Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
ཡལ་འདབ་དོན་གཅིག་ནས་བརྒྱད་ཅུ་བར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡལ་འདབ་དོན་གཅིག་ནས་བརྒྱད་ཅུ་བར།next

ཡལ་འདབ་དོན་གཅིག་ནས་བརྒྱད་ཅུ་བར།


GTN003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་དོན་གཅིག་པ་འཕགས་པ་ཤ་ནའི་གོས་ཅན་ནི། ཀུན་དགའ་བོ་ལས་རབ་ཏུ་བྱུང་ཞིང་དགྲ་བཅོམ་སྟེ་སྟོན་པའི་བཀའ་བཞིན་དེ་ལ་བསྟན་པ་གཏད། འཕགས་པ་འདི་བཅོམ་རླག་ཏུ་ཕེབས་པར་གྱད་ཀྱི་གཙོ་བོ་ན་ཊའི་བྷ་ཊ་གཉིས་ཀྱིས་མཆོད་དེ་མཚན་དེ་ལྟར་འདོགས་པའི་རྒྱུ་མཚན་ཞུས་པར། སྐྱེ་བ་སྔ་མ་ཞིག་རང་སངས་རྒྱས་སྙིང་ནད་ལས་གྲོལ་བར་བྱས་ཤིང་། དེ་ལ་གོས་བཟང་པོ་ཕུལ་ཡང་མ་བཞེས་པས་ཤ་ནའི་གོས་ཤིག་ཕུལ་ཏེ་སྨོན་ལམ་བཏབ་པས་བདག་བཙས་པ་ན་ཤ་ནའི་གོས་དང་ལྷན་ཅིག་བཙས་པས་མིང་དེ་


GTN003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྲགས་གསུངས། མགོ་ཆེན་གྱི་རིགས་པ་སྐྱིལ་ཀྲུང་བརྟན་པོས་ཀླུ་རྣམས་བཏུལ། སྔར་གྱི་གྱད་གཉིས་ནས་གཙུག་ལག་ཁང་ཕུལ་བར་བཞུགས་སོ། །འབྲས་བུའི་གཏམ་མོ། །༤༥ ༈ ཡལ་འདབ་དོན་གཉིས་པ་འཕགས་པ་ཉེར་སྦས་ནི། བཅོམ་རླག་ན་སྤོས་འཚོང་གི་བུ་ཉེར་སྦས། སྤོས་ཀྱི་རྒྱུ་རྣམས་ཉོ་བ་སྨད་འཚོང་མ་ནོར་ལྷས་བྱིན་གྱིས་འགྲོགས་པར་བསྐུལ་བ་ཁས་མ་བླངས་ཤིང་། དེས་སྔ་མ་གྲོགས་ཚོང་དཔོན་གྱི་བུ་ཞིག་ཡོད་པ་དུག་གིས་བསད་ནས་གསར་བ་ཚོ་སྦ་ན། སྔ་མའི་རོ་རྙེད་པས་རྒྱལ་པོས་ཁྲིམས་ལ་སྦྱར་ཏེ། སྣ་དང་རྣ་བ་དང་རྐང་ལག་སོགས་བཅད་པ་ན་ཉེར་སྦས་དེར་བྱོན་ནས་ཆོས་ཀྱི་གཏམ་སྨྲས་པས་ཚེ་འཕོས་པ་མཐོ་རིས་སུ་སོང་། ཉེར་སྦས་འཕགས་པ་ཤ་ནའི་གོས་ཅན་ལས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པས་སྟོན་པའི་བཀས་བཞིན་བསྟན་པ་གཏད། འདི་མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པས་སངས་རྒྱས་གཤེགས་ནས་འགྲོ་དོན་འདི་ཆེ་བ། བདུད་སྡིག་ཅན་གྱིས་མ་བཟོད་དེ་ཐོ་བཙམས་པར། རོ་གསུམ་གྱིས་རྒྱན་བྱིན་པས་བཏུལ་ཏེ་གྲོང་ཁྱེར་འབུམ་ཕྲག་བཅོ་བརྒྱད་དགྲ་བཅོམ་པར་བཀོད་དོ། །འབྲས་བུའི་གཏམ་མོ། །༤༦


GTN003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་དོན་གསུམ་པ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཀླུ་ལ་སྤྲིངས་ཡིག་བསྐུར་བ་ནི། རྒྱལ་པོ་འདིའི་མངའ་གསོལ་བའི་ཚོང་པ་རྒྱ་མཚོར་འགྲོ་བ་རྣམས་ཀྱི་ནོར་ཀླུས་འཕྲོགས་པ་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་ཟངས་མའི་གླེགས་བུར་ནོར་རྣམས་ཚུར་སྤྲོད་ཅིག་པ་རྒྱ་མཚོར་འཕངས་ཀྱང་ཀླུ་ལ་ཉན་དུ་མ་འདོད་པས། རང་ཉིད་བསོད་ནམས་ཆུང་བར་ཤེས་ནས། དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་བསྙེན་བཀུར་ཕུལ་ཞིང་། དགེ་སློང་མངོན་ཤེས་ལྔ་ལྡན་དབང་པོའི་རྒྱལ་པོ་དང་། ཀླུའི་གཟུགས་བཅོས་ཏེ་བརྟགས་པར། ཐོག་མར་རྒྱལ་པོས་ཀླུ་ལ་འདུད་ཀྱང་། མཐར་རྒྱལ་པོ་ལ་འདུད་པར་གྱུར་པ་ན་སྔར་ལྟར་ཀླུ་ལ་སྤྲིངས་པས་ཚོང་པ་རྣམས་ཀྱི་ནོར་ཀླུ་མིའི་ཆ་བྱད་དུ་སྤྲུལ་པས་རྒྱལ་པོར་ཕུལ་བས་དཀོན་མཆོག་ལ་ལྷག་པར་དད་དེ། འཕགས་པ་ཉེར་སྦས་འཁོར་བཅས་ལ་མངོན་པར་མཆོད་དེ་འབྲས་བུའི་གཏམ་མོ། །༤༧ ༈ ཡལ་འདབ་དོན་བཞི་པ་རྒྱལ་པོ་དེ་ཉིད་ཀྱིས་དགེ་འདུན་ལ་ས་གཞི་ཕུལ་བ་ནི། རྒྱལ་པོ་དེ་གཏོང་བ་ཕུན་སུམ་ཚོགས་པས་དགེ་འདུན་རྣམས་ལ་གསེར་བྱེ་


GTN003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྲག་བརྒྱ་རེ་ཕུལ་བར་དམ་བཅས་ནས་ལོ་སུམ་ཅུ་རྩ་དྲུག་ཏུ་དགེ་འདུན་རྣམས་ལ་གསེར་བྱེ་བ་དགུ་བཅུ་རྩ་དྲུག་ཏུ་ཕུལ་བ་ན། རྒྱལ་པོ་དེར་ནད་ཀྱིས་བཏབ་པར་ཚ་བོ་ཕུན་ཚོགས་ཅན་གྱི། སེར་སྣས་མཛོད་སར་བསྒོ་སྟེ། དགེ་འདུན་གྱི་འབུལ་སྒོ་བཀག་པ་ན། རྒྱལ་པོ་རང་སྐལ་སྐྱུ་རུའི་ཕྱེ་མ་ཕུལ་ཞིང་། བློན་པོས་བློ་བསྟན་པས་ས་གཞི་ཡོངས་རྫོགས་དགེ་འདུན་ལ་ཕུལ། རྒྱལ་པོ་འདས་ནས་ལྷར་སྐྱེས། ཚ་བོས་གསེར་བྱེ་བ་བཞི་ཕུལ་ནས། དགེ་འདུན་ལས་ས་གཞི་ཉོས་པ་འབྲས་བུའི་གཏམ་མོ། །༤༨ ༈ ཡལ་འདབ་དོན་ལྔ་པ་རྟེན་འབྲེལ་ནི། མཉན་ཡོད་དུ་རྒྱལ་བ་བཞུགས་པ་ན། དགེ་སློང་རྣམས་ལ་བཀའ་སྩལ་པ་སྟེ། དེ་ཡང་རྟེན་འབྲེལ་རྣམས་ཀྱི་ཐོག་མར་མ་རིག་པ་ཡིན་ཞིང་། དེ་ལ་འདུ་བྱེད་སོགས་ནས་རིམ་པར་རྒ་ཤིའི་བར་དུ་བྱུང་བས། སྲིད་པའི་འཁོར་ལོ་འཕྱན་པ་སྟེ་མ་རིག་པ་འགོག་པར་བྱས་པས་འདུ་བྱེད་འགགས་པ་སོགས་ནས་རྒ་ཤིའི་བར་འགོག་པས་ཐར་པ་ཐོབ་པར་གསུངས་ཏེ་འབྲས་བུའི་གཏམ་མོ། །༤༩


GTN003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་དོན་དྲུག་པ་རྒྱལ་པོ་བི་དུ་ར་ནི། སངས་རྒྱས་ཆུ་ཀླུང་ཁྱམས་ལྡན་དུ་བྱོན་པས། དེར་ཆུ་གནས་མི་འདྲ་བ་ཉའི་རྣམ་པ་ལུས་ཐམས་ཅད་རྨ་ཤུས་གང་ཞིང་ཐོས་ནས། སངས་རྒྱས་ལ་དེའི་ལས་དྲིས་པས། འདི་སྔོན་འཕགས་རྒྱལ་དུ་རྒྱལ་པོ་བི་དུ་རར་གྱུར་པ་ནགས་སུ་བཙུན་མོའི་འཁོར་དང་བཅས་རྒྱུ་བ་ན། བཙུན་མོ་རྣམས་ཀྱིས་རང་རྒྱལ་ཞིག་མཐོང་ནས་ཆོས་ཞུས་པ། རྒྱལ་པོས་ཕྲག་དོག་གིས་རང་རྒྱལ་བསད་པས་དམྱལ་བར་ཡུན་རིང་སྐྱེས་ནས་ད་ལྟ་ལུས་ངན་འདི་བླངས་པ་ཡིན། སླད་མར་ཡང་རང་རྒྱལ་ཞིག་གསོད་ནས་དམྱལ་བར་འགྲོ། དེ་ནས་ཡུན་རིང་མོ་ཞིག་ནས་མིར་སྐྱེས་ཏེ། སྟོན་པ་ཨུཏྟ་ར་ལས་རབ་ཏུ་བྱུང་བ། སྐྱེད་ཚལ་དུ་བཙུན་མོས་མཆོད་དེ་རྒྱལ་པོ་ཁྲོས་ནས་གསོད་པར་ལུང་བསྟན་པ་འབྲས་བུའི་གཏམ་མོ། །༥༠ ༈ ཡལ་འདབ་དོན་བདུན་པ་དྲང་སྲོང་ཀཻ་ནེ་ཡ་ཀ་བཏུལ་བ་ནི། སངས་རྒྱས་ཨཱ་རུ་མཱ་ཡའི་ནགས་ཀྱི་མཐར་འབྱུང་པོའི་ཁྱིམ་ན་བསམ་གཏན་ལ་བཞུགས་སོ། །ཡུལ་དེར་ཐོག་འབྲུག་གློག་སོགས་བྱུང་ཞིང་། རྨོས་གླང་བཞི་ཞིང་པ་སྤུན་གཉིས་སོགས་བསད། དེར་རྒྱལ་ཆེན་བཞིས་ཆོས་ཉན་པ་


GTN003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབུས་པ་དང་། མཐའ་འཁོབ་པའི་སྐད་ཀྱིས་སོ་སོར་ཆོས་བསྟན་པས་དད་པ་ཐོབ་ནས་མཐོ་རིས་སུ་སོང་བར། དེའི་སྔོན་བྱུང་ཞུས་པ་ན། སྔར་སངས་རྒྱས་འོད་སྲུང་ལ་ཀླུ་དབུགས་ཆུང་དང་། དབུགས་ཆེན་མཁའ་ལྡིང་གཙུག་ཏོར་དང་། མི་ཊིའི་དབྱངས་ཞེས་པས་སྐྱབས་སྡོམ་ཐོབ་པར་གསུངས་སོ། །གཏམ་དེ་དག་ཉེ་བར་འཁོད་པའི་དྲང་སྲོང་ཀཻ་ནེ་ཡ་ཀ་དང་། དེའི་ཚ་བོ་ཤཱི་ལ་གཉིས་འཁོར་དང་བཅས་པས་ཐོས་པས་དད་དེ་རབ་ཏུ་བྱུང་བ་ཀཻ་ནེ་ཡ་ཀས་དགྲ་བཅོམ་པ་དང་། ཤཱི་ལས་རྒྱུན་ཞུགས་ཐོབ། དེའི་སྔོན་བྱུང་སངས་རྒྱས་འོད་སྲུང་གི་ཝཱ་རཱ་ཎ་སཱིར་ཁྱིམ་བདག་གངྒཱ་དང་ཡ་ག་ནས་ཚངས་སྤྱོད་ཀྱི་སྡོམ་པ་བླངས་པར་གསུངས་པ་འབྲས་བུའི་གཏམ་མོ། །༥༡ ༈ ཡལ་འདབ་དོན་བརྒྱད་པ་བརྒྱ་བྱིན་ལ་འཆི་འཕོའི་ལྟས་བྱུང་བ་ནི། ལྷའི་དབང་པོ་སྐྲག་པས་དྲང་སྲོང་ཞིག་ལ་སྐྱབས་ཞུས་ཀྱང་མ་བྱུང་བས། སངས་རྒྱས་དབང་པོའི་ཕོ་བྲང་བའི་ཕུགས་ནས་བཞུགས་པར་སྐྱབས་ཞུས་ཕྱིན་པས། མེ་ཁམས་ཀྱི་ཏིང་ངེ་འཛིན་ལ་བཞུགས་པར། དྲི་ཟ་ཟུར་ཕུད་ལྔ་པ་སྦྲན་པས་སྒྲ་སྙན་དཀྲོལ་ཏེ་སངས་རྒྱས་ཏིང་ངེ་འཛིན་ལས་བཞེངས་པ་བརྒྱ་བྱིན་བཙུན་མོར་བཅས་པས་མཆོད་དེ། བདེན་པ་མཐོང་ནས་འཆི་ལྟས་བཟློག །དེའི་བུ་མོ་དྲི་ཟའི་རྒྱལ་པོ་ལ་རྒྱ་བྱིན་འཁོར་རྣམས་ཀྱིས་དེའི་རྒྱུ་ཞུས་པར། གྲོང་ཁྱེར་


GTN003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ལྡན་དུ་ས་བདག་པུ་ཀལྤལ་སངས་རྒྱས་ལོག་པ་དད་སེལ་གྱི་སྐུ་གདུང་བཞེངས་པས་ལྷའི་དབང་པོར་སྐྱེས་པར་གསུངས་ཏེ་འབྲས་བུའི་གཏམ་མོ། །༥༢ ༈ ཡལ་འདབ་དོན་དགུ་པ་རྒྱལ་པོ་དབང་ཆེན་སྡེར་སྐྱེ་བ་བཞེས་པ་ནི། མཉན་ཡོད་དུ་བྲམ་ཟེ་འཚོ་བ་བདེ་ཞེས་པ་རྒུད་པ་ཆུང་མས་མ་འདོད་དེ་ཆོམ་རྐུན་པ་ཞིག་དང་འདུས་པས་གཡོ་ཐབས་ཀྱིས་བྲམ་ཟེ་ནོར་གྱི་ཕྱིར་མངགས་པས་ནོར་མང་པོ་ཐོབ་པ་རང་ཡུལ་དུ་ལྡོག་པ་ཆོམ་རྐུན་པས་བཅོམ་སྟེ་སྡུག་བསྔལ་བ་ན། སངས་རྒྱས་ཀྱིས་དེ་ལ་ནོར་བུའི་གཏེར་བླངས་ཏེ་བྱིན་པ་དེས་ཆུང་མར་བྱིན་ཀྱང་མགུ་བར་མ་མཐོང་བས་ཡིད་ཕྱུང་སྟེ་སྟོན་པའི་དྲུང་དུ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ། དེའི་སྔོན་བྱུང་ཝཱ་རཱ་ཎ་སཱིར་སྟོན་པ་ཉིད་རྒྱལ་པོ་དབང་ཆེན་སྡེར་སྐྱེ་བ་བཞེས་པ་སློང་བ་རྣམས་ཀྱིས་ནོར་བུར་གྱུར་ཞིང་མངའ་འོག་བྱམས་པས་སྐྱོང་བ། རྒྱལ་ཕྲན་གཞན་གྱིས་ཕྲག་དོག་གིས་གཡུལ་བཤམ་པར་ཁྲོ་བའི་སེམས་གཏང་བས་རང་འཁོར་རྣམས་གཞན་སྡེར་ངོ་ལོག །རྒྱལ་པོ་རང་ནགས་སུ་བྲོས་སླར་བླ་བྲམ་ཟེ་ཀེ་ཤོའུ་ཤི་ཀ་དབང་ཆེན་སྡེར་སློང་དུ་འོང་བ་གནས་ཚུལ་དེས་སྡུག་བསྔལ་བར་གྱུར་པས། རྒྱལ་པོས་རང་བཅིངས་ཏེ་དགྲ་ཟླའི་རྒྱལ་པོར་བྱིན་ལས་ནོར་རྙེད་པ་བསྟན་པ་དེ་བྲམ་ཟེ་འདི་ཉིད་དོ་ཞེས་གསུངས་ཏེ་སྦྱིན་པའི་གཏམ་མོ། །


GTN003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་བརྒྱ་བཅུ་པ་ཀུན་ཏུ་རྒྱུ་རབ་བཟང་བཏུལ་བ་ནི། སྟོན་པ་མྱ་ངན་འདས་ཀར་དྲི་ཟ་རབ་དགའ་བཏུལ། ཀུ་ཤའི་གྲོང་གི་ཨུ་དུམྦཱ་རའི་ཚལ་དུ་མུ་སྟེགས་རབ་བཟང་བསམ་གཏན་ལ་ཡོད་པས་ཚལ་དེ་རྙིང་པ་མཐོང་ནས་རྟོག་པ་ཟོས་པར། ལྷས་སངས་རྒྱས་མྱ་ངན་ལས་འདས་པར་བསྟན་པས་འཕྲལ་དེར་སྟོན་པའི་སྤྱན་སྔར་སོང་ནས་དྲི་བར་ཞུས་ཏེ་རབ་ཏུ་བྱུང་སྟེ་དགྲ་བཅོམ་པར་མྱ་ངན་ལས་འདས། གཅེར་བུ་པ་རྣམས་ཀྱིས་དེའི་སྐུ་གདུང་མ་ཐེག་པས་ནང་པར་གོ །དགེ་སློང་རྣམས་ཀྱིས་པུར་བསྲེགས་ཏེ་མཆོད། དེའི་སྔོན་འབྱུང་བྲམ་ཟེ་མྱ་ངན་མེད་སངས་རྒྱས་འོད་སྲུང་འདའ་ཀར་རབ་ཏུ་བྱུང་ནས་དགྲ་བཅོམ་སྟེ་མྱ་ངན་ལས་འདས་པ་ལྷ་ཞིག་གིས་མཐོང་ནས་དེ་བཞིན་སྨོན་ལམ་བཏབ་པ་དང་སངས་རྒྱས་ལོག་པ་དད་སེལ་མྱ་ངན་ལས་འདའ་ཀར་ལྷ་འདིས་དྲང་སྲོང་ལྔ་བརྒྱ་ཁྲིད་དེ་རབ་ཏུ་བྱུང་ནས་དགྲ་བཅོམ། དེ་རྣམས་སངས་རྒྱས་ལས་སྔོན་དུ་ཞི་བར་གཟིམས་པ་སོགས་རྒྱུ་མཚན་དུ་མ་ཞིག་གསུངས་སོ། །འབྲས་བུའི་གཏམ་མོ། །༥༣


previousཡལ་འདབ་དོན་གཅིག་ནས་བརྒྱད་ཅུ་བར།next