Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
ཡལ་འདབ་གྱ་གཅིག་ནས་དགུ་བཅུ་བར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡལ་འདབ་གྱ་གཅིག་ནས་དགུ་བཅུ་བར།next

ཡལ་འདབ་གྱ་གཅིག་ནས་དགུ་བཅུ་བར།


GTN003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གྱ་གཅིག་པ་སངས་རྒྱས་རྒྱུ་མཆོག་ནི། མཉན་ཡོད་དུ་སྟོན་པས་འདུས་པའི་ཚོགས་ལ་སྔོན་འབྱུང་གསུངས་པ་ནི། གྲོང་ཁྱེར་པ་ཊ་ལི་པུ་ཏྲ་ཚོང་པ་རྣམས་ཙནྡན་ལེན་དུ་རྒྱ་མཚོར་ཆས་པ་ནོར་བུ་ལོན་ནས་ཚུར་ལྡོག་པ་ན། དུས་མིན་པའི་རླུང་གིས་གནོད་པས་དེད་དཔོན་བསོད་ནམས་སྡེས་སྔར་དགེ་སྙེན་ཆོས་ཀྱི་བྱང་ཆུབ་ཀྱིས་སྟོན་པ་རྒྱུ་མཆོག་ལ་སྐྱབས་སུ་འགྲོ་བ་ཐོས་པས། སྐབས་དེར་སངས་རྒྱས་དེ་ལ་སྐྱབས་གསོལ་བས་དེད་དཔོན་རང་གི་ནོར་བུ་དང་ཙནྡན་རྒྱ་མཚོར་ཤོར་བ་རྣམས་ཐོབ་ཅིང་དམངས་མ་ཡང་སྲོག་བྱིན། དེད་དཔོན་འདིས་ཡུལ་གྱི་རྒྱལ་པོར་ཙནྡན་གཏོང་མ་བྲ་བ། སངས་རྒྱས་རྒྱུའི་མཆོག་ཚད་པ་བསྙུང་བའི་སྨན་དུ་ཕུལ་ནས་བསྙེན་བཀུར་ཞུས་པས། མ་འོངས་པ་ན་སངས་རྒྱས་ཙནྡན་དཔལ་དུ་འགྱུར་བར་ལུང་བསྟན། དེའི་བསོད་ནམས་ཀྱིས་སྔར་ཚོང་པ་མང་མས་རིན་པོ་ཆེ་དང་ཙནྡན་རྒྱ་མཚོར་ཤོར་བ་རྣམས་ཁྲོན་པ་ཞིག་གི་ནང་ནས་བྱུང་སོ་སོར་བྱིན་པར་གསུངས་ཏེ་འབྲས་བུའི་གཏམ་མོ། །༥༤ ༈ ཡལ་འདབ་གྱ་གཉིས་པ་དམྱལ་བ་སྔོན་ལྡན་ནི། མཉན་ཡོད་དུ་ཁྱིམ་བདག་ཐོས་པའི་གོ་ཆའི་ཆུང་མ་རྒྱལ་བའི་དབང་པོ་བུ་


GTN003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པོ་གོ་ཆ་འབྱུང་། ཕ་ཤི་ནས་བུས་ཁྱིམ་མཚེས་ཀྱི་བུ་མོ་དང་མཛའ་བ་མས་བཀག་པས་ཁྲོས་ཏེ་མ་བསད་པའི་སྡིག་པ་བྱང་ཐབས་ཕྱི་རོལ་པ་དག་ལ་དྲིས་ཀྱང་མ་བྱུང་སྟེ། རྒྱལ་བྱེད་ཚལ་དུ་སོང་སྟེ་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་པར་གྱུར་ཀྱང་། སངས་རྒྱས་ཀྱིས་མ་བསད་པ་རབ་ཏུ་བྱུང་བས་ཉེས་ཏེ་འདི་དམྱལ་བར་འགྲོ་བར་གསུངས། འདིའི་སློབ་མ་ལ་དགྲ་བཅོམ་པ་འགའ་ཞིག་བྱུང་ཞིང་མཐར་ངན་སོང་དུ་སྐྱེས་ཀྱང་སྟོན་པའི་བསྟན་ལ་དད་པ་ཐོབ་པས་ལྷར་སྐྱེས་ཏེ་སངས་རྒྱས་ལ་མཆོད་དེ་བདེན་པ་མཐོང་བ་ཡིན་ཏེ་འབྲས་བུའི་གཏམ་མོ། །༥༥ ༈ ཡལ་འདབ་གྱ་གསུམ་པ་སྲས་སྒྲ་གཅན་འཛིན་ནི། འཁོར་རྣམས་ཀྱིས་གྲགས་འཛིན་མའི་མངལ་དུ་ལོ་དྲུག་བཞུགས་པའི་རྒྱུ་རྣམས་ཞུས་པས་ལུས་འཕགས་ཀྱི་མི་ཐི་ལར། རྒྱལ་པོ་མེ་ཏོག་ལྷ་ལ་བུ་ཉི་མ་དང་ཟླ་བ་ཡོད་པར་སྔ་མ་ནགས་སུ་དཀའ་ཐུབ་སྤྱོད། ཕྱི་མས་རྒྱལ་སྲིད་སྐྱོང་། སྲས་ཕུ་བོ་དཀའ་ཐུབ་པ་སྙོམས་པས། དྲང་སྲོང་ཞིག་གི་ཆུ་སྣོད་ནས་ཆུ་འཐུང་བར། དྲང་སྲོང་དེས་ཆུ་བྱིན་པས་མིན་ཕྱིར་ནུ་བོའི་རྒྱལ་པོར། རང་ཉིད་སོང་ནས་སྡིག་པའི་ལས་བྱས་པར་ཆད་པ་གཅོད་པར་གསོལ་བ་ན་རྒྱལ་པོ་བྱ་བས་གཡེངས་ཏེ། ཕུ་བོ་དྲང་སྲོང་སྐྱེད་ཚལ་དུ་ཞག་དྲུག་བསྐྱུར་བས་ལྟོགས་སྐོམ་རིད་པར་མཐོང་བའི་རྒྱལ་པོ་དེ་སྒྲ་གཅན་འཛིན་དང་། དྲང་སྲོང་སངས་རྒྱས་ཏེ་རྒྱུ་


GTN003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ལོ་དྲུག་ལྷུམས་སུ་བཞུགས་སོ། །ཡང་བ་རྫི་རྒན་མོ་བཟང་མོ་ལ། དེའི་བུ་མོ་བཟང་མོ་ལ་རི་དྭགས་མོ་ཞེས་པས་སྣོད་ཡང་པ་རང་གིས་ཐོགས། ལྗི་བ་ཞིག་ཡོད་པ་མ་རྒན་མོར་ཁུར་དུ་བཅུག་པས་ཐག་རིང་དུ་སོང་བ། བུ་མོ་དེའི་སྐྱེ་བ་གྲགས་འཛིན་མ་ཡིན་ཏེ། དོན་དེས་མངལ་དུ་ལོ་དྲུག་ཁུར་བ་ཡིན་གསུངས་ཏེ་འབྲས་བུའི་གཏམ་མོ། །༥༦ ༈ ཡལ་འདབ་གྱ་བཞི་པ་སྦྲང་རྩིའི་དབྱངས་ནི། མཉན་ཡོད་དུ་ཁྱིམ་བདག་ཤིན་ཏུ་བརྟན་པའི་ཆུང་མ་མིག་བཟང་མའི་བུ་སྐྱེ་བ་ན་སྦྲང་རྩིའི་ཆར་བབ་ཅིང་གཏེར་བརྒྱས་བསྐོར་ནས་བུ་དེ་ལ་སྦྲང་རྩིའི་དབྱངས་སུ་བཏགས་ཤིང་། སྦྱིན་བཏོང་ལ་དགའ་བ་འདི་ལ་ཤཱ་རིའི་བུས་བསྐུལ་ནས་སངས་རྒྱས་འཁོར་བཅས་མཆོད་དེ་རབ་ཏུ་བྱུང་བ་ན་སྟོན་པའི་བཀས་གནང་སྟེ། མཉན་ཡོད་དུ་ཕྱིན་རི་བྲག་པ་དུ་མ་ཞིག་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་ལ་བཀོད། སྐབས་དེར་ཆོམ་རྐུན་པ་དུ་མས་དུརྒའི་ཡ་སྟག་སྟེ། ལྷ་མོ་ཨུ་མ་མཆོད་པའི་དོན་དུ་མི་གྲངས་མ་ཚང་བར་དགེ་སློང་རྣམས་བཅིངས་པའི་ཚབ་ཏུ་སྦྲང་རྩི་དབྱངས་ཕྱིན་པས་དེར་སྲོག་ཆགས་བརྒྱ་སྟོང་དུ་མ་བསད་པས་ཡིད་ཕྱུང་སྟེ། དགྲ་བཅོམ་པ་ཐོབ་ནས། རྫུ་འཕྲུལ་བསྟན་པས་ཆོམ་རྐུན་པ་ལྔ་བརྒྱ་དད་དེ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ལྷན་ཅིག་རྒྱལ་བྱེད་ཀྱི་ཚལ་དུ་འོང་སྟེ་དགྲ་བཅོམ་པ་ཐོབ། སངས་རྒྱས་ལ་ལྷའི་བདུད་རྩིས་མཆོད་པ་ན། དེའི་ཕ་ཤིན་ཏུ་


GTN003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པས་མཐོང་སྟེ། སངས་རྒྱས་གསེར་གྱི་པདྨས་མཆོད་པས། མ་འོངས་པར་ཤིན་ཏུ་བརྟན་པ་དེ་སངས་རྒྱས་པདྨོའི་མཆོག་ཅེས་པར་ལུང་བསྟན་ཏེ་འབྲས་བུའི་གཏམ་མོ། །༥༧ ༈ ཡལ་འདབ་གྱ་ལྔ་པ་ཤི་བི་རྒྱལ་པོར་སྐྱེ་བ་བཞེས་པ་ནི། མཛད་བརྒྱའི་སྐབས་གྱ་གསུམ་པར་འབྱུང་བ་སྟེ། སངས་རྒྱས་ལ་འཁོར་རྣམས་ཀྱིས་ནད་པ་ལ་ལྷག་པར་བྱམས་སོ་ཞེས་བསྔགས་ཤིང་དྲིས་པས་སྔོན་བྱུང་གསུངས་ཏེ། སྔོན་གྲོང་ཁྱེར་ཤི་བིའི་རྒྱལ་པོ་མིང་དེ་མཚུངས་སུ་སྐྱེ་བ་བཞེས་ནས་སྦྱིན་པ་ལ་རྒྱ་ཆེར་དགའ་བ་ལ། སྐབས་ཤིག་ནད་པ་ཤིན་ཏུ་ཐུ་བར་སྨན་པས་སྨན་མ་རྙེད་པས་བོར་བ་ཞིག་གཟིགས་པ་ན། སྐབས་སུ་བབས་པར་དགོངས་ཏེ། སྐྱེས་ནས་ཁྲོ་མ་མྱོང་བའི་ཁྲག་ནས་ཐུག་དང་སྦྱར་བས་སོས་པར། རང་ཉིད་ལས་གཞན་དུ་དེ་འདྲ་མིན་ཕྱིར་དབུ་ལས་ཁྲག་ཕྱུང་སྟེ་ཟླ་བ་དྲུག་ཏུ་བྱིན་པས་འཚོ་བ་བདག་ར་མ་གཞོང་ཕྱེད་སྙམས་པའི་ནད་བྱུང་བ་སྨན་པས་ཤང་གི་ཁྲུས་ཆུས་ཐང་དང་ལྡན་པ་སྨན་པ་སྟོང་གིས་སྒྲུབ་པ་ཀུན་གྱི་སྙིང་པོ་ཞེས་པའི་མར་ལོ་བཅུ་གཉིས་སུ་བཅོམ་པ་འཐུང་དུ་ཉེ་བར་ན། རང་སངས་རྒྱས་ཤིག་ནད་དེ་ལྟ་བུའི་ན་ནས་སློང་བ་ལ་རང་གི་སྲོག་ལ་མ་བལྟས་པར། སྨན་མར་ལྷག་མ་མ་ཕུལ་བ་ཕུལ་བས་བསྙུན་ལས་གྲོལ་ཞིང་། རང་རྒྱལ་དེའི་བདེན་པས་རྒྱལ་པོ་ཡང་ནད་ལས་གྲོལ་བར་གསུངས་སོ། །


GTN003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྔོན་བྱུང་རྒྱལ་པོ་ཚངས་བྱིན་ལ། བུ་དགའ་བོ་དང་ཉེ་དགའ་ཡོད་པ་ཕྱི་མས་སྔ་མ་ལ་རྫས་སྦྱོར་བྱས་ནས། ཡན་ལག་མ་ཚང་བར་བསྒྲུབས་པས་རྒྱལ་སྲིད་ཐོབ་ཀྱང་། ཉེས་པས་འགྱོད་དེ་ཕུ་བོ་སྔ་མ་ལྟར་གསོས་ཏེ། རྒྱལ་སྲིད་སྤྲད། ཉེ་དགའ་དང་ཉེ་བའི་བློན་པོ་བུ་ཡང་ལས་དེར་འདུས་པ་ཅན་ཞིག་སྟེ། སླར་སངས་རྒྱས་བཀས་རང་སངས་རྒྱས་མཆོད་པར་བྱས་པའི་ཉེ་དགའ་ཤི་བའི། བློན་པོའི་བུ་རང་སངས་རྒྱས་དེ་ཡིན་པར་གསུངས་ཏེ་སྦྱིན་པའི་གཏམ་མོ། ། ༈ ཡལ་འདབ་གྱ་དྲུག་པ་བ་མེན་དུ་སྐྱེ་བ་བཞེས་པ་ནི། སངས་རྒྱས་ཀྱིས་རྒན་པ་ལ་གཞོན་པས་བསྙེན་བཀུར་བྱ་བར་གསུངས་པས། དེའི་སྔོན་བྱུང་ཞུས་པ་ན་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་གྱིས་སྐྱོང་བའི་ནགས་ཚལ་ཞིག་ཏུ་བ་མེན། གླང་པོ་ཆེ། སྤྲེའུ། རི་བོང་རྣམས་རྒན་རིམ་གྱིས་མཆོད་པར་བཤད་དེ་ནྱ་གྲོ་དྷའི་ཚལ་གྱིས་བརྟགས་པས། བ་མེན་དང་། རི་བོང་། སྤྲེའུ། གླང་ཆེན་གྱིས་རྒན་རིམ་དུ་མཐོང་ནས་མཆོད་པས་ཡུལ་ཁམས་དེར་ཆར་འབེབས་པ་དང་། ལོ་ཕྱུགས་རྒྱས་པ་བཀྲ་ཤིས་དགེ་མཚན་ཐོབ་པར་གསུངས་ཏེ་ཚུལ་ཁྲིམས་ཀྱི་གཏམ་མོ། །


GTN003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གྱ་བདུན་པ་པདྨོ་ཅན་ནི། མཉན་ཡོད་དུ་ཁྱིམ་བདག་ཡིད་ཀྱི་བུ་པདྨོ་ཅན་དགེ་སློང་ཉེ་སྡེ་ལས་རབ་ཏུ་བྱུང་། བཅོམ་རླག་ཏུ་བསོད་སྙོམས་ལ་ཕྱིན་པ་སྤྱོད་ཡུལ་ལ་མི་མཁས་པས་སྨད་འཚོང་མ་ཟླ་བའི་རི་མོའི་ཁྱིམ་དུ་ཕྱིན་པར་དེས་འཁྲིག་པར་བརྩམས་པ་ན་བྲོས་པས་ཐར་ཡང་དབང་སྡུས་མཁན་གཏུམ་མོ་ལ་སྔགས་བྱེད་དུ་བཅུག་པས་སླར་བཀུག་སྟེ་ཡང་ན་འདོད་པ་སྤྱོད་པ། ཡང་ན་མེ་ནང་དུ་མཆོང་བ་གང་དགའ་འདམ་དུ་བཅུག་པས། ཕྱི་མར་ཐེ་ཚོམ་མེད་པར་ཞུགས་པས་སྨད་འཚོང་མ་དང་། གཏུམ་མོས་བཟོད་པར་གསོལ་བ་ནས། དེས་ཆོས་བསྟན་པས་གཉིས་ལོག་དགྲ་བཅོམ་ཐོབ། དེར་པདྨ་ཅན་ཉིད་ཀྱང་དགྲ་བཅོམ་པ་ཐོབ་སྟེ་གསུམ་ཀས་སངས་རྒྱས་མཇལ་བ་ན། དེའི་སྔོན་བྱུང་སངས་རྒྱས་འོད་སྲུང་ལ་ཁྱིམ་བདག་བཤེས་གཉེན་དང་། དེའི་ཆུང་མ་གཉིས་བཅས་རབ་ཏུ་བྱུང་བར། ཆུང་མ་གཉིས་ཀྱིས་དགེ་སློང་མ་རྣམས་ལ་ཚིག་རྩུབ་བརྗོད་པའི་རྣམ་སྨིན་གྱིས་གཏུམ་མོ་དང་། སྨད་འཚོང་མར་གྱུར་པ་དང་། གསུམ་ཆར་སྔར་རབ་ཏུ་བྱུང་བས་འདིར་གྲོལ་བ་ཐོབ་པར་གསུངས་ཏེ་འབྲས་བུའི་གཏམ་མོ། །༥༨


GTN003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གྱ་བརྒྱད་པ་ནག་པ་གླང་ཆེན་སྟན་ནི། འདི་རབ་ཏུ་བྱུང་ནས། རང་གི་ཁྱིམ་དུ་བསོད་སྙོམས་ལ་ལོགས། སྔར་གྱི་ཆུང་མས་གཡོ་ཐབས་ཀྱིས། རང་ལ་དེའི་མདུན་དུ་བྲན་ཕྲུག་ལ་བརྙས་པར་བསྐུལ་བས་ཁྱིམ་པར་སོང་བའི་གཏམ་དེ་དགེ་སློང་རྣམས་ཀྱིས་སངས་རྒྱས་ལ་ཞུས་པས། དེ་ནི་སེམས་ཅན་སྲིད་པ་ཐ་མ་པ་སྟེ་ཁྱིམ་དུ་ཡུན་རིང་མི་གནས་པར་ལུང་བསྟན་པ་བཞིན་སླར་ཡང་སངས་རྒྱས་ཉིད་ཀྱི་ཐུགས་རྗེས་བསྐུལ་བས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པའོ། ། སྔོན་བྱུང་རང་སངས་རྒྱས་མཆོད་ཅིང་། དེའི་གདུང་ལ་མཆོད་རྟེན་བཞེངས་ནས་སྨོན་ལམ་བཏབ་པ་དང་། བར་དེར་ཁྱིམ་པར་གྱུར་པ་ནི། རྒྱལ་པོ་ཚངས་བྱིན་གྱི་བློན་པོ་ལ་བུ་གཉིས་བྱུང་བ་ནགས་སུ་རབ་ཏུ་བྱུང་སྟེ་མངོན་ཤེས་ལྔ་ཐོབ་ཅིང་། བུ་ཆུང་བ་རྒྱལ་པོའི་བུ་མོས་མཆོད་ཅིང་། དེར་འདོད་པ་སྤྱོད་པས་རྒྱལ་པོས་ཤེས་ནས་ཆད་པས་གཅོད་པར་བརྩམས་ཀྱང་། བུད་མེད་ཀྱི་གཡོ་སྒྱུ་མཁས་པས་བཟློག །ཕུ་བོས་དེ་ལྟར་གྱུར་ཅིང་རྫུ་འཕྲུལ་ཉམས་པ་མཐོང་ནས། སླར་ནུ་བོ་ནགས་སུ་ཁྲིད་དེ་བསམ་གཏན་བཞི་བསྐྱངས་པས་མངོན་ཤེས་ལྔ་དང་ལྡན་པར་གྱུར་པ་ཡིན་ཏེ། བུ་ཆེ་བ་འཕྲོག་བྱེད་སངས་རྒྱས་ཡིན། ཆུང་བ་འཕྲོག་བྱེད་རྩེ་ནག་པ་གླང་ཆེན། ཆུང་མ་རྒྱལ་པོའི་བུ་མོ་ནི་མཛེས་ལྡན་མའོ་གསུངས་ཏེ་བསམ་གཏན་གྱི་གཏམ་མོ། །༣


GTN003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གྱ་དགུ་པ་ཆོས་སྲེད་ནི། སངས་རྒྱས་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས། རྒྱ་མཚོར་ཚོང་པ་སོང་བ་རྣམས། ཆུ་སྲིན་གྱི་འཇིགས་པ་བྱུང་ནས་སངས་རྒྱས་ལ་སྐྱབས་སུ་དོང་བས་ཞི་སྟེ། རང་ཡུལ་དུ་སླེབས་པ་ན་ཐམས་ཅད་རབ་ཏུ་བྱུང་ནས་དགྲ་བཅོམ་པ། ཆུ་སྲིན་དེ་ཤི་བའི་རོ་རྒྱ་མཚོའི་ངོགས་སུ་འཕངས་པ་རུས་པའི་རི་བོར་གྱུར་ཏེ། མཉན་དུ་བྲམ་ཟེ་ས་མནྟུའི་བུར་གྱུར་པ་ལྟོ་བ་ཤིན་ཏུ་ཆེ་བས་གསོ་བར་དཀའ་བ་བྱུང་ཞིང་། ཕྱིས་ཤིག་རབ་ཏུ་བྱུང་། སྦྱིན་བདག་དད་པའི་བརྟུལ་ཞུགས་པས་མགྲོན་དུ་བོས་པ་ན། དགེ་སློང་དུ་མའི་ཟས་བྱིན་ཡང་མ་ཚིམས་པས་ཁྱིམ་བདག་དེ་སྐྲག་པ་སྐྱེས་པས་ཡོན་ཕུལ་ཏེ། མགྱོགས་པར་བརྫངས་ནས། སངས་རྒྱས་ལ་དྲིས་པས། དགེ་སློང་དེ་འདྲེ་མིན་ཆོས་སྲེད་ཅེས་བྱ་སྟེ་ང་ཡི་བསྟན་པ་ལ་དགྲ་བཅོམ་པར་གྱུར་གསུངས། སངས་རྒྱས་ཀྱིས་ཆོས་སྲེད་རྫུ་འཕྲུལ་གྱིས་ཁྲིད་དེ། སྔར་ཆུ་སྲིན་དུ་སྐྱེས་པའི་རུས་པ་བསྟན་པས་སྐྱོ་སྟེ་དགྲ་བཅོམ། དེའི་རྒྱུ་ཞུས་པ་ན། སྔོན་བསྐལ་པ་དང་པོར་གྲོང་ཁྱེར་དགེ་བར་ཅན་དུ་ས་བདག་དགེ་བའི་དུས། སངས་རྒྱས་དགེ་བའི་མཛད་བྱོན། ཁྱིམ་བདག་ཆོས་ཀྱི་ངང་ཚུལ་ཞེས་པ། རྒྱ་མཚོར་དོན་གྲུབ་སྟེ་འབྱོར་པ་ཕུན་སུམ་ཚོགས་པ་བྱུང་བས་རྒྱལ་བ་དེ་འདས་པའི་མཆོད་རྟེན་ནོར་བུ་དང་གསེར་གྱི་རྩེགས་པ་བྲམ་ཟེ་ཆོས་ལ་སྡང་བ་རྣམས་ཀྱིས་བཀག་སྟེ་རྒྱལ་པོར་ཞུས་པས། སྟོང་ཐུབ་མངགས་


GTN003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་རྣམས་ལ་སྡིགས་པས་མཆོད་རྟེན་གེགས་མེད་དུ་ཟིན་ནས་མ་འོངས་སངས་རྒྱས་པར་སྨོན་ལམ་བཏབ་པ་ན། སྟོང་ཐུབ་ཀྱིས་ཀྱང་དེའི་ཉན་ཐོས་སུ་སྨོན་ལམ་བཏབ། བསྐལ་པ་གཉིས་པར་གྲོང་ཁྱེར་མར་མེ་ཅན་དུ་ས་བདག་མར་མེ་དང་། སྟོན་པ་མར་མེ་མཛད་བྱོན་པ། རྒྱལ་པོའི་མཆོད་པའི་གྲོགས་སུ་རྒྱལ་པོ་ནོར་ལྷའི་བུ་འབོད་དུ་བཏང་། དེས་ཀྱང་མཆོད་སྦྱིན་ལོ་བཅུ་གཉིས་པ་རྫོགས་ནས་ཡོན་ལྔ་ཕུལ་བའི་ཕུལ། ལྷས་བསྟན་པ་ལྟར། བྲམ་ཟེ་བློ་གྲོས་བཟང་པོ་དང་བློ་གྲོས་སྤུན་གཉིས་བྱུང་བ། དེས་ཡོན་ལྔ་ལས་བུ་མོ་མ་བླངས། བློ་གྲོས་བཟང་པོ་ལ་རྨི་ལམ་བཅུ་བྱུང་སྟེ། སངས་རྒྱས་མར་མེ་མཛད་མཇལ་དུ་སོང་། སྔར་གྱི་བུ་མོར་མེ་ཏོག་སློང་སྟེ་སངས་རྒྱས་མཆོད་པས་བློ་གྲོས་བཟང་པོ་སངས་རྒྱས་ཤཱཀྱ་ཐུབ་པར་ལུང་བསྟན་ནས་དེའི་རལ་པར་སངས་རྒྱས་ཀྱི་ཞབས་བཞག་པར་ནུ་བོ་བློ་གྲོས་ཁྲོས་པས་དམྱལ་བར་སོང་། བློ་གྲོས་བཟང་པོ་སངས་རྒྱས་ཉིད་ཡིན། སྟོང་ཐུབ་དང་བློ་གྲོས་གཉིས་ཆོས་སྲེད་ཡིན། ནོར་ལྷའི་བུ་མོ་ནི་གྲགས་འཛིན་མ་སྟེ། གཏམ་རྒྱུད་ཕྱི་མ་ལས་བརྒྱའི་སྡོམ་གཉིས་པར་རྒྱས། བསྐལ་པ་གསུམ་པར་དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་དུས། ཚོང་དཔོན་ཙནྡན་བྱིན་གྱི་ཆུང་མའི་བུ་རྟས་བྱིན་ཡིན། འདིས་ཕ་བསད་མ་ལ་འདོད་ལོག་སྤྱོད་ཅིང་བསད། གྲོགས་པོ་དགྲ་བཅོམ་པ་བསད། སླར་དགེ་སློང་རྣམས་ལ་རབ་ཏུ་བྱུང་བར་ཞུས་ཀྱང་མ་གནང་སྟེ། སྐྱབས་སུ་འགྲོ་བ་བྱིན། དེར་དམྱལ་བར་ལྟུང་ཞིང་ཆུ་སྲིན་དུ་སྐྱེས་པ་སོགས་གསུངས་ཏེ་འབྲས་བུའི་གཏམ་མོ། །༥༩


GTN003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་དགུ་བཅུ་པ་ཁྱིམ་བདག་ནོར་ཅན་ནི། ཡངས་པ་ཅན་གྱི་སྤྲེའུ་རྫིང་འགྲམ་གྱི་ཁང་པ་བརྩེགས་པ་ན་སངས་རྒྱས་བཞུགས་སོ། །ཡངས་པ་ཅན་རྣམས་ཚོགས་ཀྱིས་སངས་རྒྱས་མཆོད་པར་ཁྲིམས་བཅས་པ་ནོར་ཅན་གྱིས་མ་ཐོས་པས་ནོར་ཅན་ཆུང་མ་དེའི་བུ་དེའི་མནའ་མ་བཞི་བསོད་ནམས་དང་ལྡན་ཞིང་། ལྷའི་དཔལ་མྱོང་བས་སངས་རྒྱས་ཉིན་བཞིར་བསྙེན་བསྐུར་ཞུས་པས་ཡངས་པ་ཅན་རྣམས་ཁྲོས་ཏེ་ཁང་པ་བཤིག་པར་བརྩམས་པ་ན། སངས་རྒྱས་ཀྱིས་བསྐུལ་ཏེ་ནོར་ཅན་གྱིས་ཚོགས་ལ་བཟོད་པར་གསོལ་བས་དེ་རྣམས་ཀྱིས་ནོར་ཅན་གྱི་ལོངས་སྤྱོད་མཐོང་བས་ཡ་མཚན་སྐྱེས། ནོར་ཅན་སོགས་བཞི་ཀས་བདེན་པ་མཐོང་བའོ། ། སྔོན་བྱུང་ཝཱ་རཱ་ཎ་སཱིར་ཕྲེང་རྒྱུད་མཁན་པདྨ་ཆུང་མ་ཡལ་འདབ་ཅན་བུ་ཨུཏྤལ། མནའ་མ་པ་ཊ་ལ་རྣམས་མུ་གེའི་དུས་ཤིན་ཏུ་དབུལ་བར་གྱུར་པས། དེའི་སྐྱེད་ཚལ་དུ་རང་སངས་རྒྱས་ཤིག་བཞུགས་པར་དེའི་རྫུ་འཕྲུལ་ལ་དད་ནས། བཞི་ཀར་གོས་ཤིག་ཡོད་པ་དེ་ཕུལ་ནས་ལོངས་སྤྱོད་ཆེ་བར་སྨོན་ལམ་བཏབ་ནས། དེའི་ཉིན་གཅེར་བུར་ངོ་ཚ་བས་རྒྱལ་པོར་མེ་ཏོག་འབུལ་རྒྱུར་མ་བྱུང་བར། རྩད་བཅད་པས་དོན་དེ་ཐོས་ནས་རྒྱལ་པོ་བཙུན་མོར་བཅས་ཀྱིས་གནང་སྦྱིན་བཟང་པོས་འཕྲལ་དུ་ཕྱུག་པར་གསུངས་ཏེ་འབྲས་བུའི་གཏམ་མོ། །༦༠


previousཡལ་འདབ་གྱ་གཅིག་ནས་དགུ་བཅུ་བར།next