Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
ཡལ་འདབ་བརྒྱ་དང་གཅིག་ནས་བརྒྱ་དང་བརྒྱད་བར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡལ་འདབ་བརྒྱ་དང་གཅིག་ནས་བརྒྱ་དང་བརྒྱད་བར།next

ཡལ་འདབ་བརྒྱ་དང་གཅིག་ནས་བརྒྱ་དང་བརྒྱད་བར།


GTN003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་བརྒྱ་དང་གཅིག་པ་བྲམ་ཟེ་སྔོ་སངས་དུ་སྐྱེ་བ་བཞེས་པ་ནི། ཡབ་རྒྱལ་པོ་ཟས་གཙང་འདས་པའི་སྤུར་མ་སངས་རྒྱས་ཀྱིས་མཆོད་དེ་མཆོད་རྟེན་བཞེངས། དེའི་སྔོན་བྱུང་ཀ་ཤིའི་གྲོང་ཁྱེར་བྲམ་ཟེ་ཁྱོ་ཤུག་གི་བུ་སྔོ་སངས་ཅན་བྱུང་། དེ་གཉིས་རྒས་པས་མིག་ལོང་བ་ནགས་ཚལ་དུ་སོང་བར། བུ་ལ་ཁྱིམ་བཀོད་ཅིང་། རྒྱལ་པོའི་བློན་པོ་ཡིན་ཡང་། ཕ་མ་ལ་གཅེས་པས་དེའི་གཡོག་སྒྲུབས། རྒྱལ་པོ་ཚངས་བྱིན་རི་དྭགས་ལ་འོང་བས། སྔོ་སངས་ཅན་རི་དྭགས་པགས་པ་གོན་ནས་ཆུ་ལེན་པ་རི་དྭགས་སུ་འཁྲུལ་ནས་མདའ་རྒྱབ་པས་དེ་འགྱེལ་བ་ན། རྒྱལ་པོས་རྒྱུ་མཚན་མཐོང་བས་བཟོད་པར་གསོལ་བ་ན། རང་གི་ལས་བདག་གིར་བྱས་ཏེ་བཟོད་པར་བྱིན། དེའི་ཕ་མ་གཉིས་ནས་བུས་ཟོལ་མེད་དུ་མཆོད་པའི་བདེན་བརྗོད་ཀྱིས་ལྷའི་དབང་འདི་ནས་ཡལ་འདབ་ལྔ་ཆད། སྣང་བ་བདེན་མེད་དང་། ལས་མཐུ་ཆེ་བ། གཡོ་སྒྱུའི་ཉེས་པ་རྣམས་མཚོན་ཞེས་བློ་སྦྱོང་སྙན་བརྒྱུད་ཆེན་མོར་གསུངས་པ་ཡིན་ཏེ་འབྲས་བུའི་གཏམ་རྫོགས་སོ། །༦༣ ༈ ཡལ་འདབ་བརྒྱ་དང་དྲུག་པ་རྒྱལ་པོ་གསེར་གྱི་གོ་ཆར་སྐྱེ་བ་བཞེས་པ་ནི། སངས་རྒྱས་ཀྱིས་གྲོང་ཁྱེར་ལྟ་བུའི་མདོ་གསུངས་པ་ན། དགེ་སློང་རྣམས་ལ་


GTN003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་ལན་དུ་བཀའ་སྩལ་པ་སྟེ། གྲོང་ཁྱེར་གསེར་ཅན་གྱི་རྒྱལ་པོ་ལ་བུ་གསེར་འོད་དང་། བུ་མོ་གསེར་འོད་བྱུང་། བུ་མོ་དེ་འདོད་པའི་སྙིང་པོ་ཞེས་བློན་པོ་བུས་བསླད་པས་རྒྱལ་པོའི་ཁྲིམས་ཀྱིས་བུ་མོ་དང་བློན་པོའི་བུ་གསོད་སར་ཁྲིད་པ་ན་གཤེད་མ་རྣམས་ལ་སྐྱབས་སུ་གསོལ་བས་གྲོང་གཞན་ཏུ་བསྐྲད། རྒྱལ་བུ་ཡང་སྤྱུགས་པས། ཡུལ་གཞན་སྟོངས་པའི་ཤུལ་དུ་མིང་སྲིང་འཕྲད་དེ་གཏམ་དག་དྲིས་པར་ཡུལ་དེ་གནོད་སྦྱིན་གྱིས་ཟོས་པས། བུ་མོས་སྐྱབས་གསོལ་བ་ན། རྒྱལ་བུས་གནོད་སྦྱིན་རྣམས་ལ་མདའ་རྒྱབ་ནས་བསད། ལྷག་མ་ཀོ་ཊ་ར་གཅིག་པུ་ལུས་པ་སྐྱབས་སུ་དོང་བས་བདེ། སླར་གྲོང་ཁྱེར་ཆགས་པ་ན། སྲིང་མོ་དང་བློན་པོའི་བུ་རྒྱལ་པོ་བྱས་ཏེ་འཁོད་རྒྱལ་སྲིད་རང་ཉིད་ཡབ་ཀྱི་བཀས་རང་གནས་སུ་ལོག་སྟེ་རྒྱལ་སྲིད་བཟུང་བ་གསུངས་ཏེ་བརྩོན་འགྲུས་ཀྱི་གཏམ་མོ། ། ༈ ཡལ་འདབ་བརྒྱ་དང་བདུན་པ་ཁྱིམ་བདག་ཟས་གཙང་མར་སྐྱེ་བ་བཞེས་པ་ནི། སངས་རྒྱས་ལ་བསོད་ནམས་ཀྱི་མཐུ་ཕུན་སུམ་ཚོགས་པ་དང་། བསོད་ནམས་ལ་གུས་པས་འཁོར་རྣམས་ཡ་མཚན་སྐྱེས་ཏེ་དྲིས་པ་ན་གསུངས་ཏེ། སྔོན་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་གྱི་སྐབས། ཁྱིམ་བདག་ཟས་གཙང་མ་ཞེས་རྒྱ་མཚོར་ནོར་བུ་བླངས་ཏེ་སློང་བ་རྣམས་ཀྱི་རེ་འདོད་ཡིད་བཞིན་འཇོ། ནམ་ཞིག་གླིང་གཞན་ནས་འོང་བའི་རིན་པོ་ཆེའི་དོ་ཤལ་ཞིག་ཁྱིམ་བདག་དེས་རྒྱལ་


GTN003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཕུལ་བས། རྒྱལ་པོའི་བུ་མོས་ལེགས་བཤད་གླུར་བླངས་པ་ལ་དགའ་བ་སྐྱེས་ནས་དེར་ཡང་ནོར་བུ་མང་དུ་བྱིན་ནས་ལེགས་བཤད་ཀྱི་བསྔགས་པ་བརྗོད་པས་རྒྱལ་པོ་མགུ་སྟེ། གསེར་གྱི་གླེགས་བུར་བྲིས་ཏེ་ཕྱོགས་ཀུན་ཏུ་བཀྲམ་པར་བྱས་སོ། །ཟས་གཙང་ནི་སངས་རྒྱས། བུ་མོ་ནི་ཤཱ་རིའི་བུའོ་གསུངས་ཏེ་ཤེས་རབ་ཀྱི་གཏམ་མོ། །༧ ༈ ཡལ་འདབ་བརྒྱ་དང་བརྒྱད་པ་སྤྲིན་གྱི་ཞོན་པར་སྐྱེ་བ་བཞེས་པ་ནི། གྲོང་ཁྱེར་གསེར་ལྡན་དུ་རྒྱལ་པོ་སྤྲིན་གྱི་ཏོག་ཅེས་པར་དཔག་བསམ་གྱི་ཤིང་ལས་ནོར་བུའི་ཆར་འབེབས་པ་ཞིག་ཡོད། དེའི་སྲས་རྒྱལ་པོ་སྤྲིན་གྱི་ཞོན་པ་ཡིན། དེ་ལ་དཔག་བསམ་གྱི་ཤིང་རྒྱལ་སྲིད་བཅས་གཏད་དེ་ཡབ་ཡུམ་གཉིས་ནགས་སུ་དཀའ་ཐུབ་ལ་གཤེགས། སྲས་སྤྲིན་གྱི་ཞོན་པ་ཡང་རྒྱལ་སྲིད་སྤངས་ཏེ་ཡབ་ཡུམ་བཞུགས་པའི་གནས་མ་ལ་ཡའི་རིའི་བྲག་ཕུག་ཏུ་སོང་བ་ན། དཔག་བསམ་ཤིང་ཡང་སྤྲིན་དང་འགྲོགས་ཏེ་ནམ་མཁར་དེངས། གཞོན་ནུ་སྐུ་གཟུགས་མཆོད་པའི་གྲུབ་པའི་བདག་པོ་སྣ་ཚོགས་ནོར་གྱི་བུ་མོ་པི་ཝཾ་ལེན་པ་མཐོང་བས་འདོད་པ་སྐྱེས་པས་གྲོགས་སུ་ཐོབ། དེ་ནས་སྤྲིན་ལ་ཞོན་རི་ངོགས་ཤིག་ཏུ་ཕེབས་པས་ཀླུ་གཉིས་མྱ་ངན་བྱེད་པ་མཐོང་བར་རྒྱུ་མཚན་དྲིས་པས། ད་ཆ་ངེད་ཀྱི་བུ་ལ་མཁའ་ལྡིང་གི་ཟ་རེས་བབས་སོ་ཟེར་བས། སྙིང་རྗེ་མི་བཟོད་པ་
སྐྱེས་པས་ཀླུའི་བུ་དུང་གི་གཙུག་ཏོར་གྱི་ཚབ་ཏུ་བསད་རྟགས་གོས་མར་བླངས་ཏེ། ཀླུ་རྣམས་ཟ་བའི་རྡོ་བའི་ཁར་ཉལ་བ། ཁྱུང་གིས་མ་བརྟགས་པར་མཁའ་ལ་ཁྱེར་བ་རྒྱལ་པོ་ཡབ་ཡུམ་དཀའ་ཐུབ་མཛད་པའི་མདུན་དུ་ལྷུང་བས། བྱ་ཁྱུང་ངོ་ཚ་ནས། དེང་ཕྱིན་ཆོད་ཀླུ་ཟ་བར་མི་བྱེད་པའི་སྡོམ་པ་བཟུང་། དེ་ནས་བྱ་ཁྱུང་གིས་བདུད་རྩི་གཏོར་བས་སྤྲིན་གྱི་ཞོན་པ་དང་། ཀླུ་སྔར་ཟོས་པ་རྣམས་བཅས་སོས། ལྷས་མེ་ཏོག་གི་ཆར་ཕབ། མཁའ་ལྡིང་གིས་ཀྱང་རྒྱལ་པོའི་བུར་མཆོད་པ་ཕུལ། སྤྲིན་གྱི་ཞོན་པས་ཀྱང་ཕ་མའི་རྐང་པ་ལ་ཕྱག་འཚལ་ཏེ། གྲུབ་པའི་བུ་མོ་བཅས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པས་བརྒྱན་པར་གྱུར་ཏོ། །སྦྱིན་པའི་གཏམ་རྫོགས་སོ། །༢༠


previousཡལ་འདབ་བརྒྱ་དང་གཅིག་ནས་བརྒྱ་དང་བརྒྱད་བར།next