Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཎྜལ་གྱི་དབྱེ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཎྜལ་གྱི་དབྱེ་བ།next

མཎྜལ་གྱི་དབྱེ་བ།


GTN003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་མཎྜལ་གྱི་དབྱེ་བ་ནི། དེ་ཡང་མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་རྟེན་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར་གླིང་བཞི་རི་རབ་དང་བཅས་པ་བགྲང་གཞིར་བྱས་ནས་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ཕྲག་གཅིག་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་ཉིད་བགྲང་གཞིར་བྱས་ཏེ་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ལ་སྟོང་དུ་བཀོད་པ་གཉིས་པ་བར་མའི་འཇིག་རྟེན། དེ་ཡང་སྔ་མ་ལྟར་བགྲང་གཞིར་བྱས་པའི་སྟོང་ཕྲག་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དེ་ལྟ་བུའི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཀྱི་ནང་ཚན་སྟོང་གསུམ་མི་མཇེད་ཀྱི་ཞིང་བྱེ་བ་ཕྲག་བརྒྱ་ཡོངས་སུ་རྫོགས་པའི་ས་གཞི་ཐམས་ཅད་ཙན་དན་ལ་སོགས་པའི་དྲི་བཟང་པོའི་བདུག་པས་བྱུགས་ཤིང་། མེ་ཏོག་སིལ་མ་དང་རིན་པོ་ཆེ་རྣམ་པར་བཀྲམ་པའི་གོ་མཚམས་རྣམས་སུ་རིན་པོ་ཆེའི་རི་བོ་ལ་སོགས་པའི་ས་གཞི། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་པ་ལ་འོས་པའི་རིན་པོ་ཆེ་རྣམ་པ་བདུན། སྒེག་སོགས་བརྒྱད། ཉི་ཟླ་སྣང་བྱེད། རིན་པོ་ཆེའི་གདུགས། ཕྱོགས་མཐའ་དག་ལས་རྒྱལ་བའི་རྒྱལ་མཚན་ཏེ།
དེ་དག་ཀྱང་རྒྱ་ཆེར་རོལ་པ་དང་། དྲན་པ་ཉེར་བཞག །མངོན་པར་འབྱུང་བའི་མདོ་སོགས་ནས་བཤད་པའི་ཡོན་ཏན་གྱི་ཕུང་པོར་རྣམ་པར་དཀྲིགས་ཤིང་རང་རང་ལ་མངའ་བའི་ཡོན་ཏན་ཆ་མཐུན་གྱི་ལོངས་སྤྱོད་ཉི་ཟེར་ལ་རྡུལ་ཕྲན་འཁྲིགས་པ་ལྟར་འཕྲོ་བའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུའང་ཇི་ལྟ་བའི་མཎྜལ་རྡུལ་སྙེད་དུ་འཕྲོས་པས་ནམ་མཁའི་ཁམས་ཡོངས་སུ་བཀང་བ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་ཆེན་པོར་སྟབས་པ་ཐུན་མོང་ཕྱིའི་མཎྜལ་དང་།


previousམཎྜལ་གྱི་དབྱེ་བ།next