Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
ཡལ་འདབ་གོ་གཅིག་ནས་བརྒྱ་ཐམ་པའི་བར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡལ་འདབ་གོ་གཅིག་ནས་བརྒྱ་ཐམ་པའི་བར།next

ཡལ་འདབ་གོ་གཅིག་ནས་བརྒྱ་ཐམ་པའི་བར།


GTN003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གོ་གཅིག་པ་རྒྱལ་པོ་ཤི་བིར་སྐྱེ་བ་བཞེས་པ་ནི། སྐྱེས་རབས་སོ་བཞི་པའི་སྐབས་གཉིས་པར་འབྱུང་བ་སྟེ། གྱད་ཀྱི་གནས་ཀུ་ཤའི་གྲོང་དུ་སངས་རྒྱས་བཞུགས་པ་ན། འཁོར་གྱི་དགྲ་བཅོམ་པ་རྣམས་ཕན་ཚུན་ཆོས་ཀྱི་གཏམ་གླེང་བ་སྟོན་པས་གསན་ཏེ་དགྱེས་པར་མཛད་ཅིང་། སྔོན་བྱུང་འདི་གསུངས། སྟོན་པ་རྒྱལ་པོ་ཤི་བིར་འཁྲུངས་དུས། ལྷའི་དབང་པོས་ཉམས་སད་ཕྱིར་སྲིན་པོར་སྤྲུལ་ནས་ལེགས་བཤད་འཆད་པའི་ཡོན་དུ་མིའི་ཤ་ཁྲག་གསར་པ་དགོས་སྨྲས་པར། རང་གིས་ལུས་ཡོངས་སུ་གཏོང་བས་བྱིན་ནས་སངས་རྒྱས་པར་སྨོན་ལམ་བཏབ། སླར་བརྒྱ་བྱིན་གྱིས་རང་གཟུགས་བསྟན་ཏེ། སེམས་ཞུམ་པ་མེད་དམ་དྲིས་པས། བདེན་སྟོབས་བརྗོད་དེ་ལུས་རྣལ་མར་བྱུང་བ་ལ་བསྔགས་པ་བརྗོད་པ་སྟེ་ཤེས་རབ་ཀྱི་གཏམ་མོ། །༥ ༈ ཡལ་འདབ་གོ་གཉིས་པ་མཛའ་བོའི་བུ་མོར་སྐྱེ་བ་བཞེས་པ་ནི། སྟོན་པས་རྒྱལ་བྱེད་ཀྱི་ཚལ་དུ་འཁོར་རྣམས་ལ་ཆོས་བསྟན་ཞིང་། ཕ་མ་ལ་གུས་པའི་ཕན་ཡོན་དང་། མ་གུས་པའི་ཉེས་དམིགས་སོགས་ཀྱི་འཕྲོས་སུ་རང་གི་སྔོན་བྱུང་འདི་གསུངས།


GTN003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཝཱ་རཱ་ཎ་སཱིར་སྔོན་ཁྱིམ་བདག་མཛའ་བོ་ཞེས་པའི་ཆུང་མ་ནོར་འཛིན་མ་ལ་བུ་མ་སོས་པས། སླར་བུ་བྱུང་བ་ལ་བུ་མོར་བསྒྲགས་པ་མིང་དེར་ཆགས། དེ་ཕ་ཤི་ནས་རྒྱ་མཚོར་འགྲོ་འདོད་པ་ལ། མས་གནང་བ་མ་བྱུང་ནས། ཉོ་ཚོང་ཕྲན་བུ་བྱས་པས། དོང་རྩེ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སོ་གཉིས་རྣམས་བྱུང་བ་མ་ལ་བྱིན། སླར་ཡང་མས་འགྲོ་བར་མ་གནང་བས་ཁྲོས་ཏེ་སྤྱི་བོར་ཐལ་མོ་བསྣུན། རྒྱ་མཚོར་ཆས་པ་ན་གྲུ་ཞིག་པས་ཤིང་དུམ་བུ་ཞིག་ལ་བཟུང་ནས་རྒྱ་མཚོའི་འགྲམ་དུ་ཐོན། ལམ་དུ་ཉི་ཚེའི་དམྱལ་བ་མཐོང་སྟེ་སྔ་མ་ལ་དོང་རྩེ་བྱིན་གྲངས་ལྟར་ལྷ་མོ་རྣམས་ཀྱིས་རིམ་པར་མཆོད་དེ་ཕན་ཡོན་མཐོང་། སླར་ཁང་པ་ཞིག་ཏུ་སོང་བ་ན་མི་ཞིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་འཁོར་བས་ཀླད་ཁྲག་དཀྲུགས་ཤིང་གཏོར་བའི་ཉེས་དམིགས་མཐོང་ཞིང་། རང་གི་ལས་བྱས་པ་མྱོང་དུ་ཉེ་བས་སྤྱི་བོར་འཁོར་ལོ་འཁོར་བ་ན། ཐུགས་བསྐྱེད་པས་ཤི་ནས་ལྷར་སྐྱེས་པ་སོགས་གསུངས་ཏེ་བཟོད་པའི་གཏམ་མོ། ། ༈ ཡལ་འདབ་གོ་གསུམ་པ་མ་གཱ་དྷ་བཟང་མོ་ནི། སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོ་མ་ག་དྷཱ་བཟང་མོ། གྲོང་ཁྱེར་བུ་རམ་ཤིང་འཕེལ་གྱི་རྒྱལ་པོ་ཁྱུ་མཆོག་ཕྱིན་ནས་སློང་མོ་བྱས་པར། སངས་རྒྱས་ལ་དྲིས་པས་སྦྱིན་པར་གནང་ཡུལ་དེར་


GTN003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མུ་སྟེགས་གཅེར་བུ་པ་རྣམས་མཆོད་པས་བུ་མོ་སེམས་མ་རངས་པར་སྒྱུག་མོས་ཁྱོད་ཀྱིས་ཡུལ་དུ་མཆོད་གནས་གང་ཡིན་དྲིས་པར། སངས་རྒྱས་ཡིན་ཚུལ་བརྗོད་ནས་དེ་མཆོད་པར་མཐུན་ཏེ་བུ་མོས་གསོལ་བ་བཏབ་པ་ན། སངས་རྒྱས་འཁོར་བཅས་རྫུ་འཕྲུལ་གྱི་བཀོད་པ་སོ་སོ་ནས་བསམ་གྱིས་མི་ཁྱབ་པའི་ངོ་མཚར་དང་བཅས་ཏེ་བྱོན་པར་མཆོད་ནས་རྒྱལ་པོ་ཡུལ་སྡེ་བཅས་བདེན་པ་མཐོང་། མ་གཱ་དྷཱ་བཟང་མོ་དེའི་སྔོན་བྱུང་། རྒྱལ་པོ་ཀྲ་ཀྲཱིའི་བུ་མོ་གསེར་ཕྲེང་གི་དུས་གྲོང་མོ་ལྔ་བརྒྱ་དང་ལྷན་ཏུ་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་ཞུས་རྒྱལ་པོར་རྨི་ལྟས་བཟང་པོ་བྱུང་ཡང་། སྡང་སེམས་ཅན་གྱི་མཚན་མཁན་ནས་ངན་པར་བསྟན་ནས་བུ་མོས་སངས་རྒྱས་ལ་ཞུས་པར་བསྐུལ་བས་མ་འོངས་པ་ན་ཚེ་ལོ་བརྒྱ་པའི་དུས་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པར་འབྱུང་བ་རྣམས་ཀྱི་ལྟས་སུ་ལུང་བསྟན་ཅིང་སྐྱེ་བ་གཞན་དུ་མཆོད་རྟེན་ལ་གསེར་གྱི་འཕྲེང་བ་ཕུལ་བ་རྣམས་གསུངས་ཏེ་འབྲས་བུའི་གཏམ་མོ། །༦༡ ༈ ཡལ་འདབ་གོ་བཞི་པ་གྲགས་པའི་བཤེས་གཉེན་ནི། མཉན་ཡོད་དུ་ཁྱིམ་བདག་བསོད་ནམས་བཤེས་གཉེན་གྱི་བུ་ཡིན། འདི་སྐྱེས་སྐབས་ཆར་གྱི་རྒྱུན་ཆེན་པོ་བབས། སླར་རབ་ཏུ་བྱུང་བ་ན་དགྲ་བཅོམ་ཞིང་འདིའི་མཆེ་བ་ལ་ཆུའི་རྒྱུན་བྱུང་ནས་སྐོམ་པ་སེལ་བ་ཞིག་ཡོད།


GTN003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྔོན་བྱུང་ཀ་ཤིའི་གྲོང་དུ་ཚོང་དཔོན་གྱི་བུ་མཛེས་པ་སངས་རྒྱས་འོད་སྲུང་ལས་རབ་ཏུ་བྱུང་བ་ཤིན་ཏུ་སྐོམ་པས་ཉེན་ཡང་སྔོན་ལས་ཀྱིས་ཆུ་མ་རྙེད་པར། རང་གི་མཁན་པོས་ཆུ་བྱིན་ཀྱང་ལས་ཀྱིས་མ་མཐོང་བར་སངས་རྒྱས་ཀྱི་བཀས་ཆུས་སྣོད་གཏད་དེ་དགེ་འདུན་ལ་བྲིམ་པར་གསོལ་བ་ན་ཟད་པ་མེད་པར་བྱིན་གྱིས་བརླབས། རྒྱལ་བ་རང་གི་ཕྱག་བཟེད་དེ་ཆུ་བཞེས་པས་སྐྱེ་བ་འདིར་མཆེ་བས་བཀྲེས་ཤིང་བསལ་ཏེ་གསུངས་ཏེ་འབྲས་བུའི་གཏམ་མོ། །༦༢ ༈ ཡལ་འདབ་གོ་ལྔ་པ་སྟག་མོར་ལུས་སྦྱིན་གནང་བ་ནི། སྐྱེས་རབས་སོ་བཞི་པའི་སྐབས་དང་པོར་འབྱུང་བ་སྟེ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །སྐབས་དེར་དེད་དཔོན་དོན་བྱིན་གྱི་ཆུང་མར་བུ་གཉིས་བྱུང་། ཕ་ཤི་ནས་མས་ངན་བསླབས་པས་ཆོམ་རྐུན་བྱས་ཏེ་ཁྲིམས་ལ་གཏུགས་པ་རྒྱལ་པོ་མ་སྐྱེས་དགྲས་གཤེད་མར་གཏད་དེ་གསོད་སར་ཁྲིད་པར་ན། སངས་རྒྱས་བྱོན་ཏེ་སྲོག་བསྐྱབས་ནས་ཆོས་བསྟན་ཏེ་རབ་ཏུ་བྱུང་ནས་དགྲ་བཅོམ། དེའི་སྔོན་བྱུང་། སྐྱེ་བ་སྔ་མར་མ་འདི་སྟག་མོར་གྱུར་པ་བཀྲེས་ཤིང་ཉམ་ཐག་པས་རང་གི་ཕྲུ་གུ་གཉིས་ཟ་བར་ཆས་པ་ལ་སྟོན་པས་སྐུ་ལུས་སྦྱིན་པར་བཏང་ནས་གསོས་པའི་སྟག་ཕྲུག་གཉིས་འདི་ཉིད་དོ་གསུངས་པའི་སྦྱིན་པའི་གཏམ་མོ། །༡༤


GTN003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གོ་དྲུག་པ་གླང་ཆེན་དུ་སྐྱེ་བ་བཞེས་པ་ནི། སྐྱེས་རབས་སོ་བཞི་པའི་སྐབས་སུ་བཅུ་པར་འབྱུང་སྟེ། འཕགས་རྒྱལ་དུ་རྒྱལ་པོ་འཆར་བྱེད་ཀྱི་བཙུན་མོར་མིག་གིས་བལྟས་པས་བྲམ་ཟེ་ལྔ་བརྒྱའི་རྐང་ལག་བཅད་པ་སངས་རྒྱས་ཀྱིས་གསོས་ཏེ་ཆོས་བསྟན་པས་ཕྱིར་མི་འོངས་བའི་འབྲས་བུ་ཐོབ། སྔོན་བྱུང་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་གྱི་བློན་པོ་ལྔ་བརྒྱ་བསྐྲད་པ། ཆུ་མེད་པར་སྐོམ་སྟེ་ཤི་ལ་ཐུག་པ། སངས་རྒྱས་གླང་པོའི་སྐྱེ་བས་གཟིགས་ཏེ་དེ་རྣམས་ལ་ཆུ་དང་ཤིང་ཐོག་སོགས་བྱིན་པས་ཚིམ་པར་བྱས་ཤིང་། སླར་གླང་པོ་ཉིད་ཤི་བ་ན་རོ་མེ་ལ་བསྲེགས་ལ་སར་མེ་ཏོག་སོགས་ཀྱིས་མཆོད་དེ་གླང་པོ་ནི་སངས་རྒྱས་ཐུབ་པ། ལྔ་བརྒྱ་ནི་བློན་པོ་ལྔ་བརྒྱའོ་གསུངས་ཏེ་སྦྱིན་པའི་གཏམ་མོ། །༡༥ ༈ ཡལ་འདབ་གོ་བདུན་པ་རུས་སྦལ་དུ་སྐྱེ་བ་བཞེས་པ་ནི། སངས་རྒྱས་རྒྱལ་པོའི་ཁབ་ཏུ་བཞུགས། ལྷས་བྱིན་གྱིས་བརྔན་པ་བྱིན་ནས་ཐུབ་པ་ལྔ་བརྒྱས་སྟོན་པར་མཚོན་ཆའི་ཆར་ཕབ་མེ་ཏོག་ཏུ་གྱུར་པས་དད་


GTN003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཆོས་བསྟན་པས་རབ་ཏུ་བྱུང་ནས་དགྲ་བཅོམ། དེའི་སྔོན་བྱུང་ཚོང་པ་ལྔ་བརྒྱ་རྒྱ་མཚོར་འགྲོ་བ་ན་གཟིངས་ཞིག་པ་སྟོན་པ་རུས་སྦལ་གྱི་སྐྱེ་བས་རྒྱབ་ཏུ་ཁུར་ཏེ་ཆུ་ངོགས་ལ་བསྐྱལ་བ་ན། རུས་སྦལ་ངལ་བས་གཉིད་ལོག་པ་ཚོང་པ་རྣམས་ཀྱིས་རྡོ་བས་བསྣུན་ཡང་ཁོག་པའི་གོ་ཆས་འཚེ་བར་མ་ནུས་ཀྱང་དེ་རྣམས་བཀྲེས་པས་གཟིར་བ་མཐོང་ནས་ལུས་བྱིན་པ་དང་། སྔར་འོད་སྲུང་གི་བསྟན་པར་དེ་རྣམས་རབ་ཏུ་བྱུང་བ་ཡིན་གསུངས་ཏེ་སྦྱིན་པའི་གཏམ་མོ། །༡༦ ༈ ཡལ་འདབ་གོ་བརྒྱད་པ་དྲང་སྲོང་མངོན་ཤེས་ལྔ་ལྡན་དུ་སྐྱེ་བ་བཞེས་པ་ནི། སྟོན་པ་རྒྱལ་པོའི་ཁབ་ན་བཞུགས། དེའི་ཚེ་མུ་གེ་ཆེན་པོ་བྱུང་བ་ན། གྱད་རྣམས་ལ་ཟས་ཀྱི་སྦྱིན་པ་མཛད་པས་དད་དེ་རབ་ཏུ་བྱུང་ནས་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ། གྲོང་ཁྱེར་བས་གྱད་རིགས་ངན་འདི་རྣམས་རབ་ཏུ་བྱུང་བ་ཞེས་སྨོད་པ་ན་སངས་རྒྱས་ཀྱི་བཀས་དེ་རྣམས་སྒྲ་མི་སྙན་དུ་བསོད་སྙོམས་ཀྱི་ཕྱིར་ནམ་མཁའ་ལ་འཕུར་བ་མཐོང་ནས་བཤགས་པ་བྱས། སྔོན་བྱུང་ཀ་ཤིའི་ནགས་སུ་དྲང་སྲོང་མངོན་ཤེས་ལྔ་ལྡན་དགེ་བའི་ངང་ཚུལ་དུ་གྱུར། གྱད་འདི་རྣམས་ཐུབ་པ་ལྔ་བརྒྱར་གྱུར་པ་དང་། སངས་རྒྱས་འོད་སྲུང་ལས་ཀྱང་རབ་ཏུ་བྱུང་བར་གསུངས་ཏེ་བསམ་གཏན་གྱི་གཏམ་མོ། །༤


GTN003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གོ་དགུ་པ་རྒྱལ་པོ་པདྨ་ཅན་དུ་སྐྱེ་བ་བཞེས་པ་ནི། སངས་རྒྱས་མཉན་ཡོད་དུ་བཞུགས་པ་ན། ནད་ཡམས་ཆེན་པོ་བྱུང་བར་སྟོན་པའི་ཐུགས་རྗེས་དགེ་སློང་གི་ཚོགས་དང་། སྐྱེ་བོ་ནད་པ་དུ་མ་སོས་པར་མཛད་དེ། སྔོན་བྱུང་གསུངས་པ། སངས་རྒྱས་ཉིད་རྒྱལ་པོ་པདྨ་ཅན་དུ་སྐྱེ་བ་བཞེས་པ་ནི། སེམས་ཅན་དུ་མ་ཞིག་ནད་ཀྱིས་གཙེས་པར་སྨན་པ་རྣམས་ཀྱིས་ཉ་ཆེན་པོ་རོ་ཧི་ཏའི་ཤ་ཟོས་པས་འཚོ་བར་བཤད་ཀྱང་རྙེད་དཀའ་བས། རྒྱལ་པོ་འདི་ཕོ་བྲང་སྟེང་ནས་མཆོངས་ཏེ། ཆུ་བོ་སྦ་ར་ཞེས་པར་ཉ་དེར་སྐྱེ་བ་བཞེས་པས་དེས་ནད་དེ་རྣམས་གསོས་པ་སྟེ་སྦྱིན་པའི་གཏམ་མོ། །༡༧ ༈ ཡལ་འདབ་བརྒྱ་ཐམ་པ་བསོད་ནམས་རབ་གསལ་དུ་སྐྱེ་བ་བཞེས་པ་ནི། སངས་རྒྱས་རྒྱལ་བྱེད་ཚལ་ན་བཞུགས་སོ། །སྤྱིར་སྟོན་པས་ཐུགས་བསྐྱེད་ཚུལ་ལ་མདོ་ཕྱོགས་སུ་ཡང་འདྲ་མིན་དུ་མ་བྱུང་ཡང་། འདིར་འདུལ་བ་ལུང་ལས་གསུངས་པ་སྟེ་རྒྱལ་པོ་རབ་གསལ་ནི། ཡལ་འདབ་དང་པོར་སོང་བ་ལྟར་དང་། དེའི་སྐྱེ་བ་སྔོན་མ་ཡངས་པ་ཞེས་པའི་གྲོང་ཁྱེར་ན་རྫ་མཁན་ཡངས་པའི་འོད་ཅེས་པས་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ་བསོད་སྙོམས་ཕུལ་ཏེ་ཐུགས་བསྐྱེད་པ་ཡིན་གསུངས་སོ། །༢


previousཡལ་འདབ་གོ་གཅིག་ནས་བརྒྱ་ཐམ་པའི་བར།next