Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟོན་པ་ཕུན་སུམ་ཚོགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྟོན་པ་ཕུན་སུམ་ཚོགས་པ།next

སྟོན་པ་ཕུན་སུམ་ཚོགས་པ།


GTN003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གངས་ཅན་གྱི་ལྗོངས་འདིར་བསྟན་པ་སྔ་དར་གྱི་སྐབས་ལྟ་བུར་མཚོན་ན། སྟོན་པ་ཕུན་སུམ་ཚོགས་པ་མྱུར་ལམ་རྡོ་རྗེ་ཐེག་པའི་གསང་མཛོད་ཀྱི་མངའ་བདག་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུས་སྲིད་པ་ཇི་སྲིད་དུ་འགྲོ་བའི་དོན་མཛད་ཅིང་། ལྷག་པར་གངས་ཅན་གྱི་ལྗོངས་འདིར་མི་མིན་འབྱུང་པོ་ཚར་བཅད་དབང་སྡུད་ཀྱིས་བྲན་དུ་བཀོལ་ནས་སངས་རྒྱས་ཀྱི་བསྟན་པའི་གཞི་ཚུགས་པར་མཛད་པའི་སྐུ་དྲིན་བོད་འབངས་ཡོངས་ཀྱིས་གཞལ་དུ་མེད་པ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་། གནས་ཕུན་སུམ་ཚོགས་པ་ཆོས་འཁོར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་སོགས་པར། བསྟན་པ་ཕུན་སུམ་ཚོགས་པ་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱི་ཡང་བཅུད་བསྐྱེད་རྫོགས་སྐོར་གསུམ་སོགས་བསམ་གྱིས་མི་ཁྱབ་པ་རྣམས། འཁོར་ཕུན་སུམ་ཚོགས་པ་ལས་ལྡན་རྗེ་འབངས་ཉེར་ལྔ་ལ་སོགས་པ་ས་ལ་གནས་པའི་རིག་པ་འཛིན་པ་བསམ་གྱིས་མི་ཁྱབ་པ་རྣམས་དང་། དུས་ཕུན་སུམ་ཚོགས་པ་བྱང་ཕྱོགས་ཁ་བ་ཅན་འདིར་དམ་པའི་ཆོས་ཀྱི་སྣང་བས་ཁྱབ་པར་མཁན་སློབ་ཆོས་གསུམ་གདན་འཛོམས་པ་ལ་སོགས་པའི་སྨོན་ལམ་དུས་སུ་སྨིན་པ་དེ་ལྟ་བུས་མཚོན་ནས་གསར་རྙིང་གྲུབ་མཐའ་སོ་སོའི་


GTN003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་འཛིན་ཅིང་། རྒྱལ་བ་ཉི་མའི་གཉེན་གྱི་བསྟན་པ་རིན་པོ་ཆེ་ལ་བྱ་བ་བླ་ལྷག་ཏུ་བསྒྲུབ་པའི་སྐྱེས་ཆེན་དམ་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པ་ལྔ་དང་སྦྱོར་བ་མཆིས་པ་ལས། དེ་རིང་གི་དུས་སྐབས་འདིར་མཚོན་ན། ཇི་སྐད་དུ་རྒྱུད་བླ་མ་ལས། གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །ཞེས་དང་། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྙེད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མངོན་དུ་མཛད་པའི་སྐུ་དེ་ནི། །མཆོག་གི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་སོགས་གསུངས་པ་ལྟར། སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ཡང་བསྐལ་པ་གྲངས་མེད་པའི་གོང་རོལ་ནས་ཞི་བ་ཆོས་ཀྱི་བདུད་རྩི་དམ་པ་མངོན་པར་བརྙེས་ཀྱང་རྒྱལ་བ་རྣམས་ནི་རང་ཉིད་ཞི་བདེ་ཁོ་ན་ལ་མི་གནས་པར་གཞན་ཕན་དམ་བཅའི་སྙིང་པོར་མཛད་པ་ནི་ཆོས་ཉིད་དེ། ཡབ་སྲས་མཇལ་བའི་མདོར། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། །བྱེ་བ་ཕྲ༷ག་བརྒྱ༷ར་{བརྒྱ༵ད་ཅུ༵ར་}རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་དང་། གསང་བ་ཡིད་བཞིན་རིན་པོ་ཆེ་བཀོད་པའི་རྒྱུད་ལས། ཀུན་གྱི་སྔོན་རོལ་སངས་རྒྱས་པ། །ཞེས་དང་། སྣ་ཚོགས་ཚུལ་གྱིས་དོན་མཛད་ཅིང་། །ད་དུང་བསྐལ་པ་བཟང་པོ་འདིར། །འདྲེན་པ་སྟོང་དུ་བསྒྱུར་མཛད་ཅིང་། །དེ་བཞིན་སྣ་ཚོགས་ཚུལ་འཆང་བ། །དཔག་


GTN003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འགྲོ་བའི་དོན་མཛད་དེ། །ཞེས་སོགས་གསུངས་པས་མཚོན་ཏེ། རྒྱལ་བ་རྣམས་ནི་དབྱིངས་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་གདུལ་བྱའི་སྣང་བར་གང་འདུལ་དེར་འཚམས་ཀྱི་འཕྲིན་ལས་རབ་འབྱམས་ལ་མངའ་བརྙེས་པས་སྤྲུལ་པ་སྣ་ཚོགས་སུ་སྟོན་པར་མཛད་པའི་ཚུལ་ནི། ཕལ་པོ་ཆེ་ལས། ཟླ་བ་དབྱིངས་ལས་མ་གཡོས་ཀྱང་། །ཆུ་ཡི་སྣོད་དུ་སྣང་བ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པ་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་ནི་སྟོན་པར་མཛད། །ཅེས་དང་། རྒྱུད་བླ་མར། ཇི་ལྟར་བཻ་ཌཱུརྱ་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་སོགས་གསུངས་པ་ལྟར་བདག་སོགས་ལྟོས་བཅས་རྣམས་ཀྱི་གཙོས་ལྷར་བཅས་སྐྱེ་དགུ་ཀུན་གྱི་བསོད་ནམས་ཀྱི་ཞིང་དམ་པར་མཆོག་གི་སྤྲུལ་པའི་སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱིས་སྤྲས་ཤིང་། མདོ་སྔགས་ཀྱི་བསྟན་པ་མཐའ་དག་འཛིན་སྤེལ་སྐྱོང་བ་ལ་མཆོག་ཏུ་དགེ་བ་དང་། འཆད་རྩོད་རྩོམ་གསུམ་མཁྱེན་བརྩེ་ནུས་གསུམ་མཁས་བཙུན་བཟང་གསུམ་སོགས་དམ་པའི་ཡོན་ཏན་མཐའ་དག་ལ་དབང་འབྱོར་བ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་གྲུབ་པའི་འཁོར་ལོས་སྒྱུར་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཆེ་གེ་འདི་ཞེས་བགྱིས་པའི་ཞབས་ཟུང་རྡོ་རྗེའི་ཁྲི་འཕང་མཐོན་པོར་མངོན་པར་བརྟན་པ་འདི་ཉིད།


previousསྟོན་པ་ཕུན་སུམ་ཚོགས་པ།next