Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
ཡལ་འདབ་ཞེ་གཅིག་ནས་ལྔ་བཅུ་བར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡལ་འདབ་ཞེ་གཅིག་ནས་ལྔ་བཅུ་བར།next

ཡལ་འདབ་ཞེ་གཅིག་ནས་ལྔ་བཅུ་བར།


GTN003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཞེ་གཅིག་པ་རྒྱལ་པོ་ཨུ་ཌཱ་ཡ་ན་ནི། སྟོན་པ་འོད་མའི་ཚལ་ན་བཞུགས། སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་ཌཱ་ཡ་ན་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་གཉིས་གྲོགས་པོ་ཡིན་པས། སྔ་མས་ཕྱི་མར་སྐྱེས་སུ་རིན་པོ་ཆེའི་ཁྲབ་གསེར་འོད་འཕྲོ་བ་ཞིག་བསྐུར་བའི་ལན་དུ་ཕྱི་མས་སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་བསྐུར་བར་མཆོད་དེ་རྒྱུན་ཞུགས་ཐོབ་པའི་སྒྲ་སྒྲོགས་རྒྱལ་པོའི་ངག་ལྟར། གཟུགས་ཅན་སྙིང་པོས་ཞུས་སྟོན་པས་དགེ་སློང་ཀཱཏྱཱ་ཡ་ན་དང་། དགེ་སློང་མ་རི་མ་གཉིས་ཡུལ་དེར་མངགས། རྒྱལ་པོ་ཨུ་ཌཱ་ཡ་ན་སངས་རྒྱས་དང་མཇལ་ནས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་ཐོབ། སྔོན་ལས་ཀྱིས་རང་གི་བུ་རྒྱལ་སར་བཀོད་པ་གཙུག་ཕུད་ཅན་སྡིག་པའི་


GTN003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོས་བསླུས་པས་བསད། བློན་པོའི་བུ་རྒྱལ་དང་སྐར་རྒྱལ་དགྲ་བཅོམ་པ་འདས་པའི་མཆོད་རྟེན་ལ། བློན་པོ་ངན་པ་དབྱུག་པ་དང་ཐོ་བ་ཞེས་པས་རྒྱལ་བུ་བསླུ་བའི་གཡོ་སྒྱུས་དགྲ་བཅོམ་མེད་པའི་བསྐུར་བ་བཏབ་པ་སོགས་ཀྱིས་ཞག་བདུན་དུ་ཆོ་འཕྲུལ་ཆེ་བར་བྱུང་པའི་མཐར་ས་ཞབས་སུ་ནོན། བློན་པོ་མཆོག་ཧེ་རུ་ཀའི་བྷི་རུ་ཀ་འཕགས་པའི་ལུང་བཞིན་བྲོས་པས་ཐར་བ་ཡུལ་གཞན་དུ་གྲོང་པ་ཆགས། དེ་གཉིས་ཀྱི་བུ་སྔོ་བསངས་མ་གཉིས་སྔ་མ་འཕགས་པ་ཀཱཏྱཱ་ཡ་ནས་རི་བྲག་ཅིག་ཏུ་རྒྱལ་པོར་བཀོད། ཕྱི་མ་དགེ་སློང་མ་རི་མས་གདངས་ཅན་ལ་གཏད་པ་ལག་རྒྱུད་ཀྱི་ཆུང་མར་གྱུར་ཞིང་བདེན་པ་མཐོང་བ་ཕྱིས་རྒྱལ་པོ་ཤར་པའི་བཙུན་མོ་བླངས་ཏེ་ལས་ཀྱི་ལྷག་མར་ཆུན་མས་ཕྲག་དོག་གིས་མེར་བསྲེགས། སླར་ཀཱཏྱཱ་ཡ་ན་མཉན་ཡོད་དུ་སྟོན་པའི་སྤྱན་སྔར་ཕྱིན་པས་གཏམ་རྒྱས་པར་ཐོས་ཏེ། འཁོར་རྣམས་ཀྱིས་སངས་རྒྱས་ལ་ཨུ་ཌཱ་ཡ་ནའི་སྔོན་བྱུང་ཞུས་པར། རང་སངས་རྒྱས་ལ་རྔོན་པས་དུག་མདས་བསྣུན་པ་དང་། དེའི་རྫུ་འཕྲུལ་ལ་དད་པས་དེའི་མཆོད་རྟེན་བཞེངས་ནས་སྨོན་ལམ་བཏབ་པས་སོ། །ཡུལ་ཁམས་ཐིབ་འོག་ཏུ་སོང་བ་བློན་པོ་མཆོག་གཉིས་ཐར་པ་ནི། སྔར་རི་བྲག་པའི་བུད་མེད་ཅིག་ལ་ལོག་པར་ལྟ་བའི་བློ་སྐྱེས་ནས་རང་སངས་རྒྱས་ཀྱི་སྟེང་དུ་ཕྱག་དར་བོར་བ་དང་སྐྱེ་བོའི་ཚོགས་ཀྱང་ལས་དེར་འདུན་པ་ཤེས་ལྡན་གཉིས་ཀྱིས་ལས་དེ་འགོག་ཅིང་བཟློག་པས་སོ་གསུངས་ཏེ་འབྲས་བུའི་གཏམ་མོ། །༢༧


GTN003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཞེ་གཉིས་པ་ཁྱིམ་བདག་མཁས་པ་ནི། སྟོན་པ་མཉན་ཡོད་དུ་བཞུགས་པའི་སྐབས་ཤིག་ཡུལ་དུ་མུ་གེ་ཉམ་ང་བ་བྱུང་ནས་སློང་མོ་བ་རྣམས་འཚོ་བ་ཆད་པ་ན། སྟོན་པའི་བཀའ། ཁྱིམ་བདག་བརྟན་པའི་བུ་མཁས་པ་བོད་པར་གནང་བ་ལམ་དུ། དེའི་དཔལ་ལ་ཕྲག་དོག་གིས། སློང་མོ་བ་ལྔ་བརྒྱས་གོས་དང་རྒྱན་སློང་བ་ན་ས་འོག་ནས་ཀླུའི་རྒྱལ་པོ་ལྷག་མ་ཅན་ཐོན་ཏེ་གོས་དང་རྒྱན་སོགས་བྱིན་པས་སློང་མོ་བ་རྣམས་ཚིམ་ནས་དེ་དག་དང་ལྷན་ཅིག་སངས་རྒྱས་ཀྱི་དྲུང་དུ་ཕྱིན་པས་སློང་མོ་བ་རྣམས་རབ་ཏུ་བྱུང་བས་རྒྱུན་ཞུགས་ཐོབ། སྟོན་པའི་བཀའ། ཁྱིམ་བདག་མཁས་པས་དགེ་འདུན་ལ་འཚོ་བ་སྦྱར་ཞིང་། དམན་པ་རྣམས་ལ་སྦྱིན་པ་རྒྱ་ཆེར་བྱིན། འགའ་ཞིག་ལ་རིན་པོ་ཆེའི་ཕུང་པོ་བྱིན་པ་བསོད་ནམས་དམན་པས་སོལ་ཕུང་དུ་མཐོང་བས་སྔར་ཚོགས་མ་བསགས་པར་ཤེས་ནས་ཡོ་བྱད་བྱིན་ཏེ། དགེ་འདུན་ལ་འཚོ་བ་སྦྱོར་དུ་བཅུག་པས་བསོད་ནམས་འཕེལ་ནས་སོལ་ཕུང་རིན་པོ་ཆེ་མཐོང། ཁྱིམ་བདག་མཁས་པའི་ཁྱིམ་དུ་རིན་པོ་ཆེའི་གཏེར་བརྒྱ་ཕྲག་བརྡོལ་བའི་དྲུག་ཆ་རྒྱལ་པོ་གསལ་རྒྱལ་ལ་ཕུལ་ཡང་སྤྱོད་པར་མ་དབང་། མཁས་པས་རྒྱུ་རྐྱེན་མཐོང་ནས་རབ་ཏུ་བྱུང་སྟེ། དགྲ་བཅོམ་འདིའི་སྔོན་བྱུང་ཝཱ་རཱ་ཎ་སཱིར་སངས་རྒྱས་འོད་སྲུང་ལ་དབུལ་པོ་ཞིག་གིས་གླ་རྔན་གྱིས་མཆོད་པས་འཕྲལ་ལ་


GTN003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ཕུན་སུམ་ཚོགས་པས་སངས་རྒྱས་དགེ་འདུན་དང་བཅས་ཞག་བདུན་དུ་མཆོད་པའི་བསོད་ནམས་དུ་གསུངས་ཏེ་འབྲས་བུའི་གཏམ་མོ། །༢༨ ༈ ཡལ་འདབ་ཞེ་གསུམ་པ་རྒྱལ་པོ་གསེར་མདོག་ཏུ་སྐྱེ་བ་བཞེས་པ་ནི། མཛད་བརྒྱའི་སྐབས་སོ་བདུན་པར་བྱུང་སྟེ། མཉན་ཡོད་དུ་སྟོན་པས་སྔོན་བྱུང་གསུངས་པ་ཡིན། ཚེ་ལོ་བརྒྱད་ཁྲི་པའི་དུས་སུ་རྒྱལ་པོ་འདི་བྱོན་ཞིང་ལོངས་སྤྱོད་ལྷ་དང་མཉམ་པ་དེའི་ཡུལ་དུ་ཆར་མ་བབ་པར། མུ་གེ་ཉམ་ང་བ་བྱུང་ནས་བང་མཛོད་རྣམས་སྦྱིན་པར་གཏོང་བ་མཛད་དུ་ཉེ་བ་ན། རང་སངས་རྒྱས་ཤིག་བྱུང་བ་ལ་བསོད་སྙོམས་ཕུལ་བས་ནམ་མཁའ་ལ་སྤྲིན་ཆགས་ནས་ཁ་ཟས་དང་། འབྲུ་དང་རིན་པོ་ཆེའི་ཆར་བབ་པར་གསུངས་ཏེ་སྦྱིན་པའི་གཏམ་མོ། །༦ ༈ ཡལ་འདབ་ཞེ་བཞི་པ་གསེར་གྱི་ལག་པ་ནི། སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས། མཉན་ཡོད་དུ་ཁྱིམ་བདག་ལྷ་ཡི་སྡེའི་བུ་གསེར་གྱི་ལག་པ་ཅན། སྔ་དྲོ་རེ་ལ་གསེར་འབུམ་ཕྲག་རེ་འབྱུང་བས་སྦྱིན་པ་རྒྱ་ཆེར་གཏོང་བ་དེ། སྟོན་པར་དད་ནས་རབ་ཏུ་བྱུང་བ་དེའི་སྔོན་བྱུང་རྒྱལ་པོ་ཀྲ་ཀྲིས་སངས་རྒྱས་འོད་སྲུང་གི་མཆོད་རྟེན་བཞེངས་པའི་བཟོ་བོ་ཀནྟ་


GTN003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིན་གསུང་ཏེ་འབྲས་བུའི་གཏམ་མོ། །༢༩ ༈ ཡལ་འདབ་ཞེ་ལྔ་པ་རྒྱལ་པོ་མ་སྐྱེས་དགྲ་ནི། རྒྱལ་པོ་འདི་སྡིག་པའི་གྲོགས་པོ་ལྷས་བྱིན་གྱིས་བསླུས་པས། ཕ་ཆོས་ལྡན་གཟུགས་ཅན་སྙིང་པོ་བཙོན་དོང་དུ་བཅུག་པས་བཙོན་ཁང་གི་བུག་པ་ནས་སངས་རྒྱས་ཀྱི་སྐུ་མཐོང་བས་ཚིམ་པ་དེ་ཡང་བཀག་ནས་གཤེད་མས་རྐང་ལག་རྣམས་བཅད་པ་འཆི་འཕོས་ཏེ་རྣམ་ཐོས་སྲས་ཀྱི་བུ་རྒྱལ་བ་ཁྱུ་མཆོག་ཏུ་སྐྱེས། མ་སྐྱེས་དགྲས་ཕ་བསད་པའི་མྱ་ངན་སེལ་ཕྱིར་སྟོན་པ་ལ་འགྱོད་ཚངས་གསོལ། གཟུགས་ཅན་སྙིང་པོའི་སྔོན་བྱུང་ཝཱ་རཱ་ཎ་སཱིར་ཚོང་དཔོན་གྱི་བུ་བཞིས་རང་སངས་རྒྱས་ལ་བསམ་སྦྱོར་ངན་པའི་ཚིག་བརྗོད་པའི་རྣམ་སྨིན་དུ་གསུངས་ཏེ་འབྲས་བུའི་གཏམ་མོ། །༣༠ ༈ ཡལ་འདབ་ཞེ་དྲུག་པ་རྒྱལ་བུ་བྱས་ཤེས་སུ་སྐྱེ་བ་བཞེས་པ་ནི། སངས་རྒྱས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་སྐབས་ལྷས་བྱིན་གྱིས་སེན་མོའི་བར་དུ་རེག་པའི་དུག་འཛིན་པ་སངས་རྒྱས་ཀྱི་ཞབས་ལ་བྱུག་འདོད་ཀྱང་ཞབས་དྭངས་ཤེལ་དུ་སྤྲུལ་པས་སེན་མོ་ཆག་ཅིང་དུག་སར་ལྷུང་། ལྷས་བྱིན་མྱོང་


GTN003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི་ལས་ས་གས་པའི་ནང་ནས་དམྱལ་བའི་མེར་ལྷུང་བ་ན། སངས་རྒྱས་ལ་སྐྱབས་སུ་གསོལ་བས་རང་སངས་རྒྱས་རུས་པ་ཅན་དུ་ལུང་བསྟན། སྔོན་བྱུང་གྲོང་ཁྱེར་དགེ་བའི་དབྱངས་སུ་རྒྱལ་པོ་ཡིད་བཟང་གི་བུ། བྱས་ཤེས་དང་བྱས་མི་ཤེས་སྤུན་གཉིས་ཡོད། སྔ་མས་སྦྱིན་པ་ལ་དགའ་བས་གཏོང་བ་རྣམས་ཕྱི་མས་ཚུར་འཕྲོགས། སྤུན་གཉིས་རྒྱ་མཚོར་ནོར་བུ་ལེན་དུ་དོང་བ། འདོད་པ་གྲུབ་སྟེ་སླེབས་པ་རྒྱ་མཚོའི་འགྲམ་དུ་ངལ་བས་བྱས་ཤེས་གཉིད་ལོག་པ་ན། བྱས་མི་ཤེས་ཀྱིས་མིག་མཚོན་གྱིས་བྲུས་ཏེ་ནོར་བུ་ཁུར་ནས་ཕ་མའི་རྩར་བསྐྱལ། བྱས་ཤེས་རྒྱལ་པོའི་བློན་པོ་དགེ་བའི་དབྱངས་ཀྱི་བུ་མོ་དང་འཕྲད་པ་ནས། བུ་མོ་ཁྱོད་ལ་མ་གུས་པ་མེད་པའི་བདེན་པ་བརྗོད་དང་། ནུ་བོས་མིག་བྲུ་བ་ལ་ཁྲོ་བ་མ་སྐྱེས་པའི་བདེན་པས་མིག་གཉིས་སོར་ཆུད་དེ་རང་གནས་སུ་ཕྱིན་པ་ན་བྱས་མི་ཤེས་དམྱལ་བར་ལུས་མ་སྤངས་པར་སོང་བ་བཟོད་པའི་གཏམ་མོ། །༤ ༈ ཡལ་འདབ་ཞེ་བདུན་པ་སཱ་ལའི་སྡོང་བུ་ནི། སངས་རྒྱས་གསལ་རྒྱལ་གྱི་ཀུན་དགའ་ར་བར་བཞུགས་སོ། །དེར་ཀླུ་སྟོབས་དང་། ཤིན་ཏུ་སྟོབས། དབུགས་དང་། དབུགས་ཆེན་པོ་བཞི་ཁྱིམ་པའི་ཆ་བྱད་ཀྱིས་ཆོས་ཉན་པ་ན། རྒྱལ་པོ་གསལ་རྒྱལ་ལ་ཞེ་ས་མ་བྱས་པས། རྒྱལ་པོ་ཁྲོས་ནས་འཁོར་རྣམས་དམག་ཏུ་བྱས་པས། ཀླུའི་དམ་བསྒྲགས་པ་ན་དེ་སྤྲིན་


GTN003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནགས་སུ་བྲོས་ནས་མཚོན་ཆའི་ཆར་ཕབ་པས། སྟོན་པའི་བཀས། མོའུ་འགལ་བུས་ཁ་ཟས་སུ་བྱིན་གྱིས་བརླབས། ཚལ་དེར་ཤིང་སཱ་ལའི་ཚལ་ཞིག་ཡོད་པ་བུར་ཤིང་དུ་གནས་འགྱུར་བ་ན། སྟོན་པར་དེའི་རྒྱུ་དྲིས་པར་སྔོན་བཀོད་ས་ལའི་ལྗོངས་སུ་བུར་ཤིང་གི་ཞིང་ས་དུམ་བུ་ཞེས་པར་གསལ་རྒྱལ་སྐྱེས། རང་སངས་རྒྱས་ལ་བུར་ཆུ་དང་ཞལ་ཟས་བྱིན་པའི་དེའི་རླུང་ནད་སེལ་བར་གསུངས་སོ། །སྐབས་འདིར་རྒྱལ་པོ་རང་གི་བསོད་ནམས་ལ་ང་རྒྱལ་ནས་སྟོན་པར་གྲོལ་བ་ནམ་ཐོབ་དྲིས་པར། སྟོན་པ་ཉིད་ཝཱ་རཱ་ཎ་སཱིར་ནོར་ཅན་དུ་གྱུར་ཚེ་མུ་གེས་ཉེན་པར། རང་སངས་རྒྱས་སྟོང་ལ་བསོད་སྙོམས་སྦྱར་བ་སོགས་གསུངས་པས་ང་རྒྱལ་བཅོམ་པ་སྟེ་འབྲས་བུའི་གཏམ་མོ། །༣༡ ༈ ཡལ་འདབ་ཞེ་བརྒྱད་པ་རྒྱལ་བུ་དོན་ཀུན་གྲུབ་པར་སྐྱེ་བ་བཞེས་པ་ནི། སྟོན་པ་མཉན་ཡོད་ན་བཞུགས་སྐབས་དགེ་སློང་རྣམས་ལ་བཀའ་སྩལ་པ། སྔར་རྒྱལ་པོ་དོན་གྲུབ་བུ་ལ། ཀླུ་རྒྱལ་རྒྱ་མཚོའི་བུ་དོན་གྲུབ་ཤི་བ་སྐྱེས། དེ་རྒྱ་མཚོར་སོང་བ་ན། ཚོང་དམངས་རིན་པོ་ཆེ་ཕལ་པས་ངོམས་ཀྱང་། འདིས་བཙོན་པ་བསྐྱེད་དེ་ཀླུའི་རྒྱལ་པོའི་ཕོ་བྲང་དུ་བརྡོལ་བ་ན་བུ་ཤི་བའི་མྱང་ངན་དང་འཕྲད་པས། ཀླུས་རང་གི་བུའི་སྐྱེ་བར་ཤེས་ཏེ་གཙུག་གི་ནོར་བུ་བྱིན་ཏེ་གྲུར་ཞུགས་པས། རྒྱ་མཚོའི་ལྷས་མི་བཟོད་པ་སྐྱེས་ཏེ་ཐལ་མོ་བསྣུན་པས། ནོར་བུ་


GTN003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོར་ཤོར་བ་ན། བློ་སྟོབས་ཀྱིས་ལྷས་སྤྲུལ་པའི་སྣོད་ཀྱིས་ཆུ་བཅུས་ཏེ་བར་སྣང་ལ་གཏོར་བས་སུམ་ཆ་ཙམ་བྲི་བས་སྐྲག་སྟེ་ནོར་བུ་སླར་བྱིན་པ་རང་གནས་སུ་ནོར་བུ་རྒྱལ་མཚན་གྱི་རྩེར་བཀོད་དེ་གསོལ་བ་བཏབ་པས་ཁང་པའི་སྟེང་དུ་ནོར་བུའི་ཆར་འབབ་སྟེ་སྐྱེ་དགུའི་དབུལ་བ་བསལ་བར་གསུངས་ཏེ་བརྩོན་འགྲུས་ཀྱི་གཏམ་མོ། །༢ ༈ ཡལ་འདབ་ཞེ་དགུ་པ་གླང་པོ་ཅན་ནི། སྟོན་པ་མཉན་ཡོད་དུ་བཞུགས། ཁྱིམ་བདག་ལེགས་པ་རབ་སད་ཀྱི་བུ་གླང་པོ་ཅན་ཞེས་པར་གླང་པོ་ཆེ་གསེར་གྱི་མདོག་ཅན་ཞིག་ཡོད་པ་དང་རྒྱལ་པོ་གསལ་རྒྱལ་ལ་བུ་མོ་ཆོས་གོས་ཅན་ཡོད་པ་མཛའ་བར་གྱུར་པ་དེ་གཉིས་རྒྱལ་པོས་སངས་རྒྱས་ཀྱི་སྤྱན་སྔར་ཁྲིད་པས་རབ་ཏུ་བྱུང་ནས། དགྲ་བཅོམ་པ་འདི་གནས་བརྟན་བཅུ་དྲུག་གི་གསེར་བེའུ་ཡིན་ནོ། །རྒྱལ་པོས་བུ་མོ་དང་། མག་པའི་སྔོན་འབྱུང་ཞུས་པ་ན། བདེ་གཤེགས་རྣམ་གཟིགས་ཀྱི་སྐབས་སུ་ཁྱེའུ་ཞིག་གིས་བུ་མོ་ཆུང་ངུ་དང་རྩེད་མོའི་དོན་དུ་ཤིང་གི་གླང་པོ་ཞིག་ཡོད་པ་ཕུལ་ཞིང་ཁྱོ་ཤུག་ཏུ་སྨོན་ལམ་བཏབ། བུ་མོས་རྒྱལ་བའི་ཆོས་གོས་མཛེས་པར་མཐོང་ནས། ཆོས་གོས་དང་ལྷན་དུ་བཙའ་བར་ཡང་སྨོན་ལམ་བཏབ་པ་གསུངས་ཏེ་འབྲས་བུའི་གཏམ་མོ། །༣༢


GTN003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ལྔ་བཅུ་པ་ལས་བཅུ་པ་ལུང་བསྟན་པ་ནི། སྟོན་པས་ལས་ཀྱི་རྒྱུ་བ་ལུང་བསྟན་པར་བཞེད་དེ། རྫིང་བུ་གདུང་མེད་དུ་པད་སྡོང་ཤིན་ཏུ་རྒྱ་ཆེ་བར་སྤྲུལ་ནས། དབུས་མ་ལ་སངས་རྒྱས་བཞུགས། ཡལ་ག་གཞན་ལ་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་། ཤཱ་རིའི་བུ་ཡིན་པར་ཤེས་ཏེ་མོའུ་འགལ་བུ་འབོད་པར་མངགས་པ་ན་དེ་འོང་དུ་མི་འདོད་པའི་ཟོལ་ལ་རྫུ་འཕྲུལ་གྱིས་དཀྲིར་འདོད་ཀྱང་མ་ནུས་པས་ཤཱ་རིའི་བུའི་རྫུ་འཕྲུལ་འཕགས་པའི་རྒྱུ་ཞུས་པར་སྔོན་ཝཱ་རཱ་ཎ་སཱིར་དྲང་སྲོང་དུང་དང་བྲིས་པ་གཉིས་ཡོད་པ་ཆར་བབ་མིན་ལ་རྩོད་དེ་སོ་སོའི་སྨོན་ལམ་ལོག་པས་ཉི་མ་འཆར་བ་ན་ས་གཞི་དུམ་བུ་བརྒྱར་གས་པ་སོགས་གསུངས། ལས་བཅུ་དངོས་ནི། སྔར་སངས་རྒྱས་ཁྱིམ་བདག་ཅིག་ཏུ་གྱུར་སྐབས་མ་མི་གཅིག་པའི་སྤུན་ཟླ་རྡོ་རྒྱབ་ནས་བསད་པས་དེང་འདིར་ཞབས་ལ་རྡོ་བའི་ཚལ་བས་སྣད། ༡ སྔར་དེད་དཔོན་དོན་ཕྱིན་གྱི་སྐབས་ཚོང་པ་རྣམས་ལ་དོན་ཉམས་ཀྱིས་བསམ་པ་ངན་པ་བཟུང་བས་དེ་བསད་པས་འདིར་སེང་སྡེང་གི་ཚེར་མ་ཟུག །ཀཱ་ཤིའི་གྲོང་དུ་རང་སངས་རྒྱས་ཤིག་གི་བསོད་སྙོམས་ལྷུང་བཟེད་གང་བ་སྡང་སེམས་ཀྱིས་ཕོ་བས་འདིར་ལྷུང་བཟེད་སྟོངས་པ།༣ དྲང་སྲོང་གནས་འཇོག་དང་བྷ་ར་དྷཱ་ཛཱ་སྤུན་དུ་གྱུར་སྐབས་ཕུ་བོ་དགྲ་བཅོམ་ཐོབ་པས་ཀུན་གྱིས་མཆོད་པར་ནུ་བོས་ཕྲག་དོག་སྐྱེས་ཤིང་། དེས་གོས་མཆོག་བྱིན་


GTN003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བུད་མེད་ཅིག་ལ་བསྐོན་ཏེ་ཕུ་བོར་མི་ཚངས་སྤྱོད་ཀྱི་སྐུར་བ་འདེབས་སུ་བཅུག་པས་འདིར་ཀུན་ཏུ་རྒྱུ་མོ་མཛེས་མས་སྐུར་བ་བཏབ་པ། ༤ པདྨའི་རྩ་ལག་གིས་སྨད་འཚོང་བཟང་མོ་བསད་པའི་རལ་གྲི་རང་སངས་རྒྱས་ཀྱི་མདུན་སར་བོར་བས་དེ་རྒྱལ་པོས་བཟུང་ནས་གསོད་དུ་ཆ་བ་ལ་རང་རྒྱལ་ལ་ཉེས་པ་མེད་ཚུལ་བརྗོད་ཀྱང་ལས་དེས་བྲམ་ཟེའི་བུ་མོ་རྩ་མིས་སྐུར་བ་བཏབ་པ། ༥ བྲམ་ཟེ་མ་ཐ་རར་གྱུར་དུས་རྒྱལ་བ་རྣམ་གཟིགས་ལ་གྲོང་པས་བསོད་སྙོམས་མཆོག་དབུལ་བ་བཀག་སྟེ། ཀོ་ཊ་པའི་འབྲས་བུ་བྱིན་པར་བསྒོ་བས་འདིར་ཀོ་ཊ་བའི་ནས་གསོལ་དགོས་པ། ༦ ཁྱེའུ་ཨུ་ད་ཀར་གྱུར་དུས་སངས་རྒྱས་ལ་མ་གུས་པས། འདིར་ལོ་དྲུག་ལ་དཀའ་བ་སྤྱོད་པ། ༧ སྔོན་སྨན་པར་གྱུར་དུས་ནད་པའི་སྨན་ཡོན་མ་བྱུང་བས་ཁྲོས་ཏེ་རྒྱུ་མ་དུམ་བུར་ཆད་པས། སྨན་བྱིན་པས་འདིར་བརྡུང་བ་། ༨ ཉ་པ་ལྔ་བརྒྱས་ཉ་ཆེན་གཉིས་ཤིང་སྡོང་ལ་བཏགས་དེ་ཤ་གསོན་པོར་གཅོད་པས་མི་བཟོད་པའི་ཆོ་ངེ་འདོན་པ་ལ་དང་བ་དང་། ཉ་ཆེན་གཉིས་ཉ་པའི་ཁྱེའུར་གྱུར་དུས་སེམས་དགའ་བས། འདིར་ཤཱཀྱ་རྣམས་བཅོམ་དུས་དབུ་བསྙུང་བ། ༩ སྔོན་གྱད་སྟོབས་པོ་ཆེར་གྱུར་དུས་གྱད་གཞན་ཞིག་གི་རོ་རྒྱབ་བཀབ་པས་འདིར་རོ་རྒྱབ་སྙུང་༡༠བར་གསུངས་ཏེ་འབྲས་བུའི་གཏམ་མོ། །༣༣


previousཡལ་འདབ་ཞེ་གཅིག་ནས་ལྔ་བཅུ་བར།next