Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དུས་ཕུན་སུམ་ཚོགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདུས་ཕུན་སུམ་ཚོགས་པ།next

དུས་ཕུན་སུམ་ཚོགས་པ།


GTN003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཕུན་སུམ་ཚོགས་པ་ནི། སྤྱིར་ན་འཇིག་རྟེན་ཕལ་པ་བས་རྣམ་རྟོག་བདག་འཛིན་ལ་ཞེན་པའི་དབང་དུ་བྱས་ན་ཕྱི་རོལ་དུ་མེད་བཞིན་སྣང་བའི་འཁྲུལ་གཟུགས་འཁོར་བའི་རང་བཞིན་སྣ་ཚོགས་སྒྱུ་མ་ལྟར་སྣང་བ་ནི་ཆོས་ཉིད་ཡིན་པས། ལོ་ཟླ་ཞག་དུས་སོགས་ལ་རང་དབང་སྒྱུར་བའི་སྲིད་པའི་ལྷ་འདྲེར་ཤར་བ་ཐམས་ཅད་ཀྱང་བདེན་པར་གྲུབ་པ་ལྟར་སྣང་མོད་ཀྱི། ཡང་དག་པའི་གནས་ལུགས་ཀྱི་ངོར་གྲུབ་པ་རྡུལ་ཙམ་ཡང་མེད་པ་ནི། མདོ་དྲན་པ་ཉེར་བཞག་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ལས་བྱུང་། །སེམས་ལས་གཞན་དུ་ཅུང་ཟད་མེད། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་ཏེ་དགེ་དང་མི་དགེའི་རྣམ་རྟོག་མདུད་པ་ནམ་མཁའ་ལ་དོར་འོས་མ་མཆིས་ཀྱང་། འཇིག་རྟེན་ཀུན་རྫོབ་པས་བདེན་པར་བལྟོས་སོ། །རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་ནི་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚོད་བཟང་པོ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་གསུངས་པའི་དབང་དུ་བགྱིས་ན། དེ་རིང་གི་སྐབས་སུའང་གནམ་ལ་སྐར་མ།


GTN003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་དུས་ཚོད། བར་ལ་ལ་ཉེ་སོགས་བཟང་ཞིང་སྟོན་འཁོར་གནས་དུས་ཆོས་སོགས་ཕུན་སུམ་ཚོགས་པ་ལྔ་ལྡན་པ་འདི་ལྟ་བུ་ནི་དུས་ཕུན་སུམ་ཚོགས་པ་ཡིན་པས་མཚོན། འདི་ལྟ་བུའི་དུས་ཁྱད་པར་ཅན་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་མཐའ་ཡས་མུ་མེད་པའི་གྲངས་དང་མཉམ་པ་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་ལུས་ལ་ཞུགས་ནས་གདུལ་བྱའི་མཆོད་པ་ལེན་པས་རྡོ་རྗེ་སློབ་དཔོན་གཅིག་མཆོད་པས་སངས་རྒྱས་སྲས་དང་བཅས་པ་དེ་དག་མཆོད་པའི་བསོད་ནམས་ཐོབ་པར་གསུངས་ཏེ། མཁའ་འགྲོ་ཟིལ་གནོན་གྱི་རྒྱུད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་སྤུ་གཅིག་ལ་རི་མོར་བགྱིས་པ་ལས་བྱུང་བའི་བསོད་ནམས་ཁྱད་པར་དུ་འཕགས་སོ། །ཞེས་དང་། གསང་བ་འདུས་པའི་རྒྱུད་ལས། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བས། །བླ་མའི་བ་སྤུ་གཅིག་མཆོད་ལྷག །ཅེས་དང་། དཔལ་དུས་ཀྱི་འཁོར་ལོ་ལས། བསྐལ་པ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོག་གསུམ་སོགས་མཆོད་པ་དང་། །སྲོག་ཆགས་བྱེ་བའི་ཚེ་སྐྱབས་པ། །ཚེ་འདིར་སངས་རྒྱས་མི་ཐོབ་སྟེ། །ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དྭངས་པས་ཡིད་ཀྱིས་མཉེས་བྱས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་སོགས་གསུངས་ཏེ་བསོད་ནམས་ཁྱད་པར་ཐོབ་པའི་དོན་ཡང་། དཔལ་གསང་བ་འདུས་པར། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་གནས། །དེ་ཡི་གཟུགས་ཀྱི་ཕུང་པོ་ནི། །སངས་
རྒྱས་རྣམ་པར་སྣང་མཛད་ཡིན། །ཞེས་སོགས་དང་། ཆུ་ཀླུང་བ་ཚྭ་ཅན་གྱི་མདོར། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ནི་སློབ་དཔོན་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང་། རྡོ་རྗེ་གུར་ལས། རྡོ་རྗེ་སེམས་དཔའ་ལྟ་བུ་ཡི། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་བའི་གཟུགས་སུ་གནས་པའོ། །ཞེས་སོགས་གསུངས་པའི་དགོངས་དོན་ཇི་བཞིན་ཏེ། དེ་ལྟར་མཆོད་པ་ལས་བསོད་ནམས་ཆེར་ཐོབ་པ་ཡིན་ལ། མཆོད་པ་ཐམས་ཅད་ཀྱི་ནང་ནས་ཀྱང་མཆོག་དང་། རབ་དང་། ཕུལ་དུ་གྱུར་པ་ནི་མཎྜལ་གྱི་རིམ་པ་སྟེ། ཇི་སྐད་དུ། ལྷ་དང་བླ་མ་ནམ་དྲན་དུས་ཉིད་དང་། །ཚོགས་པ་རྒྱ་མཚོའི་དབུས་སུ་ཆོས་འཕེལ་ཚེ། །ཆོས་སྤྱོད་ཀུན་གྱི་སྙིང་པོ་མཎྜལ་འབུལ། །ཞེས་དང་། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་ན་སངས་རྒྱས་ཡེ་ཤེས་རྫོགས། །ཞེས་དང་། བཀོད་པ་ཆེན་པོ་ལས། རྣམ་དག་སེམས་ལྡན་མཎྜལ་ནི། །ཕུལ་བའི་བསོད་ནམས་གཞལ་དུ་མེད། །ཅེས་སོ། །


previousདུས་ཕུན་སུམ་ཚོགས་པ།next