Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་གཞུང་དོན་མདོར་བསྟན་པ་ལེགས་བཤད་དཔལ་གྱི་དུམ་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་གཞུང་དོན་མདོར་བསྟན་པ་ལེགས་བཤད་དཔལ་གྱི་དུམ་བུ།next

རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་གཞུང་དོན་མདོར་བསྟན་པ་ལེགས་བཤད་དཔལ་གྱི་དུམ་བུ།


GTN003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་གཞུང་དོན་མདོར་བསྟན་པ་ལེགས་བཤད་དཔལ་གྱི་དུམ་བུ་ཞེས་པ་བཞུགས་སོ། ། ཨོཾ་བདེ་ལེགས་སུ་གྲུབ་པར་གྱུར་ཅིག་སངས་རྒྱས་ལ་ཕྱག་འཚལ་ལོ། ། གྲངས་མེད་བཅུ་ཕྲག་གསུམ་དང་ལྔ་ཡིས་ལྷག་པར་བྱ་དཀའི་སྤྱོད་པས་དུས་འདའ་ཡང་། །སྐད་ཅིག་ལྷོད་པས་མ་རེག་ཐུགས་བསྐྱེད་གོ་ཆ་བཞེས་པ་ཉིད་ནས་འབྲས་བུའི་བར། །ཕར་ཕྱིན་བཅུ་ཡི་ལམ་ལ་དགྱེས་པར་མཛད་དེ་ཚོགས་གསུམ་བྲེ་ཁ་ཕྱུར་བུར་བཀང་། །ཐམས་ཅད་མཁྱེན་པའི་གཟུགས་སྐུ་དོན་ཀུན་གྲུབ་པར་བསྟན་དེར་གུས་པས་ཕྱག་འཚལ་ལོ། །


GTN003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་བདེ་གཤེགས་མཆོག་དེའི་ཡོན་ཏན་ཟབ་བརླིང་གཏིང་དཔོག་དཀའ་བའི་ལམ་གསུམ་འབབ། །རྣམ་དཔྱོད་བློ་གྲོས་ཀྱིས་བཏུང་རྟོགས་བརྗོད་ཡན་ལག་བརྒྱད་ལྡན་ཆུ་བོའི་རྒྱུན་འབེབས་པ། །འགྲོ་ཁམས་ཉོན་མོངས་དྲི་མ་བཀྲུ་བའི་དག་བྱེད་མཆོག་ཏུ་སྦྱིན་མཁན་སར་གནས་ཀྱི། །བྱང་སེམས་ཛཧྦུ་ཁྱིམ་པའི་ཚུལ་འཛིན་ས་བདག་དགེ་དབང་རྒྱལ་གྱུར་ཅིག ། ཁྱད་ཆོས་བཞི་ཡི་རིན་ཆེན་ཕྲ་ཚོམ་དང་། །རྒྱན་གསུམ་མུ་ཏིག་ཕྲེང་བ་ལྷན་ཅིག་མཛེས། །ཕྱིན་དྲུག་ལང་ཚོའི་མེ་ཏོག་འབྲས་བུ་དང་། །ཁྱོད་གསུང་ནོར་འཛིན་བུ་མོའི་ཐ་གྲུ་མཉམ། ། ཚུལ་མིན་བྱེད་དང་མཛའ་བ་མིན་པའི་ཡིད། །བདེ་གཤེགས་གསང་གསུམ་རྟོགས་པའི་ཤེས་རབ་ཀྱིས། །རྟག་ཏུ་བྲེལ་བས་ཡང་དག་རིགས་པ་བཞིན། །དབང་དུ་བྱེད་མཐོང་བདག་ཀྱང་ཁྱོད་རྗེས་སྤྲོ། །


GTN003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདོད་ཆར་ལྟར་འཇོ་བ་དཔག་བསམ་བཟང་། །འཁྲི་ཤིང་དབང་རབ་རྣམ་པད་ཚོགས་ལ་སྟེ། །རྗེས་མཚུངས་བརྗོད་བྱའི་དྲི་བསུང་རབ་མངར་བ། །ཤྲཱི་ཁཎྜ་འདི་འབྲིང་པོའི་བློ་ལྡན་སྤྱོད། ། གཞུང་མང་ཐོས་བསམ་བྱ་བར་མི་ནུས་རྣམས། །ཅུང་ཟད་བལྟས་པས་རྒྱལ་བའི་མངོན་པར་རྟོགས། ཕྱོགས་མཐུན་ཡིད་ལ་བྲིས་པའི་བསོད་ནམས་ཆེ། །ཐོབ་ཕྱིར་འཁྲི་ཤིང་གཞུང་དོན་མདོར་བསྟན་བྱ། ། དེ་ལྟར་ཤིས་པར་བརྗོད་པ་སོང་ནས་གླེང་བར་བྱ་བ་དངོས་ནི་རྒྱལ་པོ་དགེ་དབང་གིས་དེ་བཞིན་གཤེགས་པའི་རྟོགས་བརྗོད་སྙན་ངག་དཔག་བསམ་འཁྲི་ཤིང་མཛད་པར། སྲས་ཟླ་བའི་དབང་པོས་ཡལ་འདབ་གཅིག་གིས་ཁ་བསྐངས་པས་བརྒྱ་དང་བརྒྱད་འབྱུང་བའི་གཞུང་དོན་མདོ་ཙམ་འཆད་པར་ཏེ། སྤྱིར་སངས་རྒྱས་ཐོབ་པའི་རྒྱུ་ལ་མཐའ་ཡས་མུ་མེད་པ་ཞིག་ཡོད་ཀྱང་ཐམས་ཅད་ཀྱི་གནད་བསྡུས་པ་ཚང་ལ་མ་ནོར་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་ལ་ཚུལ་བཞིན་དུ་བསླབས་པས་དོན་གཉིས་འགྲུབ་པར་བཤད། ཐོབ་བྱ་སངས་རྒྱས་ཀྱི་གོ་འཕང་ནི་གཟུགས་སྐུ་དང་ཆོས་སྐུ་གཉིས་ཚོགས་པ་ཡིན། སྔ་མ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་འཕངས་པའི་རྒྱལ་སྲས་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་གྱིས་གཙོ་


GTN003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བསྒྲུབ། མཚན་དེས་སོགས་བཟོད་པས་བསྐྲུན། དེ་ཉིད་གནས་པའི་ཞིང་དང་འབྱོར་པ་སོགས་སྦྱིན་པས་གྲུབ། འཁོར་དང་སྐུ་ཚེ་རྟུལ་བ་བརྟན་པོས་ཕ་རོལ་གནོན་པ་སོགས་བརྩོན་འགྲུས་ཀྱིས་བྱུང་། སྐུ་དེ་རྣམ་པ་ཀུན་ཏུ་དག་ཅིང་ཆོས་སྐུའི་རང་བཞིན་དུ་གྱུར་པ་ནི་བསམ་གཏན་དང་ཤེས་རབ་ཀྱིས་མཐུས་སོ། །ཕྱི་མ་ནི་སེམས་བསྐྱེད་ཀྱིས་འཁྲུངས་པའི་བསམ་གཏན་དང་ཤེས་རབ་ཀྱིས་གཙོ་བོར་སྒྲུབ་ལ། དེ་ཐོབ་པའི་གེགས་གཉིས་སྣང་འཁྲུལ་པའི་དྲི་མ་སྦྱངས་པ་དང་། ཐོབ་ནས་ཇི་སྲིད་བར་སེམས་ཅན་གྱི་དོན་ཁོ་ནར་འགྱུར་བ་ནི་སྦྱིན་སོགས་ཐབས་ལ་མཁས་པས་གྲུབ་པ་ཡིན་པས། རྒྱལ་བ་མཆོག་གི་སྔོན་གྱི་སྐྱེས་རབས་སློབ་དཔོན་དཔའ་བོའི་སོ་བཞི་པ། སློབ་དཔོན་སེངྒེ་ཞབས་འབྲིང་པའི་སོ་ལྔ་པ། མཁས་པ་ཙཎྜ་གོ་མའི་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར། དཔལ་དགའ་བའི་ལྷའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར། ཆོས་རྒྱལ་དགེ་དབང་ཡབ་སྲས་ཀྱི་རྟོགས་བརྗོད་འདི་སོགས་འཕགས་ཡུལ་དུ་བྱོན་ཅིང་བོད་འདིར་ཡང་འགྱུར་བ་ཡིན་ལ། ཕྱིས་དུས་འཁྲུངས་རབས་སོ་བཞི་པར་རྗེ་རྒྱལ་བའི་དབང་པོ་ཀརྨ་པ་རང་བྱུང་རྡོ་རྗེས་སྔོན་བྱུང་དྲུག་ཅུ་རེ་དྲུག་དང་། ད་ལྟའི་མཛད་པ་བཅུ་གཉིས་བརྗོད་པས། རེ་བདུན་གྱིས་ཁ་བསྐངས་པས་མཛད་བརྒྱར་གྲགས་པ་ཁུངས་ཐུབ་རྣམས་ཀྱང་ཕར་ཕྱིན་དྲུག་གི་ལམ་རྫོགས་པར་སྟོན་པ་ཤ་སྟག་ཡིན་ལ། སྐྱེ་སྲིད་བཟུང་བ་དེ་རྣམས་ཀྱང་ལས་ཉོན་གྱི་དབང་གིས་མ་ཡིན་པར་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་དོན་དུ་བསམ་བཞིན་སྐྱེ་བ་བཟུང་བ་སྟེ། མཛད་པ་དེ་རྣམས་ཀྱང་ལམ་ལ་མ་ཞུགས་
པའི་སྐབས་སུ་གཞི་ལ་ཡོད་པའི་རིགས་སད་པའི་ཆེད་དུ་དགེ་རྩ་བསྐྲུན་པ་དང་། སེམས་བསྐྱེད་ནས་ཐར་པ་ཆ་མཐུན་གྱི་དགེ་རྩ་བསོག་པའི་སྐབས་དང་ཚོགས་ལམ་གསུམ་སྦྱོར་ལམ་ངེས་འབྱེད་བཞི། མཐོང་ལམ་སྣེ་ཟིན་པ་ཐོབ་ནས་ས་བཅུའི་སྐབས་རྣམས་ལམ་གྱི་མཛད་པ་དང་སངས་རྒྱས་ནས་འབྲས་བུའི་མཛད་པར་འཇོག་ལ་སོ་སོར་ངོས་འཛིན་སྦྱོར་བ་དཀའ་ཡང་། འཁྲུངས་རབས་སོ་བཞི་ནས་བསྟན་པ་རྣམས་ཐོབ་ནས་ཡིན་ཞེས་དགེ་ཕྱོགས་ཀྱི་སྐྱེས་རབས་ཟབ་བཤད་མཛད་པ་རྣམས་གསུངས་སོ། །འཁྲི་ཤིང་འདིར་ཡང་འཁྲུངས་རབས་བརྒྱ་རྩ་ནས་གསུངས་པ་དང་། དེར་མ་བསྟན་པ་ཡང་དུ་མ་འབྱུང་ཞིང་། བསྐལ་བཟང་འདིར་མངོན་པར་རྗོགས་པར་སངས་རྒྱས་ནས་འདུལ་བ་བཞིའི་སྐོར་ནས་ཀྱང་སྣང་བ་བསྟུན་ཏེ་བརྗོད་ན། སེམས་བསྐྱེད་ལ་ཡལ་འདབ་བཞི། སྦྱིན་པ་ལ་ཉི་ཤུ། ཚུལ་ཁྲིམས་ལ་གསུམ། བཟོད་པ་ལ་ལྔ། བརྩོན་འགྲུས་ལ་གསུམ། བསམ་གཏན་ལ་ལྔ། ཤེས་རབ་ལ་བདུན་རྣམས་ལམ་གྱི་གནས་སྐབས་དང་། སངས་རྒྱས་ཟིན་པའི་རེ་གསུམ་རྣམས་འབྲས་བུའི་སྐབས་ཏེ། དེས་རྟོགས་བརྗོད་བརྒྱ་དང་བརྒྱད་རྫོགས་པ་ཡིན་ནོ། །


previousརྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་གཞུང་དོན་མདོར་བསྟན་པ་ལེགས་བཤད་དཔལ་གྱི་དུམ་བུ།next