Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
ཡལ་འདབ་ཉེར་གཅིག་ནས་སུམ་ཅུ་བར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡལ་འདབ་ཉེར་གཅིག་ནས་སུམ་ཅུ་བར།next

ཡལ་འདབ་ཉེར་གཅིག་ནས་སུམ་ཅུ་བར།


GTN003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༡༣ ༈ ཡལ་འདབ་ཉེར་གཅིག་པ་ཨ་མྲ་སྐྱོང་མ་ནི། ལུས་འཕགས་ཀྱི་གནས་མི་ཐི་ལར། རྒྱལ་པོ་ཆུ་ཡི་སེམས་ཅན་ལ་བློན་པོ་དུམ་བུ་ཞེས་རིགས་པ་ཅན་ཞིག་ཡོད་པ། རྒྱལ་བློན་ཕྲ་མས་ཕྱེས་ནས། བློན་པོ་ཡངས་པ་ཅན་དུ་བྲོས་པ་ན་ཚོགས་དེའི་གཙོ་བོར་དབང་བསྐུར། བློན་པོ་དེའི་བུ་ཆེ་བ་ས་འཚོ་དང་ཆུང་བ་སེངྒེ་གཉིས་བྱུང་། འདི་གཉིས་ལ་ཡངས་ཅན་པས་སྐྱེད་ཚལ་རྙིང་པ་ཞིག་བྱིན་པར་སངས་རྒྱས་ཀྱི་སྐུ་གཟུགས་གཙུག་ལག་ཁང་དང་བཅས་པ་བཞེངས། སེངྒེ་ལ་བུ་མོ་ཆེ་བ་གོས་ཅན་དང་། ཆུང་བ་ཉེ་གོས་གཉིས་བྱུང་བ་མཚན་མཁན་ནས་སྔ་མར་བུ་ཕ་གསོད་པ་ཞིག་དང་། ཕྱི་མར་བུ་མཚན་རྫོགས་ཤིང་བཙའ་བར་ལུང་བསྟན། དུམ་བུ་ཤི་ནས་སེངྒེས་དཔོན་བྱས། ས་མཚོ་རྒྱལ་པོ་གཟུགས་ཅན་སྙིང་པོའི་བློན་པོར་གྱུར་པས། རྒྱལ་པོའི་བཙུན་མོ་ཤི་བའི་ཐུགས་ངལ་སོས་ཕྱིར། བུ་མོ་ཉེ་གོས་འབུལ་རྒྱུར་ཡངས་ཅན་གྱི་ཚོགས་ཉུལ་


GTN003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བས་ནོར་ཏེ་གོས་ཅན་ཕུལ་བས་ཕྱིས་ལུགས་འཕགས་མར་གྲགས་པ་མ་སྐྱེས་དགྲའི་མ་དེའི་ཡིན། ལི་ཙ་བི་མིང་ཆེན་གྱི་སྐྱེད་ཚལ་དུ་ཆུ་ཤིང་གི་སྡོང་པོ་ཞིག་གི་ཁོག་པ་ནས་བུ་མོ་ཨ་མྲ་སྐྱོང་མ་བྱུང་བར། ཡངས་ཅན་པས་ཚོགས་ཀྱིས་སྤྱོད་པར་བརྩམས་ཀྱང་མ་ནུས་པར། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་འཕྲད་པར་བུ་གཞོན་ནུ་འཇིགས་མེད་སྐྱེས་སོ། །ཨ་མྲ་སྐྱོང་མའི་སྔོན་འབྱུང་ཞུས་པར། རྒྱལ་པོའི་ཁབ་ཏུ་སྐྱེད་ཚལ་སྲུང་བ་ཕྲེང་ཅན་མར་གྱུར་དུས། རང་སངས་རྒྱས་ལ་མེ་ཏོག་ཙུ་ཏ་མང་པོ་ཕུལ་ནས་མིའི་མངལ་མ་བཟུང་བར་རྒྱལ་པོའི་བཙུན་མོར་འགྱུར་བའི་སྨོན་ལམ་བཏབ་པར་གསུངས་ཏེ་འབྲས་བུའི་གཏམ་མོ། །༡༤ ༈ ཡལ་འདབ་ཉེར་གཉིས་པ་མགོན་མེད་ཟས་སྦྱིན་ནི། མཉན་ཡོད་དུ་ཁྱིམ་བདག་སྦྱིན་པའི་བུར་སྐྱེས་མིང་བཟང་བྱིན་ཡིན་ཡང་རྒྱུ་མཚན་ཡོད་པས་དེ་ལྟར་གྲགས། དེ་ལ་བུ་དྲུག་བཙས་པར་ཁྱིམ་ཕུབ་ནས། བུ་བདུན་པ་ལེགས་སྐྱེས་ཀྱི་ཆུང་མར་གངས་རིའི་གླང་པོ་བརྒྱ། རྟ་བརྒྱ། གསེར་གྱི་རྒྱན་བརྒྱ། དྲེའུ་ཡི་ཤིང་རྟ་བརྒྱ། ཐོ་གར་ཡུལ་གྱི་བུད་མེད་བརྒྱ་རྣམས་རིན་བྱིན། དེ་ཉིད་བུད་མེད་ལེན་པའི་ཁྱིམ་དུ་གནས་པས་སངས་རྒྱས་ཀྱི་གཏམ་ཐོས་ནས་མཇལ་བར་འདོད་པས་མཚན་མོ་གཉིད་ཡལ་བར། གྲོགས་པོ་སྦྲང་རྩིའི་ཕུང་པོ་མཆོག་ཟུང་ལ་དད་པས་ལྷར་སྐྱེས་པས་ལམ་བསྟན་པ་ལྟར་སྟོན་


GTN003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཇལ་ནས་རྒྱུན་ཞུགས་ཐོབ། མཉན་ཡོད་དུ་སྟོན་པ་སྤྱན་དྲངས་ཤིང་གཙུག་ལག་ཁང་བཞེངས་པའི་གྲོགས་དན་ལ་ཤ་རིའི་བུ་གནང་། གཞོན་ནུ་རྒྱལ་བྱེད་ཀྱི་ཚལ་གསེར་བྱེ་བ་གཤིབ་ནས་གཙུག་ལག་ཁང་གི་ས་སློང་། གསེར་གྱིས་མ་གཡོགས་པའི་ས་ཆར་རྒྱལ་བུ་རྒྱལ་བྱེད་ཀྱིས་སྒོ་ཁང་བྱས། མུ་སྟེགས་པ་ཀུན་ཏུ་རྒྱུ་མིག་དམར་གྱིས་ཕྲག་དོགས་གིས་ས་ཧ་ཀ་རའི་ལྗོན་པ། སྦྲུལ་མགོ་བདུན་པ། པདྨའི་མཚོ་རྫིང་། རོ་ལངས་རྣམས་མིག་འཕྲུལ་དུ་བསྟན་པ། ཤ་རིའི་བུས་རླུང་ནག་དང་། བྱ་ཁྱུང་། གླང་ཆེན། ཕུར་བུ་སོགས་ཀྱིས་བཅོམ་ནས་མུ་སྟེགས་རྣམས་ཆོས་ལ་བཀོད་དེ་དགྲ་བཅོམ་པར་གྱུར། མཆོག་དང་ཟས་བྱིན་གྱིས་གཙུག་ལག་ཁང་བཞེངས་པའི་ཐིག་འདེབས་པ་ན་བསོད་ནམས་ཀྱི་མཐུས་དགའ་ལྡན་དུའང་གསེར་གྱི་ཁང་པ་དཔག་ཚད་བཞི་བཅུ་པ་རང་གྲུབ་བྱུང་བ་དང་། སླར་ཡང་དད་པས་ཁང་པ་དེ་རིན་ཆེན་སྣ་བཞིར་གྱུར་པ་རྣམས་ཟས་བྱིན་ལ་བརྡའ་མཛད། གནས་ཁང་ཆེན་པོ་སུམ་བརྒྱ། གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང་། ཁང་ཕྲན་དྲུག་ཅུ་བསྒོམ་ཁང་རེ་གསུམ་བརྩིགས་སོ། །དེར་སངས་རྒྱས་འཁོར་དང་བཅས་བྱོན་པར་ཟས་བྱིན་རང་གིས་གསེར་གྱི་བྱ་མ་བུམ་ཐོགས་ནས་མཆོད་ཡོན་སྦྲེངས་པས་ཕྱོགས་ཁ་ཅིག་ཏུ་ཆུ་རེངས་པ་སངས་རྒྱས་རྣམ་གཟིགས། གཙུག་ཏོར་ཅན། ཐམས་ཅད་སྐྱོབས། འཁོར་བ་འཇིགས། གསེར་ཐུབ། འོད་སྲུང་རྣམས་ལ་སྐྱེ་བ་སྔ་མ་རྒྱལ་བྱེད། རྒྱས་པ། མཆུ། སྲིད་བྱིན། ཕུར་བུ། ཆུ་སྟོད་རྣམས་སུ་གྱུར་ནས་ཕུལ་བའི་ཕྱོགས་ཡིན་པ་དང་། མ་འོངས་པར་བྱམས་པ་


GTN003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱིམ་བདག་ནོར་བཟང་དུ་གྱུར་ཞིང་དགྲ་བཅོམ་ཐོབ་པར་ལུང་བསྟན་ཏེ། སྔར་མ་ཕུལ་བའི་ཕྱོགས་སུ་ཆུ་རྒྱུན་སྦྲེལ་ན་བྱུང་སྟེ་མཆོད་ཡོན་སྦྲེང་བ་འཕགས་ཡུལ་བའི་ལུགས་སྲོལ་ཡིན། སྔོན་འབྱུང་ཁྱིམ་བདག་གསེར་སྦྱིན་དུ་གྱུར་དུས་རང་སངས་རྒྱས་ཀྱི་སྐུ་གདུང་ལ་བཀུར་སྟི་ཆེན་པོས་བསྲེགས་ཏེ། མེ་དེ་འོ་མས་བསད་ནས་རུས་པ་རྣམས་ཤེལ་གྱི་བུམ་པར་རིན་པོ་ཆེ་དང་བསྲེས་ཏེ་བླུགས་ནས་སྨོན་ལམ་བཏབ་པས། ས་འོག་གི་གཏེར་མཐོང་བའི་རྒྱུ་མིག་འབྲས་རིན་པོ་ཆེ་ལྟར་བཀྲ་བ་དང་། དབྱིག་གི་སྐད་ཡོད་པ་སོགས་བཀའ་སྩལ་ཏེ། འབྲས་བུའི་གཏམ་མོ། །༡༥ ༈ ཡལ་འདབ་ཉེར་གསུམ་པ་ཡབ་སྲས་མཇལ་བ་ནི། རྒྱལ་པོ་ཟས་གཙང་གིས་སྟོན་པ་མཇལ་བར་འདོད་ནས་ཕོ་ཉ་བདུན་བཏང་བ་སོ་སོར་རབ་ཏུ་བྱུང་ནས་ཕྱིར་མ་ལོག་པས་མདུན་ན་འདོན་གྱི་བུ་འཆར་ཀ་བཏང་ནས། རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བཀའ་བཞིན་རྒྱལ་པོར་ཕྲིན་བསྲིང་། དེ་ཕྱོགས་སུ་གཙུག་ལག་ཁང་བཞེངས་ཤིང་དེར་ཡབ་སྲས་གདན་འཛོམས་པ་ན། སྟོན་པའི་བཀའ་བཞིན། མོའུ་འགལ་བུས་རྫུ་འཕྲུལ་བསྟན་ནས་དྲེགས་པ་བཅོམ། སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ན། ལྷའི་གཞལ་ཡས་ཁང་བཞེངས་ཤིང་ཚངས་པ་དང་བརྒྱ་བྱིན་སོགས་ལྷ་མཐུ་བོ་ཆེ་རྣམས་འདུས་པར་ཆོས་གསུངས་ཤིང་། རྒྱལ་པོ་ཆེན་པོ་བཞིས་སྒོ་བཀག་པས་རྒྱལ་


GTN003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐུགས་དང་དེ་བདེན་པ་མཐོང་། ཤཱཀྱ་མང་པོ་རབ་ཏུ་བྱུང་ཞིང་སོ་སོར་མཚན་མཁན་གྱིས་བརྟགས་པས་ལེགས་པར་བསྟན་ཞིང་། ལྷས་བྱིན་དང་དེར་གཏོགས་པ་རྣམས་ཉེས་པར་སྨྲས། ཤཱཀྱ་རབ་ཏུ་བྱུང་བ་རྣམས་དགྲ་བཅོམ་པ་དང་། གཞན་ཕལ་ཆེར་འབྲས་བུ་བཞི་ལ་བཀོད། འདི་སྐབས་ཉེ་བ་འཁོར་གྱི་རྐང་པར་སྟོན་པའི་བཀའ་བཞིན་བཟང་ལྡན་གྱིས་ཕྱག་ཕུལ་བས་ས་གཡོས་ཤིང་། ལྷས་བྱིན་གྱིས་སྟོན་པའི་བཀའ་ལས་འགལ་བའི་ཐོག་མ་ཡིན་ནོ། ། སྔོན་འབྱུང་ཉེ་བར་འཁོར་རྒྱལ་པོ་ཚངས་བྱིན་གྱི་འདྲེག་མཁན་དུ་གྱུར་པ་ན་མིང་གངྒཱ་སྐྱོང་ཡིན། རྒྱལ་པོས་རྒྱལ་སྲིད་ཕྱེད་སྟེར་བ་མ་བླངས་པར་དྲང་སྲོང་གཞུང་ཅན་དྲུང་དུ་རབ་ཏུ་བྱུང་ནས་འདོད་ཆགས་དང་བྲལ་བ་ཐོབ་སྟེ་སླར་རྒྱལ་པོས་དེའི་རྐང་པ་ལ་ཕྱག་འཚལ་བ་གསུངས་ཏེ་ཚངས་བྱིན་དེ་རྒྱལ་པོ་བཟང་ལྡན་འདི་ཡིན་ཞེས་ལས་ཀྱི་རྒྱུ་བ་ལུང་སྟོན་པར་འབྱུང་བ་བཞིན་ཏེ་འབྲས་བུའི་གཏམ་མོ། །༡༦ ༈ ཡལ་འདབ་ཉེར་བཞི་པ་རྒྱལ་པོ་ཐམས་ཅད་སྒྲོལ་དུ་སྐྱེ་བ་བཞེས་པ་ནི། སྐྱེས་རབས་སོ་བཞི་པའི་སྐབས་དགུ་པར་འབྱུང་བར། སྟོན་པ་ཤཱཀྱའི་གྲོང་དུ་བཞུགས་པ་ན་འཁོར་རྣམས་ལ་སྔོན་བྱུང་གསུངས་སྟེ། ཡུལ་ཤི་བི་པའི་རྒྱལ་པོ་ཀུན་ཏུ་རྒྱལ་གྱི་སྲས་ཡིན། གླང་པོ་རིན་པོ་ཆེ་སྦྱིན་པར་གཏོང་བས་མངའ་འོག་འཁྲུགས་ཏེ་ནགས་སུ་བསྐྲད། དེ་ནས་ཀྱང་ཤིང་རྟ་འདྲེན་པའི་རྟ་དང་། ཤིང་རྟ།


GTN003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་དྲིན་ལྡན་དང་། སྲས་མོ་ཀྲིཥྞ་བཙུན་མོ་མ་དྲི་བཅས་སྦྱིན་པར་གཏོང་། སླར་རྒྱལ་སར་འཁོད་དེ་སྲས་བཙུན་མོར་བཅས་འཛོམས་ཤིང་། བདེ་སྐྱིད་ཕུན་སུམ་ཚོགས་པར་གསུངས་ཏེ་སྦྱིན་པའི་གཏམ་མོ། །༥ ༈ ཡལ་འདབ་ཉེར་ལྔ་པ་མངོན་པར་འབྱུང་བ་ནི། བཅོམ་ལྡན་འདས་གཟིགས་པ་ལྔས་སེར་སྐྱའི་གྲོང་ཁྱེར་དུ། ཡུམ་སྒྱུ་མ་ལྷ་མཛེས་ཀྱི་མངལ་དུ་འཛིན་ནས་ལུམྦིའི་ཚལ་དུ་སྐུ་བལྟམས་པར་ལྷའི་བུས་ཁྲུས་གསོལ། བྲམ་ཟེ་མཚན་མཁན་གྱིས་སངས་རྒྱས་སུ་ལུང་བསྟན། ཤཱཀྱའི་ལྷ་རྣམས་ཀྱིས་ཞབས་ལ་ཕྱག་འཚལ། ཤཱཀྱ་རྣམས་དང་སྟོབས་འགྲན་ཞིང་བཙུན་མོའི་འཁོར་བརྒྱད་ཁྲི་བཞི་སྟོང་སྤྱད། སྐྱེ་རྒ་ན་འཆི་དང་དགེ་སློང་གི་རྐྱེན་ལས་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་། བརྒྱ་བྱིན་རྔོན་པར་སྤྲུལ་ཏེ་གོས་ངུར་སྨྲིག་ཕུལ་བ་རྣམས་ཏེ་འབྲས་བུའི་གཏམ་མོ། །༡༧ ༈ ཡལ་འདབ་ཉེར་དྲུག་པ་བདུད་བཏུལ་བ་ནི། སྔ་མའི་འཕྲོས་ཏེ། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ནགས་ཀྱི་མཐར་སྟོན་པ་ཤིང་ལོའི་འདམ་དཀྲིས་མཛད་དེ་བསམ་གཏན་ལ་བཞུགས་པར། བ་ལང་རྫིས་


GTN003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་གསོན་བལྟ་སྟེ་སྙན་དུ་ཐུར་མ་འཛུགས་པ་སོགས་དང་། དཀའ་ཐུབ་ལས་བཞེངས་ཏེ་ཁ་ཟས་རགས་པ་སོགས་གསོལ་ཞིང་བཞེད་པར། འཁོར་ལྔ་སྡེ་མ་དད་དེ་ཝཱ་རཱ་ཎ་སཱིར་དོང་། སྟོན་པར་དགའ་མོ་དང་དགའ་སྟོབས་མས་འོ་ཐུག་ཕུལ་ནས་སྐུ་མདོག་གསེར་ལྟར་སྣང་ཞིང་མཚན་དཔེའི་འོད་དུ་འབར་བ་རྩྭ་འཚོང་བཀྲ་ཤིས་ལས་རྩྭ་ཀུ་ཤ་སློང་བར་གདན་མཛད་དེ་བྱང་ཆུབ་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་མི་གཡོ་བར་དམ་བཅའ་བ། སྨིན་མཚམས་འོད་ཟེར་གྱིས་བདུད་དམག་བསྐུལ་བས། བདུད་དམག་བྱེ་བ་ཁྲག་ཁྲིག་བྱམས་པས་བཏུལ། བུད་མེད་ཀྱི་གཡོ་སྒྱུ་ངོམ་པ་རྒན་མོར་བསྒྱུར། སའི་ལྷ་མོས་དཔང་པོ་མཛད་དེ་མངོན་པར་སངས་རྒྱས་པའོ། །སྐབས་འདིར་སྲས་སྒྲ་གཅན་འཛིན་སྔོན་གྱི་ལས་ཀྱིས་ལོ་དྲུག་མངལ་དུ་ཞུགས་པ། གྲགས་འཛིན་མར་བཙས་ཚེ། ཤཱཀྱའི་སྲས་ཡིན་མིན་བརྟགས་ཕྱིར་རྡོ་དང་བཅས་ཆུར་འཕངས་པ་མ་ནུབ་པས་ཡིད་ཆེས་པ། བདུད་ཀྱིས་ཤཱཀྱའི་སྲས་འདས་ཞེས་བསྒྲགས་པ། ལྷས་སངས་རྒྱས་ཟིན་པར་བསྒྲགས་པས་ཟས་གཙང་གི་མྱ་ངན་སེལ། ཚོང་དཔོན་ག་གོན་དང་བཟང་པོས་སྦྲང་རྩི་ཕུལ་བའི་སྐབས་རྒྱལ་ཆེན་སྡེ་བཞིས་ལྷུང་བཟེད་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་ནས་གསོལ་ཏེ་བཀྲ་ཤིས་ཀྱི་ཚིགས་གསུངས་ཏེ་འབྲས་བུའི་གཏམ་མོ། །༡༨


GTN003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཉེར་བདུན་པ་ཤཱཀྱ་རྣམས་ཀྱི་བྱུང་བ་ནི། སེར་སྐྱའི་གཞི་ནྱ་གྲོ་དྷའི་ཀུན་རར་སངས་རྒྱས་བཞུགས་པ་ལ་ཤཱཀྱ་རྣམས་ཀྱིས་སྔོན་གྱི་རིགས་རུས་ཞུས་པར། སངས་རྒྱས་ཀྱི་བཀས་མོའུ་འགལ་བུས་དེ་རྣམས་ཀྱིས་སྔོན་གྱི་མཐའི་གཟིགས་པ་རྣམ་པར་དག་པས་བཤད་པ་སྡེ་སྣོད་ཀྱིས་འཇིག་རྟེན་མས་ནས་ཡར་ཆགས་པ་དང་། བཅུད་ཀྱི་སེམས་ཅན་ཡས་ནས་མར་ཆགས་ཏེ་ཐོག་མར་མང་པོས་བཀུར་བའི་རྒྱལ་པོ་བྱུང་། དེའི་རིགས་བརྒྱུད་རྒྱལ་པོ་གསོ་སྦྱོང་འཕགས། དེའི་སྲས་སྤྱི་བོ་སྐྱེས། དེའི་རིགས་སྟོང་ཕྲག་གི་རྗེས་སུ་རྒྱལ་པོ་ཀྲ་ཀཱི། དེས་སངས་རྒྱས་འོད་སྲུང་མཆོད། དེའི་རྒྱུད་ལ་བུ་རམ་ཤིང་པ་བྱུང་། དེ་ནས་འཕགས་སྐྱེས་པོ། དེའི་བུ་སྐར་མདའ་གདོང་། ལག་རྣ་གླང་པོ་ཆེ་འདུལ། རྐང་རྒྱན་ལྡན་ཏེ་བཞི་ཡོད་པ་ཉེས་པ་འགའ་ཞིག་གིས་ཕྱིས་ཡུལ་ནས་སྤྱུགས་པ་རང་རང་གི་སྲིང་མོ་བཅས་སེར་སྐྱའི་གནས་དང་ཉེ་བར་འཁོད་ནས་རང་རང་གི་སྲིང་མོ་བཏང་སྟེ་མས་དབེན་གྱི་སྲིང་མོ་རྣམས་དང་ལྷན་ཅིག་སྤྱོད་པས་བུ་དང་བུ་མོ་མང་དུ་འཕེལ་བས་ཤཱཀྱའི་བུ་རྒྱུད་དུ་མིང་ཆགས། དེའི་རིགས་རྒྱུད་ས་སྤྱོད་སྟོང་ཕྲག་ལྔ་པ་འདས་ནས་ཤིང་རྟ་བཅུ་པ་བྱུང་། དེའི་རྒྱུད་ལ་སེངྒེ་འགྲམ། དེའི་སྲས་ཟས་གཙང་། ཟས་དཀར། བྲེའོ་ཟས། བདུད་རྩི་ཟས་སོགས་ཡིན་པར་གསུངས་ཏེ། ཞིབ་པར་མངོན་པར་འབྱུང་བའི་མདོར་བསྟན་པ་ཉིད་དེ་འབྲས་བུའི་གཏམ་མོ། །༡༩


GTN003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཉེར་བརྒྱད་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ནི། གྲོང་ཁྱེར་ཙམ་པར་གྲུ་འཛིན་གྱི་བུ་ཡིན། འདི་བསོད་ནམས་ཆེན་པོ་དང་ལྡན་ཞིང་ཉི་མ་ལྷར་མཆོད་པས། མོའུ་འགལ་བུས་གདུལ་བའི་དུས་མཁྱེན་པས་ཉི་མའི་དཀྱིལ་འཁོར་བརྟོལ་ནས་འོང་བའི་རྫུ་འཕྲུལ་བསྟན་པས་བསོད་སྙོམས་གསོལ་ཞིང་སྟོན་པར་མཆོད་པ་བསྐུལ་བས། དེས་ལྷའི་བདུད་རྩི་སྦགས་པའི་བཟའ་བ་སྣོད་དུ་བཙོས་པ་ལྔ་བརྒྱ་སངས་རྒྱས་ལ་བསྐུར་བས། མཆོག་གིས་རྫུ་འཕྲུལ་གྱིས་ཕུལ་བ་དང་རྒྱལ་པོ་གཟུགས་ཅན་སྙིང་པོས་ཀྱང་ཞལ་ཟས་འབུལ་བ་འགྲིགས་པས། རྒྱལ་པོ་ཡ་མཚན་སྐྱེས་ཏེ་དྲིས་པ་ན་སྟོན་པས་གྲོ་བཞིན་བྱེ་བ་ཉི་ཤུ་པའི་ལོ་རྒྱུས་གསུངས་པས་དེ་བལྟ་འདོད་པར་གྱུར་ཅིང་། དེ་དང་རྒྱལ་པོ་འཕྲད་དེ་དགའ་བའི་གཏམ་བྱས་ཤིང་ལྷན་ཅིག་སངས་རྒྱས་ག་ལ་བ་དེར་ཕྱིན་ནས་གྲུ་འཛིན་བུ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་པ་ན། འཁོར་རྣམས་ཀྱིས་དེའི་སྔོན་འབྱུང་ཞུས་པར་སྔར་བདེ་གཤེགས་རྣམ་གཟིགས་ལ་བྲམ་ཟེའི་བུ་དབང་པོའི་ཟླ་ཞེས་པ་དབུལ་པོས་བསྙེན་བསྐུར་བྱས་ནས་སྨོན་ལམ་བཏབ་པར་གསུངས་ཏེ་འབྲས་བུའི་གཏམ་མོ། །༢༠


GTN003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཉེར་དགུ་པ་གླང་པོ་ནོར་སྐྱོང་བཏུལ་བ་ནི། སྟོན་པ་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས། མ་སྐྱེས་དགྲ་ལ་ཀླུའི་གླང་པོ་ཆེའི་བུ་གླང་པོ་ནོར་སྐྱོང་ཞེས་པ་ཡོད། སྟོན་པ་སྦྱིན་བདག་སར་དགེ་སློང་ལྔ་བརྒྱའི་འཁོར་དང་བཅས་བྱོན་པའི་གཏམ་ཐོས་པས་ལྷས་བྱིན་གྱིས་གླང་རྫི་ལ་མུ་ཏིག་གི་དོ་ཤལ་སྲང་བརྒྱ་སྟོང་རི་བ་བྱིན་ནས་གླང་པོ་རྦད་དུ་བཅུག་པས། འཁོར་རྣམས་ལས་ཀུན་དགའ་བོ་མ་གཏོགས་བྲོས། སངས་རྒྱས་ཀྱི་ཕྱག་སོར་ལས་སེངྒེ་རལ་པ་ཅན་ལྔ་སྤྲུལ་པས་གླང་པོ་སྐྱེངས་ཏེ་བྲོས་པར་དེའི་མཐར་མེ་དཔུང་གིས་བསྐོར་བར་སྟོན་པའི་དྲུང་ཁོ་ན་བསིལ་བར་མཐོང་ནས་སྐྱབས་སུ་སོང་སྟེ། སེམས་དགའ་བར་བྱས་པ་ཤི་ནས་རྒྱལ་ཆེན་བཞིའི་ལྷར་སྐྱེས་པས་སྟོན་པར་མཆོད་པ་ཕུལ། དེའི་སྔོན་འབྱུང་སངས་རྒྱས་འོད་སྲུང་གི་བསྟན་པར་རབ་ཏུ་བྱུང་བ་ན་བསླབ་པའི་གནས་ལ་མ་གུས་པའི་ལས་སུ་གསུངས་ཤིང་། ཀུན་དགའ་བོ་མ་གཏོགས་འཁོར་གཞན་བྲོས་པ་ཡང་། སྔོན་མཚོ་ཞིག་ལ་ངང་པ་ལྔ་བརྒྱ་གནས་པ་གཅིག་རྙིས་ཟིན་ཏེ། གཞན་འཕུར་བ་ན་ངང་པ་ཅིག་གིས་མཛའ་བ་མ་བཏང་བ་གསུངས་ཏེ་འབྲས་བུའི་གཏམ་མོ། །༢༡


GTN003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་སུམ་ཅུ་པ་ཀཱ་ཤི་མཛེས་དགར་སྐྱེ་བ་བཞེས་པ་ནི། དགེ་སློང་ཀཽ་ཌི་ནྱའི་གཏམ་གྱི་མཇུག་ཏུ་སངས་རྒྱས་ཀྱིས་གསུངས་པ་སྟེ་ས་བདག་ཚངས་བྱིན་གྱི་བུ་ཡིན། རྒྱལ་སྲིད་སྤངས་ནས་ནགས་སུ་དཀའ་ཐུབ་སྤྱོད་པས་མིང་འགྱུར་ཏེ་བཟོད་པ་སྨྲ་བར་གྲགས། དེའི་སྤུན་ཟླ་དུས་ཀྱི་པས་རྒྱལ་སྲིད་སྐྱོང་བ། ནགས་སུ་བཙུན་མོའི་འཁོར་དང་བཅས་ལྟད་མོར་རྒྱུ་བ་ན། རྒྱལ་པོ་གཉིད་ལོག་པའི་ཤུལ་དུ་བཙུན་མོ་རྣམས་ནགས་སུ་འཁྱམས་པར་དྲང་སྲོང་བཟོད་པར་སྨྲ་དང་མཇལ་ནས་ཆོས་བསྟན་པ་རྒྱལ་པོས་མཐོང་བས་ཁྲོས་ཏེ་མ་བརྟགས་པར་དྲང་སྲོང་གི་རྐང་ལག་ཐམས་ཅད་སྤུ་གྲིས་གཏུབས་ཏེ་དྲང་སྲོང་ལ་དགའ་བའི་ལྷ་རྣམས་ཁྲོས་པས་རྒྱལ་པོའི་ཡུལ་དུ་མུ་གེ་དང་། མུ་གེ་ཆེན་པོ་བྱུང་ནས། དྲང་སྲོང་ལ་བཟོད་པར་གསོལ་བ་ན་ཁྲོ་བ་མ་སྐྱེས་པའི་བདེན་པ་བརྗོད། དེའི་ཁྲག་འོ་མར་ཟག་ཅིང་ལུས་སྔ་མ་ཁོ་ན་ལྟར་གྱུར། འདི་སྐྱེས་རབས་སོ་བཞི་པའི་སྐབས་ཉེར་བརྒྱད་པའི་བཟོད་པར་སྨྲ་བ་དང་ཕྱོགས་མཚུངས་ཤིག་སྟེ་བཟོད་པའི་གཏམ་མོ། །༡


previousཡལ་འདབ་ཉེར་གཅིག་ནས་སུམ་ཅུ་བར།next