Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྟན་པ་ཕུན་སུམ་ཚོགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྟན་པ་ཕུན་སུམ་ཚོགས་པ།next

བསྟན་པ་ཕུན་སུམ་ཚོགས་པ།


GTN003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཕུན་སུམ་ཚོགས་པ་ནི། འོ་སྐོལ་གྱི་སྟོན་པ་རྒྱལ་བ་ཉི་མའི་གཉེན་དེས་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་ཆོས་ཀྱི་ཕུང་པོ་བགྲངས་ལས་འདས་པར་གསུངས་པའང་། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོ་ནི། །ཆོས་ཀྱི་ཕུང་པོ་ཐུབ་པས་གསུངས། །ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། ཉོན་


GTN003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་ཆོས་ནི་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། མདོ་སྡེ་བདུན་བརྒྱ་པར། ཐུབ་པས་ཆོས་ཀྱི་ཕུང་པོ་རྣམས། །སེམས་ཅན་དོན་དུ་རབ་གསུངས་པ། །གནས་དང་དུས་སོགས་རིམ་གྱིས་ནི། །ཚངས་པའི་དབྱངས་ཀྱིས་བཀའ་སྩལ་ཏེ། །ཞེས་སོགས་གསུངས་ཀྱང་། དེ་དག་ཐམས་ཅད་བསྡུ་ན་ཐེག་པའི་རིམ་པ་དགུར་འདུས་པའང་། ཀུན་བྱེད་ལས། ཡོད་ནི་གཅིག་ལས་མེད་པ་སྟེ། །{བསྟན་ནི་རྣམ་པ་གཉིས་སུ་བསྟན། །}བྱུང་ནི་ཐེག་པ་དགུ་རུ་བྱུང་། །ཞེས་དང་། (དགོངས་པ་འདུས་པའི་མདོ་ལས།) ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་གསུངས་པ་ལྟར་ཅུང་ཟད་གླེང་ན། དེ་ཡང་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་ལ། འདུལ་བའི་འདུལ་བ་དང་བཅས་རང་བཞིན་གྱི་རྣམ་པར་བཞག་པ་ཆེ་ལོང་རྣམས་དང་། འདུལ་བའི་མདོ་སྡེ་ཏིང་ངེ་འཛིན་དང་ཚངས་པར་སྤྱོད་པ་རྣལ་འབྱོར་དུ་བྱ་བའི་རིམ་པ་དང་། འདུལ་བའི་མངོན་པ་དེ་དག་གི་དོན་དུ་དབྱེ་བ་རྒྱ་ཆེར་བཤད་པ་རྣམས་དང་། བསླབ་པ་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་ལ། མདོ་སྡེའི་འདུལ་བ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚོགས་རྣམ་པར་བཞག་པ་དང་། མདོ་སྡེའི་མདོ་སྡེ་ཏིང་ངེ་འཛིན་ཟབ་ཅིང་རྒྱ་ཆེ་བ་དང་། མདོ་སྡེའི་མངོན་པ་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་གྱིས་རབ་ཏུ་དབྱེ་བ་ཇི་སྙེད་པ་དང་། ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་ལ། མངོན་པའི་འདུལ་བ་


GTN003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཚེགས་ཆུང་ཞིང་བསླབ་པའི་ཐབས་ཀྱི་ཉོན་མོངས་པ་འདུལ་བ་རྣམས་དང་། མངོན་པའི་མདོ་སྡེ་དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་རྒྱ་མཚོ་དང་། མངོན་པའི་མངོན་པ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། དབང་པོ་དང་། རྣམ་པར་ཤེས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་རབ་ཏུ་དབྱེ་བ་ཆ་དང་བཅས་པ་རྣམས་ཏེ་མཚན་ཉིད་སྡེ་གསུམ་དང་། ཀུན་རྫོབ་འཁྲུལ་ངོར་སྣང་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་རྣམས་སྦྱང་བྱའི་དྲི་མར་ཤེས་ཏེ། དབྱིངས་རང་བཞིན་གྱིས་དག་པའི་སེམས་ཉིད་གཞིར་བྱས་ནས། ལམ་གཙང་སྦྲ་དང་ལྷ་ཡི་དེ་ཉིད་སྒོམ་པའང་། བདག་དང་ལྷ་ཡེ་ཤེས་སེམས་དཔའ་རྗེ་དང་འཁོར་གྱི་ཚུལ་དུ་བལྟས་ནས་མི་ཚེ་བདུན་ན་རིགས་གསུམ་རྡོ་རྗེ་འཛིན་པའི་ས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཐོབ་པར་འདོད་པ་བྱ་བའི་རྒྱུད། ལྟ་བ་ཡོ་ག་ལྟར་བྱེད་ཅིང་སྤྱོད་པ་བྱ་བ་ལྟར་སྤྱད་ནས་བདག་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་སེམས་དཔའ་སྤུན་ནམ་གྲོགས་པོའི་ཚུལ་དུ་བསྒོམ་ནས་མི་ཚེ་ལྔ་ན་རིགས་བཞི་རྡོ་རྗེ་འཆང་གི་ས་ཐོབ་པར་འདོད་པ་སྤྱོད་པའི་རྒྱུད་དང་། སྣང་སྲིད་ཀྱི་ཆོས་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་དོན་དམ་སེམས་ཉིད་ཀྱི་ངང་དུ་སྦྱངས་ནས་ལམ་མངོན་བྱང་ལྔ་པ་ལྷ་ཡི་དཀྱིལ་འཁོར་བསྐྱེད་དུས། བདག་དམ་ཚིག་པ་ལ་ལྷ་ཡེ་ཤེས་པ་འགུག་གཤེགས་བྱས་པས་དངོས་གྲུབ་ཐོབ་ཅིང་། མི་ཚེ་གསུམ་ན་རིགས་ལྔ་སྟུག་པོ་བཀོད་པའི་ས་སྐུ་གསུམ་ཡེ་ཤེས་


GTN003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡི་བདག་ཉིད་ཅན་དུ་འཚང་རྒྱ་བར་འདོད་པ་རྣལ་འབྱོར་གྱི་རྒྱུད་དེ་ཕྱི་རྒྱུད་སྡེ་གསུམ་དང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་གཏན་ལ་ཕབ་ནས་བསྐྱེད་རིམ་ཐབས་གཙོ་བོར་སྟོན་པས་བདག་དང་ལྷ་ཡེ་ཤེས་སེམས་དཔའ་དག་མཉམ་གཅིག་གི་ངང་ནས་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་རང་བཞིན་དང་མ་བྲལ་ཞིང་། རྩ་རླུང་ཕྲ་མོའི་རྣལ་འབྱོར་ལམ་དུ་བྱེད་པས་ཚེ་འདིའི་བར་དོར་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་མངོན་དུ་བྱེད་པ་བསྐྱེད་པ་མ་ཧཱ་ཡོ་ག་དང་། ཆོས་ཐམས་ཅད་ཡེ་ནས་རང་རྩལ་དུ་སངས་རྒྱས་པ་དབྱིངས་དང་ཡེ་ཤེས་བདེན་པ་དབྱེར་མེད་གཅིག་གི་ངང་ནས་ཁམས་བདེ་བ་ཆེན་པོ་ཕྲ་མོའི་རྣལ་འབྱོར་ལས་དངོས་གྲུབ་ཏུ་འདོད་ཅིང་། ཚེ་གཅིག་གིས་འབྲས་ཆོས་ཉེར་ལྔ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པར་འདོད་པ་ལུང་ཨ་ནུ་ཡོ་ག་དང་། ཆོས་ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སེམས་སུ་རྫོགས་པའི་སྤང་བླང་བྱ་རྩོལ་མེད་པར་ཆོས་ཉིད་སྐུ་གསུམ་ལྷུན་གྲུབ་ཆེན་པོར་ཡེ་ནས་གྲོལ་ཞིང་གཞི་ལམ་འབྲས་བུའི་ཐ་སྙད་ལས་འདས་ཏེ། ཡུལ་ཆོས་ཉིད་ཀྱི་རོལ་པ་ལས་ཡུལ་ཅན་ཡེ་ཤེས་ཀྱི་ཀློང་བརྡོལ་བས་འཁོར་འདས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་དོན་ལས་གཞན་དུ་མི་འགྱུར་བའི་ཡེ་ཤེས་སུ་འགགས་བཅིངས་པས།
མ་བྱས་པར་ཡེ་ཟིན། མ་ཕྱིན་པ་ཡེ་བགྲོད། རྒྱུ་འབྲས་ལ་བཟླ་བས་ཆོས་ཉིད་དུ་ས་བཟུང་བས་དངོས་གྲུབ་རང་ཆས་ཆོས་སྐུ་ལས་མི་འདའ་བར་འདོད་པས་ད་ལྟ་ཉིད་ནས་ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་གནས་པར་འོད་གསལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཞེས་ནང་རྒྱུད་སྡེ་གསུམ་སོགས་རྒྱུ་འབྲས་ཀྱི་ཐེག་པའི་རིམ་པ་མཐའ་དག་གི་གཙོས། འབྲས་བུའི་ཐེག་པ་ལའང་རིང་བརྒྱུད་བཀའ་མ་ཉེ་བརྒྱུད་གཏེར་མ་ཟབ་མོ་དག་སྣང་གི་ཆོས་སྐོར་སོགས་རྒྱ་ཆེ་བ་རྣམས་ཀྱང་། དབང་གི་ཆུ་བོ་མ་ནུབ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས། གདམས་ངག་གི་སྣ་ཁ་མ་ལོག་པ་འདི་ཉིད། བྱེ་བྲག་ལོ་ཆེན་བཻ་རོའི་ཡང་སྲིད་རྩོད་བྲལ་དུས་བབས་ཀྱི་གཏེར་ཆེན་འགྲོ་འདུལ་གཏེར་བདག་གླིང་པའི་ཟབ་གཏེར་རྒྱལ་དབང་པདྨའི་ཐུགས་བཅུད། གནས་གསུམ་མཁའ་འགྲོའི་ཞལ་རླངས། བྱིན་རླབས་ནུས་པའི་སྤྲིན་ཕུང་འཐིབས་ཤིང་། མཆོག་ཐུན་དངོས་གྲུབ་ཀྱི་ཆར་རྒྱུན་འབེབས་པའི་བླ་རྫོགས་ཐུགས་གསུམ་གྱི་བཤད་སྒྲུབ་རྒྱ་མཚོར་འཁྱིལ་བ་དང་།


previousབསྟན་པ་ཕུན་སུམ་ཚོགས་པ།next