Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
ཡལ་འདབ་རེ་གཅིག་ནས་བདུན་ཅུ་བར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡལ་འདབ་རེ་གཅིག་ནས་བདུན་ཅུ་བར།next

ཡལ་འདབ་རེ་གཅིག་ནས་བདུན་ཅུ་བར།


GTN003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་གཅིག་པ་ཞིང་པ་དབུལ་པོ་ནི། མཉན་ཡོད་དུ་བྲམ་ཟེ་བཀྲ་ཤིས་ཁྱོ་ཤུག་ཞིང་པ་ཆུང་ངུ་ལ་རྨོ་བརྐོ་བྱེད་པས། སངས་རྒྱས་མཐོང་བ་ན། ཆུང་མས་རྟག་ཏུ་དབུལ་བ་བསོད་ནམས་མ་བྱས་པས་ཡིན་པར་ཤེས་ནས་ཁྱོ་ལ་བསྐུལ་ཏེ། སངས་རྒྱས་ལ་བཤོས་གསོལ་ནས་སྨོན་ལམ་བཏབ་པ། སྟོན་ཀ་ཞིང་གསེར་གྱི་སྙེ་མ་འཁྲུངས་པས་འབྱོར་ལྡན་དུ་གྱུར་པས་རྒྱལ་པོ་གསལ་རྒྱལ་ཡ་མཚན་སྐྱེས། དེས་སྟོན་པ་འཁོར་བཅས་མཆོད་དེ་རབ་ཏུ་བྱུང་ནས་དགྲ་བཅོམ། སྔོན་བྱུང་འོད་སྲུང་གི་བསྟན་པར་ཚངས་སྤྱོད་བླངས་པ་གསུངས་ཏེ་འབྲས་བུའི་གཏམ་མོ། །༣༨


GTN003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་གཉིས་པ་ཁྱིམ་བདག་གྲགས་སྦྱིན་ནི། སྟོན་པ་ནྱ་གྲོ་དྷའི་ཀུན་དགའ་ར་བར་བཞུགས། ཁྱི་བདག་ལེགས་པ་རབ་སད་ལ་བུ་གྲགས་སྦྱིན་སྐྱེས་པ་སྐྱེད་ཚལ་དུ་སོང་བ་ན་བཙུན་མོའི་འཁོར་གྱིས་དུབ་སྟེ་ཉལ་བ་ན། དེ་རྣམས་གཉིད་སྟུག་པོས་བག་མེད་པར་སོང་བའི་ཀུན་སྤྱོད་མཐོང་བས། དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་ཏེ་བྲོས་པ། སྟོན་པས་དབུགས་དབྱུང་སྟེ་ཆོས་བསྟན། དེའི་ར་མདའ་ལེགས་པ་རབ་སད་སོང་བ་ཡང་སྟོན་པའི་སྤྱན་སྔར་ཕྱིན་ནས་བདེན་པ་མཐོང་སྟེ། ཕ་བུས་བཅོམ་ལྡན་འཁོར་བཅས་མཆོད་ཅིང་གྲགས་སྦྱིན་གྲོགས་པོ་བཞི་དང་བཅས་ཁྱོན་བཅུས་དགྲ་བཅོམ། གཞན་ཡང་ཁྱེའུ་ལྔ་བཅུས་ཀྱང་དགྲ་བཅོམ་པ་ལེགས་མངོན་འབྱུང་མདོར་རྒྱས་གྲགས་སྦྱིན་གྱི་སྔོན་བྱུང་། སངས་རྒྱས་གཙུག་ཏོར་ཅན་ལ་རྒྱལ་པོ་ཚངས་བྱིན་གྱི་འཁོར་འོད་བཟང་གིས་དད་དེ་ཉེ་བར་བསིལ་འབེབས་པའི་དབུ་གདུགས་བཟུང་ཞིང་ཚངས་པར་སྤྱོད་པས། སྟོན་པ་དེས་ཤཱཀྱ་ཐུབ་པ་ལས་རབ་ཏུ་བྱུང་བར་ལུང་བསྟན། སྐྱེ་བ་ཕྱི་མར་ལྷའི་ཆེ་མོ་ཡུན་རིང་མྱོང་ཡང་རྒྱལ་པོ་ཀྲ་ཀཱིའི་བུ་གསུམ་པ་གྲགས་ལྡན་དུ་གྱུར་དུས་འོད་སྲུང་གི་མཆོད་རྟེན་ལ་རིན་པོ་ཆེའི་གདུགས་འབུལ་བ་སོགས་གསུངས་ཏེ་འབྲས་བུའི་གཏམ་མོ། །༣༩


GTN003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་གསུམ་པ་འོད་སྲུང་ཆེན་པོ་ནི། མ་ག་དྷཱར་བྲམ་ཟེ་ནྱ་གྲོ་དྷ་ཏོག་གི་ཆུང་མ་ལ། བུ་གསེར་འོད་འབར་བ་སྐྱེས་པ་ཙམ་ནས་ཤིང་པིས་པ་བསོད་ནམས་ལས་སྐྱེས་པར་ལྷའི་གོས་བྱུང་། ཁྱིམ་ཐབ་མི་འདོད་པས་ཀྱང་ནན་གྱིས་བསྐུལ་བས། སེར་སྐྱའི་བུ་མོ་བཟང་མོ་གསེར་གཙོ་མའི་མདོག་ཟིལ་གྱིས་གནོན་ནུས་པ་བླངས། ཕ་མ་ཤི་ནས་ཡོ་བྱད་ཐམས་ཅད་སྦྱིན་པར་གཏོང་། འཁོར་འབངས་ཅི་དགར་དཀྲོལ་ཁྱོ་ཤུག་གཉིས་ཀ་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་སོགས་འདུལ་བར་གཏམ་རྒྱུད་རྒྱས། དེའི་སྔོན་འབྱུང་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་བ་དང་། སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་ནོར་བུའི་གདུགས་ཕུལ་བ་སོགས་གསུངས་ཏེ་འབྲས་བུའི་གཏམ་མོ། །༤༠ ༈ ཡལ་འདབ་རེ་བཞི་པ་རྒྱལ་བུ་ནོར་བཟང་དུ་སྐྱེ་བ་བཞེས་པ་ནི། མཛད་བརྒྱའི་སྐབས་གྱ་བརྒྱད་པར་འབྱུང་སྟེ་ཡབ་སྲས་མཇལ་བ་ནས་ཟས་གཙང་སོགས་ཤཱཀྱ་རྣམས་ཀྱི་དོན་མཛད་པ་ན། བཙུན་མོའི་འཁོར་དུ་བཤོས་གསོལ་བར་གྲགས་འཛིན་མ་སྟོན་པ་ལ་ཤིན་ཏུ་ཆགས་པས་དབང་དུ་བྱར་མེད་


GTN003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོང་ནས་ཁང་བཟང་གི་སྟེང་ནས་མཆོངས་པ་གནོད་པ་མེད་པར་བྱིན་གྱིས་བརླབས་ཏེ་ཆོས་བསྟན་པས་བདེན་པས་བདེན་པ་མཐོང་བ་ན། དགེ་སློང་རྣམས་ཀྱིས་གྲགས་འཛིན་མའི་སྔོན་བྱུང་ཞུས་པར། ཧསྟི་ནའི་གྲོང་དུ་རྒྱལ་པོ་ནོར་ཅན་ལ་བུ་ནོར་བཟང་འཁྲུངས། དེ་སྐབས་རྒྱལ་པོ་དབང་ཆེན་སྡེས་ཆོས་མིན་སྤྱོད་པས། ཡུལ་དུ་མུ་གེ་ཆེན་པོ་བྱུང་བ་ན། མངའ་འོག་ཕལ་ཆེར་ནོར་བཟང་གིས་སྙན་པ་ཐོས་པས་དེ་ཞབས་སུ་བྲོས། དབང་ཆེན་སྡེས་དེ་ཚུལ་མཐོང་བས་ཕྲག་དོག་སྐྱེས་པས་ཧསྟིའི་གྲོང་ཁྱེར་གཞོམ་པར་བློན་པོ་རྣམས་ལ་བསྒོ་བ་ན། དེ་རྣམས་ཀྱིས་ནོར་བཟང་གི་ཡུལ་དུ་ཀླུ་ཙིཏྟ་ཡོད་པའི་མཐུས་འབྱོར་བར་སེམས་དཔས་དེ་བཀུག་པའི་སྔགས་མཁན་འབོད་པ་ཀླུས་མཐོང་ནས། འཇིགས་པ་དེ་བསལ་ཕྱིར་དྲང་སྲོང་ཤིང་ཤུན་ཅན་ལ་དྲིས་ཀྱང་ཐབས་བྲལ་ནས། རྔོན་པ་པདྨ་ཅན་ལ་བསྐུལ་བས་སྔགས་མཁན་ལ་མདའ་རྒྱབ་ནས་བསད་པའི་དྲིན་གཟོ་ནོར་བུ་དོན་ཡོད་ཞགས་པ་བྱིན། དེའི་བུ་ཨུཏྤལ་ཅན་གྱིས་མིའམ་ཅི་མོ་ཁྲུས་ལ་འོང་བ་ཞགས་པས་བཅིངས་ཏེ་གཙུག་གི་ནོར་བུ་བླངས་པ་དང་བཅས་རྒྱལ་བུ་ནོར་བཟང་ལ་བྱིན། རྒྱལ་བུ་འདི་ཡབ་ཀྱི་བཀས་ཀརྤ་ཊའི་རྒྱལ་ཕྲན་འཇོམས་པར་སོང་བའི་ཤུལ་དུ། རྒྱལ་པོའི་རྨི་ལྟས་བཟང་ཡང་། བློན་པོ་སེར་སྐྱས་ཉེས་པར་ལུང་བསྟན་པའི་རིམ་གྲོར་མི་མ་ཡིན་གྱི་ཚིལ་བུ་དགོས་པ་སོགས་ཕྲག་དོག་གིས་བྱུང་བས་མིའམ་ཅི་མོ་ཡིད་འཕྲོག་མ་རང་གནས་སུ་བྲོས། སླར་རྒྱལ་བུ་འཁོར་བ་ན་གཏམ་ཐོས་པའི་མྱ་ངན་གྱིས་གདུང་བས་ཐབས་དང་བརྩོན་འགྲུས་


GTN003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་ནས་སྟོབས་ཆེན་པོས་ངལ་བ་ཁྱད་དུ་བསད་དེ། དྲི་ཟའི་རྒྱལ་པོའི་གནས་སུ་ཕྱིན་པ་ཡིད་འཕྲོག་མ་ཐོབ་སྟེ་རང་གནས་སུ་འབྱོན་པས་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་ནོར་བཟང་སྟོན་པ་དང་ཡིད་འཕྲོག་མ་གྲགས་འཛིན་མའི་ཞེས་གསུངས་པའི་གཏམ་དུ་འདུལ་བར་རྒྱས་ཏེ་སྦྱིན་པའི་གཏམ་མོ། །༡༡ ༈ ཡལ་འདབ་རེ་ལྔ་པ་རྭ་ཅན་དུ་སྐྱེ་བ་བཞེས་པ་ནི། གྲགས་འཛིན་མས་སྟོན་པ་དབང་དུ་བྱེད་པའི་ལ་དུ་སྲས་སྒྲ་ཅན་འཛིན་ལ་འདྲེན་དུ་བཅུག་ན་བསམ་པ་མཁྱེན་པས་མ་བཞེས་སོ། །དགེ་སློང་རྣམས་ཀྱིས་དེའི་རྒྱུ་དྲིས་པ་ན་འདི་གསུངས་ཏེ། སྔོན་ཤཱཀྱ་བའི་གྲོང་དུ་ས་བདག་ཤཱཀྱ་ལ་བུ་མེད་པར་བུ་མོ་པདྨ་ལྡན་གཅིག་པུ་སྐྱེས། དེ་ཉིད་ཀྱི་བཀས་གཞོན་ནུ་ཐོབ་ཏུ་རེ་ནན་དཀའ་ཐུབ་ཀྱི་ནགས་སུ་སོང་བ་ན། དྲང་སྲོང་ཞིག་གི་ས་བོན་ཆུར་ལྷུང་བ་རི་དྭགས་མོ་འདོད་པས་གཟིར་བས་བཏུང་བར་བུ་གསེར་མདོག་རྭ་ཅན་ཞིག་བཙས་པ་ཡབ་དྲང་སྲོང་གིས་བསྐྱེད་བསྲིངས་པས་དར་ལ་བབ་པ་དང་འཕྲད་པ་ནགས་ཀྱིས་བྲིད་དེ་དབང་དུ་བྱེད་པའི་ལ་དུ་བྱིན་པས་མག་པར་ཐོབ་ནས་རྒྱལ་སར་ཁྲིད་པ་ལས་རིགས་བརྒྱུད་འཕེལ་བའི་བྱིས་པ་རྭ་ཅན་ནི་བཅོམ་ལྡན་འདས་དང་། པད་ལྡན་མ་ནི་གྲགས་འཛིན་མའོ་གསུངས་ཏེ་བསམ་གཏན་གྱི་གཏམ་མོ། །༢


GTN003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་དྲུག་པ་སྙན་ངག་མཁན་དུ་སྐྱེ་བ་བཞེས་པ་ནི། ལྷས་བྱིན་གྱིས་རྡོ་འཕངས་པས་སྟོན་པའི་ཞབས་མཐེབ་སྣད་ནས་ཁྲག་བྱུང་བར་སྔོན་གྱི་རྒྱུ་ཞུས་པ་ན་གསུངས་ཏེ། ལྔ་ལེན་དུ་རྒྱལ་པོ་བདེར་དགའ་ལ་བཙུན་མོ་གཉིས་ཡོད། མཚན་ཉིད་ཅན་དང་ཆོས་བཟང་པོའོ། སྔ་མའི་བུ་མ་དུད་པས་རྒྱལ་སྲིད་ཐོབ། ཕྱི་མའི་བུ་སྙན་ངག་མཁན་ལྟས་བརྟགས་པས་རྒྱལ་པོ་གསོད་པར་བསྟན་པ་ཉ་བའི་ཁང་པར་བསྐྱེད་བསྲིངས་པ་ན། རྒྱལ་པོས་བློན་པོ་བ་ལོང་རྭ་ལ་གསོད་པར་བསྒོ་བ་ནི། དེའི་མས་ཤེས་པས་གཙུག་གི་ནོར་བུ་བྱིན་ནས་འབྲོས་སུ་བཅུག་པ་ཀླུ་དང་། འཁྲུད་མཁན། རྫ་མཁན་སོགས་ཀྱིས་སྐྱོབས་པར་ནུས་པར་གཡང་ལ་མཆོངས་པའི་གཙུག་གི་ནོར་བུ་བློན་པོས་ཐོགས་ཏེ་རྒྱལ་པོར་ཕུལ། སྙན་ངག་མཁན་གནོད་སྦྱིན་ཞིག་གིས་སྐྱབས་ནས་སོས་པས་གདོལ་པ་གཏུམ་མོ་དང་ཁྱི་དུང་གི་ཁའི་འཇིགས་པ་བྱུང་བ་དྲང་སྲོང་མ་ཐ་རས་བཅོམ་ནས་སྙན་ངག་མཁན་ལ་སྒྱུ་མའི་རིགས་སྔགས་སློབ་ཟིན་ནས་བསྒོ་བ་བཞིན། ཀཾ་སི་ལར་གར་མཁན་མར་རྫུས་ཏེ་གར་བྱས་པར་སྔར་གྱི་རྒྱལ་བློན་རྣམས་ལྟད་མོས་གཡེང་། དེ་ནུབ་ཕོ་བྲང་དུ་བསྡད་པས་རྒྱལ་པོ་མ་དུད་པ་བསད་དེ་རྒྱལ་སྲིད་བླངས་པའི་སྙན་ངག་མཁན་ནི་སངས་རྒྱས་ཉིད་དེ། ལུས་དེ་བོར་མ་ཐག་དམྱལ་བར་སྐྱེས་ཤིང་། ད་ལྟར་དེའི་ལྷག་མ་ཙམ་མོ་གསུངས་ཏེ་ཤེས་རབ་གྱི་གཏམ་མོ། །༤


GTN003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་བདུན་པ་དགེ་འདུན་སྲུང་ནི། མཉན་ཡོད་ཁྱིམ་བདག་སངས་རྒྱས་སྲུང་གི་བུ་དགེ་འདུན་སྲུང་ནི་ཤཱ་རིའི་བུ་ལས་རབ་ཏུ་བྱུང་ནས་ཚོང་པ་ལྔ་བརྒྱ་དང་བཅས་རྒྱ་མཚོར་སངས་རྒྱས་ཀྱི་བཀའ་བཞིན་སོང་སྟེ། ཀླུའི་གནས་སུ་ཕྱིན་ནས་ཀླུ་ལ་ཆོས་བཤད། ཉི་ཚེ་བའི་དམྱལ་བ་དངོས་སུ་མཐོང་ཞིང་། ཀ་བ། རྩིག་པ། ཤིང་འབྲས། ཕྱག་མ། ཐག་པ། ཁྲི་སོགས་ཀྱི་དམྱལ་བ་གཟུགས་མཐོང་སྐབས་དེར་དྲང་སྲོང་སྔགས་བརྒྱ་མ་ཤིང་གི་ལྷ་མོར་བསྟན་ཆོས་བསྟན་པས་དེ་རྣམས་ལས་རྐྱེན་བྱས་དགྲ་བཅོམ་པ་ཐོབ། སླར་སྟོན་པའི་དྲུང་དུ་དྲང་སྲོང་ལྔ་བརྒྱ་ཁྲིད་ནས་འོང་བར་དེ་རྣམས་རབ་ཏུ་བྱུང་སྟེ་དགྲ་བཅོམ། སྐབས་དེར་དགེ་འདུན་སྲུང་གིས་སྔར་མཐོང་བའི་སེམས་ཅན་རྩིག་པ་འདྲ་བ་སོགས་དེ་དག་གི་རྒྱུ་མཚན་ཞུས་པས། སངས་རྒྱས་འོད་སྲུང་གི་དགེ་སློང་རྣམས་ཡིན་ཏེ། དགེ་འདུན་གྱི་རྩིག་པ་མཆིལ་མ་རུང་ངམ་རུང་བར་བྱས་པས་རྩིག་པ་འདྲ་བ་དང་། དགེ་འདུན་གྱི་ཀ་བ་སྣབ་ཀྱིས་མ་རུང་པར་བྱས་པས་ཀ་བ་འདྲ་བ་དང་། དགེ་འདུན་གྱི་ཤིང་ལྗོན་པ་དང་། ལོ་མ་དང་མེ་ཏོག་དང་འབྲས་བུ་དག་གང་ཟག་གི་ལོངས་སྤྱོད་དུ་བྱས་པས་ཤིང་ལྗོན་པ་སོགས་འདྲ་བ་དང་། དགེ་འདུན་གྱི་ཐག་པ་དང་། ཕྱག་མ་གང་ཟག་གིས་ལོངས་སྤྱོད་པས། ཐག་པ་དང་ཕྱག་མ་འདྲ་བ་དང་། དགེ་ཚུལ་རྣམས་ཀྱི་གཙང་སྦྱོར་དུ་གྱུར་པ་དག་ཕོར་བ་


GTN003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུ་བའི་ཚེ་དགེ་སློང་གློ་བུར་བ་ལྷགས་ནས། དགེ་འདུན་ལ་སྐོམ་ཡོད་དམ་ཞེས་དྲིས་པས་དེ་དག་སེར་སྣས། ཁོ་བོ་ཅག་གིས་ཕོར་བ་བཀྲུས་པ་མ་མཐོང་ངམ་སྐོམ་འཐུངས་ཟིན་ཏོ། །དེ་དག་དུས་ཡོལ་ལོ་སྐོམ་ནས་རེ་བ་མེད་པར་གྱུར་ཏེ་བཞིན་འགྱུར་ཞིང་ཉམས་ནས་སོང་བས་ཕོར་བ་འདྲ་བ། དགེ་ཚུལ་དགྲ་བཅོམ་པ་དམ་བཞག་པར་བསྐོས་པ་ཞིག་ལ། དེ་དག་གིས་ཁོ་བོ་ཅག་ལ་གཏུན་དུ་འབྲུ་མར་གྱི་ཚིགས་མ་ཉུང་ཞིག་རྡུངས་ལ་བྱིན་ཅིག་དེ་ནས་ཏེ་བདག་གི་བྲེལ་བས་རེ་ཞིག་བཞུགས་ཤིག་སླད་ཀྱིས་གསོལ་ལོ། །དེ་དག་ཁྲོས་ནས་ཁོ་བོ་ཅག་གཏུན་ལ་རེག་ཏུ་རུང་ན་ཁོ་བོ་ཅག་གིས་ཁྱོད་ཉིད་གཏུན་དུ་བཅུག་ནས་བརྡུང་བར་ཡང་བྱ་ན་འབྲུ་མར་གྱི་ཚིགས་མ་ལྟ་ཅི་སྨོས། དེས་བསམ་པ་བདག་གིས་ལན་བཏབ་ན་འདི་དག་ལྷག་པར་འཁྲུགས་པར་འགྱུར་རོ་སྙམས་ནས་ཅང་མི་སྨྲ་བར་བསྡད་དེ། དེ་དག་ཀུན་ནས་དཀྲིས་པ་དང་བྲལ་བའི་ཚེ་གན་དུ་སོང་ནས་གནས་བརྟན་དག་ཁྱེད་ཀྱིས་བདག་སུ་ཡིན་མཁྱེན་ནམ། ཤེས་ཏེ་ཁྱོད་སངས་རྒྱས་འོད་སྲུང་གི་དགེ་ཚུལ་ཡིན་ལ་ཁོ་བོ་ཅག་དགེ་སློང་ཡིན་ནོ། །དེ་ལྟར་ཡིན་མོད་བདག་གིས་རབ་ཏུ་བྱུང་བས་བགྱི་བ་དེ་བགྱིས་སོ་ཅི་བྱས་དགྲ་བཅོམ་པ་ཐོབ་བོ། །ཁྱེད་ཀྱིས་ངག་གི་ལས་རྩུབ་མོ་སྨྲས་ཀྱིས་སྡིག་པ་ཤོག་དང་། ལས་དེ་བསྲབ་པར་འགྱུར་རོ། །དེ་དག་གིས་བཤགས་ཀྱང་གཏུན་འདྲ་བར་སྐྱེས་སོ་ཞེས་གསུངས་པ་ཅུང་ཟད་བློ་དམན་རྣམས་གོ་བ་ཆགས་དཀའ་བས་འདུལ་བ་ནས་བཤད་པ་སོར་བཞག་བྲིས་སོ། །འཁོར་རྣམས་ཀྱིས་དགེ་འདུན་སྲུང་གི་སྔོན་བྱུང་ཞུས་པར་


GTN003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འོད་སྲུང་གི་བསྟན་པར་རབ་ཏུ་བྱུང་བ་གཙུག་ལག་ཁང་གི་ཞལ་ཏ་བར་གྱུར་པ་དང་། དྲང་སྲོང་ལྔ་བརྒྱ་ཡང་དེར་གནས་པའི་བློ་མཐུན་དུ་གསུངས་ཏེ་འབྲས་བུའི་གཏམ་མོ། །༤༡ ༈ ཡལ་འདབ་རེ་བརྒྱད་པ་པདྨ་ཅན་ནི། གྲགས་འཛིན་མའི་མངལ་དུ་སྲས་སྒྲ་གཅན་འཛིན་ལོ་དྲུག་ཏུ་བཞུགས་པས། མ་སྡུག་བསྔལ་བར་གྱུར་པའི་རྒྱུ་ཞུས་པས་ན་གསུངས་ཏེ། དྲང་སྲོང་ཤཱཾ་ཊིལྱིའི་གཅིན་འཐུངས་པ་ལས་རི་དྭགས་མོར་བུད་མེད་པདྨ་ཅན་སྐྱེས་པ་གྲོང་ཁྱེར་ཀམྤི་ལའི་རྒྱལ་པོ་ཚངས་བྱིན་གྱིས་བླངས་པར། ཁྱེའུ་གསེར་མདོག་གཉིས་སྐྱེས་པ་བཙུན་མོ་གཞན་གྱི་ཕྲག་དོག་གིས་ཆུ་བོ་གངྒཱར་སྒྲོམ་དུ་བཅུག་ནས་འཕངས་ཤིང་། རྒྱལ་པོར་བུ་མོས་བཟོས་པའི་དབྱེན་བཅུག་པས་རྒྱལ་པོ་ཁྲོས་ཏེ་གསོད་པར་བསྒོས་ཀྱང་། བློན་པོ་བློ་གྲོས་རིང་གིས་གཞན་གྱི་ཕྲག་དོག་ཏུ་ཤེས་ནས་མ་བསད་པར་སྦས་པ་ན། དྲང་སྲོང་གི་བསྟི་གནས་སྲུང་བའི་ལྷ་མོས་རྒྱལ་པོར་ཉེས་པ་མེད་ཚུལ་ལུང་བསྟན་པ་དང་། ཉ་པ་རྣམས་ཀྱིས་ཆུ་ལས་སྒྲོམ་བུ་རྙེད་པ་ཕུལ་བ་ཁ་ཕྱེ་བ་ན་སྲས་གཉིས་མཐོང་བས་རྒྱལ་པོ་འགྱོད་པ་ན་བློན་པོས་པད་ཅན་ཕུལ་ཡང་བུ་མོ་རང་ཁྲོས་པས་ཡབ་ཀྱི་བསྟི་གནས་སུ་ལོག་ནས་རབ་བྱུང་གི་ཆ་ལུགས་བྱས་པར་རྒྱལ་པོ་ཀྲ་ཀཱའི་དོན་དུ་གཉེར་ཡང་མ་ཐོས་པ་སླར་ཚངས་


GTN003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རང་ཉིད་བསུ་བར་ཕྱིན་པས་ཐོབ་པ་སྟེ་རྐང་པའི་རྗེས་ལ་མེ་ཏོག་པདྨ་སྐྱེས་པ་ནི་རང་སངས་རྒྱས་ལ་སྔར་པདྨ་ཕུལ་བས་སོ། །པདྨ་ཅན་ནི་གྲགས་འཛིན་མ་ཡིན་པར་གསུངས་ཏེ་འབྲས་བུའི་གཏམ་མོ། །༤༢ ༈ ཡལ་འདབ་རེ་དགུ་པ་རབ་གནས་མཛད་པ་ནི། གྲོང་ཁྱེར་པ་ཊ་ལི་པུ་ཏྲར་ཆོས་རྒྱལ་མྱ་ངན་མེད་ཀྱིས་གནས་བརྟན་གྲགས་པ་སོགས་དགེ་འདུན་གྱི་ཚོགས་མང་པོ་དང་། སངས་རྒྱས་ཀྱི་རིང་བསྲེལ་རྣམས་ལ་མཆོད་ཅིང་། གྲགས་པས་ཀླུ་ཡུལ་ནས་སངས་རྒྱས་ཀྱི་རིང་བསྲེལ་མང་པོ་དང་བླངས་ཏེ་མཆོད་རྟེན་སྟོང་ཕྲག་བརྒྱ་ཅུ་རྩ་བཞི་བསྐྲུན་པར་རབ་ཏུ་གནས་པའི་ཚེ་དགྲ་བཅོམ་རྣམས་ནམ་མཁར་འཕགས་པས་ཉི་འོད་བསྒྲིབ་ཐུབ་པ་བྱུང་། རབ་བྱུང་རྒན་པོ་བློ་རྨོངས་པ་ཞིག་ལ་རྒྱལ་པོས་བསྙེན་བཀུར་ཕུལ་བས་སངས་རྒྱས་ལ་དགའ་བའི་ལྷས་བློ་གྲོས་བྱིན་ཏེ། རྒྱལ་པོར་ཆོས་བསྟན་ཞིང་། དེ་དགྲ་བཅོམ་པ་ལྷའི་གནས་ཡོངས་འདུའི་ཤིང་དྲུང་ཏུ་དབྱར་གནས་པ་སླར་དུས་སྟོན་ལ་ཕེབས་པར་ཆོས་གོས་ལ་དྲི་བཟང་པོ་མནམ་པར་རྒྱལ་པོས་དྲིས་པ་ན། ལོ་རྒྱུས་རྣམས་དྲང་པོར་སྨྲས་པས་རྒྱལ་པོ་སྦྱིན་པ་ལ་སླར་ཡང་སྤྲོ་བར་གྱུར་པ་གསུངས་ཏེ་འབྲས་བུའི་གཏམ་མོ། །༤༣
༈ ཡལ་འདབ་བདུན་ཅུ་པ་འཕགས་པ་ཉི་མ་གུང་པ་ནི། འཕགས་པ་ཀུན་དགའ་བོ་མྱ་ངན་འདའ་ཁར་ཆུ་བོ་གངྒཱའི་དབུས་སུ་ས་གཞིར་སྤྲུལ་ཏེ་ཉི་མ་གུང་པ་དང་ཁ་ཆེའི་དྲང་སྲོང་ལྔ་བརྒྱ་བཅས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པར་མཛད་དེ་བསྟན་པ་གཏད། འདིས་ཁ་ཆེའི་ཡུལ་དུ་ཀླུ་རྣམས་བཏུལ་ཏེ་སྐྱིལ་ཀྲུང་ཁྱོན་གྱིས་ས་བསླངས་པས་ཁ་ཆེའི་ཡུལ་གླིང་ཐམས་ཅད་ནོན་པར་བྱས་ནས། ཆོས་གོས་ནམ་མཁར་འཕྱར་བའི་གྲིབ་མའི་ས་ལ་རི་སྤོས་ངད་ལྡན་པ་གུར་གུམ་གྱི་ས་བོན་བླངས་པ་བཏབ་པའོ། །འབྲས་བུའི་གཏམ་མོ། །༤༤


previousཡལ་འདབ་རེ་གཅིག་ནས་བདུན་ཅུ་བར།next