Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཎྜལ་གྱི་ངོ་བོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཎྜལ་གྱི་ངོ་བོ།next

མཎྜལ་གྱི་ངོ་བོ།


GTN003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། དེ་ཡང་སྤྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་ནི་ཆོས་ཐམས་ཅད་ཀྱི་གཞིའམ་དངོས་པོ་ས་དང་ལམ་ཡོན་ཏན་ཐམས་ཅད་ཀྱི་བརྟེན་གཞི་ཡིན་པས་རྒྱལ་སྲས་རྣམས་ཀྱི་སྤྱོད་པའི་མཆོག་དམ་པ་སྟེ། བཤེས་སྤྲིང་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །དེ་བཞིན་ཤེས་རབ་གཞལ་


GTN003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཕ་རོལ་ཕྱིན། །འདི་དག་རྒྱལ་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། །ཅེས་པས་འདི་ལྟར་ཆོས་དང་། ཟང་ཟིང་། མི་འཇིགས་པ་སྟེ་སྦྱིན་པ་རྣམ་པ་གསུམ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དེ་ཚུལ་ཁྲིམས་རྣམ་པ་གསུམ། གནོད་པ་ལ་ཇི་མི་སྙམ་པ་མི་མཇེད་པའི་བཟོད་པ། ཆོས་ཕྱིར་དཀའ་བའི་ལས་མཐའ་དག་བཟོད་པ། སྟོང་ཉིད་ཟབ་མོ་ལ་མི་སྐྲག་པ་སྟེ་བཟོད་པ་རྣམ་གསུམ། ཕུལ་བྱུང་གི་བསམ་པ་བརྟན་པ་གོ་ཆའི་བརྩོན་འགྲུས། དེ་ལས་མི་ལྡོག་མི་ངལ་ཆོག་པར་མི་འཛིན་པ། མངོན་པར་སྤྲོ་བའི་བརྩོན་འགྲུས་ཏེ་བརྩོན་འགྲུས་རྣམ་པ་གསུམ། བསམ་གཏན་གྱི་གཟུགས་མེད་ཆ་མཐུན་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན། ཆོས་སྦྱོར་གྱི་ཏིང་ངེ་འཛིན་ལམ་དུ་བྱེད་པ་དོན་རབ་འབྱེད་པའི་བསམ་གཏན། ཟག་མེད་ཀྱི་ཆོས་ཉིད་ལ་འཇུག་པ་དེ་བཞིན་ཉིད་དམིགས་པའི་བསམ་གཏན་ཏེ་བསམ་གཏན་རྣམ་པ་གསུམ། མང་དུ་ཐོས་པ་ལུང་གི་ཡོན་ཏན། ལུང་དོན་རིགས་པས་འབྱེད་པའི་བསམ་པ། ཡིན་ཚུལ་བསམ་ཐོག་ཏུ་འབེབས་པའི་སྒོམ་པ་སྟེ་ཤེས་རབ་རྣམ་གསུམ་དེ་དག་སོ་སོའི་མི་མཐུན་ཕྱོགས་ཀྱི་སྐྱོན་དང་བྲལ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་ནི་འདིར་མཎྜལ་གྱི་དྲིའི་ཐིག་ལེ་བསྐུ་བ་ནས་བཟུང་སྟེ་ཚོམ་བུ་ཡོངས་སུ་རྫོགས་པའི་བར་མ་ཚང་བ་མེད་པ་ནི་མཎྜལ་གྱི་ངོ་བོ་སྟེ། མཎྜལ་གྱི་མདོ་ལས། བ་ལྕི་ཆུ་བཅལ་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེང་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཞེས་སོ། །


previousམཎྜལ་གྱི་ངོ་བོ།next