Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
ཡལ་འདབ་ང་གཅིག་ནས་དྲུག་ཅུ་བར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡལ་འདབ་ང་གཅིག་ནས་དྲུག་ཅུ་བར།next

ཡལ་འདབ་ང་གཅིག་ནས་དྲུག་ཅུ་བར།


GTN003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ང་གཅིག་པ་རྒྱལ་པོ་གསེར་ལྡན་དུ་སྐྱེ་བ་བཞེས་པ་ནི། སྟོན་པ་ནགས་ཚལ་ཞིག་ཏུ་གཤེགས་པར་འཛུམ་པ་མཛད་པའི་རྒྱུ་ལྷའི་དབང་པོས་དྲི་བསར་གསུངས་ཏེ། གྲོང་ཁྱེར་ཨུཏྤལ་ལྡན་དུ་བུ་མོ་གསེར་ལྡན་དུ་སྐྱེ་བ་བཞེས་པར། དབུལ་མོ་ཞིག་ཤིན་ཏུ་བཀྲེན་པས་རང་གི་བུ་ཟ་བར་ཉེ་བར་བུ་མ་གཉིས་ལ་རང་ཤ་བཅད་ནས་ཟ་རྒྱུར་བྱིན། བརྒྱ་བྱིན་བྲམ་ཟེར་སྤྲུལ་པས་ཉམས་སད་ཕྱིར་ཚ་ན་མྱོང་ངམ་དྲིས་པར་ཚོར་བ་མ་བྱུང་བའི་བདེན་བརྗོད་ཀྱིས་སྐྱེས་པའི་ལུས་སུ་གྱུར་པར་ཡུལ་དེའི་རྒྱལ་པོར་གྱུར་པ་ཡིན། སྐྱེ་བ་དེའི་རྗེས་སུ་ཚོང་དཔོན་གྱི་བུ་སྙིང་སྟོབས་མཆོག་ཏུ་གྱུར་ཏེ། དུར་ཁྲོད་དུ་འདབ་ཆགས་རྣམས་ལ་ལུས་བྱིན། དེའི་རྗེས་སུ་བྲམ་ཟེ་སཱ་ལ་ཆེན་པོའི་བུ་བདེན་པའི་བརྟུལ་ཞུགས་སུ་གྱུར་པ་ན་སྟག་མོ་སྦྲུམ་མར་ལུས་བྱིན་པ་རྣམས་གསུངས་ཏེ་སྦྱིན་པའི་གཏམ་མོ། །༧ ༈ ཡལ་འདབ་ང་གཉིས་པ་རྒྱལ་པོ་བསོད་ནམས་མི་དམན་པར་སྐྱེ་བ་བཞེས་པ་ནི། བརྒྱ་བྱིན་གྱིས་སངས་རྒྱས་འཛུམ་པ་མཛད་པའི་རྒྱུ་དྲིས་ནས་གསུངས་ཏེ། མ་དྷུ་ད་ཀའི་གྲོང་ཁྱེར་དུ་རྒྱལ་པོ་འདིར་སྐྱེ་བ་བཞེས། སྦྱིན་པ་རྒྱ་ཆེར་གཏོང་བ་རྒྱལ་པོ་ཚངས་བྱིན་གྱིས་ཐོས་པས་ཕྲག་དོག་སྐྱེས་ནས་དམག་དཔུང་བཏེགས་


GTN003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱལ་པོ་འདི་བྱང་ཆུབ་སེམས་དཔའ་ཡིན་པས་ལན་མ་བླངས་པར་ནགས་སུ་བྲོས་པ་དང་། བྲམ་ཟེ་སེར་སྐྱ་ཞེས་པ་རྒྱལ་པོའི་ཆད་པས་གཉེན་རྣམས་བཙོན་དུ་བཟུང་བ་བླུ་བའི་ནོར་གྱི་ཕྱིར་རྒྱལ་པོ་ལ་སློང་བ་དང་ཕྲད་པར་བྱང་ཆུབ་སེམས་དཔའ་རང་ཡོངས་སུ་གཏོང་བའི་བསམ་པས་དབུ་ཆོད་ལ་དགྲ་སྡེའི་རྒྱལ་པོར་སློང་བའི་རྟེན་གྱིས་ཤིག་གསུངས་ཀྱང་མ་ཕོད་པས། ཁོ་རང་དམ་དུ་བཟུང་ནས་ཁྲིད་དུ་བཅུག །དེ་ཕུལ་བས་ཚངས་བྱིན་ངོ་མཚར་སྐྱེས་པས་རྒྱལ་པོར་མཆོད་ཅིང་བྲམ་ཟེ་ལ་ཡང་ནོར་དུ་མ་བྱིན་པར་གསུངས་ཏེ་སྦྱིན་པའི་གཏམ་མོ། །༨ ༈ ཡལ་འདབ་ང་གསུམ་པ་རྒྱལ་པོ་ལེགས་བཤད་འཚོལ་དུ་སྐྱེ་བ་བཞེས་པ་ནི། བརྒྱ་བྱིན་གྱིས་འཛུམ་པ་མཛད་པའི་རྒྱུ་དྲིས་པ་ན་གསུངས་པ་ཡིན། སྔོན་ཝཱ་རཱ་ཎ་སཱིར་རྒྱལ་པོ་འདིར་སྐྱེ་བ་བཞེས་པ་ན་རྔོན་པ་ནགས་སུ་ལེགས་བཤད་བརྗོད་པ་ཞིག་ཡོད་པའི་གཏམ་བློན་པོ་ནས་བརྗོད་པས། དེར་བློན་པོས་རིན་པོ་ཆེའི་དོ་ཤལ་བྱིན་ནས་རྔོན་པ་ལས་ཚིགས་བཅད་ཐོབ་ཅིང་། དེས་སྨྲས་པ་ལྟར་བྲག་མཐོན་པོའི་རྩེ་ནས་མཆོངས་ཡང་མ་ཉེས། རྔོན་པས་དོ་ཤལ་འཚོང་བ་གྲོང་སྲུང་བས་རྒྱལ་པོར་ཞུས་ཀྱང་། རང་གི་སློབ་དཔོན་དུ་བརྗོད་དེ་མཆོད་ནས་བཏང་བར་གསུངས་ཏེ་ཤེས་རབ་ཀྱི་གཏམ་མོ། །༣


GTN003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ང་བཞི་པ་རྒྱལ་པོ་སེམས་ཅན་སྨན་དུ་སྐྱེ་བ་བཞེས་པ་ནི། བརྒྱ་བྱིན་གྱིས་སངས་རྒྱས་ལ་འཛུམ་པའི་རྒྱུ་ཞུས་པ་ན་གསུངས་ཏེ། འདི་གྲོང་ཁྱེར་དབང་ཆེན་ལྡན་གྱི་རྒྱལ་པོའི་སྲས་ཡིན། སྐབས་དེར་འགྲོ་བ་ནད་ཀྱིས་གདུང་བ་ཐམས་ཅད་རྒྱལ་པོ་དེས་བསལ་ནས་ནད་ཀྱི་རྒྱུན་ཆད་ཀྱང་སེམས་ཅན་བསོད་ནམས་དམན་པས་རྒྱལ་པོ་དེ་གཤེགས་ནས། དེའི་སྐུ་གདུང་མཚོ་འགྲམ་ཞིག་ཏུ་མཆོད་པས། དེའི་གདུང་ལ་རེག་པ་དང་རླུང་རྫི་ཕོག་པ་ཆུ་རྒྱུན་དེས་ཁྲུས་བྱས་པ་རྣམས་ཀྱིས་ནད་སེལ་བ་བྱུང་བར་གསུངས་ཏེ་བསམ་གཏན་གྱི་གཏམ་མོ། །༡ ༈ ཡལ་འདབ་ང་ལྔ་པ་རྒྱལ་པོ་ཐམས་ཅད་སྟེར་དུ་སྐྱེ་བ་བཞེས་པ་ནི། བརྒྱ་བྱིན་གྱིས་ཞུས་པར་གསུངས་ཏེ། གྲོང་ཁྱེར་ཐམས་ཅད་ལྡན་དུ་རྒྱལ་པོ་འདིར་སྐྱེ་བ་བཞེས་སྐབས། ལྷའི་དབང་པོས་ཉམས་སད་ཕྱིར། བི་ཤྭ་ཀརྨ་ཕུག་རོན་དང་། རང་ཉིད་ཁྲར་སྤྲུལ་ཏེ་བདས་པས་རྒྱལ་པོ་ལ་སྲོག་སྐྱབས་པ་ན། རྔོན་པའི་གཟུགས་ལ་ཕུག་རོན་གྱི་གླུད་དུ་ཤ་ཁྲག་དགོས་པ། རང་ལུས་ཚང་མ་བྱིན་པར་ལྷའི་དབང་པོ་ངོ་མཚར་སྐྱེས་ཤིང་དེའི་འབྲས་བུ་ཅི་འདོད་དྲིས་པར་རྫོགས་


GTN003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་སོ་གསུངས། སྤྱོད་པ་དེ་ལྟ་བུའི་སེམས་ལ་བག་ཚ་བ་མེད་པའི་བདེན་བརྗོད་ཀྱིས་སྐུ་ལུས་སྔ་མ་བཞིན་གསོས་པ་གསུངས་ཏེ་སྦྱིན་པའི་གཏམ་མོ། །༩ ༈ ཡལ་འདབ་ང་དྲུག་པ་ཀླུ་བ་ལང་སྐྱོང་བཏུལ་བ་ནི། སངས་རྒྱས་གྲོང་ཁྱེར་ཧ་གུ་མ་ད་གར་བྱོན། དེར་རྒྱལ་པོ་ཚངས་བྱིན་གྱིས་མཆོད་ནས་གྲོང་ཁྱེར་བས་ཀླུ་གདུག་པ་འདུལ་བར་གསོལ་བས་སྟོན་པ་དེའི་གནས་སུ་གཤེགས་ནས། ཀླུས་མི་བཟོད་པའི་ཆོ་འཕྲུལ་བསྟན་པ་རྡོ་བའི་ཆར་སོགས་ཕབ་པ་མེ་ཏོག་ཏུ་གྱུར་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གནས་ལ་བཀོད། གནོད་སྦྱིན་ལག་ན་རྡོ་རྗེ་ཡང་སྐབས་དེར་བཏུལ། དེར་སྟོན་པས་ཞལ་འཛུམ་པར་བརྒྱ་བྱིན་གྱིས་རྒྱུ་དྲིས་པར་ན། གནས་འདིར་སྔོན་སངས་རྒྱས་འཁོར་བ་འཇིགས། གསེར་ཐུབ། འོད་སྲུང་རྣམས་བཞུགས་གནས་ཡིན་པར་གསུངས་ཤིང་། རྔོན་པ་འགའ་ཞིག་སྐྱབས་འགྲོ་དང་། བསླབ་པའི་གནས་ལ་བཀོད། དབུ་སྐྲ་ཕྱག་སེན་སྩལ་པས་མཆོད་རྟེན་བཞེངས་པ་འབྲས་བུའི་གཏམ་མོ། །༣༤


GTN003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ང་བདུན་པ་མཆོད་རྟེན་ནི། བརྗོད་མ་ཐག་པའི་གནས་དེར། བརྒྱ་བྱིན་གྱིས་ཞུས་པར། སངས་རྒྱས་སྔ་མ་བཞི་དང་། སྟོན་པ་ཉིད་ཀྱིས་མཆོད་རྟེན་བརྩིག་ཏུ་བཅུག །བཱ་ལོ་ཀྵའི་ཡུལ་དུ་ཚོང་དཔོན་ལེགས་པ་རབ་སད་གྲོལ་བར་མཛད་དེ་མཆོད་རྟེན་བཞེངས། རྔམ་བ་རའི་གྲོང་དུ་གནོད་བྱིན་རྔམ་བ་ར་བཏུལ། གཏུམ་མོའི་གྲོང་དུ་དེའི་བུ་བདུན་བཅས་བཏུལ་ནས་བདེན་པར་བཀོད། པཱ་ཊའི་ཁྱིམ་བདག་གྲུ་འཛིན་བཏུལ། དབུ་སྐྲ་ཕྱག་སེན་གྱི་མཆོད་རྟེན་བྱེད་དུ་བཅུག །སླར་རྒྱལ་པོ་ལི་བྱིར་ནས་མཆོད་རྟེན་བྱེད་པ་ཡང་ལུང་བསྟན་ཏེ་འབྲས་བུའི་གཏམ་མོ། །༣༥ ༈ ཡལ་འདབ་ང་བརྒྱད་པ་རྒྱལ་པོ་བསོད་ནམས་སྟོབས་སུ་སྐྱེ་བ་བཞེས་པ་ནི། སྟོན་པ་གྲོང་ཁྱེར་པདྨོ་ལྡན་ན་བཞུགས་པར་བརྒྱ་བྱིན་གྱིས་ཞལ་འཛུམ་པ་མཛད་ནས་ཞུས་པ་ཏེ། རྒྱལ་པོ་འདི་ནད་པ་ལ་ཐུགས་ཤིན་ཏུ་བརྩེ་བས་བློན་པོ་ཡང་སྙིང་རྗེ་ཆེ་བ་རྣམས་བསྐོས། ནམ་ཞིག་ན་ལྷ་དབང་གིས་ཉམས་སད་ཕྱིར་བྲམ་ཟེ་ལོང་བར་སྤྲུལ་ནས་སྤྱན་མིག་གཉིས་སློང་བར་བྱིན་པ་ན་དེས་རང་གཟུགས་བསྟན་ཏེ་བདེན་པ་བརྗོད་པས་གསོས་ཏེ་སྦྱིན་པའི་གཏམ་མོ། །༡༠


GTN003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ང་དགུ་པ་རྒྱལ་བུ་ཀུ་ན་ལ་ནི། གྲོང་ཁྱེར་པ་ཊ་ལི་པུ་ཊར་ཆོས་རྒྱལ་མྱ་ངན་མེད་ལ་བུ་བྱ་ཀུ་ན་ལའི་མིག་ལྟར་མཛེས་པ་ཞིག་སྐྱེས་པས་མིང་དེར་བཏགས། མཆོད་གནས་མངོན་ཤེས་དང་ལྡན་པས་སླར་དེའི་མིག་ཉམས་པར་འགྱུར་བ་མཁྱེན་ནས་ཆོས་བསྟན་རྒྱལ་པོའི་བཙུན་མོ་སྐར་རྒྱལ་སྲུང་མ་དེ་ལ་འདོད་པའི་དུས་བཏབ་ཀྱང་ཁས་བླངས་མ་བྱས་པས་ཁྲོས། རྒྱལ་བུ་དེ་དག་གི་དཔུང་དང་བཅས་པས་གྲོང་ཁྱེར་རྡོ་འཇོག་ཞབས་སུ་བཅུད། སྐབས་དེར་ཆོས་རྒྱལ་པོ་རྒྱུ་མ་སྲིན་ནད་ཀྱིས་གཟིར་བར་བཙུན་མོས་ཕན་དཔྱད་བརྟགས། དེ་གསོལ་བའི་བྱ་དགར་མཆོག་སློང་བས་ཞག་བདུན་དུ་སྲིད་སྐྱོང་ཐོབ་པས། སྔ་མའི་མཁོན་གྱིས་རྒྱལ་བུའི་མིག་གཉིས་ཕྱུང་ཡང་དེས་སྔར་ཆོས་ཐོས་པས་རྒྱུན་ཞུགས་ཐོབ། སླར་ཡབ་རྒྱལ་པོས་རྒྱུ་མཚན་ཐོས་པ་ན། བཙུན་མོ་ལ་ཁྲོས་པའི་སེམས་མ་སྐྱེས་པའི་བདེན་བརྗོད་ཀྱིས་མིག་གཉིས་སོར་ཆུད། བཙུན་མོ་ཡང་ཆད་པའི་འཇིགས་ལས་སྐྱོབས་རང་གི་བུ་མྱ་ངན་བྲལ་ལ་རྒྱལ་སྲིད་གཏད་དེ། རང་ཉིད་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གསུངས། དེའི་སྔོན་བྱུང་གནས་བརྟན་དེས་གསུངས་པ་སྐྱེ་བ་སྔ་མ་རྔོན་པར་གྱུར་དུས་རི་དྭགས་མང་པོའི་མིག་བྲུས་པ་དང་མཆོད་རྟེན་ནི་སྐུ་གཟུགས་ཀྱི་སྤྱན་ཕྱེ་བས་སོ་གསུངས་ཏེ་འབྲས་བུའི་གཏམ་མོ། །༣༦
༈ ཡལ་འདབ་དྲུག་ཅུ་པ་ཀླུ་གཞོན་ནུ་ནི། ཀླུའི་ཕྲུ་གུ་ལས་ཀྱི་རྣམ་པར་སྨིན་པས་བྱེ་ཚན་འབབ་པས་སྡུག་བསྔལ་བ་ན། ཕ་མ་ལ་གང་ཕན་དྲིས་པས་སངས་རྒྱས་ལ་སྐྱབས་སུ་ཞུས་ན་ཕན་པར་བསྟན་པས་དེར་སོང་ནས་སྐྱབས་འགྲོའི་སྡོམ་པ་ཐོབ་སྟེ་འཇིགས་པ་ཞི་ནས། སྟོན་པ་འཁོར་བཅས་ཟླ་བ་གསུམ་དུ་མཆོད་པ་འབྲས་བུའི་གཏམ་མོ། །༣༧


previousཡལ་འདབ་ང་གཅིག་ནས་དྲུག་ཅུ་བར།next