Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
སྐབས་ཀྱིས་འཕྲོས་དོན་འགའ་ཞིག་བརྗོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐབས་ཀྱིས་འཕྲོས་དོན་འགའ་ཞིག་བརྗོད་པ།next

སྐབས་ཀྱིས་འཕྲོས་དོན་འགའ་ཞིག་བརྗོད་པ།


GTN003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྐབས་ཀྱི་འཕྲོས་དོན་འགའ་ཞིག་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་སྡེ་སྣོད་གསུམ་ལས་བྱུང་སྙམས་ཡིན་ཡང་། ཐེག་པ་ཆེ་ཆུང་གི་དབྱེ་བ་ཕྱེད་དགོས་པར་སྣང་སྟེ། འཕགས་པ་རྒྱ་ཆེར་རོལ་པ་ལས། སྟོན་པ་དགའ་ལྡན་དུ་བཞུགས་པ་ན། ཆོས་འཁོར་ཐོག་མར་བསྐོར་བའི་བར་རྒྱས་པར་བྱུང་བ་ལྟ་བུ་ཐེག་ཆེན་གྱི་ལུགས་ཡིན་པས། དེའི་རྗེས་སུ་སྤྲོ་ན་འདུས་པ་ཆེན་པོའི་ཏོག་ལས་བྱུང་བའི་མཆོག་ཟུང་གི་ལོ་རྒྱུས་དང་། དཀོན་བརྩེགས་ཡབ་སྲས་མཇལ་བའི་མདོ་ལས་བྱུང་བའི་ལོ་


GTN003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་དང་། འཛངས་བླུན་བཤད་པའི་ཆོ་འཕྲུལ་ཆེན་པོ་དང་། མྱ་ངན་ལས་འདས་པའི་སྐོར་རྣམས་མྱང་འདས་ཆེན་པོ་ལས་བྱུང་བ་སོགས། མདོར་ན་ཐེག་ཆེན་གྱི་མདོ་ཁོ་ནས་ཁ་བསྐང་བ་ཤིན་ཏུ་ལེགས། ཡང་མངོན་བྱུང་གི་མདོ་དང་། འདུལ་བ་ནས་བྱུང་བའི་ཐེག་པ་ཐུན་མོང་བ་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་ལུགས་ཡིན་པས་དེ་ལས་སྤྲོས་ན། མདོ་སྡེ་ལས་བརྒྱ་བ་དང་། རྟོགས་བརྗོད་བརྒྱད་བརྒྱ་པ་སོགས་ཐེག་དམན་གྱི་མདོ་སྡེ་ཐོར་བུ་པ་རྣམས་ལས་བྱུང་བ་རྣམས་ཁོ་ནས་ཁ་བསྐངས་ན་ལེགས་པར་འགྱུར། གཉིས་པོ་ཕན་ཚུན་གཅིག་ལ་གཅིག་བསྲེས་ན་མི་འགྲིགས་ཤིང་གཉིས་ཀ་མ་ཡིན་པར་འགྱུར་བས་མི་ལེགས། འཛངས་བླུན་དང་དྲན་པ་ཉེར་བཞག་ལ་སོགས་པ་ཉན་ཐོས་ཀྱི་སྡེ་སྣོད་ཡིན་པར་ཕྱོགས་འདི་ན་གྲགས་འདུག་ཀྱང་ཡིན་པ་ནི་ངེས་པར་ཐེག་པ་ཆེན་པོའི་སྡེ་སྣོད་ཡིན་པས། འཛངས་བླུན་ལས་བྱུང་བའི་ཆོ་འཕྲུལ་ཆེན་པོའི་རྣམ་བཞག་ནི་ཐེག་ཆེན་ཡིན་ཏེ། དེ་ཡང་ཉན་ཐོས་ལུགས་ལ་ཆོ་འཕྲུལ་ཉིན་གཅིག་པ་དང་། ཐེག་ཆེན་ལུགས་ལ་ཞགས་བཅོ་ལྔ་ཡིན་ནོ། །དེས་མཚོན་པ་གཞན་ཀུན་ལ་ཡང་མི་འདྲ་བའི་ཁྱད་པར་ནི་ཤིན་ཏུ་མང་ངོ་། །དེ་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་ཀྱི་ལོག་ལྟ་ཅན་དང་། མུ་སྟེགས་བྱེད་དང་། མཐའ་ན་དུད་འགྲོ་ཚུན་ཆད་ཡུལ་ཉེ་བ་ན་གནས་ཤིང་རུང་བ་རྣམས་ཐུན་མོང་དུ་སྣང་བའི་མཛད་འཕྲིན་ནི། ཐེག་པ་ཐུན་མོང་


GTN003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སམ་ཉན་ཐོས་ལུགས་འདི་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ཀྱི་སྣང་ངོ་ལ་ཇི་ལྟར་ཤར་བའི་ཚུལ་ནི་ཐེག་ཆེན་གྱི་མདོ་ལས་བྱུང་བ་རྣམས་ཡིན་པས་དེ་དག་སྤྱིར་ཡང་རྣམ་གྲངས་མི་འདྲ་བ་རྣམས་དང་། སྒོས་སུ་རླབས་ཆེ་ཆུང་གི་ཁྱད་པར་ཆེར་ཡོད་པས་ཚུལ་གཉིས་དོན་ལ་མི་འགལ་ཡང་འཆད་ཚུལ་མ་འདྲེས་པར་བྱེད་དགོས། ལུགས་གཉིས་ཀ་ལས་སྤྱིར་ཐེག་ཆེན་གྱི་ལུགས་ཉིད་ཆོས་རྒྱ་ཆེ་བ་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། གདུལ་བྱའི་མཆོག་གི་སྣང་ངོར་ཡིན་པ་དང་། གསང་བ་ཆེན་པོའི་རྣམ་པ་ཐར་པ་དང་། ཐེག་ཆེན་རང་ཉིད་ཀྱི་མཐོ་དམའི་ཁྱད་པར་སོགས་རྒྱུ་མཚན་དུ་མས་མཆོག་ཡིན་མོད། འོན་ཀྱང་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དང་། སྐུ་ཚེའི་ཚད་དང་། སྔ་ཕྱིའི་དུས་དང་། ཡུལ་ཕྱོགས་དེ་དང་དེར་ཞབས་ཀྱིས་བཅགས་སོ་མ་བཅགས་སོ་ཞེས་སོགས་དཔྱད་པ་སྣ་ཚོགས་འཇུག་པའི་གཞི་ནི། ལུགས་ཐུན་མོང་འདི་ཁོ་ན་ཡིན་གྱི་ཐེག་ཆེན་ལུགས་ནི་མིན་ཏེ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཡིན་པས་ན། ཡུལ་དང་། དུས་དང་། མཛད་པ་རྣམས་ལ་འདི་ཁོ་ནའོ་ཚད་བཟུང་དཀའ་བའི་ཕྱིར་རོ། །དེའི་གཏམ་རྒྱུད་ཀྱི་སྦྱོར་བ་འཆད་པའི་ཚུལ་ལ་ཐེག་པ་ཐུན་མོང་གི་ལུགས་ནི་ངེས་པར་གནད་ཆེ་བར་ཤེས་པར་བྱའོ་ཞེས་སྔོན་བྱོན་ཁུངས་ཐུབ་ཀྱི་མཁས་པ་ཆེན་པོའི་གསུངས་འདི་ཡང་དགོས་པ་ཆེ་བར་འདུག་པས་བྲིས་སོ། །


GTN003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྨྲས་པ། ཐམས་ཅད་ལས་ཀྱིས་ཆེད་དུ་བྱས་པ་སྒྲ་ཆེན་མཆོད་སྡོང་བལྟས་མི་ངོམ། །ཡང་དག་ཉིད་དུ་སྒྱུ་མའི་ནོར་དེ་ལ་ཞེན་ན་ནི་བཅིངས་པ་ཐོབ། ། བདེ་གཤེགས་མངོན་རྟོགས་དཔག་བསམ་བཟང་པོའི་འཁྲི་ཤིང་གསར་པས་རྣམ་པ་ཀུན། །དོན་ལྡན་བགྱིད་ཕྱིར་ཡ་མཚན་མིག་བརྒྱས་ངོམས་པ་མེད་པར་རྟོག་ཅིག་ཀྭ། ། དེ་ཚུལ་བརྗོད་པ་མཁས་དབང་མ་དྲོས་པས་བྱིན་ཆུ་བོ་རྣམ་མང་ཡང་། །ཡན་ལག་བརྒྱད་ལྡན་ལྷ་ཡི་རྫིང་བུར་དགེ་དབང་ཡབ་སྲས་གསུང་འདི་དྲན། །ཡིན་ལ་ཡིན་བཞིན་བཀུར་སྟིར་བགྱིད་པ་ཀུན་མཁྱེན་བློ་བཟང་རྒྱ་མཚོ་ཞེས། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་གཟུགས་སྐུ་གཅིག་ཏུ་འབོད་པར་གོ ། མགོན་དེས་དཔྱད་གསུམ་དག་པའི་ལེགས་བཤད་འདི། །ཡོངས་འཛིན་མཁས་པ་རྣམས་ཀྱི་བཀའ་དྲིན་ལས། །ཅུང་ཟད་བལྟ་བའི་མིག་ཐོབ་འདུ་གསུམ་པས། །མཁའ་ལྡིང་རྗེས་སུ་བུང་བས་འཕུར་བཞིན་བརྗོད། ། དེ་ལས་ཐོབ་པའི་དགེ་ཚོགས་ཁ་བའི་རྡུལ། །ལྷུན་པོར་བརྩེགས་ལ་བདེ་གཤེགས་གསང་གསུམ་འོད། །


GTN003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཕྲག་ཉི་མའི་འོད་ཀྱིས་འཁྱུད་པ་བཞིན། །འགྲོ་བློའི་མུན་པ་དྲུང་ནས་འབྱིན་གྱུར་ཅིག ། གནས་སྐབས་ཉི་ཚེའི་བདེ་བར་ཡིད་རྟོན་པའི། །མ་རྒན་འགྲོ་རྣམས་ས་བཅུ་ལམ་ལྔ་ཡི། །བྲལ་སྨིན་ཡོན་ཏན་ཡོངས་རྫོགས་རྒྱལ་རྣམས་ཀྱི། །རྗེས་སུ་སློབ་པས་གཏན་བདེ་ཐོབ་པར་སྨོན། ། བདག་ཀྱང་སྐྱེ་དང་ཚེ་རབས་ཚུལ་ཁྲིམས་གསུམ། །རབ་ཏུ་གོམས་པས་སྲིད་པ་ཐ་མ་ལ། །བཅུ་གཉིས་མཛད་པས་གདུལ་འགྲོ་རྗེས་འཛིན་པའི། །ཕྲིན་ལས་རྒྱལ་བ་མཆོག་དང་མཉམ་གྱུར་ཅིག ། ཅེས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་གཞུང་དོན་མདོར་བསྟན་པ་ལེགས་བཤད་དཔལ་གྱི་དུམ་བུ་ཞེས་པ་འདི་ནི་ཡོངས་རྫོགས་བསྟན་པའི་མངའ་བདག་མཁས་དང་གྲུབ་པའི་དབང་ཕྱུག་སྡོམ་བརྩོན་ཆོས་ཀྱི་རྒྱལ་པོ་སྡེ་དགེ་ས་སྐྱོང་བླ་མ་རིན་པོ་ཆེས་གསུང་བསྐུལ་གནང་བ་རང་ཉིད་ཚོགས་རྫོགས་པའི་རྒྱུར་ཡང་མཐོང་སྟེ་ཐམས་ཅད་མཁྱེན་པ་༧ཀཿ ཐོག་པ་ཆེན་པོའི་གསུང་ལས་སྐྱེས་ཤིང་།


GTN003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

༧ཞེ་ཆེན་རབ་འབྱམས་པའི་རྒྱལ་ཚབ་ཏུ་ཆོས་སྨྲ་བའི་ཚུལ་ཙམ་འཛིན་པ་ཤཱཀྱའི་དགེ་སློང་ལྔ་རིག་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོས། གྲུབ་པའི་འཁོར་ལོས་སྒྱུར་བ་བཀའ་དྲིན་སུམ་ལྡན་༧པདྨ་གསང་སྔགས་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་བཞུགས་སྐྱིལ་དུ་རིམ་གཉིས་སྒྲུབ་པའི་ཐུན་མཚམས་སུ་ཤར་མར་སྤེལ་བ་ལས་ཡི་གེ་གཉིས་པ་སྤེལ་བ་པོ་ནི་ཤཱཀྱའི་དགེ་སློང་ལྔ་རིག་སྨྲ་བ་བླ་མ་པདྨ་སྐལ་བཟང་གིས་བགྱིས་པའི་དགེ་ལེགས་ཀྱི་སྣང་བས་ཕྱོགས་ཀུན་ཁྱབ་པར་གྱུར་ཅིག །སརྦ་ཤྲཱི་ཛྭ་ལ་མངྒ་ལཾ། སྥོ་ཊ་བྷ་བ་ཏུ། དགེའོ། །དགེའོ། །དགེའོ།། །།


previousསྐབས་ཀྱིས་འཕྲོས་དོན་འགའ་ཞིག་བརྗོད་པ།next