Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
ཡལ་འདབ་དང་པོ་ནས་བཅུ་བར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡལ་འདབ་དང་པོ་ནས་བཅུ་བར།next

ཡལ་འདབ་དང་པོ་ནས་བཅུ་བར།


GTN003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་དང་པོ་རྒྱལ་པོ་རབ་གསལ་ཡུལ་གྱི་མིང་ལས་འོད་ལྡན་དུ་གྲགས་པ་མཛད་བརྒྱའི་སྐབས་དོན་གཅིག་ཏུ་འབྱུང་བ་ནི། གྲོང་ཁྱེར་འོད་ལྡན་དུ་རབ་གསལ་དུ་སྐྱེ་བ་བཞེས། གླང་རྫི་ཀུན་ཏུ་བགྲོད་ལ།


GTN003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་མཆོག་འདུལ་སྦྱོང་ལེགས་པར་བཅུག་ནས། རྒྱལ་པོ་དང་གླང་རྫིས་ཞོན་ནས་ནགས་སུ་རི་དྭགས་གཤོར་དུ་སོང་། དེར་གླང་མོའི་དྲི་ཚོར་བས་གླང་ཆེན་འདོད་པས་མྱོས་ཏེ་རྒྱུག་པ་ན། རྒྱལ་པོས་གླང་རྫིར་ཁྱོད་ལ་བསྒོ་བཞིན་མ་བྱས་པར་སྤྱོས་པ་སེམས་ཀྱི་མཐུས་འདི་ལུས་དུལ་ཡང་སེམས་མ་དུལ་བས་ལན་པར་སྨྲས་པས། སེམས་དུལ་བ་སངས་རྒྱས་ཡིན་པ་བདག་གིས་ཤེས་ཏེ་ཐོག་མར་སེམས་བསྐྱེད་པ་ཡིན། འབྲས་བུའི་གཏམ་མོ། ། ༡ ༈ ཡལ་འདབ་གཉིས་པ་རྒྱལ་པོ་དཔལ་གྱི་སྡེར་སྐྱེ་བ་བཞེས་པ་ནི། མཛད་བརྒྱའི་སྐབས་བརྒྱད་ཅུ་པར་འབྱུང་བ་སྟེ། གྲོང་ཁྱེར་ཨ་རིའམ་བཀྲ་ཤིས་པར་རྒྱལ་པོ་འདི་ལ་བཙུན་མོ་རྒྱལ་བའི་འོད་དང་། བློན་པོ་བློ་གྲོས་ཆེན་པོ་ཡོད། རྒྱལ་སྲིད་ཆོས་བཞིན་སྐྱོང་། དྲང་སྲོང་ལྔ་བརྒྱས་བཙུན་མོ་རྒྱལ་འོད་སློང་བ་བྱིན་ཞིང་། བརྒྱ་བྱིན་བྲམ་ཟེ་རྒན་པོ་ལུས་སྨད་སྟག་གིས་ཟོས་པར་སྤྲུལ་ཏེ་རྒྱལ་པོའི་སྐུ་སྨད་སློང་བར་སོག་ལེ་རྣོན་པོས་བཅད་དེ་བྱིན་པ། སེམས་ལ་ཉམས་ང་མེད་པའི་བདེན་པ་བརྗོད་པས་སྐུ་ལུས་སོར་ཆུད་པ་དང་འདྲ། དྲང་སྲོང་རྣམས་ཀྱིས་ཀྱང་བཙུན་མོ་ཚུར་ཕུལ་བ་སྦྱིན་པའི་གཏམ་མོ། །


GTN003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༡ ༈ ཡལ་འདབ་གསུམ་པ་གཙུག་ན་ནོར་བུར་སྐྱེ་བ་བཞེས་པ་ནི། ཡུལ་ཤྭ་ཀེ་ཏར་རྒྱལ་པོ་གསེར་གྱི་གཙུག་ཏོར་ལ་བཙུན་མོ་མཛེས་ལྡན་དགའ་བྱེད་མར་སྲས་ཀྱི་དབུ་ལ་ནོར་བུ་རིན་པོ་ཆེའི་གཙུག་ཏོར་ཡོད་པ་ལས་བདུད་རྩི་བབ་པས་ལྕགས་ཁམས་གསེར་དུ་འགྱུར་བ་དང་། གླང་པོ་བཟང་པོའི་རི་ཡོད། སྲས་ལ་བུ་མོ་རྫུས་སྐྱེས་པད་ལྡན་མ་དྲང་སྲོང་ཞིག་གིས་ཕུལ་བ་སྲས་པདྨའི་གཙུག་ཏོར་འཁྲུངས། རྒྱལ་བུས་མཆོད་སྦྱིན་བྱེད་པའི་མེ་དཀྱིལ་ནས་བརྒྱ་བྱིན་སྲིན་པོར་སྤྲུལ་པས། མིའི་ཤ་ཁྲག་སློང་བར་རྒྱལ་བུས་རང་གི་ཤ་ཁྲག་ཟད་པར་བྱིན་པས་ལྷའི་དབང་པོས་ལུས་དངོས་སུ་བསྟན་ཏེ་སྐུ་ལུས་སོར་ཆུད། ཐུབ་པ་བཱ་ཧི་ཀས་བཙུན་མོ་པད་ལྡན་དང་སྲས་པདྨའི་གཙུག་ཏོར་སློང་བ་བྱིན། རྒྱལ་བུའི་གླང་ཆེན་དྲང་སྲོང་ལ་ཕུལ་ཟིན་པར། ཤེས་བཞིན་དྲང་སྲོང་ཀུ་རུའི་རྒྱལ་པོ་བཟོད་དཀས་སློང་སྟེ་དམག་དཔུང་ཆས་པས་གྲོགས་པོ་དགྲར་གྱུར་ལ་སྐྱོ་སྟེ། རང་སངས་རྒྱས་བཞིའི་རྫུ་འཕྲུལ་ལ་བརྟེན་གཙུག་ནོར་ནགས་སུ་གཤེགས། བློན་པོ་རྣམས་ཀྱིས་སྲས་པདྨའི་གཙུག་ཏོར་བསླངས་ནས་རྒྱལ་སྲིད་གཏད་པས་ཀུ་རུའི་རྒྱལ་པོ་བཅོམ། ཀུ་རུའི་རྒྱལ་པོ་ནད་ཀྱིས་གཟིར་ཞིང་། ཡུལ་མུ་གེས་འཇོམས་པར་ཕན་ཕྱིར་ནགས་སུ་རྒྱལ་བུ་གཙུག་ན་བཞུགས་པའི་ནོར་བུ་སློང་བར་བྲམ་ཟེ་ཞིག་མངགས་པར་བཅད་ནས་བྱིན་པའི་ཁྲག་གིས་གདོང་སྦགས་པར་ཉམ་ང་མེད་པའི་


GTN003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བརྗོད་ཀྱིས་སྔ་མཁོས་སུ་གྱུར་ཏེ། སྔར་གྱི་ཕོ་བྲང་དུ་ཡབ་སྲས་གདན་འཛོམས་པ་སྦྱིན་པའི་གཏམ་མོ། ། ༢ ༈ ཡལ་འདབ་བཞི་པ་རྒྱལ་པོ་ང་ལས་ནུའམ་སྤྱི་བོ་སྐྱེས་སུ་སྐྱེ་བ་བཞེས་པ་ནི། མཛད་བརྒྱའི་སྐབས་རེ་བདུན་པར་འབྱུང་བ་སྟེ། རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོར་ཤའི་ལྦ་བ་སྨིན་ཅིང་བརྟོལ་བར་འཁྲུངས། འདི་ལ་མཚན་བཟང་སུམ་ཅུ་ཡོད། གླིང་བཞི་ལྷ་གནས་དང་བཅས་པར་དབང་བསྒྱུར་ཡང་འདོད་པས་ཆོག་མ་ཤེས་ཏེ། ལྷ་དབང་ལ་ཕྲག་དོག་གི་བསམ་པ་ངན་པ་སྐྱེས་མ་ཐག་མིའི་འཇིག་རྟེན་དུ་ལྟུང་ནས་སྐྱེ་རྒ་ན་འཆི་འབྱུང་། འདིའི་སྐྱེ་བ་སྔ་མ་ཚོང་དཔོན་ཨུ་ཀ་རི་ཀར་གྱུར་དུས་སངས་རྒྱས་རྣམ་གཟིགས་ལ་སྲན་མ་སྤར་གང་གཏོར་བའི་དགེ་བའི་རྩ་བས་བསོད་ནམས་ཚད་མེད་པ་དེ་བྱུང་བ་སྦྱིན་པའི་གཏམ་མོ། ། ༣ ༈ ཡལ་འདབ་ལྔ་པ་རྒྱལ་པོ་ཟླ་འོད་དུ་སྐྱེ་བ་བཞེས་པ་ནི། མཛད་བརྒྱའི་སྐབས་གྱ་གཉིས་པར་འབྱུང་། གྲོང་ཁྱེར་བཟང་པོའི་བྲག་ཏུ་འཁོར་ལོས་སྒྱུར་རྒྱལ་ཡིན། བློན་པོ་མཆོག་ཟླ་བ་དང་ས་འཛིན་ལ་རྒྱལ་པོའི་དབུ་སློང་བའི་རྨི་ལྟས་ངན་པ་བྱུང་། བྲམ་ཟེ་དྲག་པོའི་མིག་ལ་རིན་པོ་ཆེའི་མགོ་དུ་མ་


GTN003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པས་བྲིད་ཀྱང་མ་བཟློག་པར་ཤིང་ཙམ་པ་ཀའི་དྲུང་དུ་རྒྱལ་པོ་རང་ཉིད་ཀྱིས་དབུ་བཅད་ནས་བྱིན་པས། ཚེའི་དུས་བྱས་ཏེ་དགེ་རྒྱས་ཀྱི་ལྷར་སྐྱེས་པ་སྦྱིན་པའི་གཏམ་མོ། །༤ ༈ ཡལ་འདབ་དྲུག་པ་བ་ད་རའི་གླིང་བསྒྲོད་པ་ནི། བ་ད་ར་ཞེས་པ་རྒྱ་ཤུག་གི་ཤིང་སྟེ་མང་དུ་སྐྱེས་པའོ། །སངས་རྒྱས་མཉན་ཡོད་ནས་མ་ག་དྷར་བྱོན་པའི་ལམ་དུ་ཚོང་པ་རྣམས་ཆོམ་རྐུན་གྱི་འཇིགས་ལས་སྐྱབས་ཤིང་ཆོམ་རྐུན་པ་རྣམས་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ། དེའི་རྒྱུ་ཞུས་པར། སྔོན་སྟོན་པ་ཉིད་དེད་དཔོན་དགའ་བའི་སྡེའི་བུ་ཤིན་ཏུ་དགའ་བར་གྱུར་སྐབས། རྒྱ་མཚོ་ནས་ནོར་བུ་ལན་དྲུག་ཏུ་ལོན་ཡང་ཆོམ་རྐུན་པར་ཤོར་བས་ཐུགས་སྐྱོ་བས་ན་རྨི་ལམ་དུ་ལྷས་ལུང་བསྟན་ཏེ། བ་ད་རའི་གླིང་ནས་ནོར་བུ་ལོན་པར་གསོལ་བ་བཏབ་པས་སེམས་ཅན་གྱི་དབུལ་བ་བསལ་བ་གསུངས་ཏེ་བརྩོན་འགྲུས་ཀྱི་གཏམ་མོ། ། ༡ ༈ ཡལ་འདབ་བདུན་པ་བུ་མོ་མུ་ཏིག་འཁྲི་ཤིང་ནི། སངས་རྒྱས་ནྱ་གྲོ་དྷར་བཞུགས་ནས་ཤཱཀྱའི་རིགས་ཀྱི་བུད་མེད་རྣམས་ལ་ཆོས་འཆད་ནས། བུ་མོ་ཞིག་རང་གི་མུ་ཏིག་གི་དོ་ཤལ་ལ་ཆགས་པས་གཡེངས་


GTN003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཤཱཀྱ་མིང་ཆེན་གྱི་ཆུང་མས་དེའི་ང་རྒྱལ་བསལ་ཕྱིར་གཡོག་མོ་རེ་ཧི་ཏ་མུ་ཏིག་གི་དོ་ཤལ་ལན་དུ་མངགས་པ་ཆོས་ལ་དགའ་བས་མི་འདོད་བཞིན་འགྲོ་བ། ལམ་དུ་བ་དྲུས་མས་བསད་པ་སྟོན་པར་སེམས་དངས་པ་དང་ཆོས་ཐོབ་པས་སིངྒ་ལིའི་རྒྱལ་པོའི་བུ་མོར་སྐྱེས་པ་ན་མུ་ཏིག་གི་ཆར་བབ་པས་མིང་དེར་ཆགས་པའི་ཕོ་བྲང་དང་ཉེ་བར་ཡུལ་དབུས་ཀྱི་ཚོང་པས་སངས་རྒྱས་ཀྱི་གཏམ་བརྗོད་པར་དད་དེ་སྟོན་པ་ལ་སྤྲིངས་ཡིག་ཕུལ། ལན་དུ་སངས་རྒྱས་སྐུ་གཟུགས་རི་མོར་བྲིས་པའི་གཤམ་དུ་སྐྱབས་འགྲོ་བསླབ་པའི་གནས་ལྔ། རྟེན་འབྲེལ་ལུགས་འབྱུང་ལྡོག་གི་ཚིག་དང་སོ་ཐར་ཚིགས་བཅད་གཉིས། འཕགས་ལམ་བརྒྱད་ཀྱི་ཚིག་རྣམས་བྲིས་པ་སྩལ་པས་བདེན་པ་མཐོང་། ཀུན་དགའ་བོས་དེའི་སྔོན་འབྱུང་དྲིས་པར་སྔོན་ནོར་ཆེན་གྱི་བཙུན་མོ་རིན་ཆེན་ལྡན་གྱིས་སངས་རྒྱས་ཀྱི་མཆོད་རྟེན་ལ་མུ་ཏིག་གི་དོ་ཤལ་ཕུལ་བ་དང་། གཞན་ལ་འབངས་མོ་ཞེས་སྨད་པ་གསུངས་ཏེ་འབྲས་བུའི་གཏམ་མོ། ། ༡ ༈ ཡལ་འདབ་བརྒྱད་པ་ཁྱིམ་བདག་དཔལ་སྦས་ནི། སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་སོ། །གཅེར་བུ་པའི་སྦྱིན་བདག་འདི་ལ་ཆུང་མ་མེ་སྐྱེས་ཀྱི་སྲིང་མོ་བླངས་པས་སངས་རྒྱས་མཆོད་པ་བསྐུལ་བ་ན་ཁྱོད་ཀྱང་སྟོན་པ་དྲུག་མཆོད་དགོས་ཟེར་བས་དེ་བཞིན་བགྱིས་ཀྱང་ཞར་ལ་སྨ་དབབ་སྟེ་


GTN003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་བས་དེ་རྣམས་ཁྲོས་ཏེ། དཔལ་སྦས་བསྐུལ་བས་སངས་རྒྱས་འཁོར་བཅས་སྤྱན་དྲངས་པ་ལྟར་བཅོས་ཏེ་སྒོར་མེ་འོབས་དང་ཟངས་ལ་དུག་སྦྱར་བ་སོགས་བགྱིས་ཀྱང་སངས་རྒྱས་ཀྱི་མཐུས་མེ་དོང་པདྨའི་རྫིང་བུར་གྱུར་ཞིང་དུག་ཀྱང་བདུད་རྩིར་བསྒྱུར་བས་ངོ་མཚར་གྱི་མིག་བསྒྲད་དེ་དཔལ་སྦས་ཆོས་ལ་དད་དོ། །སྐབས་འདིར་སྔོན་སྟོན་པ་ཉིད་ཀྱི་བྱིའུ་ཏི་ཏི་དིར་གྱུར་དུས་བྱམས་པ་བསྒོམས་པས་ནགས་ཀྱི་མེ་ཞི་བ་དང་། རི་བོང་དུ་གྱུར་དུས་གྲོགས་པོ་བྲམ་ཟེའི་མདུན་དུ་སྐུ་གཏམ་མོ། ། ༢ ༈ ཡལ་འདབ་དགུ་པ་ཁྱིམ་བདག་མེ་སྐྱེས་ནི། སངས་རྒྱས་རྒྱལ་པོའི་ཁབ་ན་བཞུགས་པའོ། །གཅེར་བུ་པའི་སྦྱིན་བདག་རབ་བཟང་གི་ཆུང་མར་སེམས་ཅན་ཆགས་པ་བཅོམ་ལྡན་འདས་བསོད་སྙོམས་ཕེབས་པར་ལུང་བསྟན་ཞུས་པས་བུ་ཕོར་བཅོམ་ཞིང་རིགས་གསལ་བར་བྱེད་ལ་ལྷ་མི་དཔལ་འབྱོར་ཉམས་སུ་མྱོང་བར་གསུངས་ཀྱང་། མུ་སྟེགས་པས་ཡིད་བསྒྱུར་ནས་ཆུང་མ་བསད་པའི་རོ་དུར་ཁྲོད་དུ་མེར་བསྲེགས་པར་སངས་རྒྱས་འཁོར་བཅས་ཕེབས་པས། མེ་ནང་དུ་བུད་མེད་ཀྱི་ལྟོ་བར་པདྨའི་སྙིང་པོར་ཁྱེའུ་ཞིག་བྱུང་བས་འཚོ་བྱེད་གཞོན་ནུའི་གསོས་ཀྱིས་བླངས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོས་བསྐྱེད་སྲིངས་པ་ཆེར་སྐྱེས། རང་གི་ཁྱིམ་དུ་ཕྱིན་པ་ན་ལྷ་མིའི་དཔལ་འབྱོར་ཉམས་སུ་མྱོང་བར་དུས་ཕྱིས་རྒྱལ་པོ་མ་སྐྱེས་དགྲས་བཅོས་པས་


GTN003_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་འཕགས་པའི་གནས་བརྟན་ཡན་ལག་འབྱུང་དུ་ངོས་འཛིན། འདིའི་སྔོན་བྱུང་རྒྱལ་པོ་གཉེར་ལྡན་གྱིས་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱས་པར། ཁྱིམ་བདག་ལ་བསྡོས་པས་འགྲན་ཟླ་བྱས་པ་ན་རྒྱལ་པོ་ཁྲོས་ཏེ་ཤིང་ཚོང་བ་བཀག་པ་ལ་དེས་ཚིག་རྩུབ་བརྗོད་པའི་རྣམ་སྨིན་དང་། སངས་རྒྱས་མཆོད་པས་ལོངས་སྤྱོད་ཆེ་བ་སྟེ། འདི་འདུལ་བ་ལུང་དུ་བཤད་པ་དང་ཁྱིམ་བདག་གི་མིང་ཉེས་མེད་ཟེར་བ་ལས་གཞན་མཚུངས་ཏེ་འབྲས་བུའི་གཏམ་མོ། ། ༣ ༈ ཡལ་འདབ་བཅུ་པ་མངལ་འབྱུང་ནི། སངས་རྒྱས་གྲོང་ཁྱེར་ཙམ་པ་དང་ཉེ་བ་པདྨའི་རྫིང་ན་བཞུགས་པར་ཀུན་དགའ་བོས་ཞུས་ཏེ། སེམས་ཅན་གྱི་སྤྱོད་ཚུལ་གསུངས་པ་ནི། འཇིག་རྟེན་པ་ཐམས་ཅད་ཐོག་མར་ཕ་མའི་འདུ་འཕྲོད་བགྱིས་པའི་མངལ་དུ་ཟླ་མཚན་དང་ལྡན་པ་དྲི་ཟ་ཉེ་བར་འཁོར་བ་དང་། སྔོན་གྱི་རྒྱུ་ཚོགས་པ་སོགས་ཀྱིས་ལུས་ཆགས་པར་བྱེད་པ་སྟེ། དེ་ཡང་ཁམས་དཀར་དམར་གྱི་དབུས་སུ་རྣམ་ཤེས་ཞུགས་པ་མེར་མེར། ནུར་ནུར། གོར་གོར། ཏར་ཏར་པོ་སོགས་ནས་ལུས་སོགས་རྫོགས་ཤིང་ཟླ་གྲངས་ཚང་བ་ནས་སྐྱེ་བའི་སྡུག་བསྔལ་འཇུར་མིག་ནས་དྲངས་པ་ལྟར་བཅས། རེ་ཞིག་ནུ་མ་འཐུང་བ་ཙམ་ལས་རང་སྟོབས་དམན་པས་ཅུང་ཟད་ཉམ་
ཐག་ནས་ངུ་ཞིང་བླང་དོར་མེད། ཤེད་བྱེ་བས་དར་ལ་བབ་པ་འདོད་ཆགས་ཀྱིས་བུད་མེད་ཀྱི་ཕྱིར་དང་གནས་སྐབས་ཀྱི་བདེ་བ་ཉི་ཚེ་བར་ཞེན་ཆེས་པས་ངལ་བ་བརྒྱ་ཕྲག་གིས་གདུང་བ་དང་བཅས། འཕྲལ་ལ་རྒ་བའི་གནས་སྐབས་སུ་སླེབས་ནས་སྐྲ་དཀར་པོ་ལྷུང་། ལུས་གཉེར་མས་གཡོགས། སྟོབས་དང་ལང་ཚོ་བྲི། བུ་དང་ཆུང་མ་གཉེན་ཉེ་དུ་སོགས་གཅེས་པ་རྣམས་ཀྱིས་སྡང་ཞིང་བོར། རྒས་འཁྱོག་གྱ་བར་གྱུར་པའི་ལུས་དེ་ལ་འདུ་འཁྲུགས་ཀྱི་ནད་བྱུང་བས་མི་བཟོད་པའི་གཟེར་ཟུག་བྱུང་ཡང་རིམ་གྲོ་དང་སྨན་དཔྱད་ཀྱིས་བོར། དཔལ་འབྱོར་ལྷའི་ལོངས་སྤྱོད་ལྟར་ཡོད་ཀྱང་ཤུལ་དུ་བསྐྱུར་ནས་མི་འདོད་བཞིན་དུ་འཆི་བར་གྱུར་པ་ན། སྔར་བྱས་ཀྱི་ལས་ཀྱིས་བདེ་འགྲོར་སྐྱེ་བ་ནི་རེས་འགའ་ཙམ། ཕལ་ཆེར་ངན་སོང་གསུམ་དུ་ལྷུང་ནས་བཟོད་དུ་མེད་པའི་མནར་གཅོད་ཀྱི་ལས་ལ་སྤྱོད་པས། དེ་ཕྱིར་ལུས་རྟེན་འདི་ལ་དལ་འབྱོར་དོན་ཡོད་འབྲས་བུ་བཞི་ཐོབ་དགོས་པར་གསུངས་ཏེ་འབྲས་བུའི་གཏམ་མོ། །


previousཡལ་འདབ་དང་པོ་ནས་བཅུ་བར།next