Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

10 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
 
གཏོར་འབུལ་བསངས་མཆོད་སོགས་བསྟན་སྲུང་དགྱེས་པའི་མཆོད་སྤྲིན།
  
  
 
  
  
  
  
  
 
  
  
  
  
 expand section
  
  
  
  
  
 


10 occurrences of བྱམས་པ་གླིང་
[Clear Hits]

 
previousགཏོར་འབུལ་བསངས་མཆོད་སོགས་བསྟན་སྲུང་དགྱེས་པའི་མཆོད་སྤྲིན།next

གཏོར་འབུལ་བསངས་མཆོད་སོགས་བསྟན་སྲུང་དགྱེས་པའི་མཆོད་སྤྲིན།


GTD008_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་འབུལ་བསངས་མཆོད་སོགས་ཀྱི་སྐོར་བསྟན་སྲུང་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །


GTD008_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། བདེ་སྟོང་ཡེ་ཤེས་རང་འོད་འབར་བ་ཡི། །སྒྲིབ་བྲལ་དག་པ་ཆོས་ཀྱི་ཕོ་བྲང་ནས། །བརྟན་པའི་འཁོར་ལོ་ཁྲོ་བོའི་ཟློས་གར་གྱི། །རྣམ་རོལ་ཕྱི་ནང་གསང་བའི་གཤིན་རྗེའི་གཤེད། །སྙིང་རྗེའི་ལྷ་མཆོག་མྱུར་མཛད་སྤྱན་རས་གཟིགས། །དགེ་སྡིག་ཤན་འབྱེད་དམ་ཅན་ཆོས་ཀྱི་རྒྱལ། །འདོད་ཁམས་དབང་མོ་གཤིན་རྗེའི་གཤེད་ཀྱི་ལྕམ། །བསླབ་གསུམ་བསྟན་པའི་སྲུང་མ་རྣམ་ཐོས་སྲས། །རང་རང་འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས། །བདག་ཅག་དམ་ཆོས་བསྒྲུབ་པའི་མགོན་སྐྱབས་སུ། །སྤྱན་འདྲེན་ཐུགས་རྗེའི་དབང་གིས་མྱུར་བྱོན་ཏེ། །ཟག་མེད་མཆོད་གཏོར་རྒྱ་མཚོས་དགྱེས་པར་མཛོད། །ཨོཾ་གུ་རུ་ཡ་མཱནྟ་ཀ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་བསྔོ། ཨརྒྷཾ་སོགས་བཏགས་པས་མཆོད་པ་དང་ནང་མཆོད་དབུལ། ཧཱུཾ། རིགས་ཀུན་ཁྱབ་བདག་བླ་མ་གཤིན་རྗེའི་གཤེད། །


GTD008_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་སྙིང་གི་ཟེ་འབྲུར་རྟག་བཞུགས་ནས། །ཐུན་མོང་ཐུན་མོང་མིན་པའི་ལམ་བཟང་རྣམས། །གེགས་མེད་མངོན་དུ་འགྱུར་བའི་དངོས་གྲུབ་སྩོལ། །སྐྱེས་བུ་གསུམ་དང་གསང་ཆེན་བསྟན་པ་ཡི། །བཀའ་སྲུང་ཡེ་ཤེས་སྤྱན་ལྡན་ཁྱེད་རྣམས་ཀྱིས། །ལས་འབྲས་བླང་དོར་ངེས་འབྱུང་བྱང་སེམས་དང༌། །བདེ་སྟོང་ཏིང་འཛིན་རྒྱས་པའི་སྡོངས་གྲོགས་མཛོད། །དེ་ཡི་གེགས་གྱུར་ཕྱིན་ཅི་ལོག་གི་བློ། །རྣམ་རྟོག་རང་མདངས་ཕྱི་རོལ་གདོན་དང་བགེགས། །ལ་སོགས་ཉེ་བར་འཚེ་བ་ཀུན་ཞི་ཞིང༌། །མཐུན་རྐྱེན་མ་ལུས་ལྷུན་གྱིས་གྲུབ་པར་མཛོད། །ཚེ་རབས་ཕྲེང་བར་དལ་བའི་རྟེན་ཐོབ་ཅིང༌། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །ཡང་དག་ལམ་བཟང་རྒྱལ་བའི་དགོངས་པ་བཞིན། །སྒྲུབ་པའི་ལེགས་སྨོན་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་རྒྱུ་འབྲས་ཐེག་པའི་ལམ་བཟང་རྣམས། །རིམ་བགྲོད་


GTD008_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་གོ་འཕང་ཐོབ་ཀྱི་བར། །ནམ་ཡང་གཡེལ་མེད་ལུས་དང་གྲིབ་མ་བཞིན། །རྟག་ཏུ་འགྲོགས་ཤིང་བརྩེ་བས་སྐྱོང་གྱུར་ཅིག །ཅེས་པ་འདི་ནི་གྱི་ལང་རི་ཁྲོད་པ་དཀོན་མཆོག་ཆོས་འཛིན་གྱིས་འདི་ལྟ་བུའི་གཏོར་འབུལ་མདོར་བསྡུས་ཤིག་དགོས་ཞེས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་བྷྱཿ རང་ལྷའི་ང་རྒྱལ་ལ་གནས་ཤིང་མཆོད་གཏོར་རྣམས་བྱིན་གྱིས་བརླབས་ཏེ། ཧཱུཾ། བདེ་ཆེན་འོད་གསལ་ཐུགས་ཀྱི་རྡོ་རྗེ་ཡིས། །བརྟན་གཡོའི་དངོས་ཀུན་སྦྱངས་པ་དག་པའི་ཁམས། །བརྟན་གཡོ་ཅིར་ཡང་འཆར་བའི་སྒྱུ་འཕྲུལ་གྱི། །རང་འོད་འཇིགས་རུང་གནས་མཆོག་སོ་སོ་ནས། །མྱུར་མཛད་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །བདེ་ཆེན་རྒྱལ་པོ་གཏུམ་དྲག་གདོང་བཞི་པ། །འཇམ་དཔལ་ཁྲོ་བོའི་བཀའ་ཉན་སྲོག་གི་བདག །འདོད་དགུའི་མཆོག་སྦྱིན་རྒྱལ་ཆེན་རྣམ་ཐོས་སྲས། །ལ་སོགས་དམ་ཆོས་སྒྲུབ་པའི་མགོན་དང་སྐྱབས། །ཡེ་ཤེས་སྤྱན་ལྡན་སྲུང་མ་འཁོར་དང་བཅས། །ཐུགས་བསྐྱེད་དམ་བཅའི་དབང་གིས་འདིར་བྱོན་ཏེ། །མཆོད་གཏོར་རྒྱ་མཚོས་ཚིམ་ཞིང་དགྱེས་གྱུར་ཅིག །དེ་ནས་རང་རང་གི་སྔགས་ལ་བ་ལིཾ་ཏ་བཏགས་པའམ། ཨ་ཀཱ་རོ་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། ཆུ་གཉིས་ཉེར་སྤྱོད་རོལ་མོ་ནང་མཆོད་དང་བཅས་དབུལ། རྣམ་སྲས་ཀྱི་གཏོར་མ་བྱིན་རླབས་ལོགས་སུ་བྱེད་སྤྲོ་ན་དེ་བཞིན་བྱ་ལ་དཀྱུས་སུ་བཏང་ཡང་འགལ་བ་མེད་པར་གསུངས་སོ། །དེ་ནས། ཧཱུཾ། སྤྱན་རས་གཟིགས་དབང་དྲག་པོའི་སྐུར་བསྟན་ནས། །མཆོག་དང་


GTD008_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་དངོས་གྲུབ་ཆར་འབེབས་ཤིང༌། །འདི་ཕྱི་བར་དོའི་འཇིགས་པ་ཀུན་སེལ་བ། །མྱུར་མཛད་མགོན་པོ་འཁོར་དང་བཅས་ལ་བསྟོད། །བདེ་ཆེན་ཐུགས་རྗེའི་བདག་ཉིད་ཧེ་རུ་ཀ །གདོང་མ་བཞིར་བཅས་སྲིན་པོ་ཁྲོས་པ་ཡི། །གར་མཛད་རྡོ་རྗེ་ནག་པོ་གདོང་བཞི་པ། །ཡུམ་བཞི་བཤན་པའི་སྡེ་དང་བཅས་ལ་བསྟོད། །འཇམ་དཔལ་དཔའ་བོའི་ཡེ་ཤེས་སྒྱུ་འཕྲུལ་ནི། །བླ་མ་ཡི་དམ་ཆོས་སྲུང་སྣ་ཚོགས་སུ། །སྣང་བ་གཤིན་རྗེའི་གཤེད་ཀྱི་བཀའ་སྡོད་མཆོག །བློ་བཟང་རྒྱལ་བསྟན་སྲུང་མའི་གཙོ་ལ་བསྟོད། །རྒྱལ་ཀུན་ཡོན་ཏན་གཅིག་བསྡུས་རིན་ཆེན་མང། །སྐྱེ་དགུ་ཕོངས་པའི་རྒུད་པ་ལས་སྒྲོལ་ཕྱིར། །འཇིག་རྟེན་སྐྱོང་བའི་ཚུལ་བཟུང་རྣམ་ཐོས་སྲས། །གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་ཆེ་ལ་བསྟོད། །རྒྱལ་བསྟན་སྲུང་མའི་གཙོ་བོ་ཁྱེད་རྣམས་ཀྱིས། །ནད་རིམས་གདོན་བགེགས་ཉེར་འཚེ་མ་ལུས་དང༌། །ཉེས་ཀུན་རྩ་བ་བློ་ངན་བདུད་ཀྱི་དཔུང༌། །མ་ལུས་དྲུངས་ནས་འབྱིན་པའི་སྡོངས་གྲོགས་མཛོད། །ལས་འབྲས་བླང་དོར་བསླབ་གསུམ་ཉམས་ལེན་དང༌། །ཕྱིན་དྲུག་སྤྱོད་པ་བདེ་སྟོང་ཏིང་འཛིན་སོགས། །རྒྱུ་འབྲས་ཐེག་པའི་ལམ་བཟང་མ་ལུས་པ། །གེགས་མེད་མངོན་དུ་འགྱུར་བའི་འཕྲིན་ལས་མཛོད། །དཔོན་སློབ་རྣམས་ཀྱི་ཆོས་དང་མཐུན་པའི་ཚོགས། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ནད་དང་བགེགས་སོགས་བར་དུ་གཅོད་པའི་ཚོགས། །ཉེ་


GTD008_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་ཡང་རྣམ་དཔྱོད་མཆོག་ཏུ་ཡངས་པའི་བི་ལིག་ཐུ་གུ་ཤྲཱི་ངག་དབང་བསྟན་འཕེལ་གྱིས་སྐྱེས་བུ་གསུམ་གྱི་ཆོས་སྲུང་དཔལ་མགོན་ཞལ་བཞི་བ་དང་བཅས་པའི་གཏོར་འབུལ་མདོར་བསྡུས་ཤིག་དགོས་ཚུལ་བྱུང་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ཧཱུཾ། སྤྱན་རས་གཟིགས་དབང་ཁྲོས་པའི་གར་མཛད་པ། །ཡེ་ཤེས་མགོན་པོ་ཡུམ་བཅས་གནོད་སྦྱིན་བཞི། །འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས་པ་ཀུན། །བསིལ་བ་ཚལ་གྱི་གནས་ནས་འདིར་གཤེགས་ཤིག །བདེ་ཆེན་སྒྱུ་མའི་རོལ་པ་ལས་བྱུང་བའི། །ཀུན་བཟང་མཆོད་སྤྲིན་ཕྱི་ནང་གསང་བའི་རྟེན། །མ་ཚང་མེད་པའི་དམ་རྫས་རྒྱ་མཚོ་ཡིས། །ཡེ་ཤེས་མགོན་པོ་འཁོར་བཅས་དགྱེས་གྱུར་ཅིག །ཁྱད་པར་བཟང་པོའི་སྨན་གྱི་བྱེ་བྲག་དང༌། །བཟང་པོའི་དྲི་ངད་སྤྲོ་བའི་བསང་ཤིང་སོགས། །ལེགས་པར་སྦྱར་བའི་བསང་མཆོད་རྒྱ་མཚོ་འདིས། །ཐུགས་རྗེའི་གཏེར་ཆེན་དགྱེས་པ་སྐྱེད་གྱུར་ཅིག །སྒོ་གསུམ་དམ་ཚིག་ཉམས་ཆག་ཉེས་པའི་ཚོགས། །ཐུགས་དང་འགལ་བ་གང་བགྱིས་བྱང་གྱུར་ཏེ། །རྟག་ཏུ་བརྩེ་བའི་སྤྱན་གྱིས་གཟིགས་པ་ཡིས། །ཕྱི་ནང་ཉེར་འཚེའི་གཡུལ་ལས་རྒྱལ་བར་མཛོད། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༌། །དགེ་འདུན་ཐུགས་མཐུན་བཤད་སྒྲུབ་བསྟན་པ་རྒྱས། །འགྲོ་ཀུན་དགེ་བཅུའི་དཔལ་ལ་སྤྱོད་པ་སོགས། །ལེགས་བྱས་ལྷུན་གྱིས་གྲུབ་པའི་མགོན་མཛོད་ཅིག །ཅེས་མགོན་པོའི་བསང་མཆོད་བསྡུས་པ་འདི་ནི་དད་ལྡན་དགེ་སློང་ཡེ་ཤེས་གྲགས་པས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ་ཡིས། །ཇི་ལྟར་བཀའ་


GTD008_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོས་གཡར་དམ་བཅས་པ་བཞིན། །གཞི་ལམ་བྱེས་ཀྱི་ཉེར་འཚེ་ཀུན་ཞི་ཞིང༌། །མཐུན་རྐྱེན་མ་ལུས་འགྲུབ་པའི་སྡོངས་གྲོགས་མཛོད། །བསྟན་སྲུང་སྲོག་བདག་དམར་པོ་འཁོར་དང་བཅས། །རྟག་ཏུ་བསྟེན་ཅིང་གསོལ་བཏབ་རེ་བ་བཞིན། །ཕྱི་ནང་དགྲ་སྡེའི་གཡུལ་ལས་རྒྱལ་བ་དང༌། །ཆོས་སྲིད་དཔལ་འབྱོར་རྒྱས་པའི་གྲོགས་མཛོད་ཅིག །མདོར་ན་སྲུང་མའི་གཙོ་བོར་ཁྱོད་བསྟེན་ནས། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །མ་གཡེལ་མ་གཡེལ་ལུས་དང་གྲིབ་མ་བཞིན། །རྟག་ཏུ་སྲུང་སྐྱོབ་མཛོད་ཅིག་ས་མ་ཡ། །ཞེས་བསྟན་སྲུང་སྲོག་བདག་དམར་པོའི་བསྐུལ་བ་མདོར་བསྡུས་འདིའང་ནོར་འཛིན་སྐྱོང་བའི་དབང་ཕྱུག་ཧལ་ཧ་གཡས་རུའི་ཇིང་ཇུང་ཇ་སག་ཐུ་རྒྱལ་པོ་པུ་ཎྱེ་རཏྣས་བསྐུལ་ངོར། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ བྷྱོ། མ་ལུས་རྒྱལ་བའི་ཡུམ་གཅིག་དབྱངས་ལྡན་མ། །མ་ལྟར་འགྲོ་ལ་བརྩེ་བས་དབང་གྱུར་ཀྱང༌། །མ་རུངས་འདུལ་ཕྱིར་དྲག་མོའི་སྐུར་བསྟན་ཁྱོད། །མ་ཐོགས་དམ་ཚིག་དབང་གིས་གནས་འདིར་གཤེགས། །མ་དད་རྣམ་པར་གཡེང་དང་བག་མེད་དང༌། །མ་རྟོགས་འཁྲུལ་བའི་ནོངས་པ་བགྱིས་རྣམས་ལ། །མ་དང་སྲིང་ལྟར་བརྩེ་བས་ཉེར་དགོངས་ཏེ། །མ་ལུས་སྤྲོས་བྲལ་དབྱིངས་སུ་དག་པར་མཛོད། །མ་ཅིག་འདོད་ཁམས་དབང་མོ་དགྱེས་པའི་རྟེན། །མ་ཚང་མེད་པ་མཁོ་དགུའི་མཆོད་པའི་སྤྲིན། །མ་ལུས་དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་ཀྱང༌། །མ་མོ་ཆེན་མོ་འཁོར་དང་བཅས་ལ་འབུལ། །མ་རུངས་དགྲ་ཡི་ཤ་ཁྲག་གཏོར་མའི་ཚོགས། །མ་སྨད་སྔགས་དང་ཕྱག་རྒྱས་བྱིན་རླབས་ཏེ། །མ་བཅོས་དང་བའི་སེམས་ཀྱིས་འབུལ་ལགས་ན། །མ་


GTD008_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །མ་སྐྱེས་དབྱིངས་སུ་ཞུགས་པའི་ཡེ་ཤེས་མེས། །མ་དག་ཀུན་སྦྱོར་དྲ་བ་དྲུངས་ཕྱུང་ཡང༌། །མ་རུང་གཤེད་པོར་ཉམས་བརྒྱས་རོལ་པ་ཅན། །མཧཱ་དེ་ཝཱི་འཁོར་དང་བཅས་ལ་བསྟོད། །མ་ཅིག་ཁྱོད་ལ་གུས་པས་གསོལ་འདེབས་ན། །མ་གཡེལ་མ་གཡེལ་དཔོན་སློབ་སྡེར་བཅས་ལ། །མ་དད་འཁུ་བའི་བགེགས་ཚོགས་འཇོམས་པ་དང༌། །མ་སྨད་ཆོས་སྲིད་དཔལ་འབྱོར་རྒྱས་པར་མཛོད། །མ་རིག་མུན་སེལ་འདྲེན་པ་རྟག་བརྟན་ཅིང༌། །མ་དག་རྙོག་བྲལ་རྒྱལ་བསྟན་ཕྱོགས་མཐར་རྒྱས། །མ་རྒན་འགྲོ་ལ་རྫོགས་ལྡན་གསར་པའི་དཔལ། །མ་ལུས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཐུ་མེད་བཻ་སའི་ཤོག་དགོན་གནས་ བྱམསགླིང next hit་གི་རྒྱུན་གྱི་སྲུང་མར་དཔལ་ལྡན་ལྷ་མོ་བསྟེན་རྒྱུར་གཏོར་འབུལ་ཞིག་དགོས་ཚུལ། དཀའ་བཅུ་བསྟན་པ་རྒྱ་མཚོས་བསྐུལ་མ་བྱུང་བར་བརྟེན་ཆོས་སྨྲ་བ། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྲིས།། ༈ ན་མོ་བཛྲ་བྷཻ་ར་ཝཱ་ཡ། འདིར་དཔལ་ལྡན་ལྷ་མོ་ལ་བསང་མཆོད་འབུལ་བར་འདོད་པས། བསང་རྫས་དང་མཆོད་གཏོར་ལེགས་པར་བཤམ། སྐྱབས་སེམས་སྔོན་དུ་བཏང་ལ་རང་ལྷའི་ང་རྒྱལ་དང་ལྡན་པས་མཆོད་གཏོར་བྱིན་གྱིས་བརླབས་ཏེ། བྷྱོཿ མ་ལུས་རྒྱལ་བའི་ཡུམ་གཅིག་དབྱངས་ཅན་མ། །མ་རུངས་འདུལ་ཕྱིར་ཁྲོ་མོའི་ཟློས་གར་མཁན། །མ་ཅིག་འདོད་ཁམས་དབང་མོ་འཁོར་དང་བཅས། །མ་གཡེལ་བསང་མཆོད་རྒྱ་མཚོའི་མགྲོན་དུ་བྱོན། །མེ་རླུང་དུད་སྤྲིན་འཁྲིགས་པའི་ཀློང་ཡངས་པོར། །མི་བཟད་ཁྲག་ཞག་རྒྱ་མཚོ་འཁྲུགས་པའི་དབུས། །མ་མོ་མཁའ་འགྲོ་བྱེ་བའི་འཁོར་དང་བཅས། །མི་མཐུན་རྐྱེན་རྣམས་སྲུང་ཕྱིར་བརྟན་པར་བཞུགས། །མི་འགྱུར་བདེ་བ་མཆོག་གི་


GTD008_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་ལས། །མུ་མཐའ་ཡས་པ་ངོ་མཚར་མཆོད་པའི་སྤྲིན། །མ་ཚང་མེད་པར་བཤམས་ཤིང་ལེགས་སྤྲུལ་ཏེ། །མི་ཕྱེད་དང་བས་འབུལ་ལོ་བཞེས་སུ་གསོལ། །མེ་དཔུང་རབ་འབར་གསེར་གྱི་མཆོད་སྡོང་ཆེར། །མེ་ཏོག་སྣ་ཚོགས་སྨན་སྤོས་ཕྱེ་མར་སོགས། །མ་ལུས་བསྲེགས་པའི་བསང་མཆོད་རྒྱ་མཚོ་འདིས། །མ་དག་ཉེས་པའི་ཚོགས་ཀུན་བྱང་གྱུར་ཅིག །མ་བཅོས་དད་པའི་ཡིད་ཀྱིས་ལྷ་མཆོག་ཁྱོད། །མ་ལྟར་གདུང་ཤུགས་དྲག་པོས་བསྟེན་བགྱིད་ན། །མ་ལུས་བགེགས་དཔུང་འཇོམས་ཤིང་མཐུན་པའི་རྐྱེན། །མ་ཚང་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །མི་འགྱུར་རྡོ་རྗེའི་གཡར་དམ་ཉེར་དགོངས་ཏེ། །མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེང་བ་དང༌། །མོས་ལྡན་རྣལ་འབྱོར་བདག་ཅག་འཁོར་དང་བཅས། །མ་ལྟར་བརྩེ་བས་རྟག་ཏུ་སྐྱོང་བར་མཛོད། །མ་ལུས་སྒྲིབ་བྲལ་རྣམ་ཀུན་མཁྱེན་པའི་དཔལ། །མ་ཐོབ་དེ་སྲིད་ཆོས་ལྡན་བྱ་བ་ཀུན༌། །མ་བཅོལ་བར་ཡང་བརྩེ་བས་ཉེར་དགོངས་ཏེ། །མ་ཅིག་ཁྱོད་ཀྱིས་བརྩེ་བས་སྐྱོང་གྱུར་ཅིག །ཅེས་པ་འདི་ནི་དད་ལྡན་དགེ་སློང་བསོད་ནམས་གྲགས་པས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ བླ་མ་ཡི་དམ་ཆོས་སྲུང་རྒྱ་མཚོའི་ཚོགས། །སྤྱི་དང་ཁྱད་པར་དཔལ་ལྡན་ལྷ་མོ་ལ། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །མ་ལྟར་བྱམས་ཤིང་བརྩེ་བས་དགོངས་པར་མཛོད། །སྒོ་གསུམ་སྡིག་ལྟུང་དམ་ཚིག་ཉམས་ཆག་སོགས། །རྨོངས་པའི་དབང་གིས་ཇི་སྙེད་བགྱིས་པ་ཀུན། །ཁྱེད་རྣམས་ཐུགས་རྗེ་བདེན་པས་ལྷག་མེད་དུ། །ཞི་ཞིང་ལེགས་ཚོགས་ལྷུན་གྱིས་གྲུབ་


GTD008_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །འཕགས་པ་རིགས་གསུམ་མགོན་གྱི་ཐུགས་རྗེའི་མཐུས། །ཡུལ་གྱི་ཀླུ་གཉན་ས་བདག་ཚོགས་རྣམས་ཀྱི། །ཀོ་ལོང་ཕྲག་དོག་སྡུག་བསྔལ་ཀུན་ཞི་ནས། །དགའ་ཞིང་གུས་པས་རྟག་ཏུ་གྲོགས་བྱེད་ཤོག། །༈ དཔའ་བོའི་དབང་ཕྱུག་བཅོམ་ལྡན་ཧེ་རུ་ཀ །གདོང་མ་བཞིར་བཅས་ཁྲོས་པའི་སྒྱུ་འཕྲུལ་གར། །དཔལ་གྱི་མགོན་པོ་ཡུམ་བཞིའི་འཁོར་དང་བཅས། །རྣལ་འབྱོར་འཕྲིན་ལས་སྒྲུབ་ཕྱིར་གནས་འདིར་གཤེགས། །ནག་དཀར་དམར་དང་དུད་ཁ་འཇིགས་པའི་ཞལ། །གྲི་ཐོད་རལ་གྲི་མདུང་ཐོགས་ཕྱག་བཞི་པ། །གཏུམ་ཆེན་འཁོར་བཅས་པད་ཉི་དགྲ་བགེགས་ཀྱི། །གདན་ལ་དགྱེས་དགུར་རོལ་པས་བརྟན་པར་བཞུགས། །རྨོངས་ཤིང་བག་མེད་དབང་གིས་ལྷ་ཁྱོད་ཀྱི། །དམ་ཚིག་ལས་འདས་བསྙེན་སྒྲུབ་ཆག་པ་དང༌། །ཉམས་གྲིབ་ཕོག་རྣམས་བརྩེ་བས་བཟོད་བཞེས་ཤིང༌། །སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་བྱང་བར་མཛོད། །བདེ་སྟོང་ཏིང་འཛིན་པིར་གྱིས་བྲིས་པ་ཡི། །མཆོད་སྤྲིན་གནམ་ས་བར་སྣང་གང་བ་སོགས། །ཕྱི་ནང་གསང་རྟེན་མ་ཚང་མེད་པ་ཡིས། །དཔལ་མགོན་འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །སྔོན་ཚེ་ཁས་བླངས་རྡོ་རྗེའི་གཡར་དམ་བཞིན། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་ཡིས། །ཕ་རོལ་བསམ་ངན་སྦྱོར་རྩུབ་ཕྱིར་བཟློག་ཅིང༌། །ནད་གདོན་ཉེར་འཚེ་ཀུན་ལས་བསྲུང་དུ་གསོལ། །རྣམ་དག་བསླབ་གསུམ་མདོ་སྔགས་བཤད་སྒྲུབ་ཀྱི། །བསྟན་པའི་བྱ་བ་དབྱར་མཚོ་ལྟར་རྒྱས་ཤིང༌། །ཚེ་དཔལ་བསོད་ནམས་མངའ་ཐང་སྙན་གྲགས་སོགས། །མཐུན་རྐྱེན་མ་ལུས་ལྷུན་གྱིས་གྲུབ་པར་མཛོད། །མདོར་ན་ལྷ་ཁྱོད་བདག་སོགས་


GTD008_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ཀྱི། །སྲུང་མའི་གཙོ་བོར་སྙིང་ནས་མངའ་གསོལ་ན། །བདག་གིར་བཞེས་ཏེ་ཆོས་ལྡན་འདོད་དོན་ཀུན། །སྨོན་པ་ཇི་བཞིན་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་པ་འདི་ནི་ཐུབ་བསྟན་ཡོངས་ཀྱི་རྩ་ལག་དམ་པ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་རྒྱུན་གྱི་ཞལ་འདོན་དུ། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ བརྐྱངས་བསྐུམས་གར་གྱིས་རོལ་པས་དྲག་པོ་ཆུང་མ་དང་བཅས་རྣམ་གནོན་ངན་སོང་སྲིད་པ་གནས་ནས་སྐྲོད། །ཤེས་རབ་ཕག་མོར་རྗེས་ཆགས་རོལ་པས་སྲིད་མཐར་སྦྱོར་ཞིང་མི་འགྱུར་ལྷན་སྐྱེས་བདེ་ཆེན་བདུད་རྩིས་མྱོས། །ཁྲོ་ཆགས་བརྗིད་ལྡན་གཟི་འབར་གཟུགས་སྐུའི་མཁའ་དབྱིངས་རབ་དཀར་རུས་པའི་རྒྱན་ཕྲེང་རྒྱུ་སྐར་ཚོམ་བུས་མཛེས། །ཧེ་རུ་ཀ་དཔལ་དཔའ་བོའི་དབང་ཕྱུག་དེ་ལ་བཏུད་ནས་དཔལ་མགོན་ཞལ་བཞི་པ་ལ་བསྟོད་པར་བགྱི། །དམར་ཆེན་དྲི་སྣོམ་གཅན་གཟན་ང་རོ་བརྒྱུད་མར་སྒྲོགས་ཤིང་རོ་ལངས་ཀྱིས་གང་རབ་འཇིགས་དུར་ཁྲོད་ན། །རྦ་རླབས་ནམ་མཁའི་མཐར་འཁྱུད་བམ་ཆེན་མགོ་འཕྲེང་ལྦུ་བ་རབ་གསལ་ཁྲག་ཞག་རྒྱ་མཚོ་འཁྲུགས་པའི་ཀློང༌། །འུར་འུར་ནག་པོའི་དུད་སྤྲིན་དང་འདྲེས་སྲིད་པའི་ཕ་མཐའ་ཟ་བྱེད་ཡེ་ཤེས་མེ་དཔུང་འབར་བའི་དབུས། །པད་ཉི་དགྲ་བོ་བསྣོལ་མའི་གདན་ལ་བརྐྱངས་བསྐུམས་གར་མཛད་ལྷ་མཆོག་མཧཱ་ཀཱ་ལ་ཁྱོད་ལ་བསྟོད། །ཡན་ལག་རགས་ཤིང་ལྟོ་བ་རབ་འཕྱང་མི་སྡུག་སྲིན་པོའི་གཟུགས་ཅན་མདོག་ནག་མུན་པའི་དཀྱིལ་འཁོར་རྫོགས། །དམར་སེར་མེ་ཡི་རལ་པ་གསིག་ཅིང་བཅུ་གཉིས་ཉི་མ་འབར་འདྲའི་སྡང་མིག་ཡོན་པོའི་ཚ་ཟེར་


GTD008_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ། །ལྗགས་འདྲིལ་ཁྲག་གིས་རབ་བསྒོས་མཆེ་བ་རྣོན་པོ་བཞི་བཞི་གཙིགས་ཤིང་གཏུམ་དྲག་ཧ་ཧའི་གང་རྒྱངས་མཐར། །ཀྵིཾ་ཀྵིཾ་ཕེཾ་ཞེས་མཁའ་འགྲོ་དབང་དུ་སྡུད་ཅིང་ས་གསུམ་དཀྱིལ་འཁོར་ཡངས་པའི་ཁྱོན་ཀུན་འདར་བར་བྱེད། །གྲི་གུག་གིས་གཏུབ་དགྲ་སྙིང་ཁྲག་དྲོན་གྱིས་གང་ཐོད་པ་ཞལ་དུ་སྟོབ་ཅིང་དགྱེས་པའི་རྐན་སྒྲ་སྒྲོགས། །གནམ་ལྕགས་རལ་གྲིས་བདུད་རིགས་མགོ་བོ་བྲེགས་ཏེ་བརྒྱ་ཕྱེད་ཕྲེང་བ་ཁྲག་གི་རྒྱུན་ལྡན་མགུལ་བར་འཛིན། །མདུང་ཐུང་བགེགས་ཀྱི་ལྟོ་བར་བསྣུན་པའི་རྒྱུ་རློན་ག་ཤལ་ལ་འཁྲིལ་སྦྲུལ་ནག་ཆུན་པོ་སྟོང་གིས་སྤྲས། །གཡེར་ཁའི་སྒྲ་ལྡན་འོད་བག་གིས་བཅིངས་སྟག་ཤམ་གཡོ་བའི་གར་མཁན་རྡོ་རྗེ་ནག་པོ་གདོང་བཞི་བ། །གང་གི་ཕྱོགས་བཞིར་མིག་སྨན་མར་གད་རོ་ཧི་ཏ་ཀ་གསེར་གྱི་བྲག་རི་རབ་མཐོའི་རྩེ་མོ་ཅན། །མུན་ནག་དང་འདྲེས་མེ་ལྕེའི་གོས་གྱོན་གད་མོ་རྒོད་ཅིང་ས་ཆེན་གཡོ་བའི་གོམ་སྟབས་བསྒྱུར་བ་བཞིན། །གཡུང་མོ་གཏུམ་མོ་སྲིན་མོ་སིངྒ་ལི་ཞེས་རབ་གཏུམ་ཁྲོ་ཞིང་རྔམས་པའི་ཡུམ་ཆེན་སྲིན་མོ་བཞི། །བདུད་ཀྱི་དཀྱིལ་འཁོར་སྲེག་བྱེད་གཟི་བྱིན་མེ་དཔུང་འབར་བའི་འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས་ལ་བསྟོད། །མདོར་ན་མཐའ་ཡས་འགྲོ་བའི་དོན་སླད་བརྟན་གཡོའི་དངོས་ཀུན་མི་འགྱུར་ལྷན་སྐྱེས་བདེ་བའི་འཁོར་ལོ་ཆེར། །སྡོམ་མཛད་དཔའ་བོ་རྣལ་འབྱོར་མ་རྣམས་ཡོངས་ཀྱི་དབང་ཕྱུག་མཆོག་གི་གནས་དེར་བགྲོད་པ་མ་རྫོགས་པ། །དེ་སྲིད་ཧེ་རུ་ཀ་ཡི་བཀའ་རྟགས་རྡོ་རྗེའི་རི་མོས་གཙུག་མཛེས་ལེགས་ལྡན་ནག་པོ་འཁོར་བཅས་ཀྱིས། །སངས་རྒྱས་བསྟན་ལ་གནོད་པའི་བགེགས་ཀྱི་དཔུང་ཚོགས་སྡེ་དང་བཅས་པ་ཐལ་བར་རློག་པའི་འཕྲིན་


GTD008_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛོད། །འདིར་སྨྲས་པ། དཔལ་གྱི་མགོན་པོ་རྡོ་རྗེ་གདོང་བཞི་བར། །བསྟོད་པའི་རོལ་མོ་རྔམས་པ་སྒྲ་སྒྲོགས་འདི། །བྱེད་པོ་ཧེ་རུ་ཀ་ཡི་ཞབས་བསྟེན་པའི། །བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེ་ཡིན། །༈ ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། འདིར་རྒྱལ་ཆེན་རྣམ་ཐོས་སྲས་ལ་བསང་མཆོད་འབུལ་བར་འདོད་པའི་གང་ཟག་གིས་ཉེར་སྤྱོད་སྤྱན་གཟིགས། དཀར་གསུམ་གྱི་གཏོར་མ་ཁང་བརྩེགས་མའམ། ཟླུམ་གཏོར་ཞི་བའི་རྒྱན་སྤྲས། སྤྱན་གཟིགས་གཡང་རྟེན་གྱི་རྫས་སོགས་དང་བསང་མཆོད་རྒྱས་པར་བཤམས་ལ། རང་ཉིད་གསང་བའི་བདག་པོ་སོགས་ཡི་དམ་གང་ཡང་རུང་བའི་ང་རྒྱལ་ལ་གནས་ཏེ། མཆོད་རྫས་རྣམས་བསང་སྦྱངས། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས། རྒྱལ་ཆེན་འཁོར་བཅས་དགྱེས་པར་བྱེད་པའི་མཆོད་གཏོར་དང་མཐུན་པའི་དམ་རྫས་ཕུན་སུམ་ཚོགས་པས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་གང་བར་གྱུར་པར་བསམས་ལ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། བཻ། བྱང་ཕྱོགས་རི་རབ་ལྷུན་པོའི་བྱང་གི་ཆར། །བྱང་ཆུབ་མཆོག་བརྙེས་མགོན་པོ་རིན་ཆེན་མང༌། །བྱང་ཆུབ་སེམས་དཔའི་སྐུ་ཡི་རྣམ་རོལ་ཏེ། །བྱང་ཕྱོགས་སྐྱོང་མཛད་རྒྱལ་ཆེན་རྣམ་ཐོས་སྲས། །ཡིད་བཞིན་ནོར་བུ་བསམ་འཕེལ་མཛོད་འཛིན་པ། །ཡིད་འོང་ལང་ཚོའི་དཔལ་ལྡན་བཙུན་མོ་དང༌། །ཡིད་ཙམ་ཁྲོ་ཞིང་འཛུམ་པའི་ཉམས་འགྱུར་ཅན། །ཡིད་ལ་གང་བསམ་སྩོལ་བའི་རྟ་བདག་བརྒྱད། །འཁོར་ས་གསུམ་གྱི་གནོད་སྦྱིན་བྱེ་བ་སོགས། །འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས་པ་ཀུན། །འཁོར་འདས་དབྱེར་མེད་ཆོས་དབྱིངས་ཕོ་བྲང་ནས། །འཁོར་བའི་རྒུད་པ་སེལ་ཕྱིར་གཤེགས་སུ་གསོལ། །བདག་འཛིན་མ་


GTD008_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཁྲུལ་བའི་དབང་གྱུར་ཏེ། །བདག་སོགས་སྒོ་གསུམ་ཉེས་པར་སྤྱད་པ་ཀུན། །བདག་ཉིད་ཆེ་ཁྱོད་ཐུགས་རྗེའི་བདེན་པའི་མཐུས། །བདག་མེད་ཆོས་ཀྱི་དབྱིངས་སུ་དག་གྱུར་ཅིག །རྣམ་བཀྲ་ཏིང་འཛིན་པིར་གྱིས་བྲིས་པ་ཡི། །རྣམ་མང་མཆོད་པའི་བྱེ་བྲག་མཐའ་ཡས་པ། །རྣམ་དག་དང་བའི་ཡིད་ཀྱིས་འབུལ་ལགས་ན། །རྣམ་པར་རོལ་ཞིང་དགྱེས་པ་བསྐྱེད་གྱུར་ཅིག །རི་རབ་གླིང་བཞི་ཉི་ཟླ་རིན་ཆེན་བདུན། །རོ་བརྒྱའི་ཟས་སོགས་ཉེར་སྤྱོད་ནོར་དང་འབྲུ། །རུ་མཚོན་གོ་ཁྲབ་སྤྱན་གཟིགས་གསང་རྟེན་སོགས། །རེ་བའི་སེམས་ཀྱིས་འབུལ་ལོ་བཞེས་སུ་གསོལ། །ཁྱད་པར་དཀར་གསུམ་མངར་གསུམ་གཏོར་མ་ཡིས། །ཁྱོན་ཡངས་འཛིན་མའི་དཀྱིལ་འཁོར་མ་ལུས་པ། །ཁྱབ་པར་བཀང་ཞིང་བདུད་རྩིར་བྱིན་བརླབས་ནས། །ཁྱེད་ལ་འབུལ་ལོ་ཟག་མེད་དགྱེས་པར་རོལ། །བསུང་ཞིམ་སྨན་སྣ་བརྒྱ་ཕྲག་བསྲེག་པ་ཡི། །བསང་མཆོད་འདི་ཡིས་ཉམས་ཆག་ཉེས་པ་ཀུན། །བསལ་ཏེ་རྨད་བྱུང་བདེ་བས་དགྱེས་གྱུར་ནས། །བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཕུལ་བྱུང་མཆོད་སྤྲིན་རྒྱ་མཚོ་འདི་བཞེས་ནས། །ཕུན་ཚོགས་མཁོ་དགུའི་དཔལ་འབྱོར་སྙན་གྲགས་སོགས། །ཕན་བདེའི་དགའ་སྟོན་གསར་བའི་མེ་ཏོག་གི །ཕོན་པོ་གཡུར་དུ་ཟ་བའི་ཕྱྭ་གཡང་སྩོལ། །དད་བརྩོན་ཤེས་རབ་རྨད་བྱུང་ཆོས་ཀྱི་གཡང༌། །ཚེ་རིང་ནད་མེད་འབྱོར་ལྡན་སྲིད་ཀྱི་གཡང༌། །གཟུགས་བཟང་བློ་གསལ་ངག་སྙན་རིགས་ཀྱི་གཡང༌། །མཛངས་ཤིང་བརྟན་ལ་གཞུང་བཟང་གྲོགས་ཀྱི་གཡང༌། །ཀུན་སྙོམས་བྱམས་ཤིང་བརྗིད་ཆགས་རྗེ་ཡི་གཡང༌། །ཁྲེལ་ཡོད་དྲང་ཞིང་མཐུ་ལྡན་བྲན་གྱི་གཡང༌། །འཚེ་བྲལ་བག་ཕེབས་མཐུན་པ་གནས་ཀྱི་གཡང༌། །མི་ཟད་


GTD008_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གྱ་ནོམ་འཕེལ་བ་ནོར་གྱི་གཡང༌། །ཤ་རྒྱས་སྤུ་སྡུག་སྟོབས་ལྡན་ཕྱུགས་ཀྱི་གཡང༌། །རོ་དང་བཅུད་ལྡན་བདེ་སྟེར་ཟས་ཀྱི་གཡང༌། །འཕྲལ་ཡུན་དགེ་ཞིང་མཐར་ཕྱིན་བྱ་བའི་གཡང༌། །མི་འགྱུར་བསྔགས་འོས་དོན་མཐུན་གྲགས་པའི་གཡང༌། །ལ་སོགས་སྲིད་གསུམ་འཇིག་རྟེན་མཐའ་དག་ན། །ལེགས་ཚོགས་ཕྱྭ་གཡང་ཇི་སྙེད་མཆིས་པ་སོགས། །ལུགས་གཉིས་དཔལ་དང་འབྱོར་བའི་དགའ་སྟོན་ལ། །ལོངས་སུ་སྤྱོད་པའི་དངོས་གྲུབ་ཆར་བཞིན་ཕོབ། །ཕྱྭ་གཡང་ཆབ་སྲིད་དབུ་འཕང་རི་ལྟར་མཐོ། །ཕྱྭ་གཡང་ཚེ་དང་བསོད་ནམས་མཚོ་ལྟར་བསྐྱིལ། །ཕྱྭ་གཡང་སྙན་གྲགས་ཉི་ཟླ་ལྟར་གསལ་བའི། །ཕྱྭ་གཡང་འདོད་དགུའི་དཔལ་ཆེན་དེང་འདིར་ཁུག །མ་གཡེལ་མ་གཡེལ་ལྷག་པའི་ལྷ་ཁྱོད་ལ། །མི་ཕྱེད་དད་པས་སྙིང་ནས་གསོལ་འདེབས་ན། །མི་མཐུན་ཉེས་ཀུན་ཞི་ཞིང་མཐུན་པའི་རྐྱེན། །མ་ལུས་བདེ་བླག་ཉིད་དུ་འགྲུབ་པར་མཛོད། །ཐོག་མེད་དུས་ནས་འཁྱམས་པའི་འགྲོ་བ་ཀུན། །ཐུགས་རྗེས་བདག་གིར་མཛད་པའི་མགོན་ཁྱོད་ཀྱིས། །ཐབས་མཁས་མཛད་པའི་གྲུ་གཟིངས་ལ་བརྟེན་ནས། །ཐམས་ཅད་སྲིད་པའི་མཚོ་ལས་བསྒྲལ་དུ་གསོལ། །ཚེ་རབས་ཕྲེང་བར་ས་བཅུའི་མགོན་ཁྱོད་ཀྱིས། །ཚད་མེད་ཐུགས་རྗེའི་ཕྱག་གིས་ཉེར་བཟུང་ནས། །ཚོགས་གཉིས་རླབས་ཆེན་སྤྱོད་པ་མཐར་ཕྱིན་ཏེ། །ཚེ་དཔག་མེད་པའི་གོ་འཕང་མྱུར་ཐོབ་ཤོག །དེ་ཡང་སྔར་གཡང་འབོད་རྒྱས་པར་བྱས་པའི་སྐབས་ཀྱི་རྟེན་སོགས་ཡོད་ན། གཡང་འགུག་གི་ཚིགས་བཅད་རྣམས་བརྗོད་པའི་ཚེ་རྒྱལ་ཆེན་འཁོར་དང་བཅས་པའི་ཐུགས་ཀའི་འོད་ཟེར་གྱི་ལྕགས་ཀྱུས་སྲིད་པ་གསུམ་གྱི་ཕྱྭ་གཡང་ཐམས་ཅད་བསྡུས་ཏེ། དེ་དག་ལ་ཐིམ་པར་མོས་པས་གཡང་འགུག་གི་དོད་ཐུབ་ཅིང།


GTD008_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དངོས་སུ་བཤམས་པ་མེད་ནའང༌། སྲིད་ཞིའི་ཕུན་ཚོགས་ཐམས་ཅད་བསྡུས་ཏེ་རང་གི་སྡོད་གནས་བང་མཛོད་ལ་སོགས་པ་ཐམས་ཅད་གང་བར་མོས་པ་བྱའོ། །མཇུག་ཏུ་མགྲོན་རྣམས་རང་གནས་སུ་གཤེགས་པར་མོས་ཤིང༌། དཀོན་མཆོག་གསུམ་གྱི་ཤིས་པ་བརྗོད་པ་ལ་སོགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་དཀོན་མཆོག་བསམ་གཏན་གྱིས་འདིའི་བསང་མཆོད་རྒྱས་པ་གཡང་འགུག་གི་དོན་ཚང་བ་ཞིག་དགོས་ཞེས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་བཛྲ་པཱ་ཎ་ཡེ། རང་ལྷའི་ང་རྒྱལ་དང་ལྡན་པས་མཆོད་གཏོར་དམ་རྫས་རྣམས་བྱིན་གྱིས་བརླབས་ལ། བཻ། མདུན་དུ་སེང་ཁྲི་པད་ཟླ་ཉི་མའི་སྟེང༌། །བཻ་ཡིག་མདོག་དམར་འོད་ཀྱི་འཕྲོ་འདུ་ལས། །རྒྱལ་ཆེན་རྣམ་མང་ཐོས་སྲས་མདུང་དམར་ཅན། །མེ་འོད་འཁྱུག་པའི་བྱི་རུའི་ལྷུན་པོ་བཞིན། །སྐུ་མདོག་དམར་པོ་གཟི་བྱིན་ལང་ཚོ་འབར། །དམར་ཟླུམ་སྤྱན་བགྲད་མཆེ་བའི་མྱུ་གུ་གཙིགས། །གཡས་ན་སྟག་ལྤགས་རྒྱལ་མཚན་མདུང་དམར་དང༌། །གཡོན་པའི་ཕྱག་གིས་ནེའུ་ལེ་ལྕགས་ཀྱུ་འཛིན། །རིན་ཆེན་རྒྱན་སྤྲས་བསེ་ཡི་ཁྲབ་རྨོག་གསོལ། །བསྟན་སྲུང་གནོད་སྦྱིན་བྱེ་བའི་འཁོར་དང་བཅས། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་གིས། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རྒྱལ་ཆེན་འཁོར་དང་བཅས་པ་སྤྱན་དྲངས་ཏེ། །དམ་ཚིག་པ་དང་དབྱེར་མེད་བརྟན་པར་བཞུགས། །ནོངས་པ་ཅི་བགྱིས་འགྱོད་པས་མཐོལ་བཤགས་ན། །དམིགས་མེད་སྙིང་རྗེའི་ཤུགས་ཀྱིས་དག་པར་མཛོད། །བཻ། ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡོངས་ཕྱེ་བའི། །མི་ཟད་མཆོད་སྤྲིན་ཚར་དུ་དངར་བ་ནི། །དག་བྱེད་ཆུ་བཞིས་དྲི་མ་ཀུན་སྦྱོང་ཞིང༌། །ཉེར་སྤྱོད་འདོད་ཡོན་དབང་པོའི་དཔྱིད་དུ་


GTD008_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །སྙན་ཅིང་བརྗིད་ཆགས་རོལ་མོས་ས་ཆེན་གཡོ། །ངོ་མཚར་སྤྱན་གཟིགས་མཁའ་ལ་སྤྲིན་བཞིན་གཏིབས། །རི་རབ་གླིང་བཞིར་བཅས་པའི་མཎྜ་ལར། །ཟས་ནོར་མཁོ་དགུའི་ལོངས་སྤྱོད་བྱུར་བུར་སྤུངས། །གོ་མཚོན་ཕྱག་མཚན་ཕྱི་ནང་གསང་རྟེན་གྱིས། །རྒྱལ་ཆེན་འཁོར་དང་བཅས་པའི་ཐུགས་དམ་བསྐངས། །ཕ་རོལ་བསམ་སྦྱོར་ངན་པ་ཀུན་བཟློག་སྟེ། །བར་ཆད་སེལ་ཞིང་འདོད་དགུའི་དངོས་གྲུབ་སྩོལ། །ཁྱད་པར་ཟག་མེད་བདུད་རྩིའི་མཆོད་གཏོར་གྱིས། །རྒྱལ་ཆེན་འཁོར་བཅས་དགྱེས་ཤིང་ཚིམ་གྱུར་ཏེ། །རྣལ་འབྱོར་དཔོན་སློབ་འཁོར་དང་བཅས་རྣམས་ལ། །རྗེས་སུ་བརྩེ་བས་བུ་བཞིན་སྐྱོང་བར་མཛོད། །སྟོབས་བཅུའི་དཔལ་མངའ་བདེ་གཤེགས་རིན་ཆེན་མང༌། །གནོད་སྦྱིན་སྡེ་དཔོན་ནོར་ལྷའི་སྐུར་སྤྲུལ་ཏེ། །སྒྲུབ་པ་པོ་ལ་དངོས་གྲུབ་ཆར་འབེབས་པ། །བསམ་འཕེལ་དབང་གི་རྒྱལ་པོ་ཁྱོད་ལ་བསྟོད། །ཆོས་འབྱོར་དཔལ་ལ་འཁུ་བའི་གདུག་ཅན་རྣམས། །རྔམ་པའི་སྟབས་ཀྱིས་རྡོ་རྗེའི་མདུང་ཐུང་གིས། །བསྣུན་ནས་ཕྱེ་མར་བརླག་པའི་སྟོབས་པོ་ཆེ། །ལས་བཞིའི་མཐར་སོན་ཁྱོད་ལ་ཕྱག་འཚལ་ལོ། །བདག་སོགས་དེང་ནས་བྱང་ཆུབ་སྒྲུབ་པ་ལ། །ཉེ་བར་འཚེ་བའི་བགེགས་རིགས་བཟློག་པ་དང༌། །ཆོས་དང་སྲིད་ཀྱི་དཔལ་འབྱོར་རྒྱས་པ་ཡིས། །རྫོགས་ལྡན་དཔལ་ལ་སྤྱོད་པའི་གྲོགས་མཛོད་ཅིག །ཅེས་པ་འདི་ནི་ཐེ་བོ་རོང་ཕྱོགས་ཀྱི་དགོན་པ་བཀྲ་ཤིས་དར་རྒྱས་གླིང་གི་ཚོགས་འདོན་དུ་འདི་ལྟ་བུ་ཞིག་དགོས་ཚུལ་སྔགས་རམས་པ་འཇམ་དབྱངས་ནོར་བུ། རབ་འབྱམས་པ་དགེ་འདུན་རྒྱལ་མཚན། དགེ་སློང་བསྟན་འཛིན་གྲགས་པ་རྣམས་ཀྱིས་བསྐུལ་ངོར།


GTD008_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།༈ ན་མོ་གུ་རུ་བྷཻ་ཥ་ཛྱེ་རཱ་ཛཱ་ཡ། འདིར་བཀའ་གཏེར་རིག་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པའི་བསྟན་སྲུང་གཙོ་བོར་གྲགས་པ་ཞང་བློན་རྡོ་རྗེ་བདུད་འདུལ་ལ་བསང་དང་མཆོད་གཏོར་སོགས་འབུལ་བར་འདོད་པའི་གང་ཟག་གིས་དེའི་ཡོ་བྱད་རྣམས་གཙང་ཞིང་གྱ་ནོམ་པ་འདུ་བྱས་ཏེ། རང་ཉིད་སྐད་ཅིག་གིས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག །གཡས་རྡོ་རྗེ་ནམ་མཁའ་ལ་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། མཆོད་གཏོར་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྤྱངས། སྟོང་པའི་ངང་ལས་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ཕྱི་ནང་གསང་བའི་དམ་རྫས་སྤྱན་གཟིགས་ནམ་མཁའ་གང་བ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ་ནས། སྤརྴ་ཨཱཿ ཧཱུཾ་གི་བར་དང༌། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། ཧཱུཾ། མི་འགྱུར་མཆོག་ཏུ་ཡངས་པའི་གཞལ་ཡས་ཁང། །མེ་ཏོག་འབྲས་ལྡན་སྨན་གྱི་ལྗོན་པས་བསྐོར། །མུ་ཏིག་འོད་ཆགས་ནོར་བུའི་རྒྱན་འཕྲེང་ཅན། །མ་ལུས་དཔལ་དང་འབྱོར་བས་གཏམས་པ་ནས། །སྡེ་བཞིའི་དཔལ་འབྱོར་ཀུན་སྩོལ་གནོད་སྦྱིན་གྱི། །སྡེ་དཔོན་རྡོ་རྗེ་བདུད་འདུལ་ཡབ་ཡུམ་དང༌། །སྡེ་བརྒྱད་འབྱུང་པོའི་འཁོར་ཚོགས་རྒྱ་མཚོར་བཅས། །སྡེ་འདིར་ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་གཤེགས། །མདུན་དུ་རིན་ཆེན་འཁོར་ལོ་རྩིབས་བཞི་པའི། །སྟེང་དུ་དགྱེས་པ་ཆེན་པོས་ལེགས་བཞུགས་ནས། །བརྩེ་བས་དགོངས་ཏེ་སྔོན་བྱས་ནོངས་པ་


GTD008_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན༌། །སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་སྦྱོང་བར་མཛོད། །ཡིད་འོང་ཉེར་སྤྱོད་རོལ་མོ་ཚར་དུ་དངར། །ལྷུན་སྟུག་འདོད་པའི་ཡོན་ཏན་རྣམ་ལྔ་རྫོགས། །དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་སོགས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ལུས་སེམས་གདུང་བ་སེལ་བའི་དྲི་བཟང་གི །ངད་ལྡན་སྤོས་དང་སྨན་སྣ་བརྒྱ་ཕྲག་སོགས། །སྦྱར་བའི་བསང་མཆོད་རྒྱ་མཚོའི་བསུང་ཞིམ་གྱིས། །ཞང་བློན་འཁོར་བཅས་དགྱེས་པ་བསྐྱེད་གྱུར་ཅིག །སྐུ་མདོག་མཐིང་ནག་རབ་བརྗིད་ཁྲོ་བོའི་ཚུལ། །ཕྱག་གཉིས་ཡིད་བཞིན་ནོར་དང་བུམ་བཟང་བསྣམས། །ཡུམ་ཆེན་གནོད་སྦྱིན་དབང་མོ་ཀུན་སྒྲུབ་མ། །བཀའ་ཉན་རྣམ་བཞི་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་རྩ་བརྒྱུད་བླ་མས་བཀའ་བསྒོས་ཤིང༌། །གསང་བའི་བདག་པོའི་སྤྱན་སྔར་ཁས་བླངས་བཞིན། །རྒྱལ་བསྟན་སྤྱི་དང་ཁྱད་པར་གསོ་རིག་གི །བསྟན་པ་ཕྱོགས་བཅུར་རྒྱས་པའི་སྡོངས་གྲོགས་མཛོད། །འབྱུང་འཁྲུགས་ནད་ཀྱི་ངོ་བོ་ལེགས་རྟོགས་ཤིང༌། །གཉེན་པོ་མི་འཛོལ་སྨན་རྣམས་མཐུ་དང་ལྡན། །བྲོ་འཚལ་སྐྱེ་བོའི་གདུང་སེལ་གཞན་ཕན་གྱི། །འཕྲིན་ལས་ཡར་ངོའི་ཟླ་བཞིན་རྒྱས་པར་མཛོད། །མདོར་ན་བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །ཕྱི་ནང་ཉེ་བར་འཚེ་བ་ཀུན་ཞི་ཞིང༌། །ཆོས་དང་སྲིད་ཀྱི་དཔལ་འབྱོར་རྫོགས་ལྡན་གྱི། །དགའ་སྟོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །ཅེས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམས་ལ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་གསོ་བ་རིག་པའི་གནས་ལ་རྣམ་དཔྱོད་ཡངས་པ་དར་ཧན་ཨིམྖི་བློ་བཟང་མཆོག་གྲུབ་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈


GTD008_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བྲལ་ཡེ་ཤེས་ལྔ་ཡི་རང་འོད་ནི། །སྣང་སྲིད་དྲེགས་པའི་རྒྱལ་པོ་ལྔར་བཞེངས་པའི། །གཙོར་གྱུར་མེ་ལོང་ཡེ་ཤེས་ངོ་བོ་ཉིད། །སྐུ་ཡི་རྒྱལ་པོ་ཁྲོས་པའི་རྣམ་རོལ་པའི། །གནོད་སྦྱིན་དགྲ་ལྷ་ཆེན་པོ་པུ་ཏྲ་དང༌། །གསང་བའི་ཡུམ་ཆེན་བདུད་མོ་རོ་ལངས་མ། །ལས་བྱེད་ཁྱབ་འཇུག་བློན་པོ་བྱ་ཁྲིད་དང༌། །རུ་འདྲེན་སྡེ་བཞི་སྤྲུལ་བ་ཡང་སྤྲུལ་བཅས། །བསམ་ཡས་ཆོས་འཁོར་ལ་སོགས་གནས་མཆོག་ནས། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་འདིར་གཤེགས་ཏེ། །རྣལ་འབྱོར་དཔོན་སློབ་ཡོན་མཆོད་སྡེ་དང་བཅས། །སྲུང་ཞིང་སྐྱོང་བའི་མགོན་དུ་བརྟན་པར་བཞུགས། །མ་རུངས་བསྒྲལ་བའི་ཤ་ཁྲག་དོན་སྣོད་ལས། །བྱུང་བའི་ཉེར་སྤྱོད་རོལ་མོའི་བྱེ་བྲག་དང༌། །ཁྱད་པར་སྦྱངས་རྟོགས་སྦར་བྱས་གཏོར་མའི་ཚོགས། །ཟག་མེད་བདེ་ཆེན་ངང་དུ་དགྱེས་པར་རོལ། །པད་ཉི་མི་རོ་ལ་གནས་རྟ་མཆོག་སྟེང༌། །གཏུམ་དྲེགས་ཚུལ་གྱིས་འགྱིང་བའི་དགྲ་ལྷ་ཆེ། །ཁྲོ་བོའི་རྡོ་རྗེ་གཏེར་བུམ་ལེགས་བཟུང་ནས། །བགེགས་འཇོམས་དངོས་གྲུབ་ཀུན་སྩོལ་ཁྱོད་ལ་བསྟོད། །རྩ་བརྒྱུད་བླ་མའི་རྡོ་རྗེའི་གཡར་དམ་བཞིན། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱོང་བ་དང༌། །ཁྱད་པར་རྩེ་གཅིག་སྒྲུབ་ཅིང་མཆོད་པ་ཡི། །རྣལ་འབྱོར་བདག་ཅག་བུ་བཞིན་སྐྱོང་བར་མཛོད། །ཕ་རོལ་བྱད་ཕུར་བསམ་སྦྱོར་ངན་པ་དང༌། །ནད་མུག་འཁྲུགས་སོགས་རྒུད་པའི་ཚོགས་ཞི་ཞིང༌། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །དབྱར་གྱི་ཆུ་གཏེར་ཇི་བཞིན་རྒྱས་པར་མཛོད། །མདོར་ན་རྩེ་གཅིག་གུས་པས་གསོལ་བཏབ་བཞིན། །ཉིན་མཚན་ཀུན་ཏུ་གཡེལ་མེད་གྲོགས་མཛད་དེ། །མི་མཐུན་འཚེ་བའི་གཡུལ་ལས་རྒྱལ་བ་ཡི། །དགེ་མཚན་ཕྱོགས་བཅུར་རྒྱས་པའི་དཔལ་སྩོལ་


GTD008_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཅེས་པ་འདི་ནི་ཝ་མ་བ་དགེ་བཤེས་སྤྲུལ་སྐུ་བློ་བཟང་དཀོན་མཆོག་རྒྱ་མཚོས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ལྷུན་གྲུབ་བདེ་སྟོང་ཡེ་ཤེས་གསེར་འགྱུར་རྩིས། །ཐ་མལ་སྣོད་བཅུད་སྣང་བའི་ལྕགས་ཀྱི་ཁམས། །བསྒྱུར་བའི་རང་སྣང་དག་པའི་སུ་ཝ་རྞ། །དག་པའི་རྟེན་དང་བརྟེན་པར་ཤར་བ་ནི། །རབ་འཇིགས་ཟངས་རིས་བསྐོར་བའི་གྲུ་གསུམ་ཀློང༌། །རཀྟའི་རྒྱ་མཚོ་ཞག་གི་རླབས་འཕྲེང་ཅན། །གདུག་པའི་གཅན་གཟན་སྒྲ་སྒྲོགས་སྲིན་བྱ་རྒོད། །རྔམ་བརྗིད་བཟོད་པར་དཀའ་བའི་དུར་ཁྲོད་དབུས། །བསེ་མཁར་སྨུག་པོ་མཆོང་གི་ཁ་བད་ཅན། །རབ་དཀར་ཐོད་པའི་ཕྲེང་བ་ཚར་དུ་དངར། །རྒྱུ་མའི་དོ་ཤལ་ཁྲག་གི་ཞམ་ཆུ་འབབ། །མི་ལྤགས་རྒྱལ་མཚན་གཡོ་བའི་ཕོ་བྲང་ནས། །མི་རོ་རྟ་རོ་བསྣོལ་བའི་གདན་སྟེང་ན། །སྒྲོལ་གྱིང་སྲོག་བདག་དམར་པོ་བེག་ཙེ་ཅན། །གཡས་པས་ཟངས་གྲི་གཡོན་པས་གློ་སྙིང་དང༌། །མདའ་གཞུ་འཛིན་ཅིང་བསེ་ཡི་རུ་མཚོན་བསྒྲེང༌། །གཡོན་ན་རིགས་པའི་ལྷ་མོ་གདོང་དམར་མ། །མདོག་ནག་ཟངས་གྲི་ལྕགས་ཀྱི་ཕུར་པ་བསྣམས། །དྲེད་མོ་མི་ཟན་ལ་ཞོན་གཅེར་མོའི་གཟུགས། །སྣ་ཚོགས་རྒྱན་ལྡན་གསང་བའི་ཡུམ་དང་བཅས། །ལས་བྱེད་གྲི་ཐོགས་བཤན་པའི་ཚོགས་རྣམས་དང༌། །མ་མོ་ཐེའུ་རང་ལ་སོགས་གདུག་པའི་འཁོར། །གནམ་སའི་ཁོར་ཡུག་འགེངས་པའི་ལྷ་སྲིན་ཚོགས། །མ་ཐོགས་དམ་ཚིག་དབང་གིས་འདིར་གཤེགས་ཤིག །དངོས་འཛིན་ཆང་གིས་མྱོས་པའི་གཉིས་འཐུང་བློ། །དགེ་ལེགས་པད་ཚལ་འཇོམས་བྱེད་གོམ་པའི་སྟབས། །ལོག་པའི་ལམ་དུ་བསྒྱུར་བའི་


GTD008_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་ལྟུང་ཀུན། །ཐུགས་རྗེ་ལྕགས་ཀྱུས་བཟུང་སྟེ་བྱང་བར་མཛོད། །གཟུངས་རིག་མོས་པའི་ཆུ་མཚོ་མ་རྙོག་པར། །སྣ་ཚོགས་མཆོད་པའི་རྒྱུ་སྐར་བཀྲ་བ་ནི། །ཁྲག་གི་མཆོད་ཡོན་རྣམ་ལྔའི་མེ་ཏོག་སྤོས། །མར་མེ་དྲི་དང་ཞལ་ཟས་རོལ་མོའི་སྒྲ། །མདོག་དམར་རྟ་གཡག་རྭ་སྐྱེས་སྲིན་བྱའི་ཚོགས། །འཇིགས་པའི་གཅན་གཟན་བསེ་ཡི་ཁྲབ་རྨོག་དང༌། །ཟངས་གྲི་གློ་སྙིང་བསེ་མཁར་སྲོག་འཁོར་སོགས། །མ་ཚང་མེད་པའི་མཆོད་སྤྲིན་ཚོགས་རྣམས་འབུལ། །ཁྱད་པར་དམར་ཆེན་གཏོར་མའི་རི་བོ་ནི། །རབ་མཐོ་ལྷུན་པོའི་རྗེས་འགྲོ་སྐུ་གསུང་ཐུགས། །རྡོ་རྗེས་སྦྱངས་རྟོགས་སྦར་བྱས་བདུད་རྩི་འདི། །དགྱེས་པར་རོལ་ལ་བཅོལ་བའི་འཕྲིན་ལས་མཛོད། །བྱང་ཤར་མ་རུ་ཙེ་ཡི་དུར་ཁྲོད་ན། །དམར་ནག་སྒྲོལ་གྱིང་ཆེན་པོ་སྲོག་གི་བདག །ནག་པོའི་རྩ་ལག་སྡེ་དང་བཅས་པ་ལ། །འཇིགས་པའི་བསྐལ་པ་སྟོན་མཛད་ཁྱོད་ལ་བསྟོད། །མཁྱེན་བརྩེའི་རྣོ་ངར་ལྡན་པའི་ཟངས་ཀྱི་གྲི། །གནས་ལུགས་ནམ་མཁའི་དབྱིངས་སུ་གདེངས་པ་ཡིས། །བདག་འཛིན་གདོན་གྱི་རང་མདངས་བདུད་སྡེའི་མགོ །ཅིག་ཅར་གཅོད་པའི་དཔའ་བོ་ཁྱོད་ལ་བསྟོད། །འཇིགས་པའི་སྐུ་ལ་རབ་བགོས་བསེ་ཡི་ཁྲབ། །བྲག་དམར་ངོས་ལ་གློ་སྙིང་ཁྲག་རྒྱུན་འབབ། །རྟ་གདོང་མེ་ལྕེ་གཡོ་བས་འཁྱུད་པའི་གར། །སྣང་སྲིད་རྩེ་མོར་བསྒྱུར་བ་ཁྱོད་ལ་བསྟོད། །རབ་འཇིགས་བདུད་མོ་བསེ་ཡི་ལན་ཕྲན་ཅན། །ལས་བྱེད་བཤན་པའི་སྡེ་དང་གདུག་པའི་འཁོར། །རྒྱལ་བསྟན་སྲུང་ཕྱིར་མི་གཡེལ་བརྩོན་མཛད་པའི། །བཀའ་ཉན་འཁོར་ཚོགས་རྒྱ་མཚོར་བཅས་ལ་བསྟོད། །དགའ་ལྡན་བསྟན་པ་ཡར་ངོའི་ཟླ་ལྟར་འཕེལ། །ཡངས་པའི་ལྗོངས་འདིར་བདེ་སྐྱིད་དཔལ་འབར་


GTD008_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། །རྒྱལ་བློན་སྡེར་བཅས་མངའ་ཐང་དགུང་ལ་བསྙེགས། །ཕུན་ཚོགས་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་ཨ་རོ་ཧོར་ཆེན་ཤོག་དགའ་ལྡན་ཡར་འཕེལ་གླིང་གི་ཚོགས་འདོན་དུ་འདི་ལྟ་བུ་ཞིག་དགོས་ཚུལ་རབ་འབྱམས་པ་འཇིགས་མེད་ཉི་མས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའོ། །༈ བླ་མ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འདིར་གནས་ཆུང་དགྲ་ལྷ་སྐྱེས་གཅིག་ལ་གསོལ་མཆོད་མདོར་བསྡུས་བྱ་བར་འདོད་པས། དམ་རྫས་རྣམས་འདུ་བྱས་ཏེ་སྐྱབས་སེམས་སྔོན་དུ་བཏང༌། རང་ལྷའི་ང་རྒྱལ་དང་ལྡན་པས་འདི་ལྟར། ཧཱུཾ། བགྲང་ཡས་བདེ་གཤེགས་ཡེ་ཤེས་སྒྱུ་འཕྲུལ་ལས། །པདྨ་ཀཱ་རའི་གེ་སར་རྫོགས་པའི་དཔྱིད། །འཇམ་དཔལ་སྙིང་པོ་དཀྱིལ་འཁོར་རྒྱ་མཚོའི་མགོན། །སྣང་སྲིད་དྲེགས་ལྡན་ཡོངས་ཀྱི་གཙུག་ན་རྒྱལ། །སྤྲོས་བྲལ་དབྱིངས་སུ་ཞུགས་པའི་ཡེ་ཤེས་མཁར། །རྣམ་འདྲེན་ཐུགས་རྗེའི་ཁམས་ཀྱི་རོལ་པ་ལས། །ཅིར་ཡང་འཆར་བ་དྲེགས་པའི་སྡེ་དཔོན་ལྔ། །གདུག་པའི་འཁོར་ཚོགས་དང་བཅས་གནས་འདིར་གཤེགས། །ཁྱད་པར་ལོངས་སྤྱོད་འཁོར་ལོ་གྲོལ་བའི་གདངས། །བཞིན་ལེགས་གར་གྱི་རི་མོ་གསུང་གི་རྒྱལ། །རིག་པ་བློན་པོ་རྡོ་རྗེ་དྲེགས་ལྡན་ཆེ། །འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས་སུ་གསོལ། །འོད་གསལ་དརྴ་དྲི་མས་དབེན་གྱུར་ཀྱང༌། །བྱིས་བློ་འཁྲུལ་པའི་ར་རིས་བཀྲ་བ་རྣམས། །གནོང་ཞིང་འགྱོད་པའི་ཡིད་ཀྱིས་མཐོལ་བཤགས་ན། །དམིགས་མེད་ཐུགས་རྗེའི་དབྱིངས་སུ་དག་པར་མཛོད། །ཧཱུཾ། རྡོ་རྗེ་འཆང་དབང་བདེན་པའི་བཀས་བཏགས་ཤིང༌། །རྣལ་འབྱོར་ཏིང་འཛིན་མོས་པའི་མཐུ་དཔལ་ལས། །སྤྲུལ་བའི་ཆོས་རྒྱལ་


GTD008_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་བྱེད་མཆོད་པའི་སྤྲིན། །མི་ཟད་མཁོ་དགུའི་ལང་ཚོ་རྒྱས་གྱུར་ཅིག །ཡིད་འོང་མཆོད་ཡོན་དཔལ་གྱི་འདབ་བརྒྱ་པ། །བསུང་ཞིམ་སྤོས་དང་མར་མེ་དྲི་ཡི་ཆབ། །བཟའ་བཅའ་བཏུང་བ་རི་དང་རྒྱ་མཚོའི་ཟླ། །རྔམ་བརྗིད་སྒྲར་བཅས་དགྱེས་པ་སྐྱེད་ཕྱིར་འབུལ། །གཡང་གཞི་རྒྱུ་མའི་ལྡ་ལྡིས་ཆུ་མཐོངས་འགོག །རྟ་གཡག་གཅན་གཟན་ཚོགས་ཀྱིས་ས་ཆེན་ཁྱབ། །ཉེར་སྤྱད་གོ་མཚོན་བར་སྣང་འགེངས་པ་འདི། །སྤྲུལ་བའི་ཆོས་རྒྱལ་འཁོར་བཅས་དགྱེས་ཕྱིར་འབུལ། །གཞན་ཡང་འདོད་ཡོན་ལྔ་སོགས་མཆོད་སྤྲིན་དང༌། །ཁྱད་པར་དགྲ་ཤ་ཁྲག་ཞག་གཏོར་མ་འདི། །སྦྱངས་རྟོགས་སྦར་བས་བདུད་རྩིར་བྱིན་བརླབས་ནས། །གུས་པས་འབུལ་ལོ་དགྱེས་བཞིན་བཞེས་སུ་གསོལ། །བཞེས་ནས་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་ཅིང་འཚེ་བའི་དགྲ་ཡི་ཉེར་འཚེ་ཀུན། །སྡིག་ཅན་སྡང་བའི་དགྲ་ལ་ཕྱིར་བཟློག་ནས། །ཆོས་སྲིད་རྒྱས་པའི་ལས་འདི་ཁྱོད་ཀྱིས་སྒྲུབས། །ཧཱུཾ། ཀུན་ཁྱབ་ཀུན་བཟང་ཡེ་ཤེས་འབྱུང་བ་ལྔའི། །རང་འོད་སྐུ་ལྔར་ཤར་བ་དབང་པོའི་གཞུ། །མ་རུངས་གདུག་པའི་གཤེད་པོར་མེ་ཡི་འོད། །འཕྲོ་བ་དགྲ་ཡི་དགྲ་ལ་བདག་བསྟོད་དོ། །ཁྱད་པར་རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཆེ། །གསུང་གི་རྒྱལ་པོ་རང་རིག་གསང་བའི་ཡུམ། །རྡོ་རྗེ་དྲེགས་ལྡན་མི་བཟད་མཐུ་བོ་ཆེ། །གདུག་པའི་འཁོར་ཚོགས་རྒྱ་མཚོར་བཅས་ལ་བསྟོད། །རྒྱལ་གསུང་ཧ་ཧར་བཞད་པ་ཁྲག་འཐུང་ལྷའི། །དཀྱིལ་འཁོར་གཉན་པོར་རྩ་བརྒྱུད་བླ་མ་ཡིས། །བཀའ་བསྒོས་དམ་བཅས་ཚུལ་ལ་ཉེར་དགོངས་ནས། །རྣལ་འབྱོར་དཔོན་སློབ་སྡེར་བཅས་སྲུང་བར་མཛོད། །རྒྱལ་བསྟན་སྤྱི་དགྲ་རྣལ་འབྱོར་སྒོས་ཀྱི་དགྲ། །བསམ་སྦྱོར་ངན་རྣམས་ཐལ་བར་བརླག་པ་དང༌། །


GTD008_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དང་བསྟན་འཛིན་བསྟན་པའི་སྦྱིན་བདག་སོགས། །བསྲུང་ཞིང་རྒྱས་པའི་འཕྲིན་ལས་གཡེལ་མེད་མཛོད། །མདོར་ན་བྱང་ཆུབ་སྒྲུབ་པའི་གེགས་གྱུར་པའི། །ཕྱི་ནང་ཉེར་འཚེ་མ་ལུས་ཞི་བ་དང༌། །མཐུན་རྐྱེན་ཚེ་དཔལ་སྟོབས་འབྱོར་མངའ་ཐང་སོགས། །འབད་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །མཇུག་ཆོག་དཀྱུས་ལྟར་བྱའོ། །ཞེས་པ་འདི་ནི་ཐུ་མེད་བཻ་སིའི་ཤོག་དགེ་སློང་བློ་བཟང་གིས་བསྐུལ་ངོར། ༸དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས། །༈ ན་མོ་གུ་རུ་བྷྱཿ ཁམས་གསུམ་རྣམ་པར་གནོན་པའི་དཔལ་མངའ་བ། །ཁྲོ་རྒྱལ་རྡོ་རྗེ་འཇིགས་མཛད་ངུར་སྨྲིག་གི །གར་གྱིས་རོལ་པ་འཇམ་མགོན་བློ་བཟང་གྲགས། །སྲིད་གསུམ་དྲེགས་ལྡན་རིགས་ཀྱི་བདག་པོར་བཞུགས། །ཧྲཱིཿ སྐྱེ་འཇིག་མཚན་མ་ཀུན་བྲལ་སྟོང་པའི་དབྱིངས། །བདེ་གཤེགས་ཡེ་ཤེས་རང་མདངས་སྐུ་ལྔ་ལས། །གནས་ཆུང་སྤྲུལ་བའི་ཆོས་རྒྱལ་པེ་ཧ་ར། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །དབྱར་གྱི་མཁའ་ལ་ཆུ་འཛིན་འདུ་བ་བཞིན། །སྔོན་གྱི་ཐུགས་དམ་གཉན་པོས་ཉེར་བསྐུལ་ཏེ། །ཐོགས་མེད་རྫུ་འཕྲུལ་གཡོ་བའི་རླུང་ཤུགས་ཀྱིས། །འདིར་གཤེགས་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ། །ཀུན་ཏུ་རྨོངས་པ་མུན་པའི་སྨག་རུམ་ན། །སྒོ་གསུམ་ནོངས་པའི་འཁྲུལ་པ་ཅི་བགྱིས་པ། །ཉེས་པར་མཐོང་སྟེ་མཐོལ་ཞིང་བཤགས་བགྱིད་ན། །བརྩེ་བས་དགོངས་ཏེ་དབྱིངས་སུ་དག་པར་མཛོད། །བདེ་སྟོང་ཏིང་འཛིན་སྒྱུ་མའི་རོལ་བ་ལས། །སྣ་ཚོགས་མཆོད་པའི་སྣང་བརྙན་འབུམ་སྤྲོས་ཏེ། །དབང་པོ་ཀུན་ལ་ཟག་མེད་བདེ་སྟེར་བས། །ཆོས་


GTD008_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་འཁོར་བཅས་དགྱེས་པ་བསྐྱེད་གྱུར་ཅིག །ངོ་མཚར་སྤྱན་གཟིགས་ཚོགས་ཀྱིས་ལྷ་ལམ་གང༌། །དགྱེས་བྱེད་མཆོད་པའི་རྫས་ཀྱིས་ནོར་འཛིན་ཁྱབ། །སྙན་འགྱུར་གདུང་དབྱངས་རོལ་མོའི་སྒྲ་དང་བཅས། །དྲི་ཞིམ་བསངས་ཤིང་དུད་པའི་སྤྲིན་གྱིས་མཆོད། །རྒྱ་མཚོས་སྐེད་བཅིངས་ལྷུན་པོའི་རྗེས་འགྲོ་བ། །སིམ་བྱེད་དྲི་རོ་རེག་བྱའི་དཔལ་འཛིན་པའི། །དམར་ཆེན་གཏོར་མ་བཏུང་བའི་རིགས་དང་བཅས། །དགྱེས་པར་རོལ་ལ་བཅོལ་བའི་འཕྲིན་ལས་མཛོད། །སྔོན་ཚེ་རྩ་བརྒྱུད་བླ་མའི་སྤྱན་སྔ་རུ། །རྡོ་རྗེའི་གཡར་དམ་གཉན་པོ་ཁས་བླངས་བཞིན། །རྣལ་འབྱོར་དམ་ཚིག་ལྡན་པ་བདག་ཅག་གི །ཆོས་སྲིད་དོན་ཀུན་སྒྲུབ་པའི་སྡོང་གྲོགས་མཛོད། །ལྔ་ཕྲག་སྙིགས་མའི་མུན་པ་འཐིབ་པའི་ཀློང༌། །སངས་རྒྱས་བསྟན་ལ་ཐན་སྐྱེལ་སྲིན་བྱའི་ཚོགས། །ཆོས་མིན་སྤྱོད་པའི་གར་སྟབས་གཡོ་བ་ཀུན། །གཟི་བྱིན་ཉི་མའི་འོད་ཀྱིས་གཞོམ་པར་མཛོད། །ཐུགས་རྗེའི་མུ་ཁྱུད་ཟླུམ་བསྐོར་འཕྲིན་ལས་ཀྱི། །རྩིབས་སྟོང་རྫོགས་པའི་གསེར་སྦྱངས་འཁོར་ལོ་ཡིས། །ས་གསུམ་དྲེགས་ལྡན་མཁོ་དགུའི་ལོངས་སྤྱོད་བཅས། །མ་ལུས་དབང་དུ་བསྡུ་བའི་འཕྲིན་ལས་མཛོད། །མཐུ་སྟོབས་དཔུང་པའི་རུ་མཚོན་བསྒྲེངས་པ་ཡི། །དགྲ་ལྷ་དམ་ཅན་རྒྱ་མཚོའི་དམག་ཚོགས་ཀུན། །དམ་ཚིག་རྡོ་རྗེའི་རྒྱ་ལས་མ་འདའ་བར། །བསྟན་དང་བསྟན་འཛིན་བསྲུང་བའི་ལས་མཛོད་ཅིག །རབ་དཀར་ཤེལ་གྱི་རྡུལ་བརྩེགས་ལྷུན་པོ་ལ། །ཉི་འོད་སྟོང་འབར་མེ་ལྕེས་འཁྱུད་པ་བཞིན། །གཟི་བྱིན་བཟོད་དཀའ་གར་དགུའི་ཉམས་དང་ལྡན། །ཆོས་སྐྱོང་ཆེན་པོའི་སྐུ་ལ་བདག་བསྟོད་དོ། །དྲག་པོའི་གད་མོ་གདོང་ལྔའི་སྒྲ་དབྱངས་ཀྱིས། །ནག་


GTD008_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བདུད་ཀྱི་རིགས་གྱུར་རི་དྭགས་མོའི། །བསམ་སྦྱོར་ལོག་པའི་མངལ་ཁུར་ལྟུང་མཛད་པ། །ཆོས་སྐྱོང་ཆེན་པོའི་གསུང་ལ་བདག་བསྟོད་དོ། །ཕྱི་རོལ་འཇིག་རྟེན་དྲེགས་པའི་སྐུར་བསྟན་ཡང༌། །དམིགས་མེད་སྙིང་རྗེའི་ངང་ལས་མི་གཡོ་བའི། །ཡེ་ཤེས་བདེ་སྟོང་མཆོག་གི་ངང་དུ་རོལ། །ཆོས་སྐྱོང་ཆེན་པོའི་ཐུགས་ལ་བདག་བསྟོད་དོ། །བདག་ཅག་དཔོན་སློབ་དགོན་གནས་དགེ་འདུན་སྡེ། །ཀུན་གྱི་སྲུང་མའི་གཙོ་བོར་མངའ་གསོལ་ན། །བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་རྒྱ་མཚོས་ཀུན་ཏུ་ཁྱབ་པར་མཛོད། །ཅེས་གནས་ཆུང་སྤྲུལ་བའི་ཆོས་རྒྱལ་ཆེན་པོའི་གསོལ་མཆོད་འདི་ནི་སུ་ཉིད་ཤོག་ནས་རབ་འབྱམས་པ་དཀོན་མཆོག་རྒྱལ་མཚན་གྱིས་ལྷག་བསམ་དག་པས་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་སྲུང་མའི་གཙོ་བོ་ཡིན་གཤིས། ཁྲི་པའི་བླ་བྲང་དང་སྤྱི་བ་སོ་སོར་ཡང་འདིའི་སྐུ་བརྙན་རེ་བྱུང་ན་ལེགས་པའི་གྲོས་འདེབས་ཀྱིས་སོ་སོར་གྲོགས་ལྡན་ཕུལ་ཕྱིན་བགྱིས་ཤིང༌། དེ་ཐོག་ནས་གསོལ་མཆོད་ཅིག་ཀྱང་དགོས་ཚུལ་བྱུང་བར་བརྟེན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྲིས་པའོ། །༈ ཧཱུཾ གདོད་ནས་དག་པ་ཆོས་དབྱིངས་བདེ་བའི་དངོས། །སྣང་བ་འདོད་དགུར་འབྱོར་བ་ཡངས་པའི་ཀློང༌། །གཞལ་ཡས་འོད་འབར་རུ་མཚོན་སྤྱན་གཟིགས་ཀྱིས། །བསྐོར་བའི་དབུས་སུ་ཡིད་འོང་གདན་ཁྲི་ལ། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་སྐུ་ལྔ་དང༌། །སྟེང་གི་ནམ་མཁར་བླ་མ་ཡི་དམ་ལྷ། །ཕྱོགས་སུ་སྣང་སྲིད་དྲེགས་པའི་འཁོར་གྱི་ཚོགས། །མ་ཚང་མེད་པར་མགྲོན་དུ་ལྷགས་པ་རྣམས། །ཚོགས་ལ་རོལ་ཕྱིར་དགྱེས་བཞིན་བཞུགས་སུ་གསོལ། །ཨོཾ་ཨཱཿ ཧཱུཾ། རྡོ་རྗེ་གསུམ་གྱི་རོལ་བ་ཡིས། །ཉེས་


GTD008_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྦྱངས་ཏེ་འཆི་མེད་བདུད་རྩིའི་ཚོགས། །ནམ་མཁའ་ཁྱབ་པར་བྱིན་གྱིས་བརླབས་པ་ཡིས། །རྨད་བྱུང་དགྱེས་པ་བསྐྱེད་པའི་ནུས་ལྡན་གྱུར། །སྔགས་དྲུག་ཕྱག་རྒྱ་དྲུག་དང་། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་ཀྱིས་བརླབས་ལ། ཧོཿ ཟག་མེད་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །སྟེང་གི་བླ་མ་ཡི་དམ་ཚོགས་ལ་འབུལ། །དགྱེས་བཞིན་བཞེས་ནས་བདག་སོགས་ཀུན་གྱི་རྒྱུད། །བྱིན་གྱིས་བརླབས་ཏེ་དངོས་གྲུབ་མ་ལུས་སྩོལ། །ཧོཿ ཟག་མེད་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཆོས་སྐྱོང་རྒྱལ་པོ་སྐུ་ལྔའི་ཚོགས་ལ་འབུལ། །དགྱེས་བཞིན་བཞེས་ནས་རྡོ་རྗེའི་གཡར་དམ་བཞིན། །བསྟན་དང་བསྟན་འཛིན་སྐྱོང་བའི་འཕྲིན་ལས་མཛོད། །ཧོཿ ཟག་མེད་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །གསང་ཡུམ་བློན་པོ་འཁོར་ཚོགས་བཅས་ལ་འབུལ༌། །དགྱེས་བཞིན་བཞེས་ནས་བདག་སོགས་མི་ནོར་ཀུན། །རྟག་ཏུ་བསྲུང་ཞིང་སྐྱོང་བའི་བྱ་ར་མཛོད། །ཧོཿ ཟག་མེད་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཡུལ་ལྷ་གཞི་བདག་གློ་བུར་ལྷགས་པ་སོགས། །ཚོགས་ལ་རེ་ཞིང་ལྟོས་པ་ཀུན་ལ་འབུལ། །བཞེས་ནས་ཀུན་ལ་ཕན་བདེའི་བསམ་སྦྱོར་མཛོད། །ཧཱུཾ། གཙང་མར་སྦྱར་བའི་ཚོགས་འཁོར་རྒྱ་ཆེན་འདིས། །རྒྱལ་བའི་བསྟན་སྲུང་འཁོར་བཅས་དགྱེས་མཛོད་ལ། །དཔལ་ལྡན་བླ་མའི་སྐུ་ཚེ་མཛད་འཕྲིན་སྤེལ། །བསྟན་འཛིན་ཐུགས་མཐུན་བཤད་སྒྲུབ་དར་ཞིང་རྒྱས། །སྦྱིན་བདག་རྒྱལ་བློན་འབངས་བཅས་མངའ་ཐང་དར། །ཡུལ་དུ་ནད་མུག་འཁྲུག་སོགས་ཉེར་འཚེ་ཞི། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །དཀར་ཕྱོགས་ཚེས་ཀྱི་ཟླ་བ་བཞིན་དུ་འཕེལ། །རྣམ་སད་མཆོད་ཡོན་བཞིན་དུ་


GTD008_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆད་མེད། །ནམ་མཁའི་ཁྱོན་ལྟར་ཡངས་ཤིང་རྒྱ་ཆེ་ལ། །རི་རབ་ལྷུན་པོ་ལྟ་བུར་བརྟན་ཅིང་བརྗིད། །དཔག་བསམ་ཤིང་ལྟར་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདི་ནི་དུར་བིན་ཁུའུ་ཁེད་ཤོག་གི་བློ་དང་ལྡན་པ་དེམ་ཆི་རབ་འབྱམས་པ་བསམ་འགྲུབ་རྒྱ་མཚོས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།༈ ན་མོ་གུ་རུ་བྷྱཿ རང་ཡི་དམ་དུ་བསྐྱེད་ཅིང་བསང་མཆོད་བྱིན་གྱིས་བརླབས་ལ། ཨོཾ། མཚོ་སྐྱེས་རྡོ་རྗེ་རྒྱལ་དབང་གྲགས་པའི་ཞབས།།ཀུན་མཁྱེན་བཞད་པའི་རྡོ་རྗེ་ལ་སོགས་པའི། །བཀའ་སྲུང་འབྲོག་གནས་ཆེན་པོའི་ཚུལ་འཛིན་པ། །རྨ་རྒྱལ་སྤོམ་ར་འཁོར་བཅས་གནས་འདིར་གཤེགས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་དང༌། །ཁྱད་པར་རྐང་འགྲོ་རིན་ཆེན་ནོར་དང་འབྲུ། །གོ་ཁྲབ་སྤྱན་གཟིགས་བཀོད་པ་མཐའ་ཡས་པས། །ལྷ་ཡི་དགེ་བསྙེན་འཁོར་བཅས་དགྱེས་གྱུར་ཅིག །དམ་རྫས་གཏོར་མ་རི་རབ་ལྟར་སྤུངས་ཤིང༌། །ཇ་ཆང་གསེར་སྐྱེམས་བཏུང་བ་མཚོ་ལྟར་བསྐྱིལ། །ཨོཾ་ཨཱཿ ཧཱུཾ་གིས་བདུད་རྩིར་བྱིན་བརླབས་ནས། །གུས་པས་འབུལ་ལོ་དགྱེས་བཞིན་བཞེས་སུ་གསོལ། །བསུང་ཞིམ་སྤོས་དང་སྨན་སྣ་བརྒྱ་ཕྲག་ཚོགས། །བསྲེགས་པའི་དུད་སྤྲིན་མཁའ་དབྱིངས་ཁྱབ་པ་ཡིས། །ལྷ་ཆེན་ཐུགས་དང་འགལ་བའི་ཉེས་པ་ཀུན། །བྱང་ཞིང་ཟག་མེད་དགའ་བདེས་ཚིམ་གྱུར་ཅིག །ས་བཅུའི་དབང་ཕྱུག་རྒྱལ་སྲས་དཔའ་བོ་མཆོག །དུས་མཐར་རྒྱལ་བའི་བསྟན་པ་སྤེལ་ཕྱིར་དུ། །འབྲོག་གནས་སྲིད་པའི་ལྷ་ཆེན་ཚུལ་བཟུང་བ། །རྨ་རྒྱལ་སྤོམ་ར་འཁོར་དང་བཅས་


GTD008_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟོད། །དྲེགས་རྩལ་མཐུ་ལྡན་ལྷ་ཡི་དགེ་བསྙེན་ཆེ། །ཡུམ་སྲས་བློན་པོའི་ཚོགས་དང་བཅས་པ་ཀུན། །སྔོན་ཚེ་རྩ་བརྒྱུད་བླ་མས་བཀའ་བསྒོས་བཞིན། །བསྟན་དང་བསྟན་འཛིན་མཐའ་དག་སྐྱོང་བར་མཛོད། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །གཞི་ལམ་བྱེས་ཀྱི་ཉེར་འཚེ་ཀུན་ཞི་ཞིང༌། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །ཡར་ངོའི་ཟླ་བཞིན་རྒྱས་པའི་སྡོངས་གྲོགས་མཛོད། །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་དཀོན་མཆོག་སེང་གེས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ དཔལ་ཧེ་རུ་ཀ་ལ་ན་མོ། བསང་རྫས་རྣམས་ཚོགས་པར་བྱས། ལྷའི་ང་རྒྱལ་གྱི་གདེང་དང་ལྡན་པས་འདི་ལྟར། ཧཱུཾ། ཧེ་རུ་ཀ་དཔལ་དབྱིངས་རིག་དབྱེར་མེད་མཁར། །ཆར་སྤྲིན་གར་གྱི་རི་མོ་གདོང་བཞི་པ། །ཡུམ་བཞི་ཉེར་གཅིག་བཤན་པའི་སྡེ་དང་བཅས། །འདིར་གཤེགས་བདག་ཅག་རྣམས་ཀྱི་མགོན་མཛོད་ཅིག །ཁྱད་པར་ཡུལ་ཕྱོགས་འདི་ཉིད་སྐྱོང་བའི་ལྷ། །སྣང་སྲིད་ཁ་ལོ་བསྒྱུར་བའི་དྲག་རྩལ་ཅན། །གཉན་ཆེན་ཕོ་བ་རོག་པོ་ཡུམ་སྲས་བློན། །ཀུན་དང་དར་རྒྱལ་སྤུན་གསུམ་དུང་རི་དཀར། །ཕག་པོ་ཧོར་ཡོན་གདར་སྐད་ཆུ་སྔོན་དང༌། །རི་ལམ་ཁྱུང་རྩེ་འབྲུ་འདྲུ་སྐྱ་སྔོ་རིང༌། །ཤིང་ཆེན་ཤིང་ཆུང་མདའ་སྒྲོ་གཡའ་སྤང་རི། །ཞལ་དཀར་མཚོ་མོ་ཁྲ་ཟུག་བསེའི་རི་རྒན། །སྒོ་མོ་གཡས་གཡོན་རྨོག་རི་རྫས་ཆེ་ཆུང༌། །བྲག་དཀར་སོགས་ལ་གནས་བཅས་ལྷ་དང་ཀླུ། །མཐུ་ལྡན་དཀར་ཕྱོགས་སྐྱོང་བ་མ་ལུས་པ། །བསང་མཆོད་རྒྱ་མཚོའི་མགྲོན་དུ་འདིར་གཤེགས་ཤིག །བསྭཽ། མཆོག་གསུམ་མཐུ་དང་ཆོས་དབྱིངས་བདེན་པ་ལས། །བྱུང་བའི་མཆོད་སྤྲིན་


GTD008_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ཁྱོན་གང་ཞིང༌། །བསངས་ཤིང་སྣ་ཚོགས་བསྲེགས་པའི་དུད་པའི་སྤྲིན། །བཻ་ཌཱུར་དབྱར་སྐྱེས་ལྷ་ལམ་འགེངས་པ་འདིས། །བླ་མ་ཡི་དམ་ཆོས་སྲུང་ཐམས་ཅད་དང༌། །སྟོབས་འཕྲོག་ནག་པོ་ཡབ་ཡུམ་འཁོར་བཅས་བསང༌། །ལྷ་གཉན་ཆེན་པོ་སྔོ་ལ་གཡུ་རྩེ་སོགས། །ཡུལ་འདིའི་གཞི་བདག་གཉན་པོ་མ་ལུས་བསང༌། །བསང་ངོ་བསང་མཆོད་རྒྱ་ཆེན་འདི་བཞེས་ལ། །ཡུལ་འདིའི་སྡེ་དགོན་རྗེ་འབངས་ཐམས་ཅད་དང༌། །ཁྱད་པར་བདག་ཅག་མི་ནོར་ལྟོས་བཅས་ཀུན། །སྲུང་སྐྱོབ་བྱ་ར་དུས་ཀུན་མ་གཡེལ་ཞིང༌། །ཁྱོད་མཐུ་ག་བུར་གཟེགས་མའི་རྩེ་དགའ་ཡིས། །མི་ནད་ཕྱུགས་ནད་དགྲ་རྐུན་གཅན་གཟན་དང༌། །སད་སེར་ཐན་པ་ཁ་སྨྲས་གྱོད་སྣ་ཚོགས། །རྒུད་པའི་ཚ་གདུང་མ་ལུས་ཞི་བར་མཛོད། །གཡུང་དྲུང་ཚེ་ཡི་རྩ་བ་རབ་བརྟན་ཅིང༌། །བསོད་ནམས་སྟོབས་འབྱོར་ཡལ་གའི་ཁྱོན་ཡངས་རྩེར། །གྲགས་སྙན་དགའ་བའི་མེ་ཏོག་འཛུམ་པ་ཡི། །རྫོགས་ལྡན་གསར་བའི་འཁྲི་ཤིང་རྒྱས་པར་མཛོད། །རྗེས་ཆགས་ཨུཏྤལ་དམར་པོའི་ལྕགས་ཀྱུ་ཡིས། །ཡིད་འོང་གྲོགས་དང་འཁོར་གཡོག་མངའ་ཐང་དང༌། །ཟས་ནོར་ལོངས་སྤྱོད་མཁོ་དགུའི་དཔལ་འབྱོར་ཀུན། །དབང་དུ་བསྡུ་བའི་འཕྲིན་ལས་མ་གཡེལ་ཞིག །མ་ཉེས་ཉེས་པར་འཛིན་པའི་ཕས་ཀྱི་དགྲ །གདུག་པའི་སེམས་འཆང་གནོད་པའི་ལས་བྱེད་པ། །མ་ལུས་བདུན་བརྒྱུད་བཅས་པ་དྲུངས་ཕྱུང་སྟེ། །ཐལ་བའི་རྡུལ་དུ་རློག་ཅིག་ས་མ་ཡ། །མདོར་ན་མི་འདོད་ཉེར་འཚེ་ཀུན་ཞི་ཞིང། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །ཚེ་རིང་ནད་མེད་སྡེ་བཞིའི་དཔལ་


GTD008_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྒྱས། །ཀུན་ཡིད་ཆོས་ལ་ཕྱོགས་པའི་བཀྲ་ཤིས་སྩོལ། །ཞེས་ཧོར་ཚང་སྤྱིའི་ཆོས་སྐྱོང་དང་འབྲེལ་བར་ཡུལ་ལྷའི་གསོལ་མཆོད་འདི་ལྟ་བུ་ཞིག་དགོས་ཚུལ་ལྟར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས། །༈ ཨོཾ་བདེ་ལེགས་སུ་གྱུར་ཅིག །དཀོན་མཆོག་ཐུགས་རྗེའི་ཉི་འོད་ཀྱིས་སྨིན་པའི། །དཀར་ཕྱོགས་སྐྱོང་བ་ལྷ་ཀླུའི་པད་ཚལ་ལས། །དཀའ་བ་མེད་པར་མཐུན་དངོས་སྦྲང་རྩི་ཡི། །དཀོར་མཛོད་འདྲེན་པའི་ཐབས་ཚུལ་འདི་ན་སྤྲོ། །དེ་ཡང་བོད་དང་བོད་ཆེན་གཉིས་ལས། ཆེན་པོ་བོད་ཀྱི་ཡུལ་དུ་གཏོགས་པ། ས་རྩེ་བརྒྱད་ལུང་པ་ཕྱོགས་སུ་གྱེས། ཞེས་ལུང་བསྟན་པའི་ཡ་གྱལ། སྤང་ལྗོངས་མེ་ཏོག་གིས་བརྒྱན་པའི་འབྲོག་གི་ས་མཚམས། ཕལ་སྐད་ལ་བསང་གཞུང་དུ་གྲགས་པའི་གནས་བདག་གཙོ་བོར་གྱུར་པ་ལྷ་གཉན་ཆེན་པོ་ཁྱུང་རྩེའི་བསང་མཆོད་རྒྱས་པར་ལག་ལེན་དུ་བསྟར་བར་འདོད་པའི་གང་ཟག་གིས། དཀར་གསུམ་མངར་གསུམ་སོགས་ཀྱི་གཏོར་མ། བཟང་པོའི་སྨན་སྣ་གང་འཛོམ། ཕྱེ་མར་སོགས་དང་སྦྱར་བའི་བསང་རྩི། འབྲུ་ཤུག་མཁན་པ་བ་ལུ་སོགས་བསང་ཤིང༌། སྤྱན་གཟིགས་དང་རྟེན་འབྲེལ་གྱི་ཡོ་བྱད། རྔ་གཤང་དུང་གླིང་སོགས་ཀྱི་རོལ་ཆ་དང་བཅས་སྟ་གོན་ཚགས་སུ་ཚུད་པ་བྱས་ཏེ། སྐྱབས་སེམས་སྔོན་དུ་བཏང༌། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་ཞིང་ཤིན་ཏུ་ཞི་བའི་ཉམས་ཅན། ཞལ་འཛུམ་པ་དང་བཅས་ཕྱག་གཡས་ལེགས་པར་བརྐྱངས་པའི་མཆོག་སྦྱིན་དང༌། གཡོན་པ་སྟ་ཟུར་ལ་བརྟེན་ཏེ་སྐྱབས་སྦྱིན་གྱི་ཕྱག་རྒྱས་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་བའི་ཐོར་ཅོག་བཅིངས་ཤིང་སྤྱི་བོར་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་རྒྱས་བཏབ་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་ཅིང༌། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། པད་ཟླའི་གདན་ལ་


GTD008_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། བསང་རྫས་དང་མཆོད་པ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མཆོད་རྫས་རྣམས་ཀྱི་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས། ལྷ་གཉན་ཆེན་པོ་ཁྱུང་རྩེ་མཐོན་པོ་སོགས་བསང་གཞུང་འདི་ན་གནས་པའི་ལྷ་ཀླུ་དཀར་ཕྱོགས་སྐྱོང་བ་མཐའ་དག་མཉེས་པར་བྱེད་པའི་བསང་རྫས་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ཨོཾ་པཱདྱཾ་ཨཱཿ ཧཱུཾ། ཨོཾ་པུཥྤེ་ཨཱཿ ཧཱུཾ། ཨོཾ་དྷུ་པེ་ཨཱཿ ཧཱུཾ། ཨོཾ་ཨཱཿ ལོ་ཀེ་ཨཱཿ ཧཱུཾ། ཨོཾ་གནྡྷེ་ཨཱཿ ཧཱུཾ། ཨོཾ་ནཻ་ཝི་ཏྱ་ཨཱཿ ཧཱུཾ། ཨོཾ་ཤཔྟ་ཨཱཿ ཧཱུཾ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿ ཏེ་བཛྲ་སིད་དྷི་ཧཱུཾ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿ ཎཱཾ་ཨ་ཏྱ་ནུཏྤནྣ་ཏྭད་ཏ། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་གདོད་མ་ནས་རྣམ་པར་དག་ཅིང༌། ཀུན་རྫོབ་ཙམ་དུ་རྒྱུ་


GTD008_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བསླུ་བ་མེད་པའི་རྟེན་འབྱུང་བདེན་པ་ཆེན་པོའི་ཞིང་སར། བདག་གི་རྣམ་པར་དག་པའི་ལྷག་བསམ་དང་རྫས་སྔགས་ཏིང་ངེ་འཛིན་གྱི་ས་བོན་བཏབ་པ་རྣམས། མཆོག་གསུམ་བསླུ་བ་མེད་པའི་ཐུགས་རྗེའི་རླན་གཤེར་དྲོད་ཀྱིས་སྨིན་པ་ལས་བསང་མཆོད་རྒྱ་མཚོའི་མགྲོན་རྣམས་སྤྱན་དྲངས་པ་བཞིན་ཐོགས་པ་མེད་པར་འདུ་ཞིང༌། མཆོད་པའི་ཡོ་བྱད་ཇི་ལྟར་མོས་པ་བཞིན་ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པས་མཆོད་ཡུལ་རྣམས་ལ་དགྱེས་པ་བླ་ན་མེད་པ་བསྐྱེད་ཅིང། དེ་ལ་བརྟེན་ནས་ལས་བཞིའི་འཕྲིན་ལས་གང་བཅོལ་སྐད་ཅིག་ཉིད་དུ་བསྒྲུབ་པ་སོགས་ཇི་ལྟར་སྨོན་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཐམས་ཅད་བདེ་བླག་ཉིད་དུ་སྨིན་པར་གྱུར་ཅིག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཐུགས་རྗེའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་འོད་དཀར་སྣང་བས་ཡོངས་སུ་ཁྱབ་པ་གངས་ཅན་བོད་ཀྱི་ཡུལ་གྲུ། རིགས་ཀུན་ཁྱབ་བདག་བཞད་པའི་རྡོ་རྗེས་ཐུགས་བསྐྱེད་དཔུང་པའི་ཀ་བ་བརྟན་པོས་ཡོངས་སུ་བཟུང་བའི་འདུལ་ཞིང༌། མདོ་སྨད་ས་ཡི་ཐིག་ལེ་བཻ་ཌཱུར་ལྷུན་པོའི་རྗེས་སུ་འགྲོ་བ་རིའི་དབང་པོ་རྩེ་མོ་མངོན་པར་མཐོ་བས་ཚངས་པའི་ཡུལ་ས་སྙེགས་ཤིང༌། རྩ་བ་རབ་བརྟན་དབང་ཆེན་གསེར་གྱི་གཞི་ལ་ཟུག་པ། འབྲས་བུ་ཕུན་སུམ་ཚོགས་པའི་བཅུད་ཀྱིས་སྦ་བའི་རྩི་ཤིང་དང༌། ཡན་ལག་བརྒྱད་དང་ལྡན་པའི་ཀླུང་ཕྲན་དུ་མས་ཡོངས་སུ་བསྐོར་བ། སྟེང་དུ་ཆུ་འཛིན་སྟུག་པོའི་བླ་རེ་མངོན་


GTD008_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྲེས་ཤིང༌། གློག་ཕྲེང་འགྱུ་བའི་གསེར་གྱི་དོ་ཤལ་ཅན། སྙན་བརྗིད་དབྱར་སྐྱེས་རྔ་གསང་རོལ་མོ་དལ་གྱིས་རྒོད་ཅིང་གྲུ་ཆར་ཀུན་ཏུ་འབེབས་པ། ཕྱི་བལྟས་བརྗིད་ཅིང་མཛེས་པའི་ས་འཛིན་མཆོག་གི་རྣམ་པ་ལ་ནང་དུ་རིན་ཆེན་བྱེ་བའི་ཁམས་ལས་གྲུབ་པའི་ཕོ་བྲང་ཆེན་པོ་གསེར་གཡུའི་རྒྱ་ཕིབས་ཚར་དུ་དངར་ཞིང༌། མཁོ་དགུའི་འབྱོར་བ་མ་ཚང་བ་མེད་པའི་དབུས་ན་འབྲོག་གནས་ལྷ་ཡི་དགེ་བསྙེན་ཁྱུང་རྩེ་མཐོན་པོ་སྐུ་མདོག་ནོར་བུ་ཆུ་ཤེལ་བཞིན་དུ་དཀར་ཞིང་འཚེར་ལ་འོད་ཟེར་འཕྲོ་བ། ཕྱག་གཡས་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བའི་དར་མདུང་རུ་མཚོན་འཕྱར་ཞིང༌། གཡོན་ན་མཐུན་རྐྱེན་དངོས་གྲུབ་ཆར་བཞིན་འབེབས་པའི་ཡིད་བཞིན་ནོར་བུ་འཛིན་པ། ཉི་ཟླའི་འོད་ལ་འཁུ་བའི་གསེར་གྱི་གོ་ཁྲབ་གསོལ་ཞིང༌། གཡས་གཡོན་དུ་སྟག་རལ་དང་གཟིག་ཤུབས་ཅན། མཛེས་ཤིང་བརྗིད་ལ་དཔའ་ཞིང་རྔམས་པ་སོགས་གར་དགུའི་ཉམས་དང་ལྡན་པ། ནོར་བུའི་སྒ་སྲབ་ཅན་གྱི་རྟ་མཆོག་དཀར་པོ་སྤྲིན་གྱི་ཤུགས་ཅན་གྱི་སྟེང་ན་འགྱིང་བའི་སྟབས་ཀྱིས་བཞུགས་པ། གཡས་སུ་གཉན་རྗེ་གོང་སྔོན། གཡོན་ན་ཞང་པོ་གཉན་དམར། མདུན་དུ་བློན་པོ་སྒྲོག་ཆེན་དང་གླང་རི་སོགས་བསང་གཞུང་ཉིན་སྲིབ་ཀུན་ཏུ་གནས་པའི་ལྷ་ཀླུ་གཞི་བདག་གཉན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་བཞུགས་པར་གྱུར། རང་འཕགས་པ་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དེ་དག་རྣམས་ལ་ཕོག་པས་རྒྱུད་བསྐུལ་ཏེ་བསང་མཆོད་རྒྱ་མཚོའི་མགྲོན་དུ་སྐད་ཅིག་ཉིད་ལ་ཐོགས་པ་མེད་པར་བྱོན་ནས་རང་རང་ཇི་ལྟར་མོས་པའི་གདན་ཁྲི་ཕུན་


GTD008_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་ལ་དགྱེས་པའི་ཉམས་དང་བཅས་ཏེ་བཞུགས་པར་གྱུར། ཀྱཻ། རྨད་བྱུང་བཀྲ་ཤིས་དགེ་མཚན་ཆུ་བོ་བརྒྱ། །གཡས་སུ་འཁྱིལ་བའི་ཆུ་ལྷའི་ཕྱོགས་རོལ་ནས། །སྣང་སྲིད་སྐྱོང་བའི་ལྷ་ཆེན་འཁོར་དང་བཅས། །འདིར་བྱོན་རང་རང་དགྱེས་པའི་གདན་ལ་བཞུགས། །རིགས་ཀུན་ཁྱབ་བདག་བཞད་པའི་རྡོ་རྗེ་ཡིས། །གཞོམ་མེད་རྡོ་རྗེའི་གདངས་སུ་བསྒྲགས་པའི་བཀའ། །ཇི་ལྟར་ཁས་བླངས་དམ་ཚིག་དྲན་མཛོད་ལ། །རྣལ་འབྱོར་ཡོན་མཆོད་སྐྱོངས་ཤིག་ས་ཡ་མ། །ཞེས་དམ་ལ་བཞག །མཁའ་དང་འཛིན་མའི་དཀྱིལ་འཁོར་མ་ལུས་པ། །ཡོངས་སུ་གང་བའི་མཆོད་ཡོན་དམ་པ་འདི། །ལྷ་གཉན་ཆེན་པོ་འཁོར་དང་བཅས་ལ་འབུལ། །དགྱེས་བཞིན་བཞེས་ནས་བཅོལ་བའི་འཕྲིན་ལས་མཛོད། །ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག།།བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང༌། ཨརྒྷཾ་གྱི་གནས་སུ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ་རྣམས་བཅུག་ལ་དབུལ། མགྲོན་རྣམས་ཀྱི་སྤྱི་བོར་རྡོ་རྗེ་གསུམ་གྱི་ལྷ་ཚོགས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿ ཧཱུཾ་དང་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་གྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་དེ་དག་གི་སྡིག་སྒྲིབ་བག་ཆགས་གནོད་པའི་བསམ་སྦྱོར་ལ་སོགས་པ་ཐམས་ཅད་བྱང་ཞིང་དག་ནས་རྒྱུད་བྱིན་གྱིས་བརླབ་པར་བསམས་ཤིང་ཡིག་བརྒྱ་བཟླ། ཀ་དག་སྟོང་པའི་མཁའ་ལ་དཀར་ནག་ལས། །ཁ་དོག་མི་འདྲའི་ཚོན་རིས་མ་དམིགས་ཀྱང༌། །ག་ཤེད་འཁྲུལ་ངོར་བཀྲ་བའི་ཉེས་ལྟུང་ཀུན། །ང་རོ་དྲག་པོས་མཐོལ་ཞིང་བཤགས་པར་བགྱི། །ཅ་ཅོ་དོན་མེད་གཏམ་གྱིས་འཕྱ་


GTD008_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྨོད་སོགས། །ཆ་ཤས་ཀུན་ནས་ཐུགས་དང་འགལ་བགྱིས་ཤིང༌། །ཇ་ཆང་ཕུད་དང་གསེར་སྐྱེམས་བསང་གསོལ་སོགས། །ཉ་སྟོང་དུས་སུ་མ་བགྱིས་མཐོལ་ལོ་བཤགས། །ཏ་ཐཱ་ག་ཏའི་བསྟན་པའི་སྒོར་ཞུགས་ཀྱང༌། །ཐ་མལ་སྤྱོད་པ་བག་མེད་གྱུར་པ་ཀུན། །ད་ནི་ཉེས་པར་མཐོང་སྟེ་བཤགས་བགྱིད་ན། །ན་མ་རེར་ཡང་བྱང་ཞིང་དག་པར་མཛོད། །པ་ར་མི་ཏའི་དགོངས་དོན་ཆོས་དབྱིངས་སུ། །ཕ་མཐའ་ཡས་པའི་ཉེས་ལྟུང་སྒྲིབ་པ་ཀུན། །བ་མོའི་ཟིལ་པ་ཉི་མས་གདུངས་པ་བཞིན། །མ་ལུས་ལྷག་མེད་བྱང་ཞིང་དག་གྱུར་ཅིག །རྩ་བརྒྱུད་བླ་མ་མཆོག་གསུམ་བྱིན་རླབས་ཀྱིས། །ཚ་ཟེར་འཕྲེང་བས་འདབ་བརྒྱ་ཕྱེ་བ་བཞིན། །ཛ་ཡའི་བསྟན་སྐྱོང་འཁོར་བཅས་སྤྱན་ལམ་དུ། །ཝ་ལེར་མཆོད་པའི་དངོས་ཀུན་རྒྱས་གྱུར་ཅིག །ཞྭ་ལྷམ་བཞོན་པ་ནོར་བུའི་སྒ་སྲབ་དང༌། །ཟ་འོག་གོས་བཟང་གོ་ཁྲབ་མཚོན་ཆའི་རིགས། །འ་འུར་ཟང་ཟིང་འབྱོར་པའི་ཡོ་ལང་སོགས། །ཡ་མཚན་རྨད་བྱུང་སྤྱན་གཟིགས་ཚར་དུ་དངར། །རྭ་གདེངས་གཡག་རྒོད་གདུག་པའི་གཅན་གཟན་དང༌། །ལ་ལུང་ཀུན་ཏུ་རྒྱུ་བའི་རི་དྭགས་ཚོགས། །ཤ་རྒྱས་སྤུ་སྡུག་རྟ་ནོར་ར་ལུག་སོགས། །ས་ཆེན་ཡངས་པའི་ཁྱོན་ཀུན་བཀང་སྟེ་འབུལ། །ཧ་ཧོ་ཧྲཱིཿ ཡིས་མ་དག་སྐྱོན་སྦྱངས་ཏེ། །ཨ་མྲྀ་ཏར་བྱས་བདུད་རྩིའི་མཆོད་གཏོར་འདི། །ཧ་ལོའི་འདབ་ལྟར་ཡངས་པའི་ལྗགས་བརྐྱངས་ནས། །ཨ་ལ་ལ་ཞེས་དགྱེས་པ་ཆེན་པོས་རོལ། །ཀ་མ་ལ་དང་དྲི་ཞིམ་བདུག་པའི་སྤོས། །ཁ་དོག་གསལ་འཚེར་སྒྲོན་མེའི་ཕྲེང་བ་དང༌། །ག་བུར་དྲིས་བསྒོས་དྲི་ཆབ་ཞལ་ཟས་སོགས། །ང་རོ་སྙན་པའི་རོལ་མོར་བཅས་


GTD008_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འབུལ། །ཅ་ཅོ་གླུ་ལེན་མཛེས་པའི་གར་སྟབས་བསྒྱུར། །ཆ་ལུགས་མཛེས་ལྡན་ལྷ་ཡི་བུ་མོ་རྣམས། །ཇ་ཆང་ཕུད་ཀྱི་མཆོད་ཡོན་སྒྲེང་བྱེད་ན། །ཉ་རྒྱས་ཟླ་ལྟར་དྭངས་ཤིང་དགྱེས་པར་མཛོད། །ཏ་ལའི་འདབ་འདྲ་ལྷ་ཤུག་མཁན་པ་སོགས། །ཐ་དད་བསང་ཤིང་སྣ་ཚོགས་དུད་པའི་སྤྲིན། །ད་ལྟ་ཉིད་དུ་མཁའ་དབྱིངས་ཁྱབ་བྱེད་པ། །ན་བུན་བཞིན་དུ་གཏིབས་པའི་བསང་གིས་མཆོད། །པ་སངས་ལྟར་དཀར་ལྷག་བསམ་བདེན་སྟོབས་ཀྱིས། །ཕ་མཐའ་ཡས་པའི་མཆོད་སྤྲིན་རབ་འབྱམས་དང༌། །བ་ལིཾ་བདུད་རྩིའི་བཏུང་བ་གསེར་སྐྱེམས་སོགས། །མ་ལུས་མཆོད་པའི་ཐུགས་དམ་བསྐང་གྱུར་ཅིག །ཙ་ཏུར་འཕྲིན་ལས་འབར་བའི་འོད་སྟོང་གི །ཚ་ཟེར་ཕྲེང་བའི་རྒུད་པའི་མུན་པ་བཟློག །ཛ་ལང་རབ་རྒྱས་གདུག་པའི་དམག་ཇག་དང༌། །ཝ་ལྟར་འཇབ་པ་རྐུན་པོའི་ཉེར་འཚེ་བཟློག །ཞྭ་སེར་བསྟན་དང་བསྟན་འཛིན་ཡོན་མཆོད་ལ། །ཟ་ངན་ཁ་ཞུགས་ལྷ་འདྲེའི་གནོད་པ་བཟློག །འ་འུར་འཁྲུག་ལོང་ནད་ཡམས་མུ་གེ་སོགས། །ཡ་ང་དུས་ཀྱི་ཆད་པ་ཐམས་ཅད་བཟློག །ར་ཧུ་ལ་དང་བཙན་བདུད་མ་མོ་སོགས། །ལ་འུར་སྲོག་ལ་རྒོལ་བའི་གནོད་པ་བཟློག །ཤ་ཟ་མཁའ་འགྲོའི་ཆོ་འཕྲུལ་བྱད་ཕུར་སོགས། །ས་སྟེང་མི་དང་མི་མིན་གྱིས་བསྒྲུབས་པ། །ཧ་ལའི་དུག་འདྲ་གནོད་པའི་རིགས་བཟློག་སྟེ། །ཨ་མྲྀ་ཏ་མཚུངས་དངོས་གྲུབ་ཆར་དུ་བསྙིལ། །ཞེས་བསྐང་བཤགས་བཟློག་པ་རྣམས་བྱ། དཀར་གཏོར་ཟུར་དུ་འབུལ་བར་འདོད་ན། བསང་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་འོད་དུ་ཞུ་བ་ལས་ལྷའི་ཞལ་ཟས་དྲི་རོ་ཕུན་སུམ་ཚོགས་པ་མཆོད་ཡུལ་རྣམས་ལ་བདེ་དགའ་ཁྱད་པར་ཅན་བསྐྱེད་པའི་


GTD008_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་དང་ལྡན་པར་གྱུར། ཨོཾ་བྷུ་མི་པཱ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་སོགས་ཀྱིས་དབུལ། བསྟོད་བསྐུལ་ནི། ཀ་མ་ལར་སྐྱེས་རིག་འཛིན་ཡོངས་ཀྱི་རྗེ། །ཁ་བ་ཅན་ལྗོངས་བསྟན་པའི་དཔལ་དུ་གྱུར། །ག་ན་གནས་ཀྱང་སྡེ་བརྒྱད་གདུག་པའི་ཚོགས། །ང་རྒྱལ་རི་བོ་འཇོམས་མཛད་དེ་ཡིས་སྐྱོངས། །ཅ་ཅོའི་གླུ་ལེན་ལྷ་ཀླུའི་འཁོར་གྱིས་བསྐོར། །ཆ་ཤས་ཀུན་ཚང་འབྱོར་པའི་དཔལ་གྱིས་བརྗིད། །ཇ་སོགས་མཆོད་པ་ལྷུར་ལེན་སྦྱིན་བདག་རྣམས། །ཉ་གང་ཟླ་བཞིན་རྒྱས་མཛད་ཁྱོད་ལ་བསྟོད། །ཏ་ཐཱ་ག་ཏའི་བསྟན་པ་རིན་ཆེན་ཡང༌། །ཐ་མའི་དུས་འདིར་སྲི་ཞུ་ལ་ལྟོས་ཕྱིར། །ད་ནས་བཟུང་སྟེ་ཡོན་བདག་མི་ནོར་ཀུན། །ན་ཚ་ལ་སོགས་ཉེར་འཚེ་ཀུན་ལས་སྲུངས། །པ་ཏྲའི་དབྱིབས་མཚུངས་གྱ་གྱུའི་ཟོལ་སྦྱོར་སོགས། །ཕ་རོལ་བསམ་ངན་འཆང་བའི་དགྲ་སྡེ་ཀུན། །བ་དན་འཕྱར་བའི་དམག་དཔུང་རུ་མཚོན་གྱིས། །མ་ལུས་བཅོམ་སྟེ་རྗེས་མེད་རླུང་ལ་བསྐུར༌། །རྩྭ་ཤིང་ལོ་འབྲས་སྨིན་པ་ས་ཡི་བཅུད། །ཚ་གྲང་ཆུ་ཆར་སྙོམས་པ་ནམ་མཁའི་གཤིས། །ཛ་ཡས་ལེགས་བསྔགས་དགེ་བཅུའི་སྤྱོད་པ་སོགས། །ཝ་ལེར་འཛོམས་པ་སྡེ་བཞིའི་དགའ་སྟོན་སྤེལ། །ཞྭ་སེར་བསྟན་པའི་རྒྱལ་མཚན་མདོ་དང་སྔགས། །ཟ་འོག་དར་གྱི་ཤམ་བུ་རིམ་བརྩེགས་ཤིང༌། །འ་འུར་གྲགས་པའི་གཡེར་ཁ་འཁྲོལ་བ་ཡི། །ཡ་མཚན་རྨད་བྱུང་ཀུན་དགའ་རྒྱས་པར་མཛོད། །རྭ་གདེངས་རྡོ་རྗེ་འབར་བའི་ཕྱག་རྟགས་རྒྱ། །ལ་ལུང་སྡེ་བརྒྱད་ཀུན་གྱི་སྤྱི་བོའི་གཙུག །ཤ་རྗེན་རི་མོར་བཞག་པའི་གཡར་དམ་བཞིན། །ས་སྟེང་བསྟན་དང་ཡོན་


GTD008_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་འཁོར་བཅས་སྐྱོངས། །ཧ་ས་བཛྲའི་བཀའ་ལས་མ་འདའ་བར། །ཨ་ཡི་ཡུལ་གྱི་དགོན་ཆེན་ལྷ་འབངས་བཅས། །ཧ་ལོའི་འདབ་ལྟར་སྲིད་འབྱོར་རབ་རྒྱས་ཤིང༌། །ཨ་མྲྀ་ཏ་མཚུངས་ཆོས་སྤྱོད་འཕེལ་བར་མཛོད། །ཡི་གེ་བརྒྱ་བ་བརྗོད་ཅིང༌། མ་རྙེད་ཡོངས་སུ་མ་ཤེས་དང༌། །ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། མགྲོན་རྣམས་རང་གནས་སུ་གཤེགས་པར་བསམས་ལ། ཆེ་བའི་ཆེ་མཆོག་མ་སོགས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །སྨྲས་པ། དཀར་ཕྱོགས་སྐྱོང་བའི་མཐུ་ཆེན་ལྷ། །སྡིག་དང་མ་འདྲེས་བསང་མཆོད་ཀྱིས། །བརྔན་ཞིང་དཀར་པོའི་ལས་བཅོལ་བ། །སྦྱོར་བ་བཞི་ལྡན་ཐབས་སུ་བསྔགས། །དེ་ཡི་ཆོ་ག་འདི་བྲིས་པའི། །དགེ་བས་ཡུལ་ཁམས་མི་ནོར་ཀུན། །ཕན་བདེའི་དཔལ་གྱིས་རབ་མཛེས་ཤིང༌། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་པ་འདི་ནི་སྦྱིན་པའི་བདག་པོ་སྟག་རིང་གནམ་ཁོ་སོགས་ཀྱིས་ཡུལ་ལྷ་ཁྱུང་རྩེའི་བསང་མཆོད་རྒྱས་པ་ཞིག་དགོས་ཚུལ་ནན་ཆེར་བསྐུལ་བ་ལྟར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ཕུན་ཚོགས་འདོད་དགུར་འཆར་བའི་བདེ་བ་ཆེ། །དག་པ་འོད་གསལ་དབྱིངས་སུ་འགྱུ་བའི་གར། །མགྲོན་རྣམས་མ་ལུས་དགྱེས་བྱེད་མཆོད་སྤྲིན་དངོས། །གྲུབ་པར་མཆོག་གསུམ་བདེན་པས་བྱིན་གྱིས་རློབས། །སྣང་སྲིད་དྲེགས་པའི་ཁྲོད་ན་མཐུ་དང་རྩལ། །མི་དམན་ལྷ་ཆེན་མེར་རུ་བློན་འཁོར་བཅས། །བསང་མཆོད་རྒྱ་མཚོའི་མགྲོན་དུ་འདིར་བྱོན་ཏེ། །མཆོག་ཏུ་རབ་དགའ་དགྱེས་བཞིན་བརྟན་པར་བཞུགས། །དཀར་མངར་སྦྱར་བ་བཟའ་བཏུང་བཏུང་བའི་ཕུད། །གནག་རྟ་ར་ལུག་གཅན་གཟན་གོ་མཚོན་ཚོགས། །བསང་ཤིང་སྨན་སྣ་བསྲེགས་པའི་བསང་


GTD008_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བཅས། །མཆོད་སྤྲིན་རྒྱ་མཚོ་བསྟར་རོ་དགྱེས་པར་རོལ། །མ་ཚང་མེད་པའི་མཆོད་སྦྱིན་རྒྱ་མཚོ་འདི། །སྔ་མའི་འཕྲིན་ལས་བསྒྲུབས་པའི་གཏང་རག་དང༌། །ཕྱི་མའི་ལེགས་སོར་འབུལ་ལོ་བཞེས་མཛོད་ལ། །ཆད་མཐུད་ཡོ་བ་སྲོང་ཞིང་བརྗེད་པ་སྐུལ། །རིག་འཛིན་རྩ་བརྒྱུད་བླ་མས་བཀའ་བསྒོས་བཞིན། །བསྟན་ལ་དགའ་བའི་དཀར་ཕྱོགས་ལྷ་ཁྱོད་ཀྱིས། །བྱ་བའི་འཁོར་ལོ་གཙུག་ལག་ཁང་ཆེན་འདིའི། །མཐུན་རྐྱེན་གང་དགོས་སྒྲུབ་པའི་སྡོངས་གྲོགས་མཛོད། །འགྲོ་འདུག་སྤྱོད་ལམ་འཁྲུལ་བ་ཅི་བྱུང་ཡང༌། །མ་ཡིས་བུ་བཞིན་བཟོད་པས་བརྩེར་དགོངས་ཏེ། །ཕྱི་དང་ནང་གི་ཉེར་འཚེ་ཐམས་ཅད་ལས། །སྲུང་ཞིང་སྐྱོབ་པའི་འཕྲིན་ལས་མ་གཡེལ་ཞིག །ཡུལ་ཕྱོགས་འདིར་ཡང་སད་སེར་ཐན་པ་སོགས། །མི་འདོད་ཉེར་འཚེའི་རྒུད་པའི་སྨག་བཅོམ་སྟེ། །ཕན་བདེའི་ཉིན་བྱེད་དགུང་ནས་གསལ་བ་ཡིས། །དགའ་བའི་རྐང་དྲུག་གླུ་དབྱངས་བཞད་པར་མཛོད། །ཅེས་པ་འདི་ནི་བསྟན་པའི་རྩ་ལག་དམ་པ་ཟམ་ཚ་གསེར་ཁྲི་རིན་པོ་ཆེ་ནས་འདི་ཀར་རྒྱལ་བ་སེང་གེའི་ང་རོའི་ལྷ་ཁང་བཞེང་རྒྱུའི་དོན་དུ་མེར་རུའི་ནགས་ནས་ཤིང་ཆ་ལེན་སྐབས། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་བཛྲ་བྷཻ་ར་ཝཱ་ཡ། དཀར་གསུམ་མངར་གསུམ་དྲི་བཟང་སྨན་སྤོས་སོགས་ཀྱི་བསང་མཆོད་དཀར་གཏོར་དང་བཅས་པ་བཤམ། སྐྱབས་སེམས་སྔོན་དུ་བཏང༌། རང་གཤིན་རྗེའི་གཤེད་ཀྱི་ང་རྒྱལ་ལ་གནས་པས། ཀྱཻ། བདེ་ཆེན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །བདེ་ལེགས་ཀུན་སྩོལ་བླ་མ་མཆོག་གསུམ་དང༌། །བདག་སོགས་སྐྱོང་བའི་ཡུལ་ལྷ་གཉན་པོ་རྣམས། །བདག་གིས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཁྱད་


GTD008_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡུལ་འདི་ཆོས་སྲིད་དགེ་མཚན་གྱིས། །ཁྱབ་མཛད་བ་ཡན་སཱ་དག་ནོ་མོ་ཧོང༌། །ཐུ་ཁུམ་ཏུ་ཐུ་ཐུ་མིད་ཅིར་གཡང་ཐུ། །ཐམས་ཅད་ཐོགས་མེད་ཐུགས་རྗེས་གནས་འདིར་གཤེགས། །མ་རྟོགས་འཁྲུལ་བས་ནོངས་པ་གང་བགྱིས་པ། །མ་ལུས་སྙིང་ནས་བཤགས་སོ་བཟོད་པ་བཞེས། །མཆོད་པའི་སྤྲིན་ཕུང་མ་ཚང་མེད་པ་འདིས། །མཆོག་གསུམ་ཡུལ་ལྷའི་ཚོགས་བཅས་དགྱེས་གྱུར་ཅིག །དྲི་མེད་འོད་འབར་རིན་ཆེན་སྣོད་ཡངས་སུ། །དྲི་ཞིམ་རོ་བདའ་བཟའ་བཏུང་སྣ་ཚོགས་དང༌། །བསང་ཤིང་སྨན་སྣ་སྣ་ཚོགས་སྦྱར་བ་ཡི། །བསང་མཆོད་རྒྱ་མཚོས་མཆོད་དོ་དགྱེས་པར་རོལ། །མི་འདོད་ཉེར་འཚེ་མིང་གི་ལྷག་མར་མཛོད། །མི་ནོར་ལོངས་སྤྱོད་མ་ལུས་གོང་དུ་སྤེལ། །ཚེ་དཔལ་སྙན་གྲགས་ཕུན་སུམ་ཚོགས་པ་ཡི། །ཚད་མེད་དངོས་གྲུབ་དགའ་སྟོན་ཚང་བར་སྩོལ། །སད་སེར་ཐན་པ་ལ་སོགས་རྒུད་པའི་མུན། །སངས་ཏེ་བདེ་སྐྱིད་ཉི་མ་དགུང་ནས་ཤར། །རྗེ་འབངས་ཆོས་སྲིད་འབྱོར་བ་རྫོགས་ལྡན་གྱི། །རྗེས་འགྲོ་ཆབ་སྲིད་མངའ་ཐང་དར་བར་མཛོད། །མདོར་ན་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ་པ་དང༌། །རྒྱལ་བ་གཉིས་པའི་ལུང་རྟོགས་དམ་ཆོས་ཀྱི། །རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས་གྱུར་ཅིག །ཅེས་པ་འདི་ནི་ཕ་རོན་སུ་ཉིད་ཤོག་ནས་དད་གཏོང་བློ་གྲོས་སོགས་ཀྱི་རྒྱན་དང་ལྡན་པ་ཐོ་ཡོན་རབ་གསལ་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ བླ་མ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ལྷ་ཆེན་དགྲ་འདུལ་དབང་བོའི་བསང་མཆོད་བྱ་བར་འདོད་པའི་གང་ཟག་གིས་མཆོད་གཏོར་སྤྱན་གཟིགས་སྨན་སྣ་དྲི་བཟང་སྦྱར་བའི་བསང་མཆོད་སོགས་འདུ་བྱས་ལ། སྐྱབས་སེམས་སྔོན་དུ་


GTD008_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཏང༌། རང་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པའི་སྒོ་ནས། ཀྱཻ། པ་ཏྲ་ནོར་བུའི་རྒྱན་སྤྲས་གཞལ་མེད་ཁང༌། །ཕ་མཐའ་མི་མངོན་འབྱོར་བའི་སྤྲིན་གཏིབས་ཤིང༌། །བ་དན་འཕྱང་འཕྲུལ་དར་གྱི་ལྡ་ལྡི་སོགས། །མ་ཚང་མེད་པས་རབ་མཛེས་ཕོ་བྲང་ནས། །པ་སངས་ལྟར་དཀར་དགྱེས་པའི་འཛུམ་ལྡན་ཡང༌། །ཕ་རོལ་དགྲ་སྡེ་འཇོམས་པའི་དྲག་ཤུལ་ཅན། །བ་རིན་གནས་བདག་དགྲ་འདུལ་དབང་པོ་ཆེ། །མ་ལུས་འཁོར་ཚོགས་དང་བཅས་གནས་འདིར་གཤེགས། །པ་ར་མི་ཏའི་དབྱིངས་སུ་སྤྲོས་བྲལ་ཡང༌། །ཕ་རོལ་མཐོང་མིན་ཉེས་སྤྱོད་ནོངས་པ་ཀུན། །བ་མོའི་ཟིལ་བ་ཉི་མས་གདུངས་པ་ལྟར། །མ་བཅོས་རང་བཞིན་དག་པའི་ངང་དུ་བཤགས། །པཉྩ་འདོད་པའི་ཡོན་ཏན་ཀུན་རྫོགས་ཤིང། །ཕ་མཐའ་ཡས་པའི་མཆོད་གཏོར་རྒྱ་མཚོ་འདིས། །བ་རིན་གནས་བདག་ཆེན་པོའི་ཐུགས་དམ་བསྐང༌། །མ་ལུས་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབས། །པ་ཏ་ཀ་སོགས་ཡིད་འོང་སྤྱན་གཟིགས་དང༌། །ཕ་ལམ་རྡོ་རྗེའི་གོ་མཚོན་འབར་བ་ཡིས། །བ་རིན་གནས་བདག་ཆེན་པོའི་ཐུགས་དམ་བསྐང༌། །མ་ལུས་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབས། །པ་སངས་ལྟར་དཀར་ཅང་ཤེས་རྟ་དང་ལུག །ཕ་བོང་གཡོ་འདྲ་བརྗིད་པའི་གནག་གི་ཁྱུས། །བ་རིན་གནས་བདག་ཆེན་པོའི་ཐུགས་དམ་བསྐང༌། །མ་ལུས་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབས། །པ་ཏྲ་ལྟར་འཁྱིལ་བསང་ཤིང་དུད་པའི་སྤྲིན། །ཕ་རོལ་ནམ་མཁའི་ཁྱོན་ཀུན་འགེངས་པ་འདིས། །བ་རིན་གནས་བདག་ཆེན་པོའི་ཐུགས་དམ་བསྐང༌། །མ་ལུས་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབས། །པ་ད་སྤྱི་བོར་བསྟེན་ཅིང་


GTD008_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གུས་མཆོད་ན། །ཕ་ལྟར་བྱམས་ཤིང་འགལ་རྐྱེན་བཟློག་པ་དང༌། །བ་སྤུ་གཡོ་བའི་གདུང་ཤུགས་དྲག་པོ་ཡིས། །མ་ལྟར་བརྩེ་ཞིང་ཟས་ནོར་ལོངས་སྤྱོད་སྩོལ། །པ་བ་སངས་ལྟར་དཀར་གསལ་བརྗིད་པའི་སྐུ། །ཕ་རོལ་དགྲ་སྡེའི་སྙེམས་པ་འཕྲོག་པའི་གསུང༌། །བ་རིན་ལྗོངས་འདིར་ལྷག་པར་བརྩེ་བའི་ཐུགས། །མ་ལུས་དངོས་གྲུབ་གཏེར་ཆེན་ཁྱོད་ལ་བསྟོད། །པཱུ་ཛ་བསང་མཆོད་རྒྱ་མཚོ་འདི་བཞེས་ཏེ། །ཕུ་མདའ་ཟས་ནོར་བཅུད་ཀྱིས་འགེངས་པ་དང༌། །བུ་རྒྱུད་ཚེ་དཔལ་མངའ་ཐང་སྙན་གྲགས་སོགས། །མུ་མཐའ་ཡས་པའི་དགེ་ལེགས་ཆར་དུ་སྙིལ། །པདྨའི་དགའ་ཚལ་ཉི་མས་ཕྱེ་བ་བཞིན། །ཕན་དང་བདེ་བའི་དགེ་མཚན་འབུམ་བཞད་ཅིང༌། །བར་དུ་གཅོད་པའི་བགེགས་ཚོགས་ཀུན་ཞི་ནས། །མ་ལུས་ལེགས་ཚོགས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་རིན་གྱི་གཞི་བདག་ལྷ་ཆེན་དགྲ་འདུལ་དབང་པོའི་གསོལ་མཆོད་དང་བསྐང་བཤགས་བསྟོད་པ་ཀུན་ཚང་བ་འདི་ལྟ་བུ་ཞིག་དགོས་ཞེས་དད་ལྡན་སྦྱིན་བདག་ཨ་ཀེ་སཻན་ཇི་ཡཱ་ཐུས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ཧྲཱིཿ ལེགས་བྱས་ཀློང་འཁྱིལ་ཕུན་ཚོགས་འབྱོར་བའི་རླབས། །འབུམ་འགྱེད་གཞལ་ཡས་རང་བཞིན་རི་བོ་ལས། །ལྷ་གཉན་སྐུ་བླ་མཆེད་གསུམ་ཡུམ་སྲས་བློན། །འབངས་འཁོར་འབུམ་བཅས་འདིར་གཤེགས་བརྟན་པར་བཞུགས། །ཁྱོད་ཐུགས་དགྱེས་བྱེད་ཏིང་འཛིན་སྒྱུ་མའི་འཕྲུལ། །གནག་རྟ་གཅན་གཟན་རི་དྭགས་ར་དང་ལུག །གསེར་དངུལ་དར་ཟབ་གོ་མཚོན་སྣ་ཚོགས་དང༌། །ཇ་ཆང་ཕུད་དང་བསངས་མཆོད་རྒྱ་མཚོ་འདིས། །མཆོད་དོ་བཞེས་ལ་པདྨ་ཀཱ་ར་ཡི། །བཀའ་རྟགས་རྡོ་རྗེའི་རྒྱ་ལས་མ་འདའ་བར། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང༌། །དགྲ་སྡེའི་དཔུང་


GTD008_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་གཉེན་གྱི་ཁ་འཛིན་མཛོད། །མདོར་ན་བདག་ཅག་མི་ནོར་ལྟོས་བཅས་ཀུན། །གཏད་དོ་གཉེར་རོ་ལྷ་གཉན་འཁོར་དང་བཅས། །དམ་བཞག་དུས་ལ་བབས་ཀྱིས་དམ་མ་དྲལ། །མཐུ་རྩལ་དུས་ལ་བབས་ཀྱིས་མཐུ་མ་ཆུང༌། །གཞི་ལམ་བྱེས་ཀྱི་འཇིགས་པ་ཀུན་སྲུང་ལ། །མཐུན་རྐྱེན་ཚེ་དཔལ་སྟོབས་འབྱོར་རིགས་རྒྱུད་སོགས། །ལེགས་ཚོགས་མ་ལུས་འདོད་དགུར་དཔྱིད་འཇོ་བའི། །བཀྲ་ཤིས་སྙེ་མ་གཡུར་དུ་ཟ་བར་མཛོད། །ཅེས་སྐུ་བླའི་གསོལ་མཆོད་མདོར་བསྡུས་འདི་ཡང་རང་གི་དཔོན་པོ་མི་སྡེ་བཅས་ཀྱིས་བསྐུལ་ངོར། ཆོས་སྨྲ་བ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྨ་འགྲམ་ནས་བྲིས། །༈ ན་མོ་ལོ་ཀེ་ཤྭ་རཱ་ཡ། བསང་རྫས་རྣམས་འདུ་བྱས་ལ་སྐྱབས་སེམས་སྔོན་དུ་བཏང༌། རང་ལྷའི་རྣལ་འབྱོར་ལ་གནས་པས་བསང་རྫས་བྱིན་གྱིས་བརླབས་ཏེ། ཀྱཻ། དགེ་ལེགས་འདོད་དགུའི་གྲུ་ཆར་འཇོ་བ་ཡི། །མཆོག་གསུམ་ཐུགས་རྗེའི་ཆུ་འཛིན་དཀར་པོའི་འཕྲེང༌། །སྲིད་ཞིའི་གདུང་བ་སེལ་བའི་གྲིབ་བསིལ་གྱིས། །སྣོད་བཅུད་བརྟན་གཡོ་ཀུན་ལ་བྱིན་ཕོབ་ཅིག །དགེ་བཅུའི་དཔལ་འབར་ས་ཡི་ཐིག་ལེ་མཆོག །མཁོ་དགུའི་འབྱོར་པ་རྫོགས་ལྡན་སྤྲིན་བཞིན་གཏིབས། །ནང་དུ་རིན་ཆེན་བྱེ་བའི་གཞལ་མེད་ཁང༌། །ཉི་མ་སྟོང་ཕྲག་འོད་ཀྱི་རྩེ་དགའ་འགྱེད། །དེ་ན་ཡངས་པའི་ལྗོངས་འདི་སྐྱོང་མཛད་པའི། །ལྷ་ཡི་དགེ་བསྙེན་བ་ཡན་མུང་ཁེ་ཞེས། །དྲག་རྩལ་མཐུ་དང་ལྡན་པའི་ལྷ་གཉན་ཆེ། །ཡུམ་སྲས་བློན་འབངས་ཚོགས་དང་བཅས་པ་བཞུགས། །དེ་རིང་བསང་མཆོད་རྒྱ་མཚོའི་མགྲོན་དུ་འབོད། །རྣལ་འབྱོར་འཕྲིན་ལས་སྒྲུབ་པའི་གྲོགས་སུ་འབོད། །དཔལ་འབྱོར་མངའ་ཐང་སྤེལ་བའི་གཡང་དུ་འབོད། །མཐུ་དང་རྫུ་འཕྲུལ་


GTD008_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ལ་འདིར་གཤེགས་ཤིག །ཡིད་འཕྲོག་བལྟ་ན་སྡུག་པ་མཛེས་པའི་གཟུགས། །རྣ་བའི་བདུད་རྩིར་འཇོ་བ་སྙན་པའི་སྒྲ། །སིམ་བྱེད་མངར་བའི་བསུང་ཞིམ་འཐུལ་བའི་དྲི། །ལུས་ཟུངས་རྒྱས་བྱེད་བཟའ་བཅའ་བཏུང་བའི་རོ། །འཇམ་མཉེན་བདེ་སྟེར་ལྷ་རྫས་རེག་བྱར་བཅས། །འདོད་ཡོན་ལྔ་ལྡན་མཆོད་ཚོགས་རྒྱ་མཚོ་དང༌། །གཞན་ཡང་གནག་ཕྱུགས་གོ་མཚོན་ནོར་འབྲུ་སོགས། །སྤྱན་གཟིགས་མཆོད་སྤྲིན་ནམ་མཁའ་བཀང་སྟེ་འབུལ། །ཁྱད་པར་སྨན་དང་དྲི་བཟང་མཐའ་ཡས་པ། །བསྲེགས་པའི་དུད་སྤྲིན་བཻ་ཌཱུར་མཆོད་སྡོང་ངམ། །དབྱར་སྐྱེས་སྤྲིན་སྔོན་བཞིན་དུ་གཏིབས་པ་ཡིས། །ལྷ་ཡི་དགེ་བསྙེན་ཆེན་པོ་འཁོར་བཅས་བསང༌། །ཉེས་པ་ཀུན་སེལ་བསང་མཆོད་བདུད་རྩི་ཡིས། །རྐོ་རློག་ཐབ་གཞོབ་ཉམས་ཆག་མནོལ་བ་སོགས། །ལྷ་ཆེན་ཐུགས་དང་འགལ་བགྱིས་ནོངས་པ་ཀུན། །སངས་ཞིང་དག་ནས་བདེ་དགས་ཚིམ་གྱུར་ཅིག །སྡང་དགྲ་གནོད་པའི་བགེགས་ཀྱི་དཔུང་ཚོགས་ཆོམས། །མི་དང་ཕྱུགས་ཀྱི་ནད་རིམས་བར་ཆད་སོལ། །སད་སེར་ཐན་པ་འབྱུང་བའི་ཉེར་འཚེ་ཟློག །མི་མཐུན་གཡུལ་ལས་རྒྱལ་བའི་བ་དན་ཕྱོར། །ཟས་ནོར་ལོངས་སྤྱོད་དབྱར་གྱི་མཚོ་བཞིན་རྒྱས། །མངའ་ཐང་རིགས་རྒྱུད་ཡར་ངོའི་ཟླ་བཞིན་འཕེལ། །ཐུབ་བསྟན་བཤད་སྒྲུབ་ཉི་མའི་འོད་བཞིན་གསལ། །སྡེ་བཞིའི་དཔལ་འབྱོར་རྒྱས་པའི་འཕྲིན་ལས་མཛོད། །མདོར་ན་རྩ་བརྒྱུད་བླ་མའི་བཀའ་ལུང་བཞིན། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་ཡིས། །བདག་ཅག་ཡོན་མཆོད་ཀུན་གྱི་གྲོགས་མཛད་དེ། །ལེགས་ཚོགས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །ཅེས་ཨ་བ་ག་ཤོག་གི་གཞི་བདག་ཆེན་པོ་བ་ཡན་


GTD008_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མུན་ཁའི་བསང་མཆོད་རྫོགས་ལྡན་སྤྲིན་ཕུང་ཞེས་བྱ་བ་འདི་ནི་དད་བརྩོན་བློ་གྲོས་ཀྱི་ནོར་དང་ལྡན་པ་ཐོ་ཡོན་གུ་ཤྲཱི་བློ་བཟང་ཚུལ་ཁྲིམས་ཀྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་དགེ་ལེགས་འཕེལ། །༈ ན་མོ་བཛྲ་བྷཻ་ར་ཝཱ་ཡ། བསང་རྫས་རྣམས་འདུ་བྱས་ཏེ། རང་ལྷའི་ང་རྒྱལ་གྱི་གདེང་དང་ལྡན་པས། ཀྱཻ། ཕུལ་བྱུང་དགེ་བཅུའི་ལང་ཚོ་དར་བ་ཡི། །ཡངས་པའི་ལྗོངས་འདིར་གཉུག་མར་གནས་འཆའ་བ། །ལྷ་ཀླུ་གཞི་བདག་གཉན་པོ་འཁོར་བཅས་དང༌། །ཁྱད་པར་དཀར་ཕྱོགས་སྐྱོང་བའི་མཐུ་བོ་ཆེ། །ལྷུན་ཆགས་བཀྲ་ཤིས་བ་ཡན་ཨོ་བོ་གཱ། །ཙིནྟ་མན་ཐུ་ཧོན་གོར་ཐེ་ཁཻ་ཅོང༌། །བཀྲ་ཤིས་མུ་རུན་ཆོས་གྲ་ཨོ་བོ་གཱ། །ཆ་གཱན་མན་ཏཀ་ཧར་གན་ཐུའི་ཙོ་དང༌། །ཨུན་འདུར་མུན་ཐུ་ནོམ་གན་ཨུན་འདིར་བཅས། །ཨུན་འདུར་པོ་རཱ་ཆུ་མིག་འོར་ཀི་ཁུ། །ཨེར་དེན་ཆོག་ཚ་ཨེར་དེན་ཐོ་ལོ་གེ །ཨོ་ཆིར་ཆོག་ཚ་བུར་ཧན་ཐུ་གུ་ལ། །ཨུལ་ཅོས་ཐོ་ཧོས་ན་མུག་ཝར་ཙང་གོའུ། །ཤ་ར་ཧ་ད་ཤ་ར་ཐ་ལ་ཆེ། །ན་རཻན་བུ་ལག་ཨུན་འདེར་ཨུལ་ཅོས་ཐུ། །ཆ་ཀང་ཞིར་ཀེ་བ་ཡན་ཧ་ར་དང༌། །ཨའི་བ་ག་གོལ་པོམ་པ་བཀྲ་ཤིས་གླིང༌། །སོགས་གནས་བསྟན་ལ་དགའ་བའི་ཡུལ་ལྷ་རྣམས། །མ་ཐོགས་དམ་ཚིག་དབང་གིས་འདིར་གཤེགས་ཏེ། །བསང་མཆོད་རྒྱ་མཚོའི་མགྲོན་དུ་བརྟན་པར་བཞུགས། །ཡིད་འོང་མཆོད་སྤྲིན་བཀོད་པ་མཐའ་ཀླས་པས། །ས་གཞི་བར་སྣང་ནམ་མཁའི་ཁྱོན་གང་ཞིང༌། །ཁྱད་པར་བཻ་ཌཱུརྻ་ཡི་མཆོད་སྡོང་གི །རྗེས་འགྲོ་དྲི་ཞིམ་སྤོས་ཀྱི་དུད་སྤྲིན་འདིས། །ལྷ་གཉན་ཆེན་པོ་འཁོར་དང་བཅས་རྣམས་ཀྱི། །ཉམས་ཆག་ཉེས་པའི་དྲི་མ་ཀུན་བྱང་སྟེ། །ཕུལ་


GTD008_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་དགའ་བདེའི་འདབ་ཕྲེང་བཞད་པའི་དབུས། །ཡིད་ཀྱི་རེ་བའི་འབྲས་བཟང་སྨིན་གྱུར་ཅིག །ཁྱད་པར་སད་སེར་ཐན་པ་མུ་གེ་དང༌། །ནད་ཡམས་འཁྲུག་ལོང་ལ་སོགས་རྒུད་པའི་རིགས། །མྱུར་དུ་ཞི་ནས་ཆོས་འབྱོར་དགའ་སྟོན་གྱི། །རྫོགས་ལྡན་གསར་བའི་རྩེ་དགའ་རྒྱས་པར་མཛོད། །མདོར་ན་བདག་ཅག་མི་ནོར་ལྟོས་བཅས་ཀུན། །ལྷ་གཉན་འཁོར་དང་བཅས་ལ་གཉེར་གཏད་ན། །འགལ་རྐྱེན་ཀུན་ཞི་ལེགས་ཚོགས་མ་ལུས་པ། །དབྱར་མཚོ་ལྟ་བུར་རྒྱས་པའི་སྡོངས་གྲོགས་མཛོད། །ཅེས་མིང་གན་ཕྱོགས་ཀྱི་ཡུལ་ལྷའི་གསོལ་མཆོད་འདིའང་དགེ་སློང་བློ་བཟང་བརྩོན་འགྲུས་ཀྱིས་བསྐུལ་ངོར། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་བཛྲ་བྷཻ་ར་ཝཱ་ཡ། དེའང་བསང་རྫས་དངོས་གཙང་ཞིང་རྒྱ་ཆེ་བ་དང༌། དཀར་གསུམ་གྱིས་བརྒྱན་པའི་གཏོར་མ། རྔ་སིལ་སོགས་སྟ་གོན་ལེགས་པར་བྱས། སྐྱབས་སེམས་སྔོན་དུ་བཏང༌། རང་སྐད་ཅིག་གིས་ལྷར་བསྐྱེད་ཅིང་བསང་རྫས་བྱིན་གྱིས་བརླབས་ནས། ཀྱཻ། ཀ་བིའི་སྟག་རྩེ་རྩེ་རྒྱལ་ནག་ཡུ་སོགས། །ཁ་རྗེ་དབང་ཐང་དཔལ་བསྐྱེད་ཡུལ་གྱི་ལྷ། །ག་ཤེད་མི་མངོན་དབྱིངས་ན་བཞུགས་པ་ཀུན། །ང་ཡིས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཅོ་ཅོའི་དབྱངས་དང་རོལ་མོ་འབྲུག་ལྟར་སྒྲོགས། །ཆ་ཤས་ཀུན་རྫོགས་གཏོར་མ་རི་ལྟར་སྤུངས། །ཇ་ཆང་དཀར་གསུམ་རྒྱ་མཚོ་ལྟར་བསྐྱིལ་ཏེ། །ཉ་རྒྱས་ཟླ་ལྟར་དྭངས་པའི་ཡིད་ཀྱིས་དབུལ། །ཏ་ལའི་འདབ་འདྲ་ལྷ་ཤུག་སྔོན་མོ་སོགས། །ཐ་དད་བསང་ཤིང་སྣ་ཚོགས་དུད་པའི་སྤྲིན། །ད་ལྟ་ཉིད་དུ་ལྷ་ལམ་འགེངས་བཟོད་པ། །ན་བུན་སྔོན་པོའི་ཕྲེང་ལྟར་གཏིབས་ཏེ་འབུལ། །པ་སངས་ལྟར་དཀར་མཆེ་གཙིགས་རྒྱ་སྟག་སོགས། །ཕ་རོལ་འཇོམས་པའི་གཅན་གཟན་སྣ་ཚོགས་དང༌། །བ་གླང་ཅང་


GTD008_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྟ་དང་ར་ལུག་སོགས། །མ་ལུས་སྤྱན་གཟིགས་ཚོགས་ཀྱིས་ཐུགས་དམ་བསྐང༌། །ཙ་ཏུར་འབྱུང་འཁྲུགས་གག་ལྷོག་གཉན་གཟེར་དང༌། །ཚ་བའི་རིམས་སོགས་ནད་རིགས་ཀུན་ཞི་ཞིང༌། །ཛ་ལང་རབ་རྒྱས་གདོང་ལྔའི་དབང་པོ་བཞིན། །ཝ་སྐྱེས་ལྟ་བུའི་དགྲ་ལས་རྒྱལ་བར་མཛོད། །ཞྭ་ལྟར་སྤྱི་བོའི་གཙུག་ཏུ་ཁྱོད་བཀུར་ཞིང༌། །ཟ་འོག་རྒྱལ་མཚན་བཞིན་དུ་ཁྱོད་འཕྱར་ན། །འ་འུར་ཆོ་འཕྲུལ་སྣ་ཚོགས་དཔུང་དང་བཅས། །ཡ་མཚན་འཕྲིན་ལས་ཐོགས་མེད་དུས་ལ་བབ། །རྭ་བ་བཙན་པོས་བསྐོར་བའི་སྲོག་མཁར་བཞིན། །ལ་ལུང་གང་དུ་ཉེར་འཚེ་མི་འབྱུང་ཞིང༌། །ཤྭ་འོད་རྡོལ་བཞིན་ཟས་ནོར་ལོངས་སྤྱོད་ཚོགས། །ས་འདིར་རྫོགས་ལྡན་ཀུན་དགའ་རྒྱས་པར་མཛོད། །ཧ་རི་ཙན་དན་ངད་ལྡང་བསང་མཆོད་དང༌། །ཨ་མྲྀ་ཏ་ཡི་རང་བཞིན་མཆོད་གཏོར་འདིས། །ལྷ་གཉན་འཁོར་བཅས་ཚིམ་ཞིང་དགྱེས་གྱུར་ཏེ། །འདོད་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་རོང་རུའི་ཕྱོགས་ཀྱི་ཡུལ་ལྷའི་བསང་མཆོད་ཅིག་དགོས་ཚུལ་མགོ་བ་སྙིང་གར་སོགས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། བསང་རྫས་འདུ་བྱས་ཏེ་སྐྱབས་སེམས་དང་བསང་མཆོད་བྱིན་རླབས་སྔོན་དུ་བཏང་ལ། ཧཱུཾ། རྒྱལ་མཚན་ཏོག་གི་བསམ་འཕེལ་ནོར་བུ་བཞིན། །དགེ་མཚན་སྣང་བས་ཁྱབ་མཛད་བླ་མ་ལྷ། །མཆོག་གསུམ་རྒྱ་མཚོར་བཅས་པ་འདིར་བྱོན་ཏེ། །བསང་མཆོད་འདོད་དགུ་འབྱུང་བའི་བྱིན་སྩོལ་ཞིག །དགེ་ལེགས་མཆོག་སྦྱིན་འཇིག་རྟེན་སྐྱོང་བའི་སྡེ། །ལོ་ཟླ་ཞག་དུས་ས་བདག་ཚེས་ཀྱི་ལྷ། །ཁྱད་པར་ཕོ་ལྷ་མོ་ལྷ་དགྲ་ལྷ་དང༌། །ཕ་མེས་


GTD008_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་སྐྱེས་ལྷ་ཡུལ་གྱི་ལྷ། །ཞིང་ལྷ་ཕྱུགས་ཀྱི་ལྷ་དང་ཐབ་ལྷ་སོགས། །འགོ་ཞིང་སྡོངས་གྲོགས་མཛད་པ་ཐམས་ཅད་དང༌། །གཞན་ཡང་ལྗོངས་འདིའི་གཡའ་སྤང་བྲང་གི་རི། །ནགས་ཚལ་ཕྲེང་བ་གཅོང་རོང་ལམ་གྱི་སྲང། །དལ་འབབ་ཀླུང་དང་ཆུ་མིག་ལྟེང་ཀ་མཚོ། །ནེའུ་གསིང་ཐང་དང་མཁར་ཁྱིམ་ཕྱུགས་ལྷས་སོགས། །ཀུན་ལ་གནས་བཅས་ལྷ་ཀླུ་བཙན་དང་བདུད། །དྲེགས་པའི་སྡེར་བཅས་ཡུལ་གྱི་གཞི་བདག་ཀུན། །རླུང་གི་ཤུགས་ལྟར་མྱུར་མགྱོགས་རྫུ་འཕྲུལ་གྱིས། །བསང་མཆོད་རྒྱ་མཚོའི་མགྲོན་དུ་ལེགས་བྱོན་ནས། །མཐོར་བརྩེགས་རིན་ཆེན་ཁྲི་དང་གདན་སོགས་ལ། །རབ་དགའ་རྒྱས་པས་བརྟན་པར་བཞུགས་སུ་གསོལ། །མཁོ་དགུའི་སྤྱན་གཟིགས་ཡིད་འོང་ཚར་དུ་དངར། །སྙན་འགྱུར་རོལ་མོས་རྣ་བ་བདུད་རྩིར་སྒྲུབ། །བསུང་ཞིམ་ངད་ཀྱིས་དྲི་འཛིན་སིམ་པ་བསྐྱེད། །དཀར་མངར་བཟའ་བཅའ་བཏུང་བའི་རོ་བརྒྱ་བདའ། །དར་ཟབ་པཉྩ་ལི་ཀའི་གོས་བཟང་སོགས། །རྣམ་ལྔ་འདོད་པའི་ཡོན་ཏན་རྫོགས་པ་ཡིས། །མཆོག་དམན་བར་མའི་མགྲོན་རྣམས་དབང་པོའི་ཡུལ། །ཀུན་དགའ་གསར་པའི་ལང་ཚོ་རྒྱས་གྱུར་ཅིག །ཁྱད་པར་རྟ་གདོང་མེ་ལྕེ་འགེམ་བཟོད་པའི། །བྱིན་ཟར་བརྒྱ་ཕྲག་སྨན་དང་ཤིང་སྣ་སོགས། །བསྲེག་པའི་དུད་སྤྲིན་འདོད་དགུར་འཆར་བ་ཡིས། །སྣང་བ་བདེ་དགའ་བསྒྱུར་བས་རོལ་གྱུར་ཅིག །གཙང་མར་སྦྱར་བའི་བསང་གི་དག་བྱེད་འདིས། །བག་མེད་སྤྱོད་པས་ཐབ་གཞོབ་རྐོ་རློག་སོགས། །མི་གཙང་གྲིབ་དང་ཉམས་ཆག་ཉེས་པ་ཀུན། །དྲི་བྲལ་ཤེལ་གོང་བཞིན་དུ་དག་པར་མཛོད། །རང་སྤྱོད་མི་དགེའི་རླུང་གིས་བུས་པ་ལས། །ཕྱི་རོལ་ནད་


GTD008_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལྟོ་འགྲོ་ཁྲོས་པ་ཡི། །དུག་རླབས་གག་ལྷོག་འབྲུམ་སོགས་མི་ཕྱུགས་ཀྱི། །ནད་རིམས་ཉེར་འཚེ་མ་ལུས་ཞི་བར་མཛོད། །ཕན་བདེ་འཕྲོག་བྱེད་མི་དང་མི་མིན་གྱི། །གནོད་པས་མི་བརྫི་འཕང་མཐོའི་དཔལ་གྱི་འདབ། །མངའ་ཐང་ཚེ་དཔལ་ཕྱྭ་གཡང་རྒྱས་པའི་རྩེར། །བག་ཡོད་དགེ་བཅུའི་གེ་སར་བཞད་པར་མཛོད། །གཞིས་སུ་མི་ནོར་ཕྱུགས་ཀྱི་བདེ་སྐྱིད་སྤེལ། །བྱེས་སུ་དོན་འགྲུབ་སྙན་པའི་གྲགས་པ་རྒྱས། །ལམ་དུ་དགྲ་སྲུང་མཐའ་ཆུའི་སྒྲོལ་འདོན་སོགས། །ནམ་ཡང་མི་གཡེལ་རྒྱབ་རྟེན་སྡོངས་གྲོགས་མཛོད། །མདོར་ན་བསྟན་པའི་ཉི་མ་དགུང་དུ་གསལ། །ལུས་ཅན་ཕན་བདེའི་པད་ཚལ་འབུམ་དུ་བཞད། །དགའ་སྐྱིད་རྐང་དྲུག་གླུ་དབྱངས་འཁྲོལ་བ་ཡི། །དགེ་མཚན་བྱེ་བས་ནོར་འཛིན་ཁྱབ་གྱུར་ཅིག །ཅེས་པ་འདི་ནི་ལྷག་བསམ་དང་མཁྱེན་དཔྱོད་ཕུལ་དུ་བྱུང་བ་དཀར་པོ་གཤོང་བླ་མ་དཀོན་མཆོག་འཕྲིན་ལས་ཀྱིས་དམེ་ཤུལ་སྡེ་བའི་དོན་དུ་འདི་འདྲ་ཞིག་དགོས་ཚུལ་བྱུང་བ་ལྟར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ བླ་མ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །གང་དུ་འགྲོ་བའི་ཕྱོགས་ཀྱི་ཡུལ་ལྷ་ལ་བསང་མཆོད་བྱ་བར་འདོད་པས་བསང་རྫས་དཀར་གཏོར་རྣམས་སྟ་གོན་བྱས་ཏེ། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། །ཨོཾ་ཧྲཱིཿ ཥྚྲཱི་ཝི་ཀྲི་ཏཱ་ན་ན་ཧཱུཾ་པཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་དཀར་གསུམ་མངར་གསུམ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །


GTD008_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿ ཧཱུཾ། ལན་གསུམ། ཨོཾ་ཧྲཱིཿ ཥྚྲཱིཿ ས་བསང་། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ས་ཕྱོགས་ཡུལ་རིགས་འདི་དག་སྐྱོང་བའི་གནས་གཞིའི་བདག་པོ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་བསང་རྫས་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་ས་ཕྱོགས་ཡུལ་རིགས་འདི་དག་སྐྱོང་བའི་གནས་གཞིའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱ་ཏེ་བཛྲ་སིདྡྷི་ཧཱུཾ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་ཨ་མྲི་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ། ཨ་ཏྱ་ནུཏྤན་ན་ཏྭད། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སི་དྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བཞིའི་ཐུགས་རྗེ་བྱིན་རླབས་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པའི་སྟོབས་ཀྱིས་ཇི་སྐད་བརྗོད་པའི་དོན་ཐམས་ཅད་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་


GTD008_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཀྱཻ་བསྭཽ། ཁོར་ཡུག་ཡིད་འོང་ས་འཛིན་ཕྲེང་བས་བསྐོར། །རབ་རྒྱས་རྩི་བཅུད་འབྲས་བུའི་ལང་ཚོ་དར། །དགེ་མཚན་བཅུ་ལྡན་ས་ཡི་ཐིག་ལེ་མཆོག །བག་ཕེབས་ཉམས་སུ་དགའ་བའི་ཡུལ་ལྗོངས་འདིའི། །བྲག་རི་སྤང་རི་གངས་རི་རི་གདོང་དང༌། །ནགས་ཚལ་ཤིང་གཅིག་ལམ་སྲུང་ནེའུ་གསིང༌། །མཚོ་དང་ཆུ་ཀླུང་ཆུ་མིག་གྲོང་སོགས་ལ། །རྟེན་བཅས་ལྷ་ཀླུ་གནས་གཞིའི་བདག་པོ་རྣམས། །མ་ཐོགས་དམ་ཚིག་དབང་གིས་གནས་འདིར་གཤེགས། །དགའ་བའི་བྲོ་གར་ཆིལ་ལེ་གནས་འདིར་གཤེགས། །དར་མདུང་རུ་མཚོན་པུར་རེ་གནས་འདིར་གཤེགས། །འདིར་གཤེགས་རང་རང་དགྱེས་པའི་གདན་ལ་བཞུགས། །ཀྱཻ། མེ་ཆུ་ཤིང་སྤྱོད་འགྲོ་འོང་ཞག་མལ་སོགས། །སྤྱོད་ལམ་ཉེས་པས་ཁྱེད་དང་འགལ་བགྱིས་རྣམས། །མ་རིག་འཁྲུལ་པའི་དབང་དུ་གྱུར་ལགས་ན། །ཁྲོ་མེད་བཟོད་པ་ཆེན་པོའི་དབྱིངས་སུ་བཞེས། །བསྭཽ། ཁྱེད་རྣམས་དགྱེས་བྱེད་ཡིད་འོང་མཆོད་པའི་སྤྲིན། །དངོས་བཤམས་ཡིད་སྤྲུལ་བདེན་པ་བདར་བ་ལས། །འོད་འབར་མཛེས་པའི་རུ་མཚོན་པུ་རུ་རུ། །སྲ་མཁྲེགས་རྡོ་རྗེའི་གོ་ཆ་ཤིགས་སེ་ཤིག །རྔ་གཤང་དུང་གླིང་རོལ་མོ་ལྡི་རི་རི། །བསང་ཤིང་སྤོས་ཀྱི་དུད་པ་ཆི་ལི་ལི། །རྟ་མཆོག་སྟོང་གི་རྟ་སྐད་ཙེ་རེ་རེ། །འབྲོང་གཡག་ཞོལ་ཆེན་ར་ཁ་ཟེངས་སེ་ཟེང༌། །གཅན་གཟན་གདུག་པའི་ངར་སྐད་འུ་རུ་རུ། །མཁའ་ལ་འདབ་ཆགས་ཟློས་གར་ལིངས་སེ་ལིང༌། །དཀར་མངར་ཟས་སྣ་


GTD008_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཉི་ལི་ལི། །ཇ་ཆང་འོ་མའི་རྒྱ་མཚོ་འཁྱིལ་ལི་ལི། །མཁོ་དགུའི་ཡོ་བྱད་རྣམ་མང་པུ་རུ་རུ། །གླུ་དང་གར་མཁན་ལྷ་ཡི་བུ་མོ་སོགས། །ཁྱེད་རྣམས་ཐུགས་ལ་ཕུལ་བྱུང་དགའ་བདེའི་དཔལ། །སྦྱིན་བྱེད་མ་ཚང་མེད་པའི་མཆོད་སྤྲིན་འདི། །རྣལ་འབྱོར་ཕྱོགས་ནས་འོང་བའི་སྐྱེས་སུ་འབུལ། །མགྲོན་གྱི་ལེགས་སྐྱེས་མི་དམན་འདི་བཞེས་ལ། །ཕྱི་ཐག་སྲོང་བའི་གཞུང་བཟང་ཁྱེད་རྣམས་ཀྱིས། །སྐྱེས་ལན་མ་ནོངས་མགྲོན་གྱི་ཤངས་ལེན་མཛོད། །མཐའ་ཆུ་འཇིགས་པའི་ལམ་ལས་བདེ་བར་སྒྲོལ། །འགོ་ནད་དགྲ་རྐུན་གཅན་གཟན་ལམ་དང་བསྣོལ། །ཐོག་སེར་ཁ་སྨྲས་གྱོད་སྣ་དགྲ་ལ་བསྒྱུར། །བརྗེད་པ་བསྐུལ་ཞིང་འདོད་པའི་རེ་བ་སྐོང༌། །ཁྱད་པར་ཡུལ་ལྷ་ཡུལ་མིའི་སེམས་ལ་དབང༌། །དེ་ཕྱིར་ཁྱེད་ཅག་གང་ལ་དབང་བའི་ཡུལ། །ཀུན་ཀྱང་རྒྱལ་བའི་བསྟན་ལ་རབ་གུས་ཤིང། །རྣལ་འབྱོར་བདག་གི་དབང་དུ་འདུ་བར་མཛོད། །མདོར་ན་དེ་རིང་བདག་ཅག་མི་ནོར་ཀུན། །ཁྱེད་ལ་བཅོལ་ལོ་གཉེར་རོ་བདག་མཛོད་ལ། །ནག་ཕྱོགས་དགྲ་ལ་རྒྱལ་ཁ་མ་སྦྱིན་ཞིང༌། །རེ་ལྟོས་འཆའ་བའི་སྐྱེ་བོ་མ་བསླུ་ཞིག །དབང་ཆེན་དཀྱིལ་འཁོར་དམ་ཚིག་མ་འདྲལ་ཞིག །པད་འབྱུང་རྡོ་རྗེའི་བཀའ་ལས་མ་འདའ་ཞིག །ཁྱེད་རྣམས་མཆོད་ཅིང་བསྐུལ་བ་འབྲས་ལྡན་དུ། །སྒྲུབ་པའི་དུས་ལ་བབ་བོ་ས་མ་ཡ། །ལན་མང་དུ་བསྔོ་ན། ཀྱཻ། མེ་ཆུ་ཤིང༌། ཞེས་པ་ནས་འདིའི་བར་འདོན། ཨོཾ། འཆི་མེད་དཔལ་སྟེར་རབ་དཀར་བདུད་རྩིའི་ཆུས། །དབང་བསྐུར་ཐུགས་ཕྲེང་ཇི་བཞིན་ལན་ཚར་གཡོ། །ཚེ་མཐར་ཕྱིན་པའི་ཡུལ་ལྷ་རྣམས་ཀྱི་མཐུས། །ཕྱོགས་འདིར་ཚེ་རིང་ནད་མེད་བཀྲ་ཤིས་ཤོག །སྟག་ཤར་དཔའ་བོ་དགྲ་ལ་ཆས་པའི་ཞལ། །དམར་ནག་ཉི་ཟླའི་སྡང་མིག་གཡོ་བ་ཅན། །གནས་སྐྱོང་དགྲ་ལྷ་གཞོན་ནུའི་གཟི་བྱིན་


GTD008_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ནག་ཕྱོགས་གཡུལ་ལས་རྒྱལ་བའི་བཀྲ་ཤིས་ཤོག །མུ་ཏིག་འཁྲི་ཤིང་ཡང་དག་རྒྱུ་བ་བཞིན། །ཡིད་འོང་འཇོ་སྒེག་ལང་ཚོ་ཀུན་དགའི་དཔྱིད། །ལྷ་ཀླུའི་ན་ཆུང་སྨན་མོའི་ཚོགས་ཀྱི་མཐུས། །ལྗོངས་འདིར་བདེ་སྐྱིད་འཛོམ་པའི་བཀྲ་ཤིས་ཤོག །གསེར་གྱི་རྒྱ་ཕིབས་འབར་བའི་ཁང་བཟང་སོགས། །རང་སྣང་གཞལ་ཡས་བཀོད་པ་སྣ་ཚོགས་པའི། །དགེ་མཚན་དེས་ཀྱང་ས་གཞི་བཅུད་ལྡན་ཞིང༌། །རྩི་ཤིང་ལོ་འབྲས་སྨིན་པའི་བཀྲ་ཤིས་ཤོག །དབྱར་སྐྱེས་སྒྲ་ལྡན་ལྷ་ཡི་ཆར་ཆེན་བཞིན། །ཤིས་བརྗོད་དབྱངས་དང་འབྲེལ་བའི་བསྟོད་ཚིག་འདིས། །ཁྱེད་ཐུགས་འོ་མཚོ་དགྱེས་དགུར་འཕྱུར་བ་ལས། །ལེགས་བྱས་རླབས་ཕྲེང་ཕྱོགས་བརྒྱར་གཡོ་བར་མཛོད། །ཅེས་གང་དུ་འགྲོ་བའི་ཕྱོགས་ཀྱི་ཡུལ་ལྷའི་གསོལ་མཆོད་ལྷ་ངོ་མི་ངོ་འཕྲོད་པའི་དགའ་སྟོན་ཞེས་བྱ་བ་འདི་ནི། སྤྱིར་དེང་སང་ཡུལ་དུས་ཀྱི་དབང་ལས་སོ་སོའི་འདོད་སྦྱར་གྱི་བསང་སྤྱི་སྒེར་མཐའ་ཡས་པ་ཞིག་སྣང་བས་ད་གཟོད་བྲི་དགོས་པ་མི་འདུག་ཀྱང༌། གཅིག་ཏུ་ཕྱོགས་འགྲོ་ལྟ་བུར་འདི་འདྲ་རེ་དགོས་པ་བྱུང་ཚེ་ཡི་གེ་མང་པོ་ཞིག་ཀློག་ཀྱང་ལ་ལ་འབྲེལ་མེད་དང༌། ཕལ་ཆེར་སྤྱི་ཁྱབ་བམ་མེ་བ་ཞིག་ལས་ཤིག་ཐོག་མཛུ་གུ་ལྟར་གནད་ཐོག་ཏུ་ཁེལ་ངེས་ཤིག་མི་ཡོང་འདུག་པས་དེ་འདྲར་ཕན་པ་སྲིད་སྙམ་ནས་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཟབ་རྒྱས་མང་པོ་མ་བསྲེས་ཤིང༌། མིང་གསལ་གྱི་རིགས་དོར་ཏེ་སྐབས་དོན་འདྲིལ་བར་བཀོད་པའོ། །༈ རྒྱལ་ཀུན་ཡེ་ཤེས་འཁོར་ལོ་འཇ༷མ་པའི་དབྱ༷ངས། །གཏུམ་ཆེན་ཁྲོ་བོའི་གར་གྱིས་བཞ༷ད་པ༷འི་ལྷ༷། །བླ་མ་ཡི་དམ་རྡོ༷་རྗེ༷༷་འཇིགས་མཛད་ཀྱིས། །ལེགས་བྱས་འདོད་དགུ་ཡོངས་གྲུབ་མཆོག་སྦྱིན་མཛོད། །འབིགས་བྱེད་ཕྱིར་ཡང་བཞེངས་པ་མ་ལ་ཡའི། །དཔལ་གྱིས་སྤུད་པའི་ངོ་མཚར་ལས་རྒྱལ་བ། །སྣ་ཚོགས་རྐང་འཐུང་འཕྲེང་འཁྲིགས་རྡོ་རྗེའི་བྲག །མཁའ་ལ་བསྙེགས་


GTD008_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའི་རང་འོད་བཞིན། །ནང་ལྟར་མཚན་མའི་འཆིང་བ་ཟད་པའི་དབྱིངས། །ཡེ་ཤེས་ཞིང་ལ་དབང་འབྱོར་འཇའ་ཚོན་ལྟར། །བཀྲ་བའི་སྣང་བ་མི་ཟད་འབྱོར་པའི་སྡེ། །འདོད་དགུར་ལོངས་སུ་སྤྱོད་པའི་སེམས་དཔའ་ཆེ། །ཉི་མའི་གཉེན་གྱི་ཞལ་བཟང་གསེར་འོད་རླབས། །འདྲེན་བྱེད་པདྨའི་བདུད་རྩིར་སྨིན་པའི་བཅུད། །སྤངས་རྟོགས་མངར་བའི་སྤྲང་རྩིའི་དཔལ་འབར་ཡང༌། །གདེངས་ཅན་ཟོལ་གྱིས་སྲིད་པའི་འདམ་ལ་གནས། །འགྲོ་བའི་ལས་ཉོན་མཐའ་ལྟར་ཐུགས་རྗེའི་མཐུ། །དྲག་ཏུ་འཕྱུར་བའི་མཚན་མ་བདུད་རྩིའི་ཆབ། །འགྲོ་ཀུན་ཉེར་འཚོར་ཆེ་བས་ལྷ་ཡུལ་གྱི། །བདུད་རྩིའི་ཁེངས་པ་མཐོ་ཡང་ཕྱོགས་རེར་བསྙིལ། །དཀྱིལ་འཁོར་བདག་པོའི་བཀའ་སྲུང་སྔགས་ཀྱི་བདག །བྲོ་འཚལ་སྐྱེ་བོའི་གདུང་སེལ་སྨན་གྱི་ལྷ། །རྣལ་འབྱོར་རྟོགས་པའི་བོགས་འབྱིན་གྲོགས་ཀྱི་མཆོག །བདེ་ཆེན་སྙིང་རྗེའི་རོལ་པ་འབུམ་གྱིས་རྩེན། །ཟད་མི་ཤེས་པ་གསང་གསུམ་སྒྱུ་འཕྲུལ་གྱི། །ཆ་ཙམ་སྤེལ་བའི་བསྟོད་ཚིག་མལླི་ཀའི། །འཕྲེང་འདི་དགྱེས་པའི་ཐུགས་ཀྱིས་ལེགས་བཞེས་ཏེ། །ནམ་ཡང་མི་གཡེལ་ཐུགས་རྗེས་དགོངས་པར་མཛོད། །ཁྱབ་བདག་བཞད་པའི་རྡོ་རྗེའི་བདེན་ཚིག་གིས། །གསོལ་མཆོད་འཕྲིན་ལས་གཉེར་དུ་གཏད་པ་བཞིན། །བསྟན་དང་བསྟན་འཛིན་བདག་ཅག་ཡོན་མཆོད་ཀུན། །རྟག་ཏུ་བསྲུང་ཞིང་སྐྱོང་བའི་འཕྲིན་ལས་མཛོད། །བཞི་བརྒྱ་རྩ་བཞིའི་ནད་རིགས་ཀུན་ཞི་ནས། །མཐོ་རིས་ཡོན་ཏན་དཔལ་འབྱོར་མི་ཉམས་ཤིང༌། །ཡང་དག་ལམ་བཟང་བདེ་བླག་བགྲོད་པ་ཡིས། །རྣམ་ཀུན་མཁྱེན་པའི་ས་ལ་རེག་གྱུར་ཅིག །ཅེས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི་སྨན་ཆུའི་ལྷ་མོའི་གསོལ་མཆོད་བྱིན་རླབས་ཀྱི་གཏེར་ཆེན་པོ་དང་འབྲེལ་བར་འདོན་རྒྱུའི་བསྟོད་


GTD008_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འདོད་གསོལ་བཅས་པ་འདི་ནི། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་གནས་དེ་ཉིད་དུ་བྲིས་པའོ། །༈ བླ་མ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །བསང་རྫས་གྱ་ནོམ་པ་དཀར་གཏོར་སོགས་བཤམས་ཏེ། ལྷའི་ང་རྒྱལ་དང་ལྡན་པའི་སྒོ་ནས་བྱིན་གྱིས་བརླབས་ལ། བསྭཽ། རྩ་བ་རབ་བརྟན་ཁོར་ཡུག་བརྗིད་ཆགས་ཡངས། །རྩེ་མོ་མཐོ་བ་ཉི་ཟླའི་རྣ་ལུང་ཅན། །རྫ་དམར་ཁེས་ཆག་མཐོན་པོ་ལ་གནས་པའི། །དཀར་ཕྱོགས་སྐྱོང་བའི་ལྷ་གཉན་མཐུ་བོ་ཆེ། །ཡུམ་སྲས་བློན་འབངས་བཅས་པ་ཐམས་ཅད་དང༌། །གཞན་ཡང་སྡེ་འདིར་འགོ་ཞིང་སྲུང་སྐྱོབ་པའི། །ཕྱོགས་འདིའི་ལྷ་ཀླུ་དཀར་ཕྱོགས་སྐྱོང་བ་ཀུན། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་འདིར་གཤེགས་ཤིག །བསྭཽ། སྤྲིན་བྲལ་མཁའ་ལ་གསལ་བའི་འཇའ་ཚོན་བཞིན། །རྣལ་འབྱོར་མོས་པའི་རོལ་པ་ལས་བྱུང་བའི། །ངོ་མཚར་མཆོད་སྤྲིན་མ་ཚང་མེད་པ་འདིས། །ཀུན་ཡིད་དགའ་བདེའི་སིམ་པ་ཐོབ་གྱུར་ཅིག །ཇ་ཆང་དཀར་གསུམ་བཏུང་བ་མཚོ་ལྟར་བསྐྱིལ། །རོ་བརྒྱ་ལྡན་པའི་ཞལ་ཟས་རི་ལྟར་སྤུངས། །གོ་ཁྲབ་རུ་མཚོན་སྙན་བརྗིད་རོལ་མོའི་ཚོགས། །རྐང་འགྲོ་རིན་ཆེན་ནོར་འབྲུའི་ཚོགས་རྣམས་འབུལ། །ཁྱད་པར་དྲི་ཞིམ་བསང་ཤིང་སྣ་ཚོགས་པ། །རབ་འབར་མེ་ལྷའི་ཞལ་དུ་བསྟབ་པ་ཡི། །དུད་སྤྲིན་བཻ་ཌཱུརྱ་ཡི་མཆོད་སྡོང་བཞིན། །མཁའ་དབྱིངས་ཁྱབ་པར་བསུང་ཞིམ་སྤྲོ་བ་འདིས། །བསང་ངོ་བླ་མ་ཡི་དམ་མཆོག་གསུམ་བསངས། །དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་མ་ལུས་བསངས། །ཁྱད་པར་ཁེས་ཆག་མཐོན་པོ་འཁོར་བཅས་བསངས། །ཉམས་ཆག་མ་ལུས་བསང་གིས་དག་གྱུར་ཅིག །བསང་མཆོད་རྒྱ་ཆེན་འདི་ཡིས་


GTD008_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་མཛོད་ལ། །བདག་ཅག་མི་ནོར་འཁོར་དང་བཅས་པ་ཀུན༌། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་ཡིས། །བསྲུང་ཞིང་སྐྱོང་བའི་འཕྲིན་ལས་མ་གཡེལ་ཞིག །མི་ནད་ཕྱུགས་ནད་ཐམས་ཅད་ཕྱིར་བཟློག་ཅིག །དགྲ་ཇག་ཆོམ་རྐུན་ཚོགས་ཀྱི་དཔུང་ཆོམ་ལ། །ཟས་ནོར་ལོངས་སྤྱོད་ཆོས་སྲིད་དཔལ་འབྱོར་ཀུན། །ཕུན་སུམ་ཚོགས་པའི་སྡོངས་གྲོགས་མ་གཡེལ་ཞིག །མདོར་ན་རྩ་བརྒྱུད་བླ་མས་བཀའ་བསྒོས་བཞིན། །ཚུལ་བཞིན་བསྟེན་པའི་རྣལ་འབྱོར་ཡོན་མཆོད་ཀུན། །རྟག་ཏུ་སྲུང་སྐྱོབ་གཡེལ་མེད་འཕྲིན་ལས་ཀྱིས། །རྫོགས་ལྡན་ཀུན་དགའི་དཔལ་ལ་འགོད་པར་མཛོད། །ཅེས་ལྷ་གཉན་ཁེས་ཆག་མཐོན་པོའི་བསང་མཆོད་འདི་ནི། ཧ་རོལ་ཆིན་སྡེ་བ་སྤྱིའི་དོན་དུ་དེ་གའི་བཀའ་རམས་རྣམས་ཀྱིས་བསྐུལ་ངོར། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ཕུན་ཚོགས་དགེ་བཅུའི་དཔལ་ཡོན་འབུམ། །བཞད་པའི་ནོར་འཛིན་ཐིག་ལེ་མཆོག །བ་ཡན་ཨོ་ལཱན་ཨོ་བོ་ག །ལ་སོགས་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གཉན་པོ་འཁོར་དང་བཅས། །བསང་མཆོད་མགྲོན་དུ་འདིར་གཤེགས་ཤིང༌། །རང་རང་དགྱེས་པའི་གདན་ལ་བཞུགས། །ཏིང་འཛིན་སྒྱུ་མའི་རོལ་པ་ལས། །བྱུང་བའི་ཡིད་འོང་མཆོད་པའི་སྤྲིན། །ནམ་མཁའི་ཁྱོན་ཀུན་འགེངས་པ་དང༌། །ཁྱད་པར་བཟའ་བཅའ་བཏུང་བའི་རིགས། །སྣ་ཚོགས་བསང་ཤིང་དུད་པའི་སྤྲིན། །དབང་པོ་ཀུན་ལ་བདེ་བའི་དཔལ། །སྦྱིན་བྱེད་མཆོད་པའི་སྤྲིན་ཕུང་འདིས། །ལྷ་གཉན་འཁོར་བཅས་དགྱེས་གྱུར་ཅིག །བསམ་སྦྱོར་འཁྲུལ་བའི་ནོངས་པ་ཡི། །ཉམས་ཆག་ཉེས་པ་བྱང་གྱུར་ཅིག །བདག་ཅག་དཔོན་སློབ་མི་ནོར་ཀུན། །བཅོལ་


GTD008_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གཉེར་རོ་བདག་མཛོད་ལ། །ཕྱི་ནང་རྐྱེན་ངན་བར་ཆད་ཀུན། །སྐད་ཅིག་ཉིད་ལ་ཞི་བ་དང༌། །ཚེ་དཔལ་བསོད་ནམས་མངའ་ཐང་དང༌། །རིགས་རྒྱུད་སྙན་པའི་གྲགས་པ་སོགས། །ཆོས་སྲིད་དཔལ་འབྱོར་མ་ལུས་པ། །དབྱར་གྱི་མཚོ་བཞིན་རྒྱས་པར་མཛོད། །ཕན་བདེའི་འབྱུང་གནས་བསྟན་པ་དར། །བསྟན་འཛིན་ཀུན་གྱི་བཞེད་དོན་འགྲུབ། །སྦྱིན་པའི་བདག་པོའི་དཔལ་འབྱོར་རྒྱས། །རྫོགས་ལྡན་དཔལ་ལ་སྤྱོད་གྱུར་ཅིག །ཅེས་པ་འདིའང་དར་ཧན་པཻ་ལིའི་ཤོག་ནས་རྣམ་དཔྱོད་ཡངས་པ་དེ་མ་ཆིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ རྒྱལ་ཡུམ་འདོད་པ་ཁམས་ཀྱི་དབང་ཕྱུག་མས། །རྗེ་བཙུན་བླ་མའི་སྐུ་ཚེ་བརྟན་པ་དང༌། །དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང༌། །བཤད་སྒྲུབ་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད། །བདག་ཅག་དཔོན་སློབ་དམ་ཆོས་སྒྲུབ་པ་ལ། །ཕྱི་ནང་ཉེར་འཚེ་གང་ཡང་མི་འབྱུང་ཞིང༌། །རྒྱལ་རྣམས་དགྱེས་བྱེད་སྒོ་གསུམ་དགེ་བའི་ཚོགས། །སྨོན་པ་བཞིན་དུ་འགྲུབ་པའི་སྡོགས་གྲོངས་མཛོད། །མདོར་ན་དུས་འདི་ནས་བཟུང་བྱང་ཆུབ་བར། །རྣམ་དག་ལམ་བཟང་སྒྲུབ་པའི་སྲུང་མའི་གཙོ། །ཁྱོད་མིན་གཞན་ན་མེད་པས་བརྩེར་དགོངས་ཏེ། །ནམ་ཡང་གཡེལ་མེད་བུ་བཞིན་སྐྱོང་བར་མཛོད། །༈ དམ་ཅན་སྐྱེས་བུ་ཆེན་པོའི་གཏོར་ཆོག་ཁྲག་ཞག་མའི་ཁ་སྐོང་ནི། ཏིང་ངེ་འཛིན་དང་སྔགས་རྒྱའི་རོལ་པ་ལས། །བྱུང་བའི་མཆོད་ཡོན་ནམ་མཁའི་


GTD008_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གང་བ། །དམ་ཅན་སྐྱེས་བུ་འཁོར་དང་བཅས་ལ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞིའི་སྡོངས་གྲོགས་མཛོད། །ཨོཾ་བཛྲ་སཱདྷུ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། མཆོད་ཡོན་གྱི་གནས་སུ་ཞབས་བསིལ་ནས་རེག་བྱའི་བར་དང༌། ཨརྒྷཾ་གྱི་གནས་སུ་པཱདྱཾ་ནས་སྤརྴའི་བར་བཅུག་སྟེ་དབུལ། ནང་མཆོད་ནི། དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རྒྱལ་བ་རྡོ་རྗེ་འཆང་གི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། བཀའ་གཏེར་རིགས་གཏད་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཞེས་པ་རྣམས་མངོན་རྟོགས་ཀྱི་མཇུག་ཏུ་སྦྱོར། བསྐང་བའི་མཇུག་ཏུ་བསྐུལ་བ་བྱ་བ་ནི། དཔལ་ལྡན་གསང་བ་སྔགས་ཀྱི་བཀའ་སྲུང་ཆེ། །རྣལ་འབྱོར་དགྲ་ལྷ་དམ་ཅན་རྡོ་རྗེ་ལེགས། །དགྱེས་སྡེ་བསྟན་མ་བཅུ་གཉིས་གིང་ཆེན་བཞི། །བཙན་འཁོར་དགེ་བསྙེན་སུམ་བརྒྱ་དྲུག་ཅུ་དང༌། །མ་སངས་སྤུན་དགུ་ཟུ་ར་སྐྱེས་དྲུག་སོགས། །རུ་འདྲེན་ལས་བྱེད་སྤྲུལ་བ་ཡང་སྤྲུལ་གྱི། །གདུག་པའི་འཁོར་ཚོགས་རྒྱ་མཚོར་བཅས་པ་ཀུན། །རྣལ་འབྱོར་འཕྲིན་ལས་སྒྲུབ་ཕྱིར་དགོངས་སུ་གསོལ། །རིགས་ཀུན་བདག་པོ་རྡོ་རྗེ་འཆང་ཆེན་ནས། །རིག་འཛིན་བརྒྱུད་པའི་བླ་མ་རིམ་བྱོན་གྱིས། །རིག་གཏད་བྱིན་རླབས་རྡོ་རྗེའི་དམ་ཚིག་གིས། །རིགས་སྔགས་འཆང་བའི་སྲུང་མར་བསྐོས་པ་བཞིན། །བདག་ཅག་དཔོན་སློབ་ཡོན་མཆོད་དགོན་གནས་བཅས། །ཀུན་གྱི་སྲུང་མའི་གཙོ་བོ་ཁྱོད་བསྟེན་ན། །འགྱུར་མེད་རྡོ་རྗེའི་གཡར་དམ་ཉེར་


GTD008_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ཏེ། །གང་བཅོལ་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཅིག །ནད་རིམས་གདོན་བགེགས་གདུག་པའི་ཆོ་འཕྲུལ་དང༌། །ཁ་སྨྲས་གླེང་གཞི་ཉེར་འཚེ་ཕ་རོལ་གྱི། །བསམ་སྦྱོར་ངན་པའི་བྱད་ཁ་ཕུར་ཁ་སོགས། །གནོད་པ་མཐའ་དག་བཟློག་ཅིང་བསྒྱུར་བར་མཛོད། །དགེ་འདུན་ཐུགས་མཐུན་ཚུལ་ཁྲིམས་རྣམ་པར་དག །མདོ་སྔགས་བཤད་སྒྲུབ་ཡར་ངོའི་ཟླ་བཞིན་འཕེལ། །ཆོས་དང་སྲིད་ཀྱི་དཔལ་འབྱོར་རབ་རྒྱས་ཏེ། །བློ་བཟང་བསྟན་པའི་དཔལ་དུ་འགྱུར་བར་མཛོད། །ཁྱད་པར་བསྟན་འགྲོའི་ཕན་བདེའི་གཉེན་གཅིག་པུ། །སྐྱབས་མགོན་དམ་པའི་ཞབས་བརྟན་འཕྲིན་ལས་རྒྱས། །ལྗོངས་འདིར་ཆོས་སྲིད་ལེགས་ཚོགས་དར་བ་ཡིས། །རྫོགས་ལྡན་དཔལ་གྱི་དགེ་ལེགས་སྦྱིན་པར་མཛོད། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་ཡིས། །ནམ་ཡང་གཡེལ་མེད་བུ་བཞིན་སྐྱོང་མཛད་དེ། །རེ་བའི་འབྲས་བུ་ཇི་ལྟར་གསོལ་བ་ཀུན། །སྨོན་པ་བཞིན་དུ་འགྲུབ་པའི་གྲོགས་མཛོད་ཅིག །༈ ཚེ་ཐར་གཏོང་ཚུལ་ནི། ཤ་རྒྱས་སྤུ་སྡུག་གཡུ་ཡི་རྭ་བཞི་ཅན། །དགྲ་ལ་འཇིགས་པའི་སྐད་དང་སྡིགས་སྒྲ་སྟོན། །མྱུར་མགྱོགས་རྫུ་འཕྲུལ་ཤུགས་ཀྱིས་སྟོང་གསུམ་བསྐོར། །གསེར་གྱི་ཨག་ཚོམ་མཛེས་པའི་རྭ་སྐྱེས་འདི། །དམ་ཅན་སྐྱེས་བུ་ཆེན་པོའི་རྟེན་དུ་འབུལ། །ཡུམ་སྲས་བློན་འབངས་འཁོར་བཅས་རྟེན་དུ་འབུལ། །རྟེན་ལས་མ་འདའ་འབེན་ལས་མ་གཡོས་པར། །རྣལ་འབྱོར་དཔོན་སློབ་སྲུང་ཞིང་སྐྱོང་བར་མཛོད། །འཕྱར་བ་ཙམ་གྱིས་དམ་


GTD008_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དགྲ་ཡི་ཐོད། །ཀླད་པ་ཁྲག་བཅས་འཕྱུར་བྱེད་ཐོ་བ་དང༌། །དགྲ་སྡེའི་ཡུལ་འཁོར་དཀྲུག་ཅིང་འཐོར་བྱེད་པའི། །རླུང་ནག་འཚུབ་མ་འཁྱུག་པའི་སྦུད་པ་འདི། །དམ་ཅན་སྐྱེས་བུ་ཆེན་པོའི་རྟེན་དུ་འབུལ། །ཞེས་པ་ནས། སྐྱོང་བར་མཛོད། །ཉིན་བྱེད་འོད་ལ་འཁུ་བའི་བསེ་ཐེབ་དང༌། །ཆར་སྤྲིན་གཏིབས་འདྲའི་དར་ནག་འཇོལ་བེར་སོགས། །བསྟན་དགྲ་འཇོམས་ཤིང་རྣལ་འབྱོར་སྐྱོང་བྱེད་པའི། །ཉེར་སྤྱད་གོ་མཚོན་མ་ཚང་མེད་པ་འདི། །དམ་ཅན་སྐྱེས་བུ་ཆེན་པོའི་རྟེན་དུ་འབུལ། །ནས། རྣལ་འབྱོར་དཔོན་སློབ་སྲུང་ཞིང་སྐྱོང་བར་མཛོད། །ཅེས་པ་འདི་ནི་ཧལ་ཧ་ཁུ་རེ་ཆེན་མོ་ནས་ལྷག་བསམ་རྣམ་དཔྱོད་མཆོག་ཏུ་ཡངས་པ་དཀའ་བཅུ་ངག་དབང་བློ་བཟང་གིས་རང་གི་གྲྭ་ཚང་དུ་པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་དམ་ཅན་གྱི་གཏོར་ཆོག་འདོན་བཞིན་པ་དེ་ལ་ཁ་སྐོང་འདི་རྣམས་དགོས་ཞེས་བསྐུལ་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །


previousགཏོར་འབུལ་བསངས་མཆོད་སོགས་བསྟན་སྲུང་དགྱེས་པའི་མཆོད་སྤྲིན།next