Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟོན་པ་སྐུ་གསུམ་དང་སྦྱར་ནས་ཕུན་སུམ་ཚོགས་པ་ལྔ་སོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྟོན་པ་སྐུ་གསུམ་དང་སྦྱར་ནས་ཕུན་སུམ་ཚོགས་པ་ལྔ་སོགས།next

སྟོན་པ་སྐུ་གསུམ་དང་སྦྱར་ནས་ཕུན་སུམ་ཚོགས་པ་ལྔ་སོགས།


GTN003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཡོངས་སུ་གྲགས་ཆེ་བའི་ཕུན་སུམ་ཚོགས་པ་ནི་ལྔ་སྟེ། སྟོན་པ་དང་། གནས་དང་། བསྟན་པ་དང་། འཁོར་དང་། དུས་དང་ལྔར་བཤད་ལ། དེ་ཡང་སྟོན་པ་སྐུ་གསུམ་དང་སྦྱར་ན། དང་པོ་ཆོས་ཀྱི་སྐུའི་གནས་སྐབས་ན་སྟོན་འཁོར་བསྟན་པ་དུས་གནས་ཐམས་ཅད་ཆོས་ཀྱི་དབྱིངས་ཀློང་གཅིག་ཏུ་མ་ཕྱེ་མི་འབྱེད་དབྱེར་མེད་པར་


GTN003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དང་། ལོངས་སྤྱོད་རྫོགས་པ་སྐུའི་གནས་སྐབས་སུ་སྟོན་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ལྔའི་རིགས་སོ་སོའི་བདེ་བར་གཤེགས་པའི་སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གནས་ཕུན་སུམ་ཚོགས་པ་རང་སྣང་འོག་མིན་སྟུག་པོ་བཀོད་པ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པས་སྤྲས་པ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། བསྟན་པ་ཕུན་སུམ་ཚོགས་པ་གསུང་སྒྲ་ཚིག་གི་རྩོལ་བ་མེད་པར་སྐུའི་རྣམ་འགྱུར་ཙམ་གྱིས་ཟབ་མོའི་ཆོས་མཇལ་བར་མཛད་པ། འཁོར་ཕུན་སུམ་ཚོགས་པ་ས་བཅུའི་བྱང་སེམས་དང་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་དང་། དུས་ཕུན་སུམ་ཚོགས་པ་གང་བསྟན་པར་བྱ་བའི་ཆོས་རྣམས་གདུལ་བྱའི་འཁོར་གྱི་རྒྱུད་ལ་སྣང་བ་དུས་བཞི་མཉམ་པ་ཉིད་རྟག་པ་རྒྱུན་གྱི་འཁོར་ལོའི་དུས་དང་། སྤྲུལ་པའི་སྐུའི་གནས་སྐབས་སུ། རྒྱལ་བ་ཐམས་ཅད་ཐུགས་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་ལྷུན་གྲུབ་ཐུགས་རྗེ་ཆེན་པོའི་རོལ་པ་མ་འགགས་པས་འགྲོ་བ་སོ་སོ་གང་གིས་འདུལ་བའི་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུའི་རྣམ་པ་མཐའ་ཡས་པར་སྟོན་པར་མཛད་པ་ལས། ད་ལྟའི་སྐབས་འདིར་རྣམ་འདྲེན་བཞི་པ་འདི་ཉིད་ཀྱི་དབང་དུ་བྱས་ན་ནི་སྟོན་པ་ཕུན་སུམ་ཚོགས་པ། ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་མཆོག་གི་སྐུ་དཀྱིལ་ཤཱཀྱའི་རིགས་སུ་མངོན་པར་བལྟམས་པ་རྒྱལ་བ་བུ་རམ་ཤིང་པ་ཞེས་ཡོངས་སུ་གྲགས་པའི་མཚན་གྱི་ཅོད་པན་དཔྱངས་པ་དང་།


GTN003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཕུན་སུམ་ཚོགས་པ་ཝཱ་རཱ་ན་སཱི་བྱ་རྒོད་སྤུངས་པ། རི་མ་ལ་ཡ། ཡངས་པ་ཅན་ལ་སོགས་པ་རྒྱལ་བ་ཐུབ་པ་ཆེན་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ལན་གཅིག་མཇལ་བ་ཙམ་གྱིས་ཀྱང་བསྐལ་མང་གི་སྡིག་ལྟུང་གཞིལ་ཞིང་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེ་བ་དང་། ཆོས་ཕུན་སུམ་ཚོགས་པ། བཀའ་འཁོར་ལོ་དང་པོ། རྒྱུ་དགེ་བ་ལས་འབྲས་བུ་མཐོ་རིས་དང་། མི་དགེ་བ་ལས་འབྲས་བུ་ངན་སོང་འབྱུང་བའི་རྣམ་བཞག་གསལ་བ་དང་བཅས་ཏེ་བསོད་ནམས་མ་ཡིན་པ་ལས་བཟློག་པའི་ཆེད་དུ་བདེན་བཞི་རྣམ་པ་བཅུ་དྲུག་གི་སྒོ་ནས་བསྟན་ཏེ། སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱར་བྱས་ནས་འབྲས་བུ་གང་ཟག་ཡ་བརྒྱད་དང་། སྐྱེས་བུ་ཟུང་བཞི་སྟེ་མཐར་ཐུག་པ་ལྷག་བཅས་དང་། ལྷག་མེད་ཀྱི་མྱང་འདས་རྣམ་པ་གཉིས་སུ་འགྲུབ་པར་བྱེད་པ་དང་། བཀའ་འཁོར་ལོ་བར་པ་སྟོང་ཉིད་གཙོར་སྟོན་གྱི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པས་མཚན་ཉིད་མ་གྲུབ་པར་གཏན་ལ་འབེབས་ཤིང་། ཕྱི་ཡུལ་སྣང་དང་ནང་ཕུང་པོ་ལ་བདག་འཛིན་གྱི་ཞེན་པ་ལས་བཟློག་པ་དང་། བཀའ་འཁོར་ལོ་ཐ་མས་གཟུང་འཛིན་ཀུན་བརྟགས་དང་། རྣམ་ཤེས་གཞན་དབང་སྟེ་གཞན་བློས་བྱས་ཀྱི་ཆོས་རྣམས་སྟོང་ཀྱང་དོན་དམ་རང་གི་ངོ་བོ་འཕོ་འགྱུར་མེད་པའི་མཚན་ཉིད་བཞི་ལྡན་མ་ཡིན་དགག་གི་སྟོང་ཉིད་དུ་ངེས་པས།


GTN003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བར་དོན་འཁྲུལ་བྲལ་དུ་སྟོན་པས་ལྟ་བ་ལས་བཟློག་པ་སྟེ། དཔལ་ལྡན་མར་མེ་མཛད་ཀྱིས། དང་པོས་བསོད་ནམས་མིན་པ་བཟློག །གཉིས་པས་བདག་ལས་བཟློག་པ་སྟེ། །གསུམ་པས་ལྟ་བ་བཟློག་པ་ཡིན། །ཞེས་གསུངས་པ་ལྟར་ཏེ། འཁོར་ལོ་ཕྱི་མ་དེ་གཉིས་ཀས་ཕར་ཕྱིན་བཅུ་ལ་སློབ་ཅིང་། བྱང་སེམས་རྣམ་པ་གཉིས་ཀྱིས་སྲིད་ཞིའི་མཐའ་ལས་གྲོལ་ནས་བདག་མེད་གཉིས་རྟོགས་ཏེ་ས་བཅུ་དང་ལམ་ལྔའི་སྤངས་རྟོགས་མཐར་ཕྱིན་དུ་འགྲུབ་པར་བྱེད་པ་སྟེ་ཆོས་འཁོར་རིམ་པ་གསུམ་དང་། འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་དང་། རབ་འབྱོར་ལ་སོགས་པའི་དགེ་སློང་ལྔ་སྟོང་དང་། རྒྱུན་དུ་ཞུགས་པ་དང་། ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་ལྷ་དང་། མི་དང་། ལྷ་མ་ཡིན་དང་། མིའམ་ཅི་ལ་སོགས་པ་གང་གདུལ་བར་བྱར་འོས་པ་མཐའ་དག་སྟེ། (དུས་འཁོར།)བསྡུས་རྒྱུད་ཡེ་ཤེས་ལེའུ་ལས། དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་དང་མི་ནི་འཕགས་པ་བོད་ལ་སོགས་རྣམས་ལ། །བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ་དུ་རྟག་ཏུ་བདེན་པའི་ཆོས་ནི་གསུང་བྱེད་ཅིང་། །རང་རང་སྐད་གཞན་རྣམས་ཀྱིས་སྲིད་པ་གསུམ་པོ་མ་ཚང་མེད་པར་ཡང་དག་ལམ་ལ་འགོད་བྱེད་པ། །ཞེས་སོ། ། དུས་ཕུན་སུམ་ཚོགས་པ་ནི། གདུལ་བྱ་གང་འདུལ་བའི་དུས་ལ་བབས་པ་དེ་ཉིད་དེ། ཇི་སྐད་དུ། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་


GTN003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཅེས་དང་། འགྲེལ་ཆུང་ལས། དུས་ཀྱི་ངོ་བོ་མཉམ་གནས་ཀྱང་། །སྐལ་བ་ཅན་ལ་དཀོན་པའི་དུས། །ཞེས་སོ། །དེ་དག་གིས་སྟོན་པ་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་བསགས་པའི་ཚུལ་ལས་བརྩམས་ཏེ་ཕྱོགས་ཙམ་ཞུས་པ་ཡིན་ལ་དེས་མཚོན་ཏེ་སྟོན་པ་སངས་རྒྱས་དངོས་འཇིག་རྟེན་ན་མི་བཞུགས་ཀྱང་། དེའི་བསྟན་པ་འཛིན་པའི་སྐྱེས་ཆེན་མདོ་སྔགས་ཀྱི་ལམ་གང་མང་ཚང་ལ་མ་ནོར་བར་སྟོན་པའི་མཁན་པོ་དང་སློབ་དཔོན་མཚན་ཉིད་དང་ལྡན་པ་ཡང་སངས་རྒྱས་ཉིད་ཀྱི་རྣམ་པར་འཕྲུལ་པ་ཡིན་པས་སྟོན་པ་ཕུན་སུམ་ཚོགས་པར་གསུངས་ཏེ། ཤེར་ཕྱིན་སྡུད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བར་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ། །ཞེས་གསུངས་པ་ལྟར། འཛམ་བུའི་གླིང་ན་ཆུ་ཀླུང་ཆུ་བྲན་སོགས་ཅི་མཆིས་པ་ཀླུ་མ་དྲོས་པའི་མཐུ་ལས་བྱུང་བ་བཞིན་དམ་པའི་ཚུལ་བཞིན་དུ་སྟོན་པ་གང་དག་ཀྱང་རྒྱལ་བ་ཉིད་ཀྱི་ཐུགས་རྗེའི་མཐུ་ལས་བྱུང་བ་ཁོ་ནར་གསུངས་པ་ལྟར། འཕགས་ཡུལ་གྱི་བསྟན་པའི་གཏད་རབས་རྣམས་དང་། རྒྱན་དྲུག་མཆོག་གཉིས་
སོགས་མདོ་སྔགས་ཀྱི་བསྟན་པའི་སྒྲོན་མེ་མཁས་གྲུབ་ནམ་མཁའི་སྐར་ཚོགས་ཙམ་བྱོན་པ་ཐམས་ཅད་ཀྱང་སྟོན་པ་གཉིས་པར་གྲགས་པ་གསལ་བ་དང་།


previousསྟོན་པ་སྐུ་གསུམ་དང་སྦྱར་ནས་ཕུན་སུམ་ཚོགས་པ་ལྔ་སོགས།next