Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚོམ་བུ་སོ་བདུན་མ་འདི་ཉིད་ཕྱག་བཞེས་སུ་མཛད་པ་ལྟར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚོམ་བུ་སོ་བདུན་མ་འདི་ཉིད་ཕྱག་བཞེས་སུ་མཛད་པ་ལྟར།next

ཚོམ་བུ་སོ་བདུན་མ་འདི་ཉིད་ཕྱག་བཞེས་སུ་མཛད་པ་ལྟར།


GTN003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཕྱག་བཞེས་ལྟར་དེང་སང་ཡོངས་གྲགས་ལ་ཚོམ་བུ་སོ་བདུན་མ་འདི་ཉིད་ཕྱག་བཞེས་སུ་མཛད་པ་ལྟར་ན། ཕྱི་སྣོད་ཀྱི་འཇིག་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོར་སྣང་བ་རི་རབ་གླིང་བཞི་གླིང་ཕྲན་


GTN003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཀོད་པའི་ཚད་གྲངས་ལས་འདས་པ་དང་། ནང་གཡོ་བ་བཅུད་ཀྱི་སེམས་ཅན་རྒྱུ་བ་དང་མི་རྒྱུ་བའི་རིགས་སྤྱི་དང་བྱེ་བྲག་གི་ཚད་བཟུང་དཀའ་བའི་མཆོག་ལྷ་དང་མིའི་འབྱོར་ཚོགས་ཐམས་ཅད་དང་། གསང་བ་རྟོག་ཚོགས་སེམས་ཀྱི་འཕྲོ་འདུ་འགགས་མེད་ཅིར་ཡང་འཆར་བའི་རང་བཞིན་རྣམ་པ་ཐམས་ཅད་པར་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་དུ་སྤྲོས་ཏེ་འབུལ་བ་སྤྲུལ་སྐུའི་མཎྜལ་ཞེས་བྱ་སྟེ། ཇི་སྐད་དུ། གསེར་གྱི་ས་གཞི་རི་དབང་ལྷུན་པོས་བརྒྱན། །གླིང་བཞི་གླིང་ཕྲན་ཉི་ཟླ་གཟའ་སྐར་བཀྲ། །ལྷ་མིའི་འདོད་ཡོན་ཕུན་ཚོགས་དང་ལྡན་པས། །གླིང་བཞི་འཇིག་རྟེན་རྒྱན་གྱུར་རྣམས་ཀྱིས་མཆོད། །ཅེས་དང་། ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་ཇི་སྙེད་རི་རབ་གླིང་བཞིའི་འཇིག་རྟེན་ཁམས། །ལྷ་དང་མི་ཡི་འདོད་ཡོན་ཕུན་ཚོགས་བདེ་གཤེགས་མཆོད་པའི་སྤྲིན་ཕུང་ཅན། །ཚངས་ཆེན་བསྐལ་པས་ལེགས་པར་རྒྱན་ཏེ་དགེ་ལེགས་རྒྱ་མཚོའི་བསོད་ནམས་ཞིང་། །ཞེས་དང་། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སོགས། །རི་རབ་གླིང་བཅས་རྡུལ་སྙེད་མཆོད་སྤྲིན་གཏིབས། །ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་འདི། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། ། ཞེས་གསུངས་ཏེ། དེ་ལྟ་བུའི་མཎྜལ་གྱི་རིམ་པ་བླ་མ་བརྒྱུད་པའི་ཕྱག་བཞེས་ལྟར་ལག་ཏུ་བླངས་པ་ལ། ཐོག་མར་སེམས་ཀྱི་རང་བཞིན་དྲི་མ་མེད་པར་མཚོན་ཕྱིར་མཎྜལ་གྱི་རྡུལ་ཐམས་ཅད་ཕྱིས་ལ། གཞུང་འགའ་ཞིག་ཏུ་འདིར་བསྟུན་ཡིག་
བརྒྱ་བཟླས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱང་བར་བསམ་པ་སོགས་བཤད་ཀྱང་དེང་སང་ཕྱག་ལེན་ལ་མི་མཛད་ཅིང་། དྲི་བཟང་གི་ཆུ་བ་བྱུང་ལྔ་དང་སྦྱར་བའི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རླན་དང་མི་འབྲལ་ཞིང་སྦྱིན་པ་རྣམ་བཞི་ཡོངས་སུ་གཏོང་བའི་བརྡར་མཎྜལ་གྱི་མཐའ་བསྐོར་ནས་གཡོན་འཁོར་དུ་བྱས་ལ་རིམ་པས་བྱུག་པ་དང་བསྟུན། ༀ་བཛྲ་བྷུ་མི་ཨཱཿ ཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི་ཞེས་བརྗོད་པས་མཎྜལ་གྱི་སྟེང་དུ་འབྱུང་བ་རིམ་བརྩེགས་ཀྱི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ་དབང་ཆེན་གསེར་གྱི་ས་གཞི་རྒྱ་ཁྱོན་ཚད་ལས་འདས་པ་དང་། དྲི་བཟང་ཡང་རྒྱ་མཚོར་བསྒོམས་པར་བྱས་ལ།


previousཚོམ་བུ་སོ་བདུན་མ་འདི་ཉིད་ཕྱག་བཞེས་སུ་མཛད་པ་ལྟར།next