Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནས་ཕུན་སུམ་ཚོགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནས་ཕུན་སུམ་ཚོགས་པ།next

གནས་ཕུན་སུམ་ཚོགས་པ།


GTN003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཕུན་སུམ་ཚོགས་པ་ནི། ཇི་སྐད་དུ། ཁང་ཤིང་བུད་ཤིང་ཤིང་གི་དགེ །ཁང་རྡོ་འཐག་རྡོ་རྡོ་ཡི་དགེ །ཁང་ས་ཞིང་ས་ས་ཡི་དགེ །འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ །གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ །ཞེས་པ་ལྟར། སྤྱིར་ཡུལ་ལ་དགེ་བཅུ་ཚང་ཞིང་། རིས་བྲལ་གྱི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་པ་དང་། ཁྱད་པར་ཨོ་རྒྱན་གྱི་སློབ་དཔོན་པདྨ་ཀཱ་ར་དང་། ལོ་ཆེན་བཻ་རོ་སོགས་ཀྱི་སྒྲུབ་གནས་ཁྱད་འཕགས་དུ་མས་བྱིན་གྱིས་བརླབས་ཤིང་། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་དབེན་གནས་རྫོང་གསུམ་གྱི་ནང་ཚན། ཕྱི་ལྟར་སེངྒེ་གནམ་རྫོང་། ནང་ལྟར་མཁའ་འགྲོ་འབུམ་རྫོང་། གསང་བ་ཟངས་མདོག་དཔལ་རི་ཞེས་ལྐོག་གྱུར་གྱི་ཤེས་བྱའི་ཆོས་རྣམས་ཐོགས་མེད་དུ་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་ལྡན་ཕྱོགས་ལྷུང་ལོག་ལྟའི་འདམ་གྱིས་མ་སྦགས་པའི་རིས་མེད་ཀྱི་སྐྱེས་ཆེན་དུ་མས་མངོན་པར་བསྔགས་པའི་བན་བོན་ཐབས་ཤེས་ཟུང་འབྲེལ་གྱི་གནས་མཆོག་ཡིན་པ་གང་ཞིག་ཚིག་ཙམ་ཁོ་ནར་མ་སོང་བར་རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་བརྙན་འབུར་དང་། རི་མོའི་རྣམ་པ་དང་། གསུང་ཡིག་འབྲུ་ཨ་ལི་ཀ་ལི་རྒྱ་ཡིག་བོད་ཡིག་གི་ཚུལ། ཐུགས་ཕྱག་མཚན་རྡོར་དྲིལ། དུང་དཀར་ཕུར་པ་སོགས་དང་། རྒྱ་བོད་ཀྱི་པཎ་གྲུབ་དུ་མའི་སྐུ་དང་། ཞབས་ཕྱག་གི་རྗེས་སོགས་གནམ་རྟགས་སྐར་མ་དང་ས་རྟགས་རི་བོ་བཞིན་ལས། མེད་ལ་ཡོད་པ་སྒྲོ་འདོགས་སུ་མ་སོང་བ་ཀུན་གྱི་མིག་ལམ་མངོན་གསལ་དུ་འབྱུང་བའང་། སྤྱིར་ན་དག་པ་རྣམས་ཀྱི་ཡེ་ཤེས་ཀྱི་གཟིགས་ངོར་བརྟན་གཡོའི་རང་བཞིན་ཡེ་ནས་རྒྱལ་བའི་དཀྱིལ་འཁོར་དུ་རྣམ་པར་དག་པ་ཡིན་མོད་ཀྱང་ཚུར་མཐོང་མ་


GTN003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པས་སྒྲིབ་པ་རྣམས་ལ་མཁྲིས་ནད་ཅན་ལ་དུང་སེར་པོར་སྣང་བ་ལྟར་ལས་རང་བཞིན་ཇི་ལྟ་བ་མངོན་དུ་མཐོང་ནུས་པ་མ་ཡིན་ཏེ། རྒྱས་པ་ལས། (གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།) ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་དང་། དྲི་མ་མེད་པར་གྲགས་པའི་མདོ་ལས། བཙུན་པ་ཤཱ་རིའི་བུས་སྨྲས་པ། བདག་གིས་ནི་ས་ཆེན་པོ་འདི་མཐོ་དམན་དང་། གཡང་ས་དང་། ལྗན་ལྗིན་གྱིས་གང་བར་མཐོང་ངོ་། །ཞེས་ཟེར། སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོང་བའི་ཚངས་པ་རལ་པ་ཅན་གྱིས་སྨྲས་པ། བདག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ཡི་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་ཡོངས་སུ་དག་པར་མཐོང་ངོ་། །ཞེས་ཟེར། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པས་ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ། ཁྱེད་རྣམས་ཀྱིས་མི་མཐོང་ངོ་། །ཞེས་སོགས་གསུངས་ཤིང་། དེར་མ་ཟད་རྡུལ་ཕྲ་རབ་གཅིག་གི་སྟེང་ནའང་སངས་རྒྱས་ཀྱི་ཞིང་ཚད་མེད་པར་མ་འགགས་པར་སྣང་བས་བསམ་གྱིས་མི་ཁྱབ་པའི་གནས་ཏེ། སྡོང་པོ་བཀོད་པ་ལས་
(ཕལ་པོ་ཆེ་ལས།) སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པ་གང་ཡང་མེད། །ཅེས་གསུངས། དོན་ལ་ནམ་མཁས་གར་ཁྱབ་ཏུ་སངས་རྒྱས་ཀྱི་སྐུ་དང་ཕྲིན་ལས་ཀྱིས་ཁྱབ་པས། སངས་རྒྱས་ཀྱི་ཞིང་ལ་ཕྱོགས་དང་རིས་སུ་ཆད་པ་མེད་ནའང་། སྙིགས་མ་ལྔ་བདོའི་དུས་ཀྱི་སྐྱེ་བོ་དམུ་རྒོད་གདུལ་དཀའ་བ་རྣམས་འདུལ་བའི་ཕྱིར་དང་། མཐའ་དམག་དུས་འཁྲུགས་ནད་ཡམས་མུ་གེ་སོགས་གེགས་མེད་ཉེར་འཚེ་ཞི་ཞིང་མཐར་ཐུག་རྣམ་མཁྱེན་ལ་འགྲོ་རྣམས་འགོད་པར་འོས་པ་སོགས་དཀར་བ་ལས་ཀྱི་གཞི་བཟུང་བར་དག་པ་ལ། སྨོན་ལམ་གྱིས་མཚམས་སྦྱར་ཏེ་འགྲོ་དོན་དུས་བབས་དང་འཚམས་པར་གནས་མཆོག་གསར་བྱོན་དང་འབྲེལ་བའི་ས་ཡི་ཆ་མདོ་སྔགས་བཤད་སྒྲུབ་ཀྱི་ཆོས་སྲིད་གདུགས་དཀར་དགུང་དུ་འདེགས་པའི་གནས། རྒྱལ་བ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་བརྙན་བྲིས་འབུར་དང་། བདེ་བར་གཤེགས་པའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་ཚར་དུ་དངར་བ་སོགས་མཆོག་གསུམ་རྟེན་གྱིས་ཕྱུར་བུར་གཏམས་པའི་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་པོ་འདི་ཉིད།


previousགནས་ཕུན་སུམ་ཚོགས་པ།next