Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུན་མོང་ནང་གི་མཎྜལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུན་མོང་ནང་གི་མཎྜལ།next

ཐུན་མོང་ནང་གི་མཎྜལ།


GTN003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ལྟར་ཚོགས་དྲུག་ཡུལ་གྱི་སྣང་བ་ལ་རྟོག་པ་ཐམས་ཅད་གསེར་གྱི་ས་གཞི་དེར་འཇིག་རྟེན་གྱི་ཞེན་པ་ནི་དྲིའི་བྱུགས་པ། ས་གཞིའི་ཡུལ་ཁོག་སོགས་མདོར་ན་སྲིད་ཞིའི་ཕུན་ཚོགས་བདག་གིར་བཟུང་བ་ཐམས་ཅད་རི་རབ་གླིང་བཞི། དེ་དག་གི་སྐར་ཁུང་སོགས་སྣང་བའི་ཆ་ཐམས་ཅད་ཉི་ཟླ། དེའི་ཁོངས་སུ་གནས་པའི་ཕ་མ་བུ་ཚ་མཛའ་གྲོགས་འཁོར་གཡོག་སོགས་མདོར་ན་ཡིད་ཀྱིས་གཅེས་དགུར་བཟུང་བ་ཐམས་ཅད་འདོད་པའི་ཡོན་ཏན་ལྔའི་རང་བཞིན་དུ་བརྒྱན་ནས་ཆགས་མེད་ཞེན་བྲལ་དུ་བསྟབས་པ་དང་། གསང་བ་ལྟར་ན་རང་ལུས་ཀྱི་རྐང་པ་གཉིས་བགྲད་པ་གཞུ་དབྱིབས་སུ་ཡོད་པ་ནི་རླུང་དཀྱིལ་སུམ་མདོ་གྲུ་གསུམ་མེ་དཀྱིལ། ལྟོ་བ་ཟླུམ་པོ་ཆུ་དཀྱིལ། སྙིང་ག་གྲུ་བཞི་ས་དཀྱིལ། དེ་དག་ཀུན་ལ་ཁྱབ་པ་ནམ་མཁའ་སྟེ་འབྱུང་བ་ལྔའི་དཀྱིལ་འཁོར། སྒལ་ཚིགས་རི་རབ། ལུས་འདོམ་གང་གྲུ་བཞི་གཞལ་ཡས། ཁ་སྣ་གསང་གནས་བཤང་ལམ་རྣམས་སྒོ་བཞི། མིག་རྩིག་པ་རྣམ་ལྔ། སྣ་བུག་རིན་པོ་ཆེའི་ཕ་གུ། ལྕེ་དང་མཆུ་འདོད་སྣམ། རྣ་བ་རྟ་


GTN003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བབས་སོགས་ལུས་དཀྱིལ་རྣམ་པར་རྫོགས་པ་དང་། པགས་པ་གསེར་གྱི་ས་གཞི། ཁྲག་བྱུག་པ། སྒལ་ཚིགས་རི་རབ། ཡན་ལག་བཞི་གླིང་བཞི། ཉིང་ལག་རྣམས་གླིང་ཕྲན། མིག་དང་རོ་རྐྱང་གཉིས་ཉི་ཟླ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། བྱང་ཆུབ་ཀྱི་སེམས་ལྷ་མིའི་འབྱོར་ཚོགས་ཏེ་རང་ལུས་སྣོད་བཅུད་ཀྱི་འཇིག་རྟེན་རིན་པོ་ཆེའི་འབྱུང་ཁམས་སུ་སྤྲོས་ཏེ་འབུལ་བ་དང་། དེ་ཁོ་ན་ཉིད་མཁའ་ཁྱབ་ཀྱི་ཞིང་ཁམས་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་གཏམས་པ་འཁོར་གསུམ་ཡོངས་སུ་དག་ཅིང་རྣམ་པར་མི་རྟོག་པའི་རང་བཞིན་ཉིད་དུ་རྒྱས་བཏབ་སྟེ་འབུལ་བའོ། ། ཕྱི་སྣོད་ནང་བཅུད་གསང་བ་རྟོག་ཚོགས་དེ་ཁོ་ན་ཉིད་ཆོས་དབྱིངས་མུ་མཐའ་དང་བྲལ་བ། ཕྱི་རིགས་ལྔ་གངས་ཅན་མཚོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་བརྟེན་པའི་ཚངས་ཆེན་བསྐལ་པ་ཆེན་པོའི་ཞིང་ཁམས་སུ་འབྱམས་སུ་ཀླས་པ་རྒྱ་ཆེར་སྤེལ་ཏེ་འབུལ་བ་སྤྲུལ་སྐུའི་མཎྜལ། ནང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་རང་བྱུང་རིག་པའི་དཀྱིལ་འཁོར་ཡེ་ཤེས་ལྔའི་རྣམ་རོལ་ལས་སྐུ་དང་ཞིང་ཁམས་ཀྱི་སྣང་བ་རྒྱ་ཆེ་མུ་མེད་ཀྱི་སྣང་བ་ཚངས་པ་རྔ་སྒྲའི་འཇིག་རྟེན་གྱི་ཞིང་ཁམས་ཡོངས་སུ་རྫོགས་པ་འབུལ་བ་ལོངས་སྐུའི་མཎྜལ། གསང་བ་རང་སྣང་འོད་གསལ་རྡོ་རྗེའི་སྙིང་པོའི་ཞིང་ཁམས་འོད་གསལ་སྒོམ་སྟོབས་ཀྱི་མཐུ་ལས་གྲུབ་པའི་སྐུ་དང་ཞིང་ཁམས་ཐིག་ལེ་ཐིག་ཕྲན་གྱི་ཚོམ་བུར་
འཁྱིལ་བ་རྣམས་དང་། གཞི་འབྲས་ཀྱི་སྐབས་སུའང་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་ཐོག་མ་དང་། ཐ་མ་དང་། མཐའ་དབུས་ཀྱི་གོ་སྐབས་བྲལ་བ་ཕྱི་ནང་མེད་པ་ཀུན་ཏུ་ཟང་ཐལ་བ་རྣམ་པ་ཐམས་ཅད་པར་འཆར་བ་ཆོས་སྐུའི་མཎྜལ། དེ་ཁོ་ན་ཉིད་སྨྲ་བསམ་བརྗོད་མེད་སྐྱེ་འགག་གནས་གསུམ་དང་བྲལ་བའི་གཤིས་ལུགས་སྐུ་གསུམ་གྱི་རང་བཞིན་དུ་ལྷུན་གྱིས་གྲུབ་ཅིང་། བཅིང་བཀྲོལ་ལས་འདས་པའི་རིག་པ་རྒྱ་ཡན་ཅོག་བཞག་ལྷུན་འབྱམས་ཟང་ཐལ་སྒྲིབ་གཡོག་དང་བྲལ་བའི་ཀློང་དུ་འཁོར་འདས་ཀྱི་གཉིས་ཆོས་ཐམས་ཅད་དུ་མ་རོ་གཅིག་གི་ཚོམ་བུར་བཀོད་པ་ངོ་བོ་ཉིད་སྐུའི་མཎྜལ་ཏེ། མདོར་ན་གཞན་དུ་མཎྜལ་ལ་རྣམ་དབྱེ་དང་མིང་ཇི་ཙམ་དུ་བཏགས་ཀྱང་བཤད་མ་ཐག་པ་རྣམས་ཀྱི་ཁོངས་སུ་འདུ་བས་འདིར་ནི་ཕྱོགས་མཚོན་པ་ཙམ་སྟེ། མཎྜལ་གྱི་ཚོམ་བུ་ལའང་སྐུ་གསུམ་གྱིས་དབྱེ་བའི་མཎྜལ་ཚོམ་བུ་བཅོ་ལྔ་པ་དང་། དགུ་པ་དང་། ལྔ་པ་དང་། བརྒྱད་པ་དང་། བཅུ་གཉིས་པ་སོགས་འགོད་པ་དང་། གཞན་དུ་ཚོམ་བུ་ཉེར་གསུམ་པ་དང་། བཅུ་གསུམ་དང་། སོ་བདུན་མ་སོགས་འགོད་ཚུལ་མང་ཡང་།


previousཐུན་མོང་ནང་གི་མཎྜལ།next