Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
མཎྜལ་བཤད་པ་འཇུག་བདེ་མཁས་དབང་ཡིད་འཕྲོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཎྜལ་བཤད་པ་འཇུག་བདེ་མཁས་དབང་ཡིད་འཕྲོགnext

མཎྜལ་བཤད་པ་འཇུག་བདེ་མཁས་དབང་ཡིད་འཕྲོག


GTN003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་བཤད་པ་འཇུག་བདེ་མཁས་དབང་ཡིད་འཕྲོག་བཞུགས་སོ།། ༀ་སྭ་སྟི། དཔག་མེད་གོང་ནས་འགྲོ་ལ་ཆེར་བརྩེ་བས། །གཞན་ཕན་དམ་བཅའི་སྙིང་པོར་ངེས་པའི་མཐུས། །སྲིད་འདིར་རྣམ་གསུམ་བདེན་པའི་བདུད་རྩིའི་ཆར། །འབེབས་མཛད་ཉི་མའི་གཉེན་དེས་དགེ་ལེགས་མཛོད། །ལུང་རྟོགས་བསྟན་པའི་ཆོས་སྒོ་མཐའ་དག་ཀུན། །གཅིག་ཆར་འབྱེད་པའི་རྣམ་དཔྱོད་ཆེས་བཙན་པས། །རྟོགས་དཀའི་ཁེངས་པ་བསྐྱུངས་དེས་ཟབ་རྒྱས་ཆོས། །ཚེགས་མེད་སྟོན་མཛད་དཔལ་ལྡན་བླ་མར་འདུད། ། མཚན་ཙམ་ཐོས་པས་རྨོངས་པའི་མུན་པ་གཞིལ། །གང་ཞིག་བསྟེན་ན་ཐར་དང་ཐམས་ཅད་མཁྱེན། །


GTN003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་བྱེད་བློ་གྲོས་སྣང་བ་སྦྱིན་པའི་ལྷ། །ཟུར་ཕུད་ལྔ་དེ་བདག་ཡིད་པད་མཚོར་བཞུགས། །དཀར་གསལ་ལང་ཚོའི་ཟླ་གཞོན་ཆ་ཤས་རྫོགས། ། ལྔ་རིག་ཟེར་བརྒྱར་སྤྲོ་བས་བློ་གྲོས་ཀྱི། །ཀུན་ད་རྣམ་པར་བཞད་མཛད་ཤེས་རབ་ལྷ། །དབྱངས་ཅན་མ་ཀྱེ་མགྲིན་པའི་རྩ་མདུད་ཁྲོལ། ། འདི་ན་གནའ་བོའི་མཁས་རྣམས་རྗེས་འབྲངས་ཏེ། །འཆད་རྩོད་རྩོམ་པར་འདུན་པའི་བློ་ཅན་དེར། །མང་ཐོས་བཤད་པའི་ཁུར་ཆེན་མི་ལྡན་ཡང་། །རྣམ་དག་བླ་མའི་གསུང་གསང་བདུད་རྩིའི་བཅུད། ། རང་བློའི་ཡོལ་གོར་གཏམས་དེས་རིགས་མིན་ཙམ། །དཔྱོད་ཤེས་བྲལ་མིན་དེ་ཕྱིར་ཕུན་ཚོགས་ལྔར། །རྗེས་འབྲེལ་མཎྜལ་ལས་འཕྲོས་འབེལ་གཏམ་གྱི། །གླེང་བ་དོན་འདིར་མཁས་རྣམས་གསན་པའི་ཡུལ། །
དེ་ཡང་གང་ཞིག་ཕྱི་དང་ནང་གི་ཤེས་བྱའི་གནས་མཐའ་དག་ལ་སྨྲ་བའི་སྤོབས་པ་མཆོག་ཏུ་དགེ་ཞིང་བློ་གྲོས་ཀྱི་འཇུག་པ་རྣམ་པར་ཡངས་པ་དག་གིས་རིགས་པ་དང་མི་རིགས་པ་འབྱེད་པའི་རྣམ་དཔྱོད་ཅན་གྱི་མཁས་མང་ཚོགས་པའི་དབུས་སུ་བརྗོད་དོན་རྣམ་པར་དཀར་བ་ལས་འཕྲོས་པའི་འབེལ་བའི་གཏམ་བགྱིད་པ་ནི། དོན་དང་ལྡན་པ་ཡིན་པ་གང་ཞིག་འབྱུང་བའི་རྒྱུ་ནི་ཕུན་སུམ་ཚོགས་པ་ལྔ་དང་རྗེས་སུ་འབྲེལ་བ་ཅན་ཏེ། དེ་ཡང་ལཀྵི་དང་། བྲི་དང་། སོ་པ་ཅེས་པའི་སྒྲ་ལས་དཔལ་དང་གཡང་དང་ཕུན་སུམ་ཚོགས་པ་ཞེས་པར་འགྱུར་ལ། དོན་དུ་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ནི། རིགས་གཟུགས་འབྱོར་སྟོབས་སོགས་མཐོ་རིས་ལྷ་མིའི་བདེ་འབྱོར་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ནི། ཉན་རང་འཕགས་པ་སངས་རྒྱས་སྐུ་གསུམ་གྱི་ཆེ་བའི་ཡོན་ཏན་རྣམས་ཡིན་ཏེ། མདོར་བསྡུ་ན་གནས་སྐབས་དང་མཐར་ཐུག་གི་བཟང་དགུ་ཐམས་ཅད་ཚོགས་པའི་མིང་ལ་ཕུན་སུམ་ཚོགས་པ་ཞེས་བྱ་ཞིང་།


previousམཎྜལ་བཤད་པ་འཇུག་བདེ་མཁས་དབང་ཡིད་འཕྲོགnext