Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསང་བ་ལྟར་དུ་བཞག་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་བ་ལྟར་དུ་བཞག་པ།next

གསང་བ་ལྟར་དུ་བཞག་པ།


GTN003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། ནང་གསང་སྔགས་འབྲས་བུའི་ཐེག་པ་ལྟར་བརྗོད་ན། ཡེ་ཤེས་ཐིག་ལེ་ལས། མ་ཡི་ཡིག་འབྲུ་འདབ་མར་འདོད། །ཎ་ཡི་ཡིག་འབྲུ་ལྟེ་བར་དྲན། །ཌ་ཡི་ཡིག་འབྲུ་གེ་སར་དག །ལ་ཡི་ཡིག་འབྲུ་དེ་བདེ་ལྟར། །ཞེས་གསུངས་པས། ཕྱི་ལྟར་ན་པདྨའི་འདབ་མ་ལྟེ་བ་གེ་སར་སྦྲང་རྩི་འབྱིན་པའི་ནུས་པ་རྣམས་དང་། ནང་ལྟར་ཕྱག་རྒྱ་མའི་བྷ་གའི་འདབ་མ། ལྟེ་བ་གེ་སར་བདེ་བ་སྐྱེད་པའི་ནུས་པ་རྣམས་དང་། གསང་བ་ལྟར་ན་ཡུལ་དེ་ལ་རོལ་པ་དྭངས་མའི་སྒྲ་ལས་དྲངས་ན། མ་ནུ་སཱ་ར་སྙིང་པོ། ལའི་སྒྲ་ལས་དྲངས་པས་ལ་ལི་ཏ་ཏེ་རོལ་བའམ། ལེན་པའམ། འཛིན་པ་ལ་འཇུག་པས་ཡུལ་དེ་ལ་རྣམ་ཀུན་མཆོག་ལྡན་གྱི་རྡོ་རྗེས་རོལ་པ་ན། བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ཏེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་དབུ་མ་ཆེན་པོའི་སྦུབས་སུ་གཟུང་འཛིན་རོ་རྐྱང་གི་ལས་རླུང་དབང་དུ་བསྡུས་པས། འཆིང་བྱེད་རྩའི་མདུད་པ་ཉི་ཤུ་རྩ་གཅིག་ལ་སོགས་པ་བཙན་ཐབས་སུ་བཀྲོལ་ནས་ས་བཅུ་དང་ལམ་ལྔའི་ཡོན་ཏན་མངོན་དུ་གྱུར་ཏེ་སྡུག་བསྔལ་མཐའ་དག་དབྱིངས་སུ་ཟད་པས་བདེ་བ་ཆེན་པོའི་ཡེ་ཤེས་ལ་སྦྱོར་བས་དཀྱིལ་འཁོར་དུའང་གདགས་པ་ཡིན་ཏེ། རྒྱུད་ལས། བསོད་ནམས་ཡེ་ཤེས་


GTN003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་ཞི་ཁྲོ་འཁོར་ལོའི་ཚུལ། །ཞེས་གསུངས་ཤིང་། གཞན་ཡང་ཇི་སྐད་དུ། མ་ཡི་ཡིག་འབྲུ་རིན་ཆེན་གྲགས། །ཎ་ཡི་ཡིག་འབྲུ་འདུས་པས་བརྗོད། །ཌ་ཡི་ཡིག་འབྲུ་རིང་པོའི་དངོས། །ལ་ཡི་ཡིག་འབྲུ་ཁར་བརྗོད་དོ། །མ་ཡི་ཡིག་འབྲུ་ཤུ་ཀྲའི་གཟུགས། །ཎ་ཡི་ཡིག་འབྲུ་ཞུ་བའི་དངོས། །ཌ་ཡི་ཡིག་འབྲུ་འོད་དང་ལྡན། །ལ་ཡི་ཡིག་འབྲུ་བདེ་བའི་གཟུགས། །མ་ནི་སྣང་བའི་འདུ་ཤེས་གྲགས། །ཎ་ཡི་ཡིག་འབྲུ་སྣང་བ་མཆེད། །ཌ་ཡི་སྣང་བ་ཐོབ་པ་སྟེ། །ལ་ནི་ཡང་དག་དྲི་མེད་མཆོག །མ་ཡི་ཡིག་འབྲུ་དགའ་བར་གྲགས། །ཎ་ཡི་ཡིག་འབྲུ་མཆོག་ཏུ་བྲན། །ཌ་ཡི་ཡིག་འབྲུ་དགའ་བྲལ་དགའ། །ལ་ནི་ལྷན་ཅིག་སྐྱེས་པར་བྲན། །མ་ཡི་ཡིག་འབྲུ་ས་ཞེས་བྱ། །ཎ་ཡི་ཡིག་འབྲུ་ཆུ་རུ་བསྟན། །ཌ་ཡི་ཡིག་འབྲུ་དེ་ནི་མེ། །ལ་ཡི་ཡིག་འབྲུ་རླུང་གི་གཟུགས། །གཡོ་བའི་ཕྱིར་ན་རླུང་དུ་བརྗོད། །ཡང་ན་ཁྱབ་པའི་ཕྱིར་ནི་བྲན། །ཡེ་ཤེས་རྙེད་པ་ཡི་ནི་ཕྱིར། །བདེ་བ་ཡི་ནི་ཆེན་པོ་ལེན། །ཡེ་ཤེས་ངོ་བོ་བདེ་བ་ཆེ། །དཀྱིལ་འཁོར་དུ་ནི་ཡང་དག་ཞུགས། །དཀྱིལ་འཁོར་སངས་རྒྱས་རིན་ཆེན་གཙོ། །ཐིག་ལེའི་ངོ་བོ་ཡི་གེ་བྲལ། །རྣམ་པ་ཐམས་ཅད་རྣམ་པ་མེད། །ཕྱག་རྒྱ་དང་ནི་སྔགས་དང་བྲལ། །སྔགས་ཆེན་ཀུན་དགའ་ར་བའི་ལམ། །ཞེས་སོགས་འགྲོ་བ་ཀུན་ལ་ཡེ་ནས་ཀུན་ཁྱབ་ཏུ་བཞུགས་པ་ཤིན་ཏུ་ཕྲ་བའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་སྐུ་གསུམ་འདུ་འབྲལ་མེད་པ་བསྒྲུབ་བྱའི་མཐར་ཐུག་པའི་སྙིང་པོ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གྱི་བཤད་པ་
ཤིན་ཏུ་རྒྱས་པ་དང་། སྦྱར་བའི་བཤད་སྲོལ་ལ་ལུང་རིགས་ཀྱིས་རྒྱབ་སྐྱོར་ཏེ་སྤྲོས་ན་མང་དུ་མཆིས་ཀྱང་འདིར་དེ་ཙམ་ལས་མི་སྤྲོ་ལ།


previousགསང་བ་ལྟར་དུ་བཞག་པ།next