉིས་ཀྱི་ཐེ་ཚོམ་གཅོད་པ་སྟེ། བཤད་ཐབས་ཡན་ལག་ལྔ་དང་རྒྱན་བདུན་གྱི་སྒོ་ནས་མདོ་སྔགས་འཆད་པའི་ཡོན་ཏན་གྱིས་ཉན་པ་པོའི་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་སྤེལ་བ་ནི་སྤྲིན་ཆེན་འབྲུག་སྒྲས་གང་བ་ན་རྨ་བྱ་དགའ་བདེའི་མངལ་འཛིན་པ་ལྟ་བུ། རྩོད་པའི་ཚེ་དངོས་སྟོབས་ཀྱི་རིགས་པས་སྨྲ་ངན་སུན་འབྱིན་ཅིང་ཕས་རྒོལ་གྱི་ལོག་རྟོག་དྲུངས་འབྱིན་པ་ནི་སྲིད་སྒྲུབ་ཉག་ཕྲན་གྱི་རྩལ་ལ་ཞུགས་པ་ལྟ་བུ། རབ་འབྱམས་གྲུབ་མཐའི་གནད་དོན་འཁྲུལ་མེད་མ་འདྲེས་པར་གཟིགས་པའི་མི་འཇིགས་པའི་དམ་བཅའ་བརྟན་པ་ནི་འཛིན་མའི་སྤོ་ལ་རི་ཡི་དབང་པོ་ལྷུན་ཆགས་པ་ལྟ་བུ། རྩོམ་པའི་ཚེ་བརྗོད་བྱ་བདེན་བཞི་གང་ལས་བརྩམས་ཀྱང་ཆོས་སྲིད་གང་འབྲེལ་དེའི་རྩ་བ་སྡུད་པའི་ལེགས་བཤད་ཀྱི་གཏེར་དུ་གྱུར་པ་ནི་ནོར་བུའི་བང་མཛོད་ཁ་ཕྱེ་བ་ལྟ་བུ། བཅད་ལྷུག་སྤེལ་མའི་ལུས་ཇི་ལྟར་བྱས་ཀྱང་འགལ་ཟློས་མ་འབྲེལ་བའི་སྐྱོན་དང་བྲལ་ཞིང་སྙིང་གི་བདུད་རྩི་ཁོ་ནར་གྱུར་པ་ནི་ཚ་བས་གདུངས་པ་ལ་ཟླ་ཟེར་


GTD008_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསིལ་བ་ལྟ་བུ། སྒྲ་དང་དོན་གྱི་རྒྱན་ཕུན་སུམ་ཚོགས་པས་ཇི་ལྟར་བརྒྱན་ཀྱང་རྣ་བར་སྙན་ཅིང་ཡིད་དུ་འཐད་པ། བསམ་ན་ངོ་མཚར་ཞིང། གདམས་དོན་བསླུ་བ་མེད་པ་དྲུག་ཅུའི་དབྱངས་ལྟ་བུ། ཆོས་སྲིད་ཀྱི་བྱ་བ་གང་ལ་ཞུགས་ཀྱང་དཀར་ནག་གི་ཐབས་ཚུལ་སྣ་ཚོགས་ལ་ལྟོས་པ་མེད་པར་ཐུགས་བསྐྱེད་དང་ཏིང་ངེ་འཛིན་གྱི་མཐུས་འདོད་དགུར་ལྷུན་གྲུབ་ཏུ་འབྱུང་བ་ནི་འཇིག་རྟེན་གྱི་མེས་པོ་ཚངས་པ་ཆེན་པོ་བརྟན་གཡོའི་སྣོད་བཅུད་སྤྲུལ་བ་ལ་ཞུགས་པ་ལྟ་བུ་སོགས་མདོར་ན་སྲས་བཅས་རྒྱལ་བའི་མཛད་འཕྲིན་གྱི་ཆུ་ཀླུང་གཅིག་ཏུ་འཁྱིལ་བའི་རྒྱལ་སྲས་ཀྱི་སྤྱོད་པའི་རླབས་ཕྲེང་ཕྱོགས་བརྒྱར་གཡོ་བ་ལ་འདོད་དགུར་དབང་བསྒྱུར་བར་གཟིགས་ནས་སྔར་དུས་ཚད་མ་ངེས་ཀྱང་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ནས། རྗེ་འདི་ལ་པཎ་ཞྭ་སྣེ་རིང་མནབ་བཞིན་པ་ཞིག་གནང་བ་ཡིན་འདུག །དེ་དུས་ཞལ་ནས། འདི་རྗེ་རིན་པོ་ཆེས་རྒྱལ་ཚབ་རྗེ་སོགས་ལ་གནང་བའི་རྟེན་འབྲེལ་ཅན་ཡིན་པས། ཁྱེད་ལ་རང་དགར་བྱིན་པ་ཡིན་གསུངས། རང་དགར་ཞེས་པ་ནི་རྗེས་གནང་བའི་དུས་དང་མི་འདྲ་བ་དང་ཁེངས་སྐྱུངས་པ་སོགས་གོ་རྒྱུ་མང་བར་ངེས་ཤིང། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། སྔོན་སྟོན་པ་བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་ལ་གདན་གྱི་ཕྱེད་གནང་བའི་སྐབས་ལས་འཕྲོས་ནས་འོད་སྲུང་གིས། བཅོམ་ལྡན་འདས་ལས་ཤ་ནའི་རས་ཕྱག་དར་ཁྲོད་མནོས་པ་རྣམས་མི་སློབ་པའི་ས་ལ་ཐུག་གི་བར་དུ་སྤྱི་བོས་མནོས་ལགས་སོ། །བདག་གིས་ལོངས་སྤྱད་པའི་སླད་དུ་བླངས་པ་ནི་མ་ལགས་ཀྱི་གདམས་པ་དང་རྗེས་སུ་བསྟན་པ་ལས་བརྩམས་ནས་བླངས་ལགས་སོ། །དེ་སླན་ཆད་སེམས་མཐོ་བའམ་དམའ་བར་གྱུར་པ་དང། སངས་རྒྱས་རྗེས་སུ་དྲན་པ་མ་ལགས་པར་


GTD008_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གཞན་སྙོམས་པར་འཇུག་པ་དག་གིས་བདག་གཞན་དུ་གནས་པར་མི་དྲན་ལགས་སོ། །ཞེས་སོགས་ཞུས་པར་གསུངས་པ་ལྟར། དམ་པའི་སྤྱོད་པ་འདི་འདྲ་བའི་རང་བཞིན་ནི་ངོ་མཚར་བའི་གནས་སུ་ཤེས་དགོས་ཏེ། སྔོན་གྱི་ལུང་རྟོགས་ཅུང་ཟད་ཀྱང་མ་ཉམས་ཤིང་ཕེབས་བཞུད་ཆོས་སྲིད་ཀྱི་མཛད་སྲོལ་ཡབ་རྗེ་རྡོ་རྗེ་འཆང་ལ་སྤྱན་ལྟོས་གནང་བས་སློབ་མ་རྣམས་ཀྱང་ངང་ཚུགས་བཟང་པོ་འགྱུར་ལྡོག་མེད་ཅིང། ལྷག་པར་འབྱོན་བཞུད་དང་གསུང་གི་གདངས་ནོར་འགྲོ་བ་ལྟ་བུར་ཡོད་པ་ནི་ཡབ་སྲས་གཉིས་ཀའི་དྲུང་དུ་ཉེ་བའི་བུ་སློབ་ཀུན་གྱིས་གྲུབ་ལ། གང་གི་སྲས་ཀྱི་ཐུ་བོ་འགའ་ཞིག་ཀྱང་ཡབ་སྲས་གོང་མ་གཉིས་ཀྱི་གསུང་གདངས་རྣམ་འགྱུར་མ་ཉམས་པར་ཡོད་པ་ཕྱིས་འབྱུང་གི་རྟེན་འབྲེལ་རྨད་དུ་བྱུང་བར་སེམས་སོ། །གཞན་ཡང་ཡུལ་དུས་གང་དུ་ཡང་ཆོས་མཐུན་གྱིས་གཞན་སེམས་བསྲུང་བ་དང། སུ་ལ་ཡང་གནོད་ལན་མི་འཇལ་བར་ཕན་སེམས་རང་བསྲིངས་ཤིང་གཞུང་བཟང་བ་དང། རང་བཞིན་འཇམ་པོས་མཐུན་པར་འགྲོགས་ལུགས་མཁས་ཤིང། སྦྱིན་བདག་དང་འཁོར་སློབ་སོགས་འཁོར་དུ་ཉེ་ཞིང་ཡིད་གཏད་པའི་རིགས་ཇི་ཙམ་གམ་དུ་བཅར་ཀྱང་བསྙེན་པར་དཀའ་བ་ཅུང་ཟད་ཀྱང་མི་སྲིད་ལ། དེ་དག་ལ་རང་རང་སོ་སོར་བརྩེ་སེམས་དང། བྱ་བྱེད་བློ་དང་བསྟུན་པ་མ་གཏོགས་ལེགས་ཉེས་ཅུང་ཟད་ལ་ཡང་དགའ་ཁྲོའི་འགྱུར་ལྡོག་མི་མངའ། ཟས་གོས་རྙེད་པ་སྟོབ་ཅིང་བློ་ཚོད་དང་འཚམ་པའི་ཆོས་ལ་སྦྱོར་བ་སོགས་འདི་ཕྱིའི་དོན་ཡལ་བར་མི་འདོར་བར་བརྩེ་སེམས་ཀྱིས་སྐྱོང་བ་དང། དྲག་ཞན་སོ་སོར་བབས་བསྟུན་གྱི་ཞེ་ས་དང་བཀུར་སྟི་སྟོབ་པ་སོགས་གཞན་རྒྱུད་སྨིན་གྲོལ་གྱི་ཐབས་ཁོ་ན་མཛད་པས་མཚོན་རྒྱུན་གྱི་མཛད་སྤྱོད་ཐམས་ཅད་མདོ་རྒྱུད་ལུང་རིགས་དང་སྦྱར་ནས་བཤད་ན་ལེགས་


GTD008_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཚིག་ཚོགས་ལ་འཛེམ་ནས་མདོར་བསྡུས་ཙམ་དགེ་བའི་བཤེས་གཉེན་བསྟེན་པའི་སྐལ་ལྡན་རྣམས་ཀྱིས་ཡོན་ཏན་དང་བཀའ་དྲིན་དྲན་པའི་དད་གུས་སྦྱོང་བའི་ཕྱིར་དང། བློ་རབ་འབྲིང་ཐ་གསུམ་གྱི་དམིགས་རྐྱེན་དུ་འགྱུར་བའི་ཆེད་དང། གཙོ་ཆེར་མདོ་ལས། སྡིག་པས་གང་བའི་མི་མཇེད་ཀྱི་ཞིང་ནི་མི་གཙང་བའི་འདམ་རྫབ་ཀྱི་ཁུང་ལྟ་བུ་དང། དེར་གནས་པའི་ཕལ་པ་རྣམས་ནི་གདོལ་བ་ལྟ་བུ་དང། ཞིང་དེའི་བྱང་སེམས་རྣམས་ནི་ནོར་བུ་རིན་པོ་ཆེ་ལྟ་བུར་སེམས་ཅན་དེ་དག་གིས་དེའི་ཡོན་ཏན་མི་མཐོང་བ་དང། འདམ་གྱི་ནང་དུ་གནས་པའི་ནོར་བུ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པའི་བྱང་སེམས་ཆེན་པོའི་འོད་མི་འདོར་ཀྱང། སེམས་ཅན་རྣམས་ཀྱི་བསམ་པ་དང་མོས་པ་ཆུང་བའི་སླད་དུ་དེ་བཞིན་གཤེགས་པས་ཀྱང་འོད་འདོམ་གང་ཙམ་དུ་བྱིན་གྱིས་བརླབས་པ་སོགས་གསུངས་ནས། བཅོམ་ལྡན་འདས་རིགས་ཀྱི་བུ་དེ་དག་གིས་ཇི་ཙམ་དུ་སྨོན་ལམ་དག་ཤིན་ཏུ་སྦྱངས་པ་དང། སེམས་ཅན་གང་དག་གིས་དེ་དག་གི་སྨོན་ལམ་དེ་དག་ཐོས་པ་དང། མིང་ཡང་བསྒྲགས་པ་དེ་དག་སྡུག་བསྔལ་མང་པོས་རེག་པའི་སྡུག་བསྔལ་དེ་དག་ལས་ཡོངས་སུ་ཐར་བར་འགྱུར་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་ནི་ངོ་མཚར་ལགས་སོ། །ཞེས་གསུངས་པ་ལྟར་གྱི་ཕན་ཡོན་ལ་རང་གཞན་འགོད་པའི་ཕྱིར་དུ་བཀོད་པ་ཡིན་ནོ། །དེས་ན་བླ་མ་དང་གྲོགས་བཟང་པོའི་དྲིན་ལས། བཀའ་དང་བསྟན་བཅོས་དུ་མ་དང་མཇལ་ནས་ཐོས་བསམ་ཕྲན་ཚེགས་ཙམ་བྱས་ཀྱང་རྒྱུད་སྟེང་དུ་ཉམས་ལེན་མ་བྱས་པས། འདི་སྣང་གི་བྱ་བས་གཡེལ་ཏེ་དགེ་མི་དགེ་སྣ་གཅིག་ཙམ་གྱི་བླང་དོར་ཞེ་གཙང་མེད་པའི་རིགས་དང། དེང་དུས་འདིར་ཡང་ཐལ་བའི་


GTD008_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

གསེབ་ན་གསེར་བཞིན་དུ་དམ་པའི་སྐྱེ་བོ་མང་དུ་ཡོད་པར་ངེས་ཀྱང་བརྟག་དཔྱད་ཀྱི་བློ་མིག་མེད་པར་འོལ་ཚོད་ཀྱིས་ལག་ནོམ་བྱས་ཏེ་ཕ་རོལ་བོའི་ཡོན་ཏན་གྱི་ཞྭ་དཔེ་རང་སྐྱོན་གྱི་ལྷམ་ལ་བཀབ་ནས་མིག་ལྟོས་མི་བྱེད་པ་དག་དང། མི་དགེ་བའི་འདམ་རྫབ་ཀྱི་ནང་དུ་སྐྱེ་རྒ་ན་འཆིའི་འགྲེ་ལྡོག་བྱེད་བཞིན་དུ་གཞན་སྨོད་ཀྱི་འོ་དོད་དབྱངས་སུ་གྱེར་བ་དག་དང། དགེ་བའི་བཟའ་བཏུང་ལ་སྤྱོད་པར་འདོད་ཀྱང་སྡིག་གྲོགས་ཀྱི་ནད་དྲག་པོས་བཏབ་སྟེ་གདམས་ངག་གི་བདུད་རྩི་སྒྲ་འཛིན་གྱི་ཁ་སྤུར་གོས་པ་ཚུན་ཆད་ཀྱང་སྤྲུག་པར་བྱེད་པ་དག་གིས་རང་ཉིད་འཁོར་བའི་གཏིང་རྡོ་འབའ་ཞིག་ཏུ་སོང་བ་ལ་བློ་ཁ་ནང་དུ་ཕྱོགས་ཏེ་རྣམ་ཐར་འདི་ལྟ་བུ་ལ་བརྟེན་ནས་རང་རྒྱུད་ལ་ཞུ་གཏུགས་དང། ཆོས་མཐུན་གྱི་སྤྱོད་པ་ཞིག་གལ་ཆེ་བས། རབ་བཤད་སྒྲུབ་གཅིག་གྲོགས་སུ་གཅིག་སོང་བའི་སྒོ་ནས་སྐུ་གསུམ་བསྒྲུབས་པ། འབྲིང་བསླབ་པ་གསུམ་གྱིས་རང་མགོ་ཐོན་པ། མ་མཐའ་འང་ལས་འབྲས་གཞིར་བཟུང་སྟེ་ཐོས་བསམ་དང་བཟླས་བརྗོད་ལ་བརྩོན་པ་ཞིག་གལ་ཆེའོ། །གཞན་ཡང་སྟོན་པ་ཐུབ་པའི་དབང་པོ་དང། རྒྱལ་བ་ཙོང་ཁ་པ་ཆེན་པོ་ལས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་མནོས་པ་དང། ཡི་དམ་རྡོ་རྗེ་འཇིགས་བྱེད་དང། ཆོས་སྐྱོང་མགོན་ཆོས་གཉིས་གཙོ་བོར་མཛད་པས་ཞལ་གཟིགས་ཤིང་འཕྲིན་ལས་བསྒྲུབ་པ་དང། སྐྱབས་མགོན་རྡོ་རྗེ་འཆང་གི་ཞལ་ནམ་འདོད་ལྟ་བུར་མཇལ་བ་ལས་སྤྲིན་གསེབ་ན་བཞུགས་པའི་སྐུའི་རི་མོ་ཕྱག་གིས་བཀོད་པ་དང། འཕགས་པ་སྤྱན་རས་གཟིགས་ཀྱིས་རིགས་དྲུག་གི་དོན་མཛད་པའི་གཟིགས་སྣང་གི་བཀོད་པ་རི་མོར་བྲིས་པ་དང། ཡོངས་འཛིན་རིན་པོ་ཆེ་དང། སྐྱབས་མགོན་རྡོ་རྗེ་འཆང་ནས་བདེ་མཆོག་གི་བཀའ་བབས་པ་ལྟར་ཐུགས་དམ་ལྷུར་བཞེས་


GTD008_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡང་ཡང་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པའི་མཚན་མ་ཁྱད་པར་ཅན་ཐོབ་ཅིང་བླ་མ་དེ་གཉིས་ཐུབ་དབང་རྡོ་རྗེ་འཆང་དངོས་སུ་མཐོང་བ་དང། དཔལ་མགོན་ཞལ་བཞི་པ་དང། བཀའ་སྲུང་གནོད་སྦྱིན་དྲེགས་པ་ལྕམ་སྲིང་གིས་འཕྲིན་ལས་ཚུལ་བཞིན་དུ་བསྒྲུབ་པའི་རྟགས་མཚན་དུ་མ་མངོན་དུ་གྱུར་ཅིང། སྒྲ་དབྱངས་ལྷ་མོ་དང། རྡོ་རྗེ་དབྱངས་ཅན་མ་སོགས་ཐུགས་དམ་གྱི་ལྷར་མཛད་པ་མི་མངོན་ཀྱང་མངོན་སུམ་དུ་མཇལ་བར་མ་ཟད། ཇི་ལྟ་ཇི་སྙེད་འབྱེད་པའི་བློ་གྲོས་ཀྱི་སྣང་བ་དང་ངག་གི་དངོས་གྲུབ་ཅི་འདོད་དུ་སྩོལ་བ་དཔོག་པར་ནུས་ལ། བྱམས་མགོན་འཁོར་ཚོགས་རྒྱ་མཚོས་བསྐོར་བ་དང། རྒྱལ་བའི་ཡབ་གཅིག་མཁྱེན་པའི་གཏེར་གྱིས་སྒྱུ་འཕྲུལ་གྱི་ཟློས་གར་མཛད་པའི་སྣང་བ་སོགས་ཡབ་སྲས་ཐུན་མོང་གི་གཟིགས་སྣང་ཡང་མང་དུ་ཡོད་པ་གོང་དུ་བཀོད་པ་དག་ལས་ཤེས་ལ་མདོ་སྨད་ཀྱི་ལྗོངས་འདིར་མཁས་པ་དང་བཙུན་པའི་གྲལ་རིང་དུ་ཆུད་པ་དང། ཆོས་ལ་འདུན་པའི་དྲག་ཞན་ཕལ་ཆེར་དང། ཤར་ཕྱོགས་དང་བྱང་ཕྱོགས་ཀྱི་ཧོར་སོག་བློ་གྲོས་ཀྱི་མིག་དང་ལྡན་པ་དང། དད་པ་དང་གཏོང་བའི་ནོར་གྱིས་ཕྱུག་པ་ཆེས་མང་བ་དག་གིས་ཞབས་སྐྱེས་ཀྱི་མེ་ཏོག་གཙུག་རྒྱན་དུ་བཀུར་བའི་ཚུལ་བྲི་བར་མ་ནུས་ཏེ། སླར་བུ་སློབ་བསྟན་པའི་མངའ་བདག་དང། བསྟན་པ་འཛིན་པའི་སྐྱེས་བུ་རྣམས་ཀྱིས་རྒྱ་ཆེར་སྤེལ་བར་འགྱུར་བས་ཞིབ་པར་དེ་དག་ཏུ་ཤེས་པར་བྱ་ལ་བདག་གིས་ཀྱང་སྔར་ནས་ས་བོན་གྱི་ཚུལ་དུ་བཀོད་པ་ཞིག་ཀྱང་ཡོད་པས་བལྟ་འདོད་ན་ཆ་འགའ་ཞིག་དེར་ཡང་བལྟ་བར་བྱའོ། །སྨྲས་པ། རི་དང་རྒྱ་མཚོར་བཅས་པའི་སྟོང་གསུམ་ཁམས། །དུས་མཐའི་མེ་དང་ཆུ་དང་རླུང་དག་གིས། །རྣམ་པ་གཞན་དུ་གྱུར་ཀྱང་མགོན་ཁྱོད་ཀྱི། །གསང་གསུམ་


GTD008_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་འགྱུར་བ་ག་ལ་སྲིད། །འཆི་བདག་སྟག་གི་ཁ་ནང་འདྲར་གནས་ཀྱང། །ཚེ་འདིའི་བྱ་བ་སྙིང་པོར་བྱེད་བྱེད་ནས། །མི་དགེ་སྡིག་པའི་མུན་པར་འཁྱམས་པ་རྣམས། །དགྲ་བོ་རྣམས་ཀྱང་སྙིང་རྗེ་སྐྱེ་བའི་གནས། །འདོད་པའི་ཡོན་ཏན་སྡུག་བསྔལ་ཀུན་གྱི་གཞི། །མ་འཕངས་པར་ཡང་དམྱལ་བར་ལྟུང་བྱེད་པ། །དེ་སྤངས་ཡོན་ཏན་དམ་པའི་རྒྱན་བཟང་ལ། །སྣ་ཚོགས་འོད་འབར་ནོར་བུས་ཆར་མི་ཕོད། །གཞན་ལ་ཕན་ཕྱིར་རང་གི་སྡུག་བསྔལ་ལ། །སྲེད་ལྡན་ཁེ་སྤོགས་རྙེད་ལྟར་སྤྲོ་བ་ཡི། །དམ་པའི་རང་བཞིན་རྣམ་ཐར་བཟང་པོ་དེར། །སྟོང་གསུམ་ནོར་གྱིས་མཆོད་ཀྱང་བཀུར་སྟི་ཆུང། །བསམ་གཏན་རྣམ་ཐར་ཞི་བའི་བདུད་རྩི་ཡིས། །ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་གྱུར་ཀྱང། །སྲིད་ལ་ཞེན་པས་བཅིངས་པའི་བག་མེད་འགྲོ། །སྒྲོལ་བའི་ཁུར་ཆེན་འདེགས་པ་འདི་རྨད་བྱུང། །གང་ཞིག་ཐོས་དང་མཚན་ཙམ་དྲན་པས་ཀྱང། །འགྲོ་འདིའི་ཉེས་པའི་རྡུལ་མང་ཞི་གྱུར་ཏེ། །དད་དང་དགེ་བའི་མྱུ་གུ་འཕེལ་བ་ནི། །སྤྲིན་ལས་ཆར་བབས་ལོ་ཏོག་རྒྱས་པ་བཞིན། །བསྐལ་པར་ཉེར་གོམས་ཀུན་བཟང་སྤྱོད་པ་ཡི། །དྲི་ལྡན་ཡོན་ཏན་མེ་ཏོག་བྱེ་མའི་ཚོགས། །ཁྱབ་པར་འགྲེམ་པའི་གྲགས་པའི་དྲི་བཞོན་གྱིས། །ནོར་འཛིན་ཁྱོན་འདིར་དགེ་ལེགས་བྱིན་པ་ཡིས། །འདྲིས་དང་མ་འདྲིས་སྐྱེ་བོ་གང་དག་གིས། །ཁྱོད་ཞལ་མཐོང་བའི་མོད་ལ་དད་པའི་བཞིན། །འཛུམ་པའི་མདངས་གསལ་རྣམ་པར་མཛེས་པ་ནི། །ཟླ་བའི་འོད་ཀྱིས་ཀུ་མུད་མཚོ་གསལ་འདྲ། །དེ་ལྟའི་རྗེས་སུ་སློབ་འདོད་ན། །ཟིན་མེད་སྡུག་ཀུན་འཁོར་ལོ་ལས། །ཐབས་ཤེས་གཤོག་ཟུང་ཆེར་བསྐྱོད་དེ། །སྐུ་བཞིའི་མཁའ་དབྱིངས་བསྙེགས་པར་རིགས། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེའི་དཔལ་བཟང་པོའི་


GTD008_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཐར་པ་ལས་རྣམ་ཐར་གྱི་དོན་བསྡུ་བའི་སརྒ་སྟེ་བཅུ་གཅིག་པའོ།། །།ཇི་ལྟ་ཇི་སྙེད་ཆོས་ཀུན་ཉམས་འགྱུར་བརྒྱས། །དབྱངས་སུ་ལེན་མཁས་ཀུན་འདུས་བླ་མ་ལྷ། །རི་མོ་གསུམ་པའི་འོ་མཚོར་རྟག་བཞུགས་ནས། །ལེགས་བཤད་ཆོས་ཀྱི་དབྱངས་སྙན་སྒྲོགས་པར་མཛོད། །དེ་ནས་བཞི་པའི་བཅུ་བདུན་གྱི་ཉིན་ཡི་ངོག་མཁན་ཆེན་སྤྲུལ་བའི་སྐུ་དོན་ཡོད་རྒྱ་མཚོ་སོགས་དོན་གཉེར་བ་སུམ་བརྒྱ་སྐོར་ལ་མི་ཏྲ་བརྒྱ་རྩའི་དབང་གི་སྟ་གོན་གཤེད་དམར་དང་སྦྲགས་ནས་གནང། དབང་རིམ་གྱིས་གནང་བ་ལས་སྐུ་ཁམས་ཅུང་ཟད་སྟེམས་པས་ཉི་ཤུའི་ཉིན་བཀའ་ཆོས་བཤོལ། ཉེར་གཅིག་ལ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་དབང་གནང། ཉེར་ལྔ་ནས་སྐུ་ཁམས་ལྕི་བར་སོང་སྟེ། ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་ནས་བཀའ་གནང་བ་ལྟར་རྒྱུད་པ་གྲྭ་ཚང་ནས་མགོན་ཆོས་ཀྱི་བསྐང་བ་ཁྲི་ཚོ་བཞི་རེ། དུས་འཁོར་གྲྭ་ཚང་ནས་ཞལ་བཞི་པའི་བསྐང་བ་ཁྲི་ཚོ་གསུམ་ལྷག །རི་ཁྲོད་ཡིད་དགའ་ཆོས་འཛིན་ནས་ཉིན་མང་པོར་ལྷ་མོའི་བསྐང་བ། ཚོགས་ཆེན་ནས་ཆོས་རྒྱལ་བསྐང་བ་དང་ཡིག་བརྒྱ་གང་མང། སྒྲོལ་དཀར་གྱི་སྙིང་པོ་དུང་ཕྱུར་སོགས་བསྒྲུབས། ཉི་ཤུ་དྲུག་གི་ཉིན་སྐུ་ཁམས་ཤིན་ཏུ་ལྕི་བར་སོང་སྟེ། གྲྭ་མང་གཟིམས་ཁང་གི་རྭ་སྐོར་དུ་ཕེབས་ནས་ཞབས་བརྟན་གང་མང་དང། དེ་ནས་བཟུང་སྟེ་ཉིན་མཚན་བར་མ་ཆད་དུ་ཞབས་བརྟན་བསྒྲུབས། སླར་ཡང་གྲྭ་མང་གཟིམས་ཁང་གི་རྭ་སྐོར་དུ་ལན་གཉིས་ཕེབས་པར་ཁ་དར་དབང་ལྡན་མ་རེ་དང། སྲིད་ཞིའི་བདེ་སྐྱིད་མ་རེ་གནང། སྐུ་ཞབས་རིན་པོ་ཆེ་ཡང་ལན་གཉིས་ཙམ་ཕེབས་ཏེ་ཚེ་དཔག་མེད་ཀྱི་གསེར་སྐུ་དང། མཎྜལ་མཛོད་བཏགས་དང་བཅས་ཞབས་པད་


GTD008_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་དགོས་ཚུལ་སྩལ་བར་ལན་བཟང་པོ་འདྲ་བ་ཕུལ། སྐུ་ཞབས་རིན་པོ་ཆེར་ཡང་མཎྜལ་དང་ཚེ་དཔག་མེད་ཀྱི་སྐུ་ཕུལ་ནས་གསུང་འཕྲོས་འགའ་ཞིག་མཛད་པ་དགོས་པ་ཅན་དུ་སྣང། སྔར་སྐུ་བསྙུན་མ་བཞེས་པའི་གོང་ཞིག་ཏུ་སྡེ་ཁྲི་རིན་པོ་ཆེར། ཚེ་དཔག་མེད་ཀྱི་བྲིས་སྐུ་ཤིན་ཏུ་ཆེ་བ་གཅིག་དང། ལམ་རིམ་ཆེན་མོའི་གླེགས་བམ་བཅས་གནང་ནས་ལམ་རིམ་འདི་རྗེའི་གསུང་གི་སྙིང་པོ་ཡིན་པས་དགོན་པ་འདིར་འདིའི་སྒོ་ནས་བསྟན་པ་ལ་ཕན་གང་ཐོགས་ཀྱིས། ཚེ་དཔག་མེད་ཀྱི་འབུར་གཟུགས་མང་པོ་ཁྱེད་ལ་ཡོད་འགྲོ། འདི་གཟི་བརྗིད་ཆེ་བས་རྟེན་འབྲེལ་གྱིས་ཁྱེད་ལ་ཕུལ་བ་ཡིན། བཀྲ་ཤིས་འཁྱིལ་འདི་མི་རེ་གཉིས་རེས་ཁུར་བཟུང་གིན་བཟུང་གིན་བསྟན་པ་སྤྱིའི་བྱ་བ་བསྒྲུབ་པ་ཞིག་རེད། དེ་ཐུགས་ལ་འཛིན་དགོས་གསུངས། ལོ་སྔ་མར་ཐེ་བོ་ཆབ་ཚན་དུ་བཞུགས་སྐབས་གྲོ་ཚང་པཎྚི་ཏ་ནས་གྲོ་ཚང་དགོན་དུ་སྔར་ཡང་ཡང་གདན་འདྲེན་ཞུས་ཀྱང་ཐོག་ཏུ་མ་ཁེལ། ད་རེས་ཅིས་ཀྱང་ཕེབས་དགོས་ཞེས་ནན་གྱིས་ཞུས་པར། ད་ལོ་མི་འགྲིག །ལོ་རྗེས་མ་ལུག་གི་ལོ་ལ་ཕེབས་ཐུབ་པ་བྱེད་གསུངས། འོ་ན་ལུག་ལོར་ཅིས་ཀྱང་འབྱོན་དགོས་ཞེས་ཡང་ཡང་ནན་ཞུས་བྱས་པར། དེ་ཅིས་ཀྱང་སྟབས་འགྲིག་ཚུལ་དང། ལོ་རྗེས་མར་ཆབ་ཚན་གྱི་ཞར་ལ་ཕེབས་རྒྱུ་སོགས་ཐག་ཆོད་ངེས་ཀྱི་གསུང་དང། རྗེའི་སྐུ་གཅིག་དང། དབུ་པཎ་བཅས་གནང་ནས་གང་བྱས་བསྟན་འགྲོར་དམིགས་དགོས་ཀྱི་ཞལ་གདམས་དང། དགོན་པ་འཕེལ་རྒྱས་སོགས་སེམས་ལ་བཅང་རྒྱུའི་བཀའ་གནང། གྲོ་པཎྚི་ཏས་ཐོན་ཕྱག་ཞུས་ནས་ཕེབས་ཁར་ཡང་ལོ་རྗེས་མར་ཕེབས་རྒྱུ་ལ་འགྱུར་བ་མེད་ཨང་ཞུས་པར། འགྱུར་བ་མེད་ཚུལ་སྔར་ལྟར་གསུངས་ནས་མཇུག་ཏུ་ངེས་མེད་ཀྱིས་རང་རེ་ཚོར་ན་སྐད་ཤི་སྐད་རེ་བྱུང་ཚེ་ཡོང་རྒྱུ་ཡོད་རྒྱུ་མ་རེད་གསུངས་ཀྱང་ཁོང་ལ་


GTD008_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་ཙམ་ཡང་མ་ཤར་འདུག །ལོ་འདིའི་ཨ་མཆོག་ལ་ཕེབས་རྒྱུའི་གླེང་མོའི་སྐབས་ཕྲན་གྱིས་ཆབ་ཚན་ལ་ཕེབས་པ་དང་སྦྲགས་ན་ཞུས་པར། ཆབ་ཚན་ལ་ཨེ་འགྲོ་མི་ཤེས་གསུངས། གྲོ་ཚང་ལ་ཕེབས་རྒྱུ་བྱས་ཡོད་མོད་ཞུས་པར། འགྲོ་རྒྱུ་ཁས་བླངས་པ་ཡིན་ཏེ་འགྲོ་ཨེ་ཐུབ་མི་ཤེས་གསུངས་ཀྱང་དོགས་པ་ཙམ་ཡང་མ་ཤར། ཨ་མཆོག་ན་བཞུགས་སྐབས་ཐུགས་ནང་གཙང་བ་འགའ་ཞིག་གིས། འདིར་ཡུན་རིང་བཞུགས་དགོས་སོགས་ཞུས་པར། འདི་ལྟར་བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་གསུངས་པ་ཡང་ཡང་ཡང་འབྱོན་མི་ནུས་པའི་གསུང་དུ་གོ །བཀའ་ཆོས་འགའི་མཇུག་གི་བརྟན་བཞུགས་ལན་སྤྱིར་སེམས་ལ་འཛིན་རྒྱུའི་བཀའ་ཕེབས་སེམས་སྤྲོ་ཡང། ཞབས་བརྟན་དངོས་གཞིའི་ལན་གསལ་ཆ་མ་བྱུང་བ་དེ་ཅི་ཡིན་སྙམ་པ་རེ་ཤར་ཀྱང་དེ་མ་ཐག་བརྗེད་སོང་བ་ལྟ་བུས་གང་ཡང་མ་དྲན། སྐབས་འདིར་སྐུ་བསྙུན་ལྕི་བའི་གཏམ་ཐོས་འཕྲལ། གང་མྱུར་གྱིས་དགོན་པར་འོང་སྟེ་སྙུན་འདྲི་ཞུར་བཅུག་པར། སྐྱོན་མི་འདུག །ག་ལེ་བྱས་ནས་མདུན་དུ་འོང་ཆོག་གསུངས། རེབ་ཙ་སྨན་པ་དཀོན་མཆོག་བསྟན་དར་ལ་དྲིས་པར། སྨྱུང་གཞི་འགྱུར་ལྡོག་ཆེ་བ་མ་གཏོགས་ཕྱག་རྩའི་བབས་ལ་སྐྱོན་མེད་ངེས་རེད་ཟེར་ཞིང། རྗེ་ཉིད་ནས་ཀྱང་སྨན་པ་དུས་རྒྱུན་གྱི་བློ་གཏད་ཕེར་ངེས་ཡིན་པ་ལྟར། སྐྱོན་མེད་ཟེར་བ་འདིར་ཡིད་ཆེས་བྱས་ཆོག་གསུངས་པས་སེམས་བདེ་བར་བྱས། གྲྭ་མང་ལ་ཡང་ཁྱེད་རྣམས་ཀྱིས་ངའི་སེམས་དང་མི་མཐུན་པ་སྤུ་ཙམ་ཡང་མ་བྱས། འདུན་པ་ཆིག་དྲིལ་གྱིས་འབད་འབད་བྱས་ཤིང་དད་པ་དམ་ཚིག་གཙང་བས་དགའ་མོ་ཡོང་འགྲོ་ཞེས་སྤྲོ་བསྲིངས་པ་མཛད། བདག་ལ་ཚེས་བརྒྱད་ཀྱི་ཉིན་ཁྱོད་རང་མདུན་


GTD008_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡོང་ན་ཆོག་ཅེས་གསུང་བསྐུར་གནང་ཡང་ཕྱོགས་གཞན་ནས་སློབ་མ་སྦྱིན་བདག་གལ་ཆེན་མང་པོ་ཡོད་པ་རྣམས་ཆུད་དགོས་པའི་རྐྱེན་དུ་འགྱུར་ཤས་ཆེ་སྙམ་ནས་ག་ལེ་བྱས་ནས་ཡོང་ཆོག་ཅེས་ཞུས། དེའི་ཕྱི་ཉིན་ཡང་སྐུ་མདུན་དུ་ཡོང་ཆོག་གསུངས་ཀྱང་ཕྱོགས་གཞན་གྱི་འགྲུལ་བ་མང་འདུག་པས་ངེད་རང་ལ་བྲེལ་བ་མེད་ཞུས་པར། འོ་ན་བཅུ་གཉིས་སམ་བཅུ་གསུམ་གྱི་ཉིན་ཤོག་གསུངས། དེ་ནས་བཅུ་གཅིག་གི་མཚན་མོ་སྔར་བཞིན་སྐུ་སྟོད་ཕྱི་ནང་གི་གཟེར་མིག་སོགས་འཕར་ཏེ་སྙུན་བབས་ལྕིར་སོང་བས་བཅུ་གཉིས་ཀྱི་ཉིན་གྲྭ་ཚང་བཞི་ནས་མཉམ་འཚོགས། སྒེར་འཚོགས། རྭ་སྐོར་དུ་ཕེབས་པ་སོགས་ཀྱིས་ཞབས་བརྟན་བར་མ་ཆད་དུ་བསྒྲུབས། སྨན་པ་ལ་དྲིས་པས་སྔ་མར་ཡང་འདི་བཞིན་བྱས་ཀྱང་སྨན་ཕུལ་བས་ཞག་གཅིག་ནས་བདེ་སོང། ད་རེས་ཀྱང་ཕྱག་རྩ་ལ་འགྱུར་ལྡོག་མི་འདུག་པས་སྨན་ཕུལ་ན་སྐྱོན་མེད་མོད་ཟེར། བླ་མ་ཁྲི་གདན་ཟུར་རྣམས་གདུང་མདུན་དང། ལྷ་ཁང་སོ་སོར་ཕེབས་ནས་ཁྲུས་གསོལ་དང་འཕྲིན་བཅོལ་སྐྱབས་འཇུག་ནན་ཏན་ཞུས། ཀུན་གཟིགས་སྐུ་ཞབས་རིན་པོ་ཆེ་ནས་སྒྲོལ་དཀར་གྱི་རྗེས་གནང་ཕུལ། སྐུ་ཉམས་ལོད་པའི་གནས་ཚུལ་གསན་འཕྲལ་སྟབས་པའི་ཚུལ་གྱིས་འཇམ་དབྱངས་དམར་སེར་གྱི་སྐུ་གཅིག་ཕུལ་བར་ཞལ་ཏ་རུས་པ་ཅན་ཞུ་བ་གནང། ཕེབས་ཀར་ཕྱག་ངའི་ལག་ཏུ་ཞོག་གསུངས། ཕྱག་སྦྲེལ་ནས། ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། །ཞེས་པ་ནས། སྲིད་ཞིའི་འཇིགས་སྒྲོལ་དངོས་གྲུབ་ཀུན་སྩོལ་གཏན་གྱི་གྲོགས་མཛོད་བར་གཅོད་སྲུངས། །འདི་མ་གཏོགས་ཞུ་རྒྱུ་ཅང་མེད་ཨེ་གོ་གསུང་བ་བསྟན་པ་སྤྱི་སྒེར་གྱི་འཛིན་སྐྱོང་དང། སྐྱེ་དགུའི་མངོན་མཐོ་ངེས་ལེགས་སྒྲུབ་པའི་ཁུར་གཏད་པ་ཡིན་འདུག །ཕྲན་རང་ཉིད་བླ་མ་འགའ་ཞིག་དང་མཉམ་


GTD008_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞབས་བརྟན་གྱི་གྲས་སུ་བསྡད་ཡོད་པར། བར་སྐབས་ཤིག་སྨན་པ་ནས་བརྡ་བྱས་ཏེ་སོང་བར་དེ་གློ་བུར་དུ་ཕྱག་རྩ་ཐམས་ཅད་མེད་སོང། ཁྱེད་རང་སྐུ་མདུན་དུ་ཅིག་སོང་ན་ཟེར་བར་གློ་བུར་དུ་སྙིང་སྟོར་བ་ལྟ་བུའི་འཇིགས་སྐྲག་དང་བཅས་ཏེ་མཇལ་བས་ཞུ་བ་ཡང་ཐལ་ཐོལ་བས་མ་འབྱོར་ཀྱང་དགྱེས་པའི་གསུང་གནང། སྤྱོད་ལམ་གང་བདེ་མཛད་ནས་མི་བདེ་བ་ཅི་ཡང་མི་མངོན་པ་ལྟ་བུར་བཞུགས་འདུག །དེ་ཀའི་ངང་ལ་བར་སྐབས་ཤིག་ཞལ་དབུགས་མི་མངོན་པར་སོང་བས་ཕྱིས་སུ་གཞན་གྱིས་གསལ་བཏབ་པ་ལས་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་བཞུགས་སྟངས་སུ་གོ་བ་མ་གཏོགས་སྐབས་འདིར་སྐུའི་རྣམ་འགྱུར་ཀྱང་མ་ངེས་ན། ནང་གི་རྣལ་འབྱོར་ཇི་ལྟར་མཛད་པ་ལྟ་ཅི་སྨོས། དེ་ཡང་ཞལ་ནས། གྲགས་སྐམ་གྱིས་ཕན་ཐོགས་གང་ཡང་མེད་ཀྱང་འདས་རྟགས་ཚུན་ཆད་འདོད་པ་དེ་འཇིག་རྟེན་ཆོས་བརྒྱད་ཁོ་སླེབ་པ་རེད། ཅེས་ཡང་ཡང་གསུངས་པ་ལྟར། ཆོས་བརྒྱད་དོན་གཉེར་ཁ་མ་བྲི་བར་མངོན་པའི་ང་རྒྱལ་གྱིས་རློམ་པ་དུ་མ་འདུལ་བའི་ཐབས་མཁས་སུ་སྣང་ངོ་། །དེ་ལྟར་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་རྟག་འཛིན་ཅན་རྣམས་བསྐུལ་བའི་ཕྱིར་མཛད་པའི་ཐ་མ་དེ་ལྟ་བུ་བསྟན་པ་ན་ལུས་དང་སྲོག་ཀྱང་སོ་སོར་འབྲལ་བ་ལྟ་བུའི་ཅི་བྱ་གཏོལ་མེད་དུ་གྱུར་ཀྱང་སྲན་བཙུགས་ཏེ། སྡེ་ཁྲི་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཉི་མས་གཙོ་མཛད། རྒྱུད་པ་དཔོན་སློབ་རྡོ་རམས་པ་དཀོན་མཆོག་དབང་ཕྱུག །རེབ་ཚ་སྤྲུལ་བའི་སྐུ་དཀོན་མཆོག་དམ་ཆོས་ཡར་འཕེལ་གསུམ་གྱིས་སྲོག་བཟུང། ཕྲན་གྱིས་ཀྱང་ཞབས་ཕྱི་བྱས། དཔོན་པོ་དཀོན་མཆོག་ལྷུན་གྲུབ། དྲུང་ཡིག་དཀོན་མཆོག་ཀུན་དགའ་བཅས་དྲི་བཟང་འབུལ་བ་སོགས་སྲི་ཞུ་བགྱིད་འོས་རྣམས་ཞུས་


GTD008_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

པས། སྐུའི་ཡན་ལག་རྣམས་ཞལ་བཞུགས་དུས་དང་འདྲ་བར་གང་བཀོལ་ལས་སུ་རུང་ཞིང་བྱེད་སླ་བ་བྱུང་བ་ཐུགས་རྗེས་གཟིགས་པ་མ་དོར་བའི་རྟགས་སུ་སྣང། དེ་ནས་བླ་གོས་སྣམ་སྦྱར་རིགས་ལྔའི་དབུ་རྒྱན་བཅས་བསྒྲོན་ཏེ་གཟིམས་མདོར་སྤྱན་དྲངས་ནས་བཞུགས་སུ་བཅུག །བཅུ་གསུམ་གྱི་སྐྱ་རེངས་ཤར་བ་ན་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེར་ཐུགས་དམ་གསལ་འདེབས་སྙན་གསན་ཞུས་ཤིང། ཉི་མ་ཤར་བ་ན་གཟིམས་ཁང་གི་སྟེང་དུ་མཆོད་རྫས་བསྡུ་བཤམས་དང། དུང་བརྡ་སོགས་དུས་རྒྱུན་གྱི་སྲོལ་ལྟར་བཏང། གྲྭ་དཔོན་སློབ་ཀྱིས་མཇལ་ཁ་ཞུས་ཤིང། སྐུ་ཞབས་རིན་པོ་ཆེ་ཕེབས་ཏེ་མཆོག་ཁྲུས་ཕུལ་ནས་ཆོས་སྤྱོད་སྨོན་ལམ་སོགས་གསུངས། བླ་མ་ཁྲི་གདན་ཟུར་དང་བུ་སློབ་རྣམས་ནས་རིམ་བཞིན་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་སྒྲུབ་མཆོད་སོགས་མཛད། དེ་ཡང་སྤྱིར་ཐུགས་དམ་མ་གྲོལ་བར་དུ་རོལ་མོ་དང་བདུག་སྤོས་སོགས་མི་འབུལ་བ་དང། མཇལ་ཁ་ཞུ་བ་དང་འགྲུལ་བ་སོགས་ལ་ཡང་འཛེམ་སྲོལ་ཡོད་ཀྱང་ཕྱོགས་འདིར་ཀུན་མཁྱེན་གོང་མའི་དུས་སོགས་ནས་ཐུགས་དམ་མ་གྲོལ་གོང་ནས་གདུང་མཇལ་ཞུ་བའི་སྲོལ་ཡོད་པ་ལྟར་བྱས་པས། བཅོ་ལྔའི་སྔ་དྲོ་གློ་བུར་དུ་དྲི་བཟང་ཞིག་གིས་ཕྱི་ནང་ཀུན་ཏུ་ཁྱབ་པར་གྱུར་པ་དང་མཉམ་དུ་ཐུགས་དམ་གྲོལ་བའི་རྟགས་ཤར། དེ་ནས་མཚན་མོ་སླར་ཡང་སྐུ་ཁྲུས་དང་དྲི་བཟང་སོགས་རྒྱས་པར་ཕུལ། གནས་ཡིག་གདགས་པ་སོགས་བྱས་ནས་གོས་དར་སྨན་དང་དྲི་བཟང་སོགས་དྲིལ་ཆས་དང་བཅས་གདུང་སྒྲོམ་དུ་བཞུགས་ཤིང། གདུང་སྒྲོམ་གྱི་མདུན་དུ་དཀྱིལ་འཁོར་སྒྲུབ་མཆོད་སྔར་ལྟར་དང། གྲྭ་ཚང་སོ་སོ་དང་འཛིན་གྲྭ་སོ་སོ། ཕྱོགས་ནས་འོང་བའི་དགོན་ལག་སོ་སོ་རང་རང་གི་འདོད་མོས་ལྟར། རྒྱན་འཇུག །ཆོས་སྤྱོད།


GTD008_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གཞུང་། འཇམ་དཔལ་མཚན་བརྗོད། བདེ་ལམ་དང་སྦྱོར་བའི་ཆོས་དྲུག །སྨན་མཆོག་རིང་ཐུང། སྨོན་ལམ་ལྔ་སོགས་གང་མོས་བཞིན་སྐོར་ཚན་སྐོར་ཚན་བྱས་འཚོགས་ཏེ་ཉིན་མཚན་བར་མ་ཆད་དུ་གསུངས། ཐམས་ཅད་ཀྱིས་མཆོད་པའི་རྣམ་གྲངས་བློར་མི་ཤོང་བ་ལྟ་བུ་ཕུལ་བས། མར་མེའི་འོད་ཀྱིས་ཕྱི་ནང་དེར་ཉིན་མཚན་ངོ་མི་ཤེས་པ་ལྟ་བུ་བྱུང། དེའི་ཚེ་འཁོར་དུ་ཉེ་བའི་གདུལ་བྱ་རྣམས་ནི། ཕྱོགས་འདིའི་བསྟན་པའི་བཤད་སྒྲུབ་ནི་རི་རྩེའི་ན་བུན་རླུང་གིས་རེག་པ་ལྟ་བུ་དང། འགྲོ་བའི་བདེ་སྐྱིད་ཀྱི་སྣང་བ་ནི་མེ་ཏོག་གི་ལང་ཚོ་སྟོན་མཇུག་ལ་བབས་པ་ལྟ་བུ། གསུང་གི་བདུད་རྩི་ལ་རོལ་པ་བདག་ཅག་ནི་ནམ་མཇུག་གི་བུང་བ་ལྟ་བུ། ཕྱོགས་ཀྱི་དོན་གཉེར་བ་དག་གི་རེ་འབྲས་ནི་ལོ་ལེགས་ལ་བ་མོས་རེག་པ་ལྟ་བུར་སོང་སྙམ་སྟེ་ཡིད་ཁོང་དུ་ཆུད་ནས་གདུང་བར་གྱུར་ཀྱང། དཔལ་ལྡན་དང་པོའི་མགོན་པོ་གང་གིས་ནང་དུ་འོད་གསལ་མངོན་དུ་མཛད་པའི་ཕྱི་རྟགས་སུ་རེས་འགའ་ནམ་མཁའ་སྔོ་ཞིང་དྭངས་པ་དྲི་བཞོན་གྱི་རྒྱུ་བ་ཕྲ་མོ་ཙམ་ཡང་དབེན་པས་འགྲོ་བ་ཀུན་ལ་སེམས་ཀྱི་དེ་ཉིད་མཚོན་པ་ལྟ་བུ། རེས་འགའ་རྒྱུ་སྐར་གྱི་འོད་ཟེར་དང་འཇའ་སྤྲིན་ན་བུན་ཕན་ཚུན་འཁྱུད་པས་དག་པའི་རླུང་འོད་ཟེར་ལྔ་པ་ཀུན་གསལ་གྱི་ངོས་སུ་ཤར་བ་ལྟ་བུ། རེས་འགའ་ལྷ་རྣམས་ཀྱིས་དད་པའི་ཡིད་ཀྱིས་མཆོད་པའི་རི་མོ་འཇིག་རྟེན་དུ་ཤར་བ་སྙམ་བྱེད་པའི་དགེ་མཚན་གྱིས་ཁྱབ་པར་གྱུར་ཅིང། དེ་ནས་གཟིམས་ཁང་བདེ་ཡངས་ཀྱི་མཐིལ་དུ་མཆོད་རྟེན་ཆོས་འཁོར་ཉི་ཟླ་ཟ་ར་ཚགས་དང་བཅས་པ་དང། མཆོད་པའི་ཡོ་བྱད་གྲ་བསྒྲིགས་ཏེ་བཅུ་དགུའི་ཞོགས་ཁ་སྡེ་ཁྲི་རིན་པོ་ཆེ་ནས་གཞུང་ནས་བཤད་པ་ལྟར་གྱི་ཞུགས་


GTD008_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལག་ལེན་ཚད་དང་ལྡན་པ་གནང་བས་དེའི་ཚེ་ཞུགས་ཁང་གི་དུ་བ་ནམ་མཁའི་དབྱིངས་སུ་འདྲེས་ནས་ཀུན་ཏུ་ཁྱབ་པ་ནི་སྤྲུལ་བའི་བཀོད་པ་ཕྱོགས་བཅུར་འཕྲོ་བ་ལྟ་བུ། ཉེ་འཁོར་གྱི་ས་འཛིན་སོ་སོའི་རྩེ་མོར་སྤྲིན་དཀར་ཕོན་པོ་དུམ་བུ་དུམ་བུར་གནས་པ་ནི། ཚངས་པ་དང་བརྒྱ་བྱིན་འཁོར་བཅས་འོད་ཀྱི་ཕུང་པོས་བསྐོར་ནས་མཆོད་པ་ལྟ་བུ། ཆར་སྤྲིན་འཁྲིགས་པའི་ཀློང་ནས་སྦྲང་ཆར་དལ་གྱིས་འབབས་པ་ནི་འདོད་གཟུགས་ཀྱི་ལྷ་དག་གིས་མེ་ཏོག་གི་འཕྲེང་བ་མངོན་པར་གཏོར་བ་ལྟ་བུ། གྲྭ་ཚང་ཕན་ཚུན་བཞི་སོགས་གཉུག་མར་གནས་པ་དང། ཕྱོགས་ནས་བྱོན་པའི་གྲྭ་སློབ་རྣམས་ཀྱིས་དད་ཅིང་གུས་པས་གསོལ་འདེབས་དབྱར་གྱི་ང་རོ་སྒྲོགས་པ་ནི་འབྲུག་སྒྲ་དལ་གྱིས་རྒོད་པ་ལྟ་བུ། མཛད་པའི་ཚུལ་འདི་ཉིད་ལ་བརྟེན་ནས་འདུལ་བྱའི་ཡིད་ཀྱི་འཛིན་མར་རྣམ་དཀར་དགེ་བའི་འདབ་བརྒྱ་བཞད་པ་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་དུས་ལས་མི་ཡོལ་ཞིང་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱི་འོད་ཟེར་འགྱེད་པ་ལ་འགྲན་པ་ལྟ་བུ་བྱུང་ངོ་། །དེ་ཡང་མདོ་ལས། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་རྡོ་རྗེ་ལྟ་བུའི་སྐུ་བཤིག་སྟེ་སེམས་ཅན་གྱི་རིས་ན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱིས་འདུལ་བའི་སེམས་ཅན་གྱི་སླད་དུ་ཐུགས་རྗེ་ཆེན་པོས་དེ་བཞིན་གཤེགས་པའི་སྐུ་གདུང་བྱིན་གྱིས་བརླབས་སོ། །ཞེས་གསུངས་པ་ལྟར། དེ་ནས་པུར་ཁང་ཞལ་ཕྱེ་བས་ལྷ་སྐུ་དང་ཡིག་འབྲུའི་རྣམ་པ་ཆེས་གསལ་བ་མང་དུ་བྱོན་པ་བྱིངས་ཆེར་མ་གོད་པའི་སྟེང། རིང་བསྲེལ་རྣམ་བཞི་རྒྱ་ཆེ་ལ་ངོས་གཙང་བ་ལྷུན་པོར་སྤུངས་པ་ལྟ་བུ་སྙིང་པོར་བྱས་ཏེ་དངུལ་དཀར་སྲང་བརྒྱ་ཕྲག་དུ་མ་ལས་བྱང་ཆུབ་མཆོད་རྟེན་ཆ་ཚད་དང་ལྡན་ཞིང་འཕངས་མཐོ་བ་བཞེངས་ཏེ་གཟིམས་ཁང་


GTD008_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཡངས་སུ་བཞུགས། གཞན་བྱེ་མའི་ཆ་ཕྲ་རྡུལ་ཙམ་ཡང་ཆུད་མ་ཟོས་པར་དོ་དམ་བྱས་པ་དད་ལྡན་གྱི་རྟེན་དུ་བཀྲམ་པ་ལས་ཅོ་ནེ་དགོན་ཆེན་ཏིང་འཛིན་དར་རྒྱས་གླིང། དགའ་ལྡན་རབ་རྒྱས་གླིང། དགའ་ལྡན་ཆོས་འཁོར་གླིང། དགའ་ལྡན་དར་རྒྱས་གླིང། ཁྱ་དགེ་ལེགས་བཤད་གླིང། དགའ་ལྡན་བསམ་འགྲུབ་གླིང་སོགས་སུ་ཡང་གདུང་རྟེན་དུ་མ་བཞེངས་པ་དད་ལྡན་རྣམས་ཀྱི་མཆོད་པའི་གནས་སུ་བཞུགས་པ་ནི་སྟོན་པ་ཐུབ་པའི་དབང་པོའི་རིང་བསྲེལ་ཆ་བརྒྱད་དུ་བགོས་པའི་རྣམ་ཐར་ལ་འགྲན་བཟོད་པར་བྱུང་ངོ་། །དེ་དག་ཀྱང་ཐུགས་བསྐྱེད་དང་དད་འདུན་ལྷན་ཅིག་པའི་རྟེན་འབྲེལ་ལས་བྱོན་པས་ཤིན་ཏུ་དོན་ཆེ་བ་ཡིན་ཏེ། པད་མ་དཀར་པོའི་མདོ་ལས། གང་གི་རིང་བསྲེལ་གནང་བ་དེ་དག་ལ། །གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་ན་ཡང། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་གསུངས་པ་ལྟར་རོ། །སྤྱིར་རྣམ་ཐར་མང་པོ་ལས། དབུ་མའི་ལྟ་བ་ཅན་ལ་ནམ་མཁའ་དྭངས་པ། ཁྲིམས་གཙང་ལ་མེ་ཏོག་གི་ཆར་བ། བྱང་སེམས་ལ་རིང་བསྲེལ། བསྐྱེད་རིམ་པ་ལ་ལྷ་སྐུ། རྡོར་བཟླས་ཅན་ལ་ཡིག་འབྲུ། ཕྱིར་མི་ལྡོག་པའི་སེམས་དཔའ་ལ་དུང་གཡས་འཁྱིལ། འཁོར་བ་མི་སྤོང་བའི་སེམས་དཔའ་ལ་ཐུགས་ལྗགས་སྤྱན་གསུམ་འབྱུང་བར་བཤད་པ་སོགས་སྣང་ཡང། སྡོམ་གསུམ་རབ་དབྱེ་ལས་དེ་དག་ལ་འཁྲུལ་བ་ཆེ་བའི་དགག་བཞག་ཀྱང་མང་དུ་མཛད་ལ། བཀའ་གདམས་པ་རྣམས་རྟགས་མེད་རྟགས་ཀྱི་རྒྱལ་པོར་མཛད་པ་ནི་ཚད་ལྡན་ཡོངས་ལ་གྲགས་པ་ལྟར་སྙིགས་མའི་དུས་འདིར་སུས་ཀྱང་བསྒྲུན་དུ་མེད་པའི་མཁས་བཙུན་གྲུབ་པའི་རྣམ་ཐར་ཟླ་དང་བྲལ་བ་དེས་མ་ཆོག་


GTD008_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇའ་འོད་དང་རིང་བསྲེལ་ཙམ་ལ་རེ་བས་དམ་པའི་སྐྱེས་བུར་འུད་ཀྱིས་བསྟོད་པ་དེ་ལྟ་བུ་མིན་པར་གདུལ་བྱ་རྣམས་ལ་མཐུན་སྣང་དུ་གྲུབ་པ་ཙམ་སྒྲོ་མ་བཏགས་པར་བརྗོད་པ་ཡིན་ནོ། །གཞན་ཡང་གདན་ས་ཆེན་པོ་འདི་ཉིད་དང། སྐུ་འབུམ་བྱམས་པ་གླིང་སོགས་ཆོས་སྡེ་ཆེ་ཕྲ་རྣམས་དང། བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང། མཛོད་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་སོགས་མདོ་སྨད་ལྷོ་ཕྱོགས་ཀྱི་དགོན་སྡེ་ཆེ་ཕྲ། བསྟན་པའི་བདག་པོ་རྒྱལ་བ་ཡབ་སྲས་སོགས་མདོ་དབུས་ཀྱི་བསྟན་འཛིན་སྐྱེས་མཆོག་རྣམས་དང་བླ་སློབ་ཆེ་ཕྲ། སེ་འབྲས་དགེ་གསུམ། རྒྱུད་པ་སྟོད་སྨད། བཀྲ་ཤིས་ལྷུན་པོ་སོགས་གཙང་དབུས་ཀྱི་དགོན་སྡེ་རྣམས་སུ་དགོངས་རྫོགས་ཇི་ལྟར་བསྒྲུབ་པའི་ཚུལ་སོགས་གཞན་དུ་ཤེས་པར་བྱའོ། །དེ་ཡང་མདོ་མྱང་འདས་ལས། ང་མྱ་ངན་ལས་མི་འདའ་བར་ཧ་ཅང་ཡུན་རིང་འདུག་ཅིང་རྒྱུན་དུ་མཐོང་ན། སེམས་ཅན་དགེ་བའི་རྩ་བ་མ་བྱས་པ་ལྟ་བའི་དྲ་བས་ཁེབས་པ་རྣམས་ཀྱིས་ཁམས་གསུམ་ནས་འབྱུང་བའི་ཕྱིར་བརྩོན་འགྲུས་མི་རྩོམ་ཞིང། དེ་བཞིན་གཤེགས་པ་ལ་དཀོན་པར་འདུ་མི་ཤེས་སོ་ཞེས་དང། དེ་བཞིན་གཤེགས་པ་རྙེད་དཀའ་བར་མཐོང་ན་ངོ་མཚར་དང་མྱ་ངན་གྱི་འདུ་ཤེས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལ་བལྟ་བས་སྒོམ་པ་དང། ཡིད་ལ་བྱེད་པའི་དགེ་བའི་རྩ་བ་འཕེལ་ལོ། །ཞེས་གསུངས་པ་ལྟར། གདུལ་བྱ་ཐུན་མོང་བ་འདུལ་བའི་ཕྱིར་དུ་མཛད་པ་དེ་ལྟ་བུ་གདོན་མི་ཟ་བར་སྟོན་དགོས་ཀྱང་ངེས་པའི་དོན་དུ་ནི་མདོ་ལས། རིགས་ཀྱི་བུ་དག་ངས་ད་དུང་ཡང་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱས་པའི་ཚེའི་ཚད་དུ་ཡང་མ་ཕྱིན་ཏེ། ད་དུང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཉིས་འགྱུར་གྱིས་ཀྱང་ཚེའི་ཚད་ཚང་བར་མི་འགྱུར་རོ་ཞེས་དང། གསེར་འོད་ལས། སངས་རྒྱས་མྱ་ངན་ཡོངས་མི་


GTD008_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་གསུངས་པ་ལྟར་ལགས་མོད། སྣང་ཚོད་ཀྱི་མཛད་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པས་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་ལ། ཁྱོད་ཀྱི་ཚེ་གཅིག་པོ་འདིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་ནུས་སམ་ཞེས་གསུངས་པར། བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བསྐལ་པ་གྲངས་མེད་པར་མེ་མུར་གྱི་འོབས་དུ་བ་མ་མཆིས་པར་གནས་ནས་གཞན་གྱི་དོན་བསྒྲུབ་པ་ལ་སྤྲོ་ཞེས་ཞུས་པས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས། བྱང་སེམས་དེས་དེ་བཞིན་གཤེགས་པའི་སྐུ་གདུང་རྒྱ་ཆེན་བྱས་ནས་མཆོད་པ་བྱས། དེ་བཞིན་གཤེགས་པའི་བཀའ་བཞིན་དུ་སེམས་ཅན་ལ་སྙིང་བརྩེ་བས་སྤྲུལ་བ་བྱེ་བ་ཁྲག་ཁྲིག་དཔག་མེད་སྤྲུལ། སངས་རྒྱས་ཀྱི་ཞིང་དེར་བྱང་སེམས་ཕྱིར་མི་ལྡོག་པ་རྣམས་ཀྱིས་པདྨའི་ཚལ་བཞིན་དུ་གང་བར་མཛད་ནས། ཚེའི་འདུ་བྱེད་བཏང་བར་མདོ་ལས་གསུངས་པ་ལྟར། རྗེ་འདི་ཉིད་ཀྱིས་ཡབ་རྗེའི་རིང་ལུགས་ཉམས་མེད་དུ་འཛིན་ནུས་པར་གཟིགས་ནས་སྐྱབས་མགོན་རྡོ་རྗེ་འཆང་དེ་ཉིད་ཞི་བར་གཤེགས་རྗེས་སུ་བླ་མའི་བཀའ་བཞིན་གདན་ས་མ་ཉམས་པར་བསྐྱངས་ནས་ཀུན་གཟིགས་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་ཉིད་ཀྱི་ཕྱག་ཏུ་ཕུལ། དབང་དང་གདམས་ངག་དུ་མ་ཕ་ནོར་བུ་ལ་འབོག་པ་བཞིན་མཛད། སློབ་མའི་ཚོགས་དུ་མ་བསྐྱངས་ནས་བཤད་སྒྲུབ་ཀྱི་སྣང་བས་འཇིག་རྟེན་གསལ་བར་བྱས་ཏེ་ཞི་བར་གཤེགས་པ་ཡང་དེ་དང་ཆ་མཚུངས་སོ། །སྨྲས་པ། གང་གི་དྲིན་ལས་མདོ་སྨད་ཡུལ་ལྗོངས་འདིར། །ཐུབ་བསྟན་བཤད་སྒྲུབ་ཉི་མ་དགུང་དུ་འབར། །ཆོས་འདུལ་དྲི་མེད་ལག་ལེན་སྤྱོད་ཚུལ་འཕེལ། །བསླབ་གསུམ་སྡེ་སྣོད་འཛིན་པས་ས་སྟེང་ཁྱབ། །དབང་ལུང་མན་ངག་


GTD008_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་བང་མཛོད་ཀྱིས། །སྐལ་ལྡན་གདུལ་བྱའི་རེ་འབྲས་ལྷུན་གྱིས་གྲུབ། །གང་ལ་གང་འཚམ་ཐབས་མཁས་མཛད་བཟང་གིས། །མཐོ་རིས་ཐར་པའི་ལམ་སྲོལ་ཡངས་པོར་ཕྱེ། །ཁྱོད་ནི་འཕགས་ཡུལ་མཁས་པའི་གྲྭར་ཞུགས་ན། །རྒྱན་དྲུག་མཆོག་གཉིས་ལྟ་བུའི་གྲགས་པ་འཛིན། །གལ་ཏེ་ཡུལ་དབུས་ནོར་འཛིན་ལྟེ་བར་འཁོད། །མཁས་དང་གྲུབ་རིགས་བྱེ་བས་གཙུག་གིས་མཆོད། །མདོ་སྨད་གཅོང་རོང་ནགས་མའི་ལྗོངས་འདི་ན། །གསེར་དང་ར་གན་གཉིས་ཀྱི་དབྱེ་བ་དཀའ། །བླང་དང་དོར་བྱའི་དེ་ཉིད་ཤེས་པ་དཀོན། །དཀར་ནག་ལས་ལ་རང་དགར་ཆོལ་བུར་སྤྱོད། །དམ་པའི་མགོན་ལས་གཡོ་ཅན་ཟོག་པོ་བཀུར། །ལེགས་བཤད་གཏམ་ལས་ཟན་དྲོན་ཁམ་གང་འདམ། །རིག་གནས་ལྔ་ལས་ཞོ་ལྔའི་ཚོང་ཟོང་བྲིན། །སྣོད་ཅན་གདུལ་བྱས་ཁྱོད་འདྲ་ཇི་ལྟར་ཐེགས། །འོན་ཏེ་ཀུན་མཁྱེན་ཐུགས་བསྐྱེད་དགའ་ཚལ་དུ། །དམ་པའི་མགོན་གྱི་པདྨ་དཀར་པོ་འཁྲུངས། །རྨད་བྱུང་ཡོན་ཏན་དམ་པའི་དྲི་བསུང་གིས། །ཕྱོགས་ཀྱི་ཐར་འདོད་རྐང་དྲུག་མགྲོན་དུ་བཀུག །ལེགས་བཤད་སྦྲང་འཐུང་ཆོས་ཀྱི་དབྱངས་སྙན་སྒྲོགས། །ཆེ་བརྗོད་བསྔགས་པས་ཕྱོགས་ཀྱི་འཁོར་ལོ་འགེངས། །མཁས་བླུན་ཀུན་གྱི་སྙིང་གི་སྐྱེད་ཚལ་དུ། །དད་པའི་འདབ་བརྒྱ་བཞད་པའི་དགའ་སྟོན་རྒྱས། །ཡིད་འཕྲོག་རྣམ་ཐར་དབྱར་གྱི་དཔལ་མོ་ཡིས། །ཉམ་ཆུང་བུང་བའང་དགའ་བདེའི་དབྱངས་སྙན་སྒྲོག །ལེགས་པར་བཤད་པའི་བདུད་རྩི་སྙིང་ལ་ཆགས། །འཆད་རྩོད་རྩོམ་པའི་དབྱིངས་སུ་འཕུར་བར་རྩོམ། །ཨ་ཏི་ཤ་དང་རྗེ་བཙུན་ཙོང་ཁ་པའི། །གསེར་བཟང་བཙོ་མ་ལྟ་བུའི་རིང་ལུགས་ལས། །གྲུབ་མཐའ་གཞན་ལ་གུས་པའི་རེ་བ་ལྷོད། །འདི་འདྲ་འདི་ཡང་མགོན་པོ་ཁྱོད་ཀྱི་དྲིན། །འོན་ཏེ་གཟུགས་སྐུ་རགས་པའི་ཟ་མ་ཏོག །ཡེ་ཤེས་སྐུ་ཡི་དབྱིངས་སུ་བསྡུས་པའི་གཏམ། །སྐབས་སུ་བབ་པས་ཡིད་


GTD008_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་ལམ་ངོས། །སྐྱོ་བའི་སྤྲིན་ནག་སྟུག་པོ་ཅི་ཡང་འཛིན། །ཀྱེ་ཧོ་ཡུན་རིང་མདོ་སྔགས་ཆོས་ཀྱི་ཆར། །སྤངས་དང་རྟོགས་པའི་ཁམས་ཀྱི་སྙིང་པོ་ཅན། །འབེབས་པར་རེ་བའི་སྤྲིན་སྔོན་སྟོང་པར་ཡལ། །ཨེ་མ་འགྲོ་འདིའི་བསོད་ནམས་ཇི་འདྲ་རང། །སྙིགས་མ་ལྔ་ཕྲག་ལྷག་པར་འཕེལ་ལུགས་འདིས། །མཁས་བཙུན་བཟང་དང་འཆད་རྩོད་རྩོམ་གསུམ་དང། །མཁྱེན་བརྩེ་ནུས་གསུམ་འཛོམ་པ་ཁྱོད་འདྲ་བ། །ས་ཡི་སྟེང་འདིར་ད་ནི་འབྱོན་ཏ་རེ། །འོན་ཀྱང་ཐུགས་བསྐྱེད་མཐུ་དཔུང་སྟོབས་བསྐྱེད་གསོལ། །འབྲལ་མེད་སྤྱི་བོའི་རྒྱན་དུ་རྟག་ཏུ་བཞུགས། །ཆད་མེད་གསུང་དབྱངས་བདུད་རྩི་རྟག་ཏུ་སྩོལ། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་རྟག་ཏུ་གཟིགས། །ཐུགས་རྗེ་སྤྲིན་གྱི་ལྡིང་ཁང་གསར་པ་ནས། །ཐུགས་གསུང་སྐུ་ཡི་རོལ་པ་མཐའ་ཡས་པས། །ཐུགས་བསྐྱེད་མཐུ་ལྡན་རྒྱལ་བའི་འཕྲིན་ལས་ཀུན། །ཐུགས་བསྐྱེད་ལྷུན་གྱིས་གྲུབ་པར་དེང་མཛོད་ཀྱི། །མགོན་ཁྱོད་ཞི་བའི་དབྱིངས་སུ་མནལ་བ་ཡི། །ཚུལ་གྱིས་ལེགས་བྱས་འོད་སྣང་སྤྲོས་པ་གང། །བསྟན་འཛིན་རྒྱུ་སྐར་ཕལ་གྱིས་ངལ་བ་བརྒྱས། །བསྒྲུབ་ཀྱང་ཆ་དང་དཔེར་ཡང་ཇི་ལྟར་བཟོད། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པར་མཛད་པའི་སརྒ་སྟེ་བཅུ་གཉིས་པའོ།། །།བླ་མ་འཇམ་དཔལ་འབྲལ་མེད་སྙིང་དབུས་སུ། །རྟག་བཞུགས་ཡིད་ལ་མཉམ་རྗེས་དབྱེར་མེད་ཐུགས། །ལུས་ལ་ཡེ་ཤེས་སྐུ་དང་ངག་ལ་ནི། །འཆད་རྩོད་རྩོམ་དབྱངས་དྲུག་ཅུ་མྱུར་འགྲུབ་སྩོལ། །དེ་ཡང་རྗེ་བླ་མ་ཉིད་ཞལ་བཞུགས་པའི་སྐབས་དད་པའི་དྲི་བཞོན་གྱིས་ཡིད་དབང་མེད་དུ་བསྐུལ་བ་ཞིག་གིས་བླ་མ་དམ་པ་ཉིད་བསྟན་འགྲོའི་མགོན་དུ་ཡུན་རིང་འཚོ་ཞིང་གཞེས་པའི་རྟེན་འབྲེལ་དུ་རྗེ་


GTD008_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དགུང་ལོ་ལྔ་པའི་ཚད་ཀྱི་སྐུ་ཞིག་མཚོ་བདུན་ནས་བཞེངས་ཏེ་གསེར་ཕུལ་བར་གསེར་བཞེས་སུ་མ་འདོད་པས་ཐེ་ཚོམ་གྱི་ངང་ནས་བཏང་སྙོམས་སུ་བཞག །བར་སྐབས་ཤིག་ཞིང་གཞན་དུ་གཞོལ་བའི་གཏམ་ཐོས་ཏེ་སླར་ཡང་གསེར་གསོལ་བས་སྔར་དང་མི་འདྲ་བར་རྐྱེན་པར་བྱུང་སྟེ་དད་ལྡན་མང་པོས་གདུང་འབུལ་གྱི་སྐྱེས་དང་ལྷན་ཅིག་པར་ཕུལ་བ་གདན་ས་འདིར་ཤིང་སྤྲེལ་ལོ་ཟླ་བ་ལྔ་པའི་ཚེས་བཅུ་གསུམ་གྱི་ཉིན་འབྱོར་བས་ཀུན་གྱིས་མཆོག་གི་སྤྲུལ་བའི་སྐུ་འཁྲུལ་མེད་འབྱོན་པའི་རྟེན་འབྲེལ་དུ་གླེང། ལོ་དེའི་མགོ་ཟླ་བའི་ཚེས་བཅུ་གཅིག་གི་ཉིན། ཀུན་གཟིགས་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་སྡེ་དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་དུ་བཞུགས་པ་ལས་སྦྱིན་བདག་གཅིག་གིས་གདན་དྲངས་པའི་ལམ་བར་ནས་ཆིབས་བཤོལ་ཏེ་རྐྱེན་གཞན་ཅི་ཡང་མེད་པར་རི་ཆུང་ཞིག་གི་སྟེང་ནས་ཞལ་བྱང་དུ་ཕྱོགས་ནས་དགྱེས་ཉམས་ཀྱིས་ཡུན་རིང་བཞུགས་པས། མཚམས་ཤིག་ནས་བྱང་ངོས་ཀྱི་ནམ་མཁར་འཇའ་སྤྲིན་འཁྲིགས་པ་དང། ཉིན་དེར་གདན་ས་བཀྲ་ཤིས་འཁྱིལ་དུ་ཡང་ལྷོ་ངོས་ཀྱི་ནམ་མཁའ་འཇའ་ཚོན་ཉིས་བརྩེགས་ཤར་བའི་སྣེ་མཆོད་རྟེན་མཐོང་གྲོལ་ཆེན་མོ་ལ་ཟུག་པར་ཀུན་གྱིས་མཐོང། དེ་དང་དུས་མཚུངས་པར་བྷ་ནུ་ཏ་རའམ་ཉི་སྒྲོལ་བྱེད་ཅེས་པ་ཤིང་སྤྲེལ་མགོ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཉིན་དེར་ཡབ་སྒོམ་པ་ཡག་ལ་བུ་ཆུང་མཚན་དང་ལྡན་པ་ཞིག་འཁྲུངས། རིམ་གྱིས་གསལ་ཆ་དང་གྲགས་པ་ཆེ་བར་སོང་སྟེ། ཀུན་གཟིགས་ཡེ་ཤེས་ཀྱི་དབང་པོ་མཆོག་ནས་ཞབས་བརྟན་སོགས་གང་ཅིའི་གསུང་བཀོད་དང་དགོངས་དཔྱད་ཞིབ་འཇུག་གི་བཀའ་དྲིན་སྩལ། གླང་ལོ་ཟླ་བ་ལྔ་པའི་ཚེས་བཅོ་ལྔའི་ཉིན། ཀུན་མཁྱེན་སྤྲུལ་བའི་སྐུ་རིན་པོ་ཆེ། སྡེ་ཁྲི་རིན་པོ་ཆེ། ཁྲི་ཆེན་སྤྲུལ་


GTD008_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ་འཇིགས་མེད་བསྟན་པའི་ཉི་མ། མཁན་པོ་རྣམ་གཉིས་སོགས་དང་བཅས་ཀུན་མཁྱེན་གོང་མ་རྣམ་གཉིས་ཀྱི་སྐུ་གདུང་གི་མདུན་དུ་བརྟག་བསྒྲིལ་མཛད་པས་སྔར་གྱི་ཐུགས་དམ་བརྟག་པ་རིམ་པར་གནང་བ་དང་མཐུན་པར་བབས། ལོ་དེའི་ཟླ་བ་དྲུག་པའི་ཚེས་བཞིའི་ཉིན་དཔོན་པོ་རབ་འབྱམས་པ་དཀོན་མཆོག་ལྷུན་གྲུབ་དང། རྡོ་རམས་པ་དཀོན་མཆོག་དཔལ་བཟང་མཆེད་གཉིས་སོགས་རྗེ་གོང་མའི་སྐུ་འཁོར་རྣམས་དང། དུས་འཁོར་རྡོ་རྗེ་འཛིན་པ་དཀོན་མཆོག་བསྟན་དར་སོགས་བླ་གྲྭ་མང་གིས་ཐོག་མའི་རྟེན་འབྱུང་གི་མཇལ་དར་དཀར་སྤྲོ་དང་བཅས་ན་བཟའ་ཕུལ་བར། གོས་སེར་གྱིས་གཡོགས་པའི་ཚར་ཙག་ཕུ་དུང་མ་ཞིག་ཕུལ་བ་ཐབས་ཅི་བྱས་ཀྱང་བཞེས་སུ་མ་འདོད་པས་གཟན་ཤམ་མི་འབུལ་ཐབས་མེད་ཀྱིས་འབུལ་དགོས་བྱུང་བ་བཞེས་ནས་གཟིགས་ཚུལ་དང་མཇལ་ཁ་གནང་ཚུལ་ཚུན་ཆད་དང་བ་འདྲེན་པ་དང་ཀུན་ཡིད་ཚིམ་པར་མཛད། དེ་ནས་བོད་ཡུལ་ཐིག་ལེར་ལྷ་ཟླ་ཞེས་འབོད་པ་ཧོར་ཟླ་བཅུ་པའི་དཀར་ཕྱོགས་ངོམས་པའི་ཚེས་གསུམ་གྱི་ཉིན་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་དུ་གདན་དྲངས། སྟོན་པ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོས་མུ་སྟེགས་སྟོན་པ་དྲུག་འགྲན་ཟླ་མེད་པའི་ཆོ་འཕྲུལ་གྱིས་ཚར་བཅད་པའི་དུས་ཆེན་ལྕགས་སྟག་ཧོར་ཟླ་དང་པོའི་ཚེས་བརྒྱད་ཀྱི་སྔ་དྲོ་ཀུན་མཁྱེན་སྐུ་འཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་སྡེའི་ཞལ་སྔ་ནས་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ལ་བསྒྲུབ་སྟེ་མཚན་དཀོན་མཆོག་བསྟན་པའི་རྒྱ་མཚོ་ཞེས་གསོལ། ཡོན་ཏན་གཞིར་གྱུར་མའི་ལུང་དང་སྦྲགས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པའི་གདམས་ངག་གི་བདུད་རྩིས་ཐུགས་ཀྱི་བུམ་བཟང་འགེངས་པར་མཛད།


GTD008_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་མི་རྣམས་ཀྱི་མིག་གི་དགའ་སྟོན་དང་ཡིད་ཀྱི་བདུད་རྩིར་བཞུགས་ཤིང་འཁོར་ལོ་གསུམ་གྱི་མཛད་འཕྲིན་ཟླ་བ་ཡར་ངོའི་ཚེས་ཀྱི་འཕེལ་བ་ལ་འགྲན་བཞིན་པ་འདི་ལགས་སོ། །སྨྲས་པ། གང་དུ་གནས་པ་ཙམ་གྱིས་ཐུབ་པའི་བསྟན། །རྫོགས་ལྡན་དཔྱིད་དུ་བསྒྱུར་མཁས་ཁྱོད་ཀྱི་ཞལ། །མཐོང་ཙམ་གྱིས་ཀྱང་རབ་དགའི་ས་ལ་འགྲན། །མི་འགྱུར་དགའ་བ་སྩོལ་ཕྱིར་རྟག་བརྟན་གསོལ། །གང་གི་ལུས་ནི་དགེ་སྦྱོང་རྒན་པོའི་གཟུགས། །འགྱིང་བག་ཉམས་ནི་ལྔ་རིག་པཎྚི་ཏ། །གཞོན་ནུའི་གཟུགས་ནི་ཆོས་སྲིད་དྲེགས་ལྡན་ཚོགས། །ཟིལ་གྱིས་ནོན་བྱེད་གྱུར་འདི་ཨ་ཧོ་རྨད། །ཐུགས་བསྐྱེད་འཕྲིན་ལས་སྐྱེས་སྦྱངས་ལུང་རྟོགས་ཀྱི། །གདེངས་ཀ་ཆེ་མཐོ་བདུད་སྡེ་འདར་བྱེད་ཀྱང། །ཉམ་ཆུང་བག་འཁུམ་མི་འོས་འཕགས་ཆེན་གྱི། །ཞབས་རྡུལ་ཙམ་གྱིས་ངོ་མཚར་སྐལ་བཟང་འཐོབ། །སྤངས་རྟོགས་རང་བཞིན་ཡོན་ཏན་འགོག་མེད་གསལ། །སྒོ་གསུམ་ཀུན་བཟང་སྤྱོད་པས་ཅི་དགར་མཛེས། །གང་འདུལ་ཟློས་གར་མོས་བཞིན་འདོད་པ་འཇོ། །དམ་པ་འདི་དག་མཐོང་ཐོས་དྲན་རེག་འདྲེན། །གང་སྐུ་མིག་དང་གང་གསུང་སྒྲ་འཛིན་གྱི། །བདུད་རྩིར་འདོད་པས་འགྲོ་འདི་གདུངས་པ་ན། །མཁྱེན་བརྩེ་ལང་ཚོ་རྒྱས་པའི་སྟོབས་བཅུའི་མདངས། །འགྲོ་ལ་མཚན་དཔེའི་གར་གྱི་སྒྱུ་རྩལ་ངོམས། །ཞེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་ལས་མཆོག་སྤྲུལ་ཟླ་གཞོན་གསར་པ་ཤར་བའི་གཏམ་གྱི་སརྒ་སྟེ་བཅུ་གསུམ་པའོ། །དེ་ཡང་སྤྱིར་ན། སྔོན་གྱི་བཀའ་གདམས་པ་རྣམས་ཀྱིས། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་དང་བྲལ་ན་བསྐལ་པའི་རླུང་གིས་མི་བསྐྱོད་པའི་ཏིང་ངེ་འཛིན་ཡོད་ཀྱང་ལྷག་སྤྱོད་ཀྱི་རྗེས་སུ་འགྲོ་ཉེན་ཆེ་གསུངས་པ་


GTD008_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། ཐོས་བསམ་གྱིས་མི་ཚེ་ཆོས་ལ་བསྐྱལ་ཀྱང་རང་སེམས་ལ་ཆོས་ཀྱི་དྲི་མི་བྲོ་བ་དང། རི་སུལ་སྟོང་པར་དཀའ་ཐུབ་ལ་མི་ཚེ་བསྐྱལ་ཀྱང་འཁོར་བའི་རྩ་བ་སྦྲམ་པོར་ལུས་པ་མང་མོད། འདིར་ནི་དེ་ལྟ་བུ་མ་ཡིན་པར་བཤད་སྒྲུབ་ཕན་ཚུན་གྲོགས་སུ་སོང་ན་ཐོས་བསམ་ཉིད་ཉམས་ལེན་དང། སྒོམ་སྒྲུབ་ཉིད་ཐོས་བསམ་གྱི་བོགས་འདོན་དུ་གསུངས་པ་ལྟར། བུག་སྒོ་འདག་སྦྱར་སོགས་ལ་མ་ལྟོས་པའི་འཆད་རྩོད་རྩོམ་གསུམ་ཉིད་སྤོང་བ་བསམ་གཏན་གྱི་ཉམས་ལེན་དུ་སོང་སྟེ། འཁོར་ལོ་གསུམ་གྱི་སྒོ་ནས་ས་ལམ་མཐོན་པོར་བགྲོད་པའི་རྣམ་ཐར་གྱིས། པོ་ཏོ་བས་བྱ་སྒྲུང་དང་བྱ་ཚང་འཇོག་ཚུལ་ཚུན་ཆད་གདམས་པར་ཤར་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་སོགས་མཁས་གྲུབ་ཕལ་མོ་ཆེའི་མཛད་པ་ལ་འགྲན་པའི་ཚུལ་ཆ་ཤས་ཙམ་ཡང་སྐུ་བཞི་ཟུང་འཇུག་ཏུ་གྲུབ་པའི་བདུད་རྩིའི་ཐིག་ལེ། གདུལ་བྱའི་མོས་པའི་རྫིང་བུར་གང་འདུལ་གྱི་རོལ་པར་འཆར་བས། དེ་སྙེད་ཀྱི་ཚིག་གི་སྤྲོས་པ་ཞིང་ཁམས་རྒྱ་མཚོའི་རྡུལ་གྲངས་དང་མཉམ་པའི་རྒྱལ་བ་སྲས་བཅས་ཀྱི་བཀོད་པ་རྒྱ་མཚོའི་ཁྱོན་དང་མཉམ་པ་ལས། ཕྲ་རྒྱས་རྒྱ་མཚོའི་རྦ་རླབས་ཀྱིས་གཡེངས་པའི་ཚུར་མཐོང་གི་སྐྱེ་བོ་རབ་འབྱམས་རྒྱ་མཚོའི་བྱེ་སྙེད་ལས་བརྒལ་བ་དག་གིས་དབྱངས་ཀྱི་ཡན་ལག་རྒྱ་མཚོས་ཀྱང་བརྗོད་པར་ག་ལ་ནུས། སྤངས་དང་རྟོགས་པའི་ཡོན་ཏན་གྱི་རྡུལ་འཕྲེང་སྤོ་མཐོར་བརྩེགས་པའི་རྣམ་ཐར་རི་ཡི་དབང་པོའི་ངོས་ལ་ཚིག་གི་གོམ་པ་རེ་རེས་ཀྱང། རྣམ་ཀུན་གཟིགས་པའི་ཆོས་བཟང་ལྷ་ཡི་གཞལ་མེད་ཁང་དུ་ཉེ་བར་འགྱུར་བའི་སྤྲོ་བས་ཡིད་དྲངས་ཏེ། རྣམ་ཐར་གྱི་ངོ་བོ་རང་བཞིན་དྲང་པོར་བརྗོད། གསུང་སྒྲོས་བསླབ་བྱའི་ཚུལ་དུ་བཀོད་པ་འགས་ཟུར་བརྒྱན། ཐུན་མོང་གི་སྣང་བ་ལྟར་གྱི་མཛད་སྤྱོད་ལོ་ཟླ་རིམ་ཤར་དང་འབྲེལ་


GTD008_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

བར་རང་གི་བློ་ལ་ངེས་ཚོད་དང། ས་བོན་དུ་གསལ་བ་གོ་བསྡུར་ནས་རགས་རིམ་ཙམ་ཞིག་འུད་ཀྱི་སྒོ་ནས་ཉམས་བཏོད་པ་སྤངས་ཏེ་མཉན་པར་འོས་པའི་ལུགས་སུ་བཀོད་པ་ལགས་སོ། །སྨྲས་པ། གང་གི་བ་སྤུའི་སྒོ་ཡི་ཞིང་ཁམས་རེར་ཡང་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་རྫོགས། །བཅུ་གཉིས་དཔེས་མཚོན་སྒྱུ་འཕྲུལ་གར་གྱིས་ཆོས་དབྱིངས་དགའ་མར་རྣམ་རོལ་བདེ་བས་མྱོས། །ཨནྡྲ་རྙིལ་གྱི་ཐོར་ཅོག་གསེར་ཞུན་ཅོད་པན་དག་དང་རིན་ཆེན་དོ་ཤལ་ཡང། །ངུར་སྨྲིག་བླ་གོས་རྫུ་བག་ལ་བརྟེན་གསུམ་ལྡན་རྡོ་རྗེ་འཛིན་པའི་གཙོ་བོ་ཁྱོད། །ལེགས་བཤད་ཆོས་ཀྱི་རོལ་མོ་ཙམ། །མ་ཡིན་སྨན་གྱི་ལྗོན་པ་བཞིན། །ཕན་བདེའི་མཆོད་སྦྱིན་འགྱེད་པ་ཡི། །ཐབས་མིན་སྤྱོད་པ་གང་ཞིག་མཆིས། །གང་སྐུ་ཡིད་འོང་གསེར་གྱི་མཆོད་སྡོང་བཞིན། །ཞི་དུལ་སྨྲ་མཁས་མི་ཕམ་འཇམ་དབྱངས་བཞིན། །ཡོན་ཏན་རིན་ཆེན་མཛོད་འཛིན་རྒྱ་མཚོ་བཞིན། །མཁས་པས་བཀུར་བ་ལྷ་ཡི་དབང་པོ་བཞིན། །དེ་མཐུས་ངུར་སྨྲིག་གོས་ཀྱིས་རིན་ཆེན་རྒྱན། །དུར་ཁྲོད་ཆས་བཞིན་ཟིལ་གྱིས་གནོན་བྱེད་ན། །གཞན་དང་མ་འདྲེས་མདོ་སྔགས་ལེགས་བཤད་ལ། །ཕལ་པའི་རིག་བྱེད་བཞི་ཡིས་ཇི་ལྟར་འགྲན། །བདེ་འབྱུང་གཙུག་ན་ཟླ་བ་དང། །འཁོར་སྒྱུར་སྤྱི་བོར་ཅོད་པན་བཞིན། །གང་གི་ཞབས་སེན་དམར་བའི་འོད། །འགྲོ་འདིའི་གཙུག་ཏོར་རྒྱན་དུ་མཛེས། །བ་སྤུའི་ཁུང་བུར་རྒྱལ་སྲས་བྱེ་བ་དང། །ལྷན་ཅིག་རྫོགས་སངས་རྒྱས་སྐུ་གྲངས་མེད་ཀྱིས། །མཁའ་ཁྱབ་ཞིང་དུ་འགྲོ་རྣམས་སྨིན་པའི་གར། །སྐད་ཅིག་སྐད་ཅིག་ལ་ཡང་སྟོན་པ་ལས། །ཐུན་མོང་སྐུ་ཡི་བཀོད་པ་གཅིག་ཉིད་ཙམ། །ཉུང་བར་སྣང་མོད་བསམ་མི་ཁྱབ་པའི་ཡུལ། །ནམ་མཁའི་ཁྱོན་ཡངས་བྱིས་བློའི་སོར་རྩེ་ཡིས། །བསྐལ་པར་གཞལ་བའི་གོ་སྐབས་ག་ལ་ཞིག །


GTD008_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་སྲི་ཞུ་ཆུང་ཡང་རླབས་ཆེན་ཚོགས། །སྡུད་ཕྱིར་དད་གུས་ལྡན་པའི་སློབ་མ་ལ། །བཀའ་དྲིན་གསུམ་ལྡན་བླ་མ་ལས་ལྷག་པའི། །ཞིང་མཆོག་མེད་ཅེས་བསྔགས་ཕྱིར་འདིར་ངལ་བྱས། །ཀུན་རྟོག་སེམས་ཀྱི་རྣམ་འགྱུར་མཐའ་ཀླས་ཕྱིར། །ཚིག་དང་དོན་གྱི་སྦྱོར་བ་མ་མཚུངས་སོགས། །སེམས་རྒྱུད་སྒྲིབ་བྱེད་ནོངས་ཚོགས་ཅི་མཆིས་པ། །འཇིག་རྟེན་མགོན་གྱི་སྤྱན་སྔར་སྙིང་ནས་བཤགས། །ཐུགས་རྗེའི་ཕྱག་གིས་ཉེ་བར་བསྐྱངས་ན་ཡང། །མཉམ་འགྲོགས་སྐྱོན་གྱིས་བསམ་སྦྱོར་བསྟེན་ཚུལ་ལ། །ནོངས་པར་གྱུར་གང་ཁྱོད་ཀྱི་ཐུགས་རྗེའི་མཐུས། །དྲི་མ་མ་ལུས་བྱང་ཞིང་དག་པར་མཛོད། །སངས་རྒྱས་དངོས་ཀྱི་མཛད་པས་ལེགས་བསྐྱངས་ཀྱང། །བསྟེན་ཚུལ་ཚུལ་བཞིན་མ་ནུས་ཚུར་མཐོང་སྐྱོན། །དེ་ཡི་དྲི་མ་མི་སྨོད་ལྷག་པར་ཡང། །བརྩེ་བས་མ་དང་བུ་བཞིན་རྟག་ཏུ་སྐྱོངས། །མཁས་པ་དགྱེས་པའི་སྡེབ་སྦྱོར་མ་མཆིས་ཀྱང། །དད་གདུང་ལྷག་བསམ་རེ་བས་འདི་སྦྱར་མཐུས། །རྟག་ཏུ་ཐེག་མཆོག་བཤེས་དང་མི་འབྲལ་བར། །དགྱེས་བཞིན་རྗེས་སུ་འཛིན་པ་ཉིད་གྱུར་ཅིག །རྣམ་འདྲེན་སྟོབས་བཅུ་མངའ་བའི་སྲས་ཀྱི་མཆོག །ཁྱོད་བཞིན་བདག་ནི་སྤྱད་པ་སྤྱོད་ཚེ་ཡང། །འགྲོ་ཀུན་བདུད་ཀྱི་ཞགས་པ་ལས་བཀྲོལ་ཏེ། །སྲིད་ཞིའི་མཐའ་དང་བྲལ་བའི་ཐང་ཆེན་དུ། །རྒྱལ་བསྟན་ཉམས་པ་མེད་པ་ཀུན་དགའི་ཤིང། །རྒྱལ་བ་གཉིས་པའི་དགོངས་བཞེད་ཇི་བཞིན་དུ། །བསྐྱངས་པའི་གྲིབ་མར་བདེ་བར་ངལ་གསོ་ཞིང། །སྐུ་བཞིའི་འབྲས་བུས་ཚིམ་པ་སྟེར་བར་སྨོན། །སྐལ་བཟང་རྒྱལ་བསྟན་ཀུན་གསལ་མཛེས་མའི་དབྱིངས། །འགྲོ་ཁམས་ནོར་འཛིན་ཁྱོན་དང་མཉམ་པ་དེར། །ཐོས་བསམ་སྒོམ་པའི་ཡོན་ཏན་རྟ་བདུན་འོད། །ཕན་བདེ་པདྨོའི་གཉེན་


GTD008_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྟག་འཆར་ཤོག །བློ་བཟང་རྒྱལ་བའི་སྙན་བརྒྱུད་སྦྲང་རྩིའི་རོས། །ངེས་འབྱུང་བྱང་སེམས་ལྟ་བའི་བྷྲ་མ་རཿ །སྙིང་གི་པདྨར་འགུགས་པའི་བརྩེ་བ་ཆེ། །དོན་ཡོད་ཞགས་པའི་འཕྲུལ་འཁོར་ཉིད་དུ་མཛོད། །སྟོང་ཕྲག་སོ་གཉིས་རྒྱུད་ཀྱི་འོ་མཚོའི་བཅུད། །གཏན་བདེའི་ལུས་ཕུང་རྒྱས་བྱེད་རིམ་གཉིས་ཀྱི། །བདུད་རྩིས་ཨེ་ཝཾ་ཁ་སྦྱོར་དབང་གི་རྒྱལ། །བདག་སྙིང་དཔྱིད་དུ་བརྟན་པ་ཉིད་དུ་ཤོག །བཤད་སྒྲུབ་སྤོ་མཐོ་ཐུབ་བསྟན་རི་དབང་རྒྱན། །འཇམ་དཔལ་དགྱེས་བཞད་ཡབ་སྲས་ཉི་ཟླའི་འོད། །བསྟན་འཛིན་གསེར་རིའི་འཕྲེང་དང་ལྷན་ཅིག་པར། །འཇིག་རྟེན་ཉེར་འཚོའི་ཞིང་དུ་ཉམས་མེད་ཤོག །རྒྱལ་སྲས་སྤྱོད་པའི་ཆ་རྫོགས་རྟེན་བཟང་ལ། །གང་གི་ཞབས་སྐྱེས་བཀྲ་ཤིས་རི་མོ་ནི། །རིམ་པར་བཀོད་པས་དོན་གཉིས་ནོར་བུའི་ཆར། །རིས་མེད་འགྲོ་བ་ཡོངས་ལ་འགྱེད་པར་ཤོག །དགའ་ལྡན་རྨད་བྱུང་བཀོད་པ་ཀུན་གཟིགས་ཞིང། །བདེ་བ་ཅན་དང་མངོན་དགའ་ཤམྦྷ་ལ། །བགྲང་ཡས་འཇིག་རྟེན་ཀུན་ཏུ་དམ་ཆོས་ཀུན། །འཛིན་པས་འགྲོ་ཀུན་ཀུན་མཁྱེན་སར་འགོད་ཤོག །རྒྱལ་བསྟན་དབྱར་གྱི་མཚོ་བཞིན་འཕེལ་ཞིང་རྒྱས། །བསྟན་འཛིན་པད་དཀར་ཚལ་བཞིན་རྣམ་ཐར་གཙང། །བདེ་སྐྱིད་ཉི་ཟླའི་འོད་བཞིན་ཕྱོགས་བཅུ་རུ། །འགྲན་བཞིན་ཁྱབ་པ་རྫོགས་ལྡན་དུས་བཞིན་ཤོག །བླ་མ་ཡི་དམ་བསྟན་སྲུང་ཚོགས་རྣམས་ཀྱིས། །བླ་མའི་རྣམ་ཐར་འཕྲིན་ལས་སྤེལ་བ་དང། །བླ་མའི་བཀའ་བཞིན་མར་གྱུར་འགྲོ་ཀུན་གྱིས། །བླ་མ་ཚུལ་བཞིན་བསྟེན་པའི་འཕྲིན་ལས་མཛོད།། །།ཅེས་རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་པར་ཐར་པ་གཏམ་དུ་བརྗོད་པ་དད་པའི་པངྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་འདི་ནི་མཁས་བཙུན་བཟང་པོའི་མཛད་འཕྲིན་


GTD008_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མངོན་པར་མཐོ་བའི་ལྷའི་བཙུན་པ་རིན་ཆེན་དགེ་ལེགས་བསྟན་འཛིན་པ་ནས། རང་ཉིད་བླ་མའི་ཞབས་འབྲིང་རྒྱུས་ཡོད་ལྟ་བུར་དགོངས་ནས་སྔ་ཕྱིར་གྱ་ནོམ་པའི་སྐྱེས་བཟང་དང་བཅས་བཀའ་ནན་སྩལ་བ་བཟློག་མ་ཕོད་པར་རྩོམ་གདན་ས་བོན་འདྲ་བ་ཞིག་བསྒྲིགས་ནས་ཕུལ་བ་རྗེ་བླ་མ་ལ་དད་གུས་དགའ་བའི་ཤུགས་ཀྱིས་དགོན་ཆེན་དགའ་ལྡན་དར་རྒྱས་བཤད་སྒྲུབ་གླིང་དུ་པར་ལ་བརྐོས་ཟིན་པར། ད་དུང་བྲི་འོས་ཡོད་ཀྱང་མང་བས་འཇིགས་ཤིང། ཧ་ཅང་བསྡུ་བར་ཡང་རང་ཉིད་ཕངས་པའི་ལོ་རྒྱུས་སོགས་ལ་བརྟེན་ནས། གཙུག་ལག་རབ་འབྱམས་ལ་མཁྱེན་དཔྱོད་ལྷ་ལམ་ལྟར་ཡངས་པའི་མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་རེབ་ཙ་བཀའ་འགྱུར་བ་དཀོན་མཆོག་དམ་ཆོས་ཡར་འཕེལ་ནས་སྔ་མ་སོར་བཞག །སླར་ཡང་བྲི་བསྣན་ཅི་རིགས་ཀྱི་སྒོ་ནས་འཇུག་བདེ་བ་ཞིག་དགོས་ཞེས་བསྐུལ་ཞིང། མང་པོས་ཀྱང་ནན་བྱས་པའི་ངོར། བླ་མའི་བཀའ་འབངས་ཐ་ཤལ༸རཏྣ་དྷྭ་ཛས་ལྕགས་ཡོས་ས་ག་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པའི་ཚེས་ལ་འགོ་བརྩམས། སྣྲོན་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ཀྱི་ཉིན་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་རང་གི་སློབ་བུ་མདོ་སྔགས་རིག་གནས་བལྟ་བའི་མིག་ལྡན་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བགྱིས་པ་འདིས་ཀྱང་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་བཞེད་མཐའ་དག་ལྷུན་གྱིས་གྲུབ་པར་གྱུར་ཅིག ། །། མངྒ་ལཾ།


previousརྗེ་བསྟན་པའི་སྒྲོན་མེའི་རྣམ་ཐར་དད་པའི་པདྨོ་བཞད་པའི་ཉིན་བྱེད།no next