Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
ཡལ་འདབ་སོ་གཅིག་ནས་བཞི་བཅུ་བར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡལ་འདབ་སོ་གཅིག་ནས་བཞི་བཅུ་བར།next

ཡལ་འདབ་སོ་གཅིག་ནས་བཞི་བཅུ་བར།


GTN003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་སོ་གཅིག་པ་གསེར་མདོག་གི་སྐྱེས་རབས་ནི། འཁོར་རྣམས་ཀྱིས་ལྷས་བྱིན་གྱི་སྔོན་འབྱུང་ཞུས་པའི་རྗེས་སུ་བཀའ་སྩལ་པ་སྟེ། སངས་རྒྱས་ཉིད་ཝཱ་རཱ་ཎ་སཱིར་ནགས་ཚལ་ཤིན་ཏུ་སྟུག་པོར་རི་དྭགས་ཁ་དོག་གསེར་གྱི་མདོག་ཅན་ར་རིང་བ་ལ་གྲོགས་པོ་ཁྭ་ཏ་ཞིག་ཀྱང་ཡོད། དེ་དང་ཉེ་བར་ཆུ་བོའི་རྒྱུན་གྱིས་མི་ཞིག་ཁྱེར་བ་རི་དྭགས་ཀྱིས་ཆུ་ལས་བླངས་ཏེ་གཞན་ལ་མི་སྨྲ་བར་གདམས། ཡུལ་དེའི་རྒྱལ་པོ་དབང་པོའི་སྡེའི་བཙུན་མོ་ཟླ་འོད་ལ་རྨི་ལྟས་བྱུང་བས། རྒྱལ་པོས་རི་དྭགས་དེ་མཐོང་མཁན་བྱུང་ན་བྱ་དགའ་སྟེར་བའི་དྲིལ་བསྒྲགས་པ་ན། མི་ངན་དེས་གླ་རྔན་ཐོབ་པར་བསམ་ནས། ནགས་སུ་རྒྱལ་པོ་དཔུང་དང་བཅས་པ་ཁྲིད་དེ་ལག་པ་བསྒྲེངས་ནས་བསྟན་པས་ལས་འབྲས་མི་བསླུ་བས་དེའི་ལག་པ་ཆད། རི་དྭགས་ཀྱི་རྒྱལ་པོར་རྒྱུ་མཚན་བརྗོད་ཅིང་མི་ངན་དེ་ལ་ཆད་པ་མེད་པར་མཛད་དེ་ཆོས་བསྟན་པས་རྒྱལ་པོ་འཁོར་བཅས་ཐར་པའི་ས་བོན་བསྐྲུན་ནོ། །འདི་ཡང་སྐྱེས་རབས་སོ་བཞིའི་སྐབས་ཉེར་དྲུག་གི་རྒྱུ་དང་ཕྱོགས་མཚུངས་ཏེ་ཤེས་རབ་ཀྱི་གཏམ་མོ། །༢


GTN003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་སོ་གཉིས་པ་རྒྱལ་བུ་དགེ་དོན་ཏུ་སྐྱེ་བ་བཞེས་པ་ནི། གྲོང་ཁྱེར་པ་ཊ་ལིར་ས་བདག་འབྱེད་འཇིག་གི་སྲས་སུ་འཁྲུངས། ནུ་བོའི་སྡིག་དོན་དང་ལྷན་ཅིག་རྒྱ་མཚོར་སོང་ནས་ནོར་བུ་ལོན་ཏེ་ཚུར་འོངས་པས་གྲུ་ཞིག་ཀྱང་ཕུ་བོའི་སྟོབས་ཀྱིས་ནུ་བོ་དང་ནོར་བུར་བཅས་རྒྱ་མཚོའི་འགྲམ་དུ་སླེབས་པ་ན། ཕུ་བོ་གཉིད་ལོག་པས་ནུ་བོས་མིག་གཉིས་ཚེར་མས་བཏོན་ཏེ། ནོར་བུ་བླངས་ནས་ཕ་མའི་རྩར་སླེབས། དགེ་དོན་རྒྱལ་པོ་བསོད་ནམས་སྡེའི་བུ་མོར་མཛའ་ནས། བུད་མེད་གཞན་མ་བསམ་པའི་བདེན་པ་དང་། བུ་མོས་སྐྱེས་པ་གཞན་མ་སེམས་པའི་བདེན་པ་བརྗོད་པས་མིག་གཉིས་སོས་ནས་རང་ཡུལ་དུ་བཙུན་མོ་བཅས་ཕྱིན་ནས་ནུ་བོ་སྡིག་དོན་བཙོན་ནས་བཏོན་པས། ནོར་བུ་བྱིན་ཏེ་སེམས་ཅན་ཀུན་གྱི་དབུལ་བ་བསལ་བ་བཟོད་པའི་གཏམ་མོ། །༢ ༈ ཡལ་འདབ་སོ་གསུམ་པ་ཁྱད་པར་ལོ་མར་སྐྱེ་བ་བཞེས་པ་ནི། ཀ་ལིངྐའི་ཡུལ་དུ་རྒྱལ་པོ་མྱ་ངན་མེད་ལ་བུ་བཞི་ཡོད་དེ། ལོ་མ་དང་། རབ་ཏུ་ལོ་མ། རྗེས་སུ་ལོ་མ། ཁྱད་པར་ལོ་མ་རྣམས་ཡོད་པ་ཡབ་ཀྱིས་རང་རང་གི་ཆུང་མ་དང་བཅས་བསྐྲད་དེ་ནགས་སུ་སོང་བ་རྒྱགས་ཟད་དེ་རང་རང་གི་ཆུང་མ་


GTN003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསད་པར་སེམས་པ་ན། ཁྱད་པར་ལོ་མས་བསམ་པ་དེ་ལས་ལྡོག་སྟེ། རང་གི་ཆུང་མ་ཁྲིད་དེ་ཟུར་དུ་བྲོས། ཆུང་མ་དེ་ཡང་བཀྲེས་པས་ཉེན་པ་ན། རང་གི་མགོ་ནས་ཁྲག་ཕྱུང་སྟེ། དེ་ལ་བླུད་པས་གསོས། རེ་ཞིག་ན་མི་རྐང་ལག་བཅད་པ་ཆུར་བསྐྱུར་བ་ཞིག་ཆོ་ངེ་འདོན་པའི་སྒྲ་ཐོས་པ། ཁྱད་པར་ལོ་མས་བླངས་ཏེ་གསོས་པ། དེའི་ཆུང་མ་ཆགས་ནས་ཁྱད་པར་ལོ་མ་གཡང་ལ་བསྐྱུར་བ་ཆུ་བོས་གྲོང་ཁྱེར་པུཥྐར་རྫིང་བུ་ཅན་དུ་ཁུར་བ། ཡུལ་དེའི་རྒྱལ་པོ་ལ་སྲས་མེད་པས་བློན་པོ་རིགས་པ་ཅན་གྱིས་རྙེད་དེ་རྒྱལ་སར་བཀོད་དེ་དཔལ་འབྱོར་ཕུན་སུམ་ཚོགས་པ་ན། བུད་མེད་གཡོན་ཅན་དེས་མི་ལག་ཟླུམ་དེ་རྒྱབ་ཏུ་ཁུར་ནས་གྲོང་ཁྱེར་སློང་བ་གཟིགས་པ་སྟེ་ཚུལ་ཁྲིམས་ཀྱི་གཏམ་མོ། །༡ ༈ ཡལ་འདབ་སོ་བཞི་པ་ཀླུ་དགའ་བོ་དང་ཉེར་དགའ་བཏུལ་བ་ནི། ཀླུ་དེ་གཉིས་སྦྲུལ་ཆེན་པོའི་རྣམ་པ་རི་རབ་ལ་ལན་གསུམ་དུ་དཀྲིས་ཏེ་གནས་པ། དེའི་ཁ་རླངས་ཀྱི་དུག་གིས་རི་རབ་ཀྱི་བང་རིམ་ལ་གནས་པའི་དགེ་སློང་རྣམས་སྐྱ་བོ་སེང་སེང་སོགས་གྱུར་པ་སོགས་སྲོག་ཆགས་དུ་མར་གནོད་པ་ལ། སངས་རྒྱས་ཀྱིས་མོའུ་འགལ་བུ་ལ་དེ་གདུལ་བར་གནང་བས། ཐབས་ཀྱིས་བཏུལ་ནས་སྟོན་པའི་སྤྱན་སྔར་ཁྲིད་དེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ལ་བཀོད། དེའི་སྔོན་འབྱུང་སྔར་རྒྱལ་པོ་ཀྲ་ཀཱིའི་བློན་པོ་དགའ་བོ་དང་ཉེ་དགའ་


GTN003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གཉིས་ཡོད་པས་རྒྱལ་སྲིད་ཆོས་དང་ཆོས་མིན་པ་གཉིས་ཀས་བྱས་པའི་ལས་སུ་གསུངས་ཏེ་འབྲས་བུའི་གཏམ་མོ། །༢༢ ༈ ཡལ་འདབ་སོ་ལྔ་པ་ལེགས་བྱིན་ནི། ཀླུའི་རྒྱལ་པོ་སྔ་མ་དེ་གཉིས་ཉིན་མོ་མིའི་ཆ་བྱད་ཀྱིས་སྟོན་པའི་སྤྱན་སྔར་མཆིས་ཏེ་ཆོས་ཉན་པ་ན། རྒྱལ་པོ་གསལ་རྒྱལ་འོང་བར་སྟོན་པས་གནང་སྟེ་ལྡང་བ་དང་ཞེ་ས་མ་བྱས་པར་རྒྱལ་པོ་ཁྲོས་པ། ཀླུའི་འཁོར་གྱིས་ཤེས་ནས་རྒྱལ་པོ་ཕྱིར་ཐོན་པ་ན་མཚོན་ཆའི་ཆར་ཕབ་པ། སྟོན་པའི་བཀའ་མོའུ་འགལ་བུས་མེ་ཏོག་ཏུ་བསྒྱུར་ཅིང་། སྟོན་པས་རྒྱལ་པོར་དེ་ཚུལ་གསུངས་པས་ཀླུ་ལ་གསལ་རྒྱལ་གྱིས་བཟོད་པ་གསོལ་ནས་རང་གི་ཁྱིམ་དུ་སྟོན་པར་བསྙེན་བཀུར་བྱས་ཏེ། དེ་སྐབས་མེའི་དགྲ་བྱུང་ནས་སྟོན་པའི་མཐུས་ཞི་ཡང་། མཚན་མོ་མེ་སྦར་དུ་མེད་པར་ཁྲིམས་ཀྱིས་བཅད། སྐབས་དེར་ཁྱིམ་བདག་ལེགས་བྱིན་གྱི་བུས་རྫུ་འཕྲུལ་སྟོན་ནས་རྫུན་སྨྲས་པ་རྒྱལ་པོས་བཀུམ་པས་ཁྱིམ་བདག་གིས་ཡོ་བྱད་ཐམས་ཅད་སྦྱིན་པ་བཏང་ནས་ལྷག་མ་པ་ཎ་གཅིག་བདོག་པ་སངས་རྒྱས་ལ་ཕུལ་བར་ཅུང་ཟད་སེམས་ཞུམ་པ་ན། དད་པས་ཕུལ་བ་རྒྱུ་ཆུང་ཡང་འབྲས་བུ་ཆེ་བར་གསུངས་པས་བདེན་པ་མཐོང་། རང་གི་ཁང་པར་མཚན་མོ་མར་མེའི་འོད་དུ་གསུང་རབ་བཀླགས་ནས་རྒྱལ་པོའི་ཁྲིམས་ཀྱིས་བཙོན་རར་བཅིངས་


GTN003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱ་བྱིན་དང་ཚངས་པ་སོགས་དཀར་ཕྱོགས་རྣམས་དེ་ལ་བལྟ་བར་འོང་ནས་ནོར་མང་དུ་བྱིན་ཡང་དེ་ཆོག་ཤེས་པ་ཆེ་བར་མ་བླངས་པར། དེའི་མཐུས་གྲོང་ཁྱེར་དུ་མཚན་མོ་མེའི་སྣང་བ་ཆེན་པོ་བྱུང་བས། རྒྱལ་པོས་བརྟག་པ་ན་ཁྱིམ་བདག་གིས་མཐུར་ཤེས་པས་བཅིངས་པ་ལས་གྲོལ། ཕྱི་ཉིན་རྒྱལ་བའི་སྤྱན་སྔར་ཁྱིམ་བདག་དེ་འོངས་པས་སྟོན་པ་ལ་གུས་པར་བསྐྱེད་དོ། །རྒྱལ་པོ་ལ་ཕྱག་མ་བྱས་པས་ཡུལ་ནས་བསྐྲད་པར་བརྩམས་པ་ན། དེ་ལ་དགའ་བའི་ལྷ་རྣམས་ཁྲོས་ཏེ་རྒྱལ་པོར་གཙེས་པས། སྟོན་པའི་བཀའ་རྒྱལ་པོས་ལེགས་སོ་བརྗོད་པ་སྟེ་འབྲས་བུའི་གཏམ་མོ། །༢༣ ༈ ཡལ་འདབ་སོ་དྲུག་པ་གདངས་ཅན་གྱི་ཀུན་དགའ་ར་བ་ནི། ཀཽཤམྦིར་པད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཁྱིམ་བདག་ཕྱུག་པོ་ནོར་བཟང་སྐད་ཀྱི་གདང་ལས་གསེར་འབུམ་ཡོད་པར་ཤེས་ནས་མིང་གདངས་ཅན་ཏུ་བཏགས་ནས་བློན་པོར་བསྐོས་པ། དེའི་སེམས་བརྟག་ཕྱིར་ཆད་པ་དུ་མས་སྡིགས་ཀྱང་མི་འོས་པའི་ལས་མི་བགྱི་བར་རིག་ནས་ཞེ་མགུ་སྟེ། ཅི་དགར་བསོད་ནམས་དག་བགྱིད་ཆོག་པའི་དམ་པ་སྩལ། སྐབས་དེར་ལྷོ་ལམ་ནས་དྲང་སྲོང་ལྔ་བརྒྱ་ཡུལ་དབུས་སུ་ཆས་ཏེ། བཀྲེས་ཤིང་སྐོམ་པར་ལྗོན་ཤིང་གཉིས་ཀྱི་ལྷས་ཆུ་དང་། ཟས་བྱིན་ཏེ་མགོན་མེད་ཟས་བྱིན་གྱི་བསྔགས་པ་བརྗོད་དེ། དེ་རྣམས་ཁྱིམ་བདག་


GTN003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་ཅན་དང་ལྷན་ཅིག་སྟོན་པའི་སྤྱན་སྔར་ཕྱིན་ཏེ། ཆོས་ཐོས་པས་ཁྱིམ་བདག་གིས་རྒྱུན་ཞུགས་དང་དྲང་སྲོང་རྣམས་དགྲ་བཅོམ་པ་ཐོབ། ནོར་བཟང་སངས་རྒྱས་ཀྱི་བཀས་དགེ་སློང་སྐུལ་བྱེད་གྲོགས་སུ་མངགས་ཏེ་ཀཽ་ཤམྦིར་གདངས་ཅན་གྱི་གཙུག་ལགས་ཁང་བཞེངས། དེར་སྟོན་པ་བཞུགས་པའི་ཚེ། བྲན་མོ་མགུ་བྱེད་མས་གོས་ཧྲུལ་ཕུལ་བ་རྒྱལ་བའི་ན་བཟའི་ཁ་དོག་ཏུ་གྱུར་པ་བཞེས་ཤིང་། བྲན་མོ་ཁྱིམ་གྱི་བདག་པོར་གྱུར། ཁྱིམ་བདག་ནོར་བཟང་གི་སྔོན་གྱི་རྒྱུ་དགེ་སློང་རྣམས་ལ་བཀའ་སྩལ་པ། ཝཱ་རཱ་ཎ་སཱིར་ཁྱིམ་བདག་གཟུགས་བྱེད་ཀྱིས་མུ་གེ་ལོ་བཅུ་གཉིས་སུ་བྱུང་བའི་ཚེ་མཛོད་པ་པདྨའི་འབྱུང་གནས་ལ་སྦྱིན་པ་ཟད་མེད་གཏོང་དུ་བཅུག་ཅིང་། རང་རྒྱལ་སྟོང་ཕྲག་ལ་ཁ་ཟས་བསོད་པ་སྦྱིན་པའི་སྤྱན་འདྲེན་གྱི་ཕོ་ཉ་བ་ཞིག་ཡོད་པ་དེ་བྲེལ་བ་ན། དེའི་རྗེས་སུ་འབྲངས་པའི་ཁྱི་ཞིག་ཡོད་པ་དེས་དུས་ཚོད་ལ་བབ་པར་ཤེས་ནས་བརྡའ་སྦྱོར་བའི་ཁྱི་དེ་ནོར་བཟང་ཡིན་གསུངས་ཏེ་འབྲས་བུའི་གཏམ་མོ། །༢༤ ༈ ཡལ་འདབ་སོ་བདུན་པ་གང་པོ་ནི། གྲོང་ཁྱེར་སློབ་མ་ཅན་དུ་ཁྱིམ་བདག་འབྱོར་པའི་ཆུང་མ་ལ་བུ་གསུམ། འབྱོར་ལེན། འབྱོར་སྐྱབས། འབྱོར་དགའ་འོ། །ཕྱི་མ་འབངས་མོ་འཕྲེང་ལྡན་མ་དང་འདུས་པའི་བུ་གང་པོ་ཡིན། དེ་ལ་སྤུན་རྣམས་འབངས་མོ་བུ་ཞེས་སྨད་


GTN003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྐྲད་པར་ཤིང་ཚོང་ལས་ཉོས་ཤིང་བསོད་ནམས་ཀྱི་མཐུས་ཙནྡན་ས་མཆོག་ཏུ་གྱུར་པས་རྙེད་པ་རྒྱ་ཆེ་ཞིང་། རྒྱ་མཚོར་ཡང་ལན་བདུན་ཕྱིན་པའི་ཐ་མར་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་དད་དེ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་བྱམས་པའི་བུ་གང་པོ་ཞེས་པ་དེ་ཡིན། ཤྲོ་ཎའི་བར་འགྲམ་དུ་རྔོན་པ་རྣམས་བཟོད་པ་བསྒོམས་པས་བཏུལ་ཏེ་ཕོ་མོ་སྟོང་དགེ་བསྙེན་མཛད། གཙུག་ལག་ཁང་ལྔ་བརྒྱ་ཡང་བྱེད་པར་བསྒོས། འབྱོར་ལན་རྒྱ་མཚོར་སོང་ཙནྡན་ས་མཆོག་བླངས་པར་གནོད་སྦྱིན་གྱིས་རླུང་ནག་བཏང་ནས་གྲུ་འཇིག་པར་གཟས་པ། གང་པོས་རྫུ་འཕྲུལ་གྱིས་བསྐྱབས་པས་བདེ་བར་འཁོར་ཞིང་། དེས་བསྒོ་བ་བཞིན་ཙནྡན་གོར་ཤིཥའི་ཁང་བཟང་བཞེངས་པར་སངས་རྒྱས་འཁོར་བཅས་སྤྱན་དྲངས་པ་རྫུ་འཕྲུལ་གྱིས་ཕེབས་པ་སངས་རྒྱས་ཀྱི་སྐུ་ལས་གསེར་མདོག་གི་འོད་ཟེར་སྤྲོོ་བ་དང་། ས་གཡོས་པ་སོགས་བྱུང་། རྒྱལ་བྱེད་ཚལ་གྱི་ལྷས་རྒྱུན་ཞུགས་ཐོབ། ཡུགས་མོ་ལྔ་བརྒྱས་བདེན་པ་མཐོང་ཞིང་དབུ་སྐྲ་དང་། སེན་མོའི་མཆོད་རྟེན་བཞེངས། དྲང་སྲོང་ལྔ་བརྒྱ་རབ་ཏུ་བྱུང་བ་དགྲ་བཅོམ་ཀླུ་རྒྱལ་ནག་པོ་དང་། གཽའུ་ཏ་མ་འཁོར་བཅས་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གནས་བླངས། འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་གཤེགས་ནས་མོའུ་འགལ་བུའི་མ་ཡང་ཐར་ལམ་ལ་བཀོད། སྔོན་བྱུང་སངས་རྒྱས་འོད་སྲུང་གི་ཁང་སྐྱོང་ལ་བྲན་མོ་བུ་ཞེས་སྤྱོས་པས་སྐྱེ་བ་ལྔ་བརྒྱར་འབངས་མོའི་བུར་གྱུར་པ་དང་བསྟན་པ་དེར་རབ་ཏུ་བྱུང་བས་ད་ལྟ་དགྲ་བཅོམ་པར་གསུངས་ཏེ་འབྲས་བུའི་གཏམ་མོ། །༢༥


GTN003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་སོ་བརྒྱད་པ་ལྐུགས་འཕྱེར་སྐྱེ་བ་བཞེས་པ་ནི། མཛད་བརྒྱའི་སྐབས་ཞེ་དགུ་པའི་རྒྱལ་བུ་ཆུ་སྐྱེས་དེ་ཡིན་ཏེ། ཤཱཀྱ་རྣམས་རབ་ཏུ་བྱུང་ནས་ཡོ་བྱད་ལ་ཆགས་པ་དེ་བསལ་ཕྱིར། སངས་རྒྱས་ཀྱིས་ཟླ་བ་གསུམ་དུ་ཉན་ཐོས་རྣམས་སྐུ་མདུན་དུ་མ་འོང་བར་སྩལ་ཏེ་ཆོས་བསྟན་པས་རྒྱུན་དུ་ཞུགས་པ་ཐོབ། སྔོན་བྱུང་གསུངས་པ་ཝཱ་རཱ་ཎ་སཱིར་རྒྱལ་པོར་ཚངས་བྱིན་གྱི་བུ་ཆུ་སྐྱེས་སུ་སྐྱེ་བ་བཞེས་པ་ན། རྒྱལ་སྲིད་ཀྱི་ཉེས་པས་དམྱལ་བར་ལན་གྲངས་དུ་མར་སྐྱེས་པ་མཁྱེན་པས་ལྐུག་པ་དང་ཞ་བོའི་རྫུ་བྱས། ཡབ་རྒྱལ་པོས་ཉམས་སད་ཕྱིར་གཤེད་མར་གཏད་པས་རྫུན་ཤེས་ནས་རབ་ཏུ་འབྱུང་བར་གནང་ནས་ནགས་སུ་གཤེགས་པར། དྲང་སྲོང་རང་གི་འཁོར་རྣམས་ཀྱིས་ཤིང་ཤུན་དང་། རིལ་བ་སོགས་ཡོ་བྱད་དུ་མ་བསགས་པས་མ་དགྱེས་ཏེ་གཅིག་པུར་རི་དྭགས་གཉིས་དང་ལྷན་ཅིག་གནས་པ་ན། འཁོར་རྣམས་ཀྱིས་ཉེས་དམིགས་ཤེས་ནས་ཆོག་ཤེས་ཐོབ་ཅིང་ཆགས་འཛིན་སྤངས་པར་གསུངས་ཏེ་ཚུལ་ཁྲིམས་ཀྱི་གཏམ་མོ། །༢


GTN003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་སོ་དགུ་པ་བཟོད་པ་ལ་དགའ་བར་སྐྱེ་བར་བཞེས་པ་ནི། སྟོན་པ་འཛུམ་པར་མཛད་པ་ལ་ལྷའི་དབང་པོས་རྒྱུ་དྲིས་པ་ན་གསུངས་ཏེ། སྔོན་བྱུང་དྲང་སྲོང་བཟོད་པ་ལ་དགའ་བར་སྐྱེ་སྐབས་ནགས་སུ་དབེན་པ་བསྟེན་པར། རྒྱལ་པོ་ཙོ༷ད་(བྱུང་)ལྡན་བཙུན་མོའི་འཁོར་བཅས་དེ་ཕྱོགས་སུ་ཕྱིན་པའི་བཙུན་མོར་ཆོས་བསྟན་པས་རྒྱལ་པོས་མ་བརྟགས་པར་དྲང་སྲོང་གི་རྐང་ལག་རྣམས་བཅད་པར། སླར་དྲང་སྲོང་གི་འཁོར་རྣམས་ཀྱིས་དམོད་པས་སྡིགས་པར་ཆས་པ་བཟློག་ཅིང་། བདེན་པ་བརྗོད་པས་སྐུ་ལུས་རང་མལ་དུ་ཆུད་དེ་ལྷས་བསྔགས་པ་རྣམས་མཁྱེན་པར་གསུངས་ཏེ་བཟོད་པའི་གཏམ་མོ། །༣ ༈ ཡལ་འདབ་བཞི་བཅུ་པ་ཉ་ཆེན་སེར་སྐྱ་ནི། སྟོན་པ་ཡངས་པ་ཅན་གྱི་སྤྲེའུ་རྫིང་འགྲམ་དུ་བཞུགས་སོ། །དེའི་ཚེ་ཉ་པ་ལྔ་བརྒྱས་ཆུ་ཀླུང་ཡིད་འོང་ལྡན་ནས་ཆུ་སྲིན་ཉའི་རིགས་མགོ་བརྙན་མི་འདྲ་བ་བཅོ་བརྒྱད་ཡོད་པ་ཞིག་བཟུང་བར། ལྟད་མོའི་ཕྱིར་སེམས་ཅན་གྱི་ཚོགས་མཐའ་དག་ལྟད་མོར་ལྷགས་ཤིང་། མུ་སྟེགས་སྟོན་པ་དྲུག་ཀྱང་འདུས་པ་ན། སྟོན་པ་འཁོར་བཅས་ཀྱིས་ཕེབས་པར། རྒྱལ་བས་སྲོག་ཆགས་དེར་རང་གི་སྐྱེ་བ་དྲན་
ཞིང་མི་སྐད་སྨྲ་བར་བྱིན་གྱིས་བརླབས། སྟོན་པ་དང་དྲི་བ་དྲི་ལན་མཛད། འཁོར་རྣམས་ཀྱིས་དེའི་སྔོན་བྱུང་ཞུས་པར། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པར་དགེ་སློང་སྡེ་སྣོད་གསུམ་པར་སྐྱེས་པས་མས་བསླུས་ཏེ། དགེ་འདུན་རྣམས་ལ་ཚིག་རྩུབ་བརྗོད་པའི་རྣམ་སྨིན་དུ་གསུངས། ཉ་ཆེན་དེ་སྟོན་པ་ལ་དད་པས་ཚེ་འཕོས་པ་རྒྱལ་ཆེན་རིགས་ཀྱི་ལྷར་སྐྱེས་ནས་སྟོན་པའི་སྤྱན་སྔར་འོང་སྟེ་བདེན་པ་མཐོང། ཉ་བ་ལྔ་བརྒྱ་ཡང་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་སྟེ་འབྲས་བུའི་གཏམ་མོ། །༢༦


previousཡལ་འདབ་སོ་གཅིག་ནས་བཞི་བཅུ་བར།next