Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔགས་ཀྱི་སྒྲ་དོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔགས་ཀྱི་སྒྲ་དོན།next

སྔགས་ཀྱི་སྒྲ་དོན།


GTN003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྒྲ་དོན་ནི། ཨ་མ་ར་ཀོ་ཥར་ༀ་ཡིག་རབ་སྔགས་དག་ནི་མཚུངས། །ཞེས་དང་། དེ་འབྲེལ་འདོད་འཇོར། ༀ་གྱི་སྒྲ་པྲ་ཎ་མ྄་སྟེ་རབ། སྔགས་སུ་གྲགས་པའོ། །ཞེས་དང་། ༀ་ནི་ཨེ་ཝཾ་རབ་སྔགས་ནོ་ཞེས་དྲག་པོས་སོ། །འབྱུང་པོ་རྣམས་སྲུང་བར་བྱེད་པས་ༀ་ཨ་བ་ལས་བྱོ་མན྄་ལ་སོགས་པ་ཉིད་ཀྱི་ཕྱིར་མན྄་ནིན྄་དང་། དེའི་དང་མཐའི་ཨཙཱ་ལ་སོགས་པ་དབྱིའོ། །ཞེས་བཤད་པས། ཨ་བ་དང་། རཀྵ་སྲུང་བའམ་སྐྱོང་བའི་བྱིངས་ལ། ཀ་ལ་པར། ཨ་བ་ལས་འ་ཨར྄་ལས་མ་ནིན྄་འོས་རྐྱེན་མ་ནིན྄། ཨིན྄་བརྗོད་དོན་ཨ་བ་ཏིའི་མཐའ་དབྱིབས་ཨན྄་ཕྱིས་ཚ་བ་དག་གི་ལྔ་པ་ལ་ཤ་ཨུཊ་འོས་ཝཱ་ཨུཊ། ཤྲཱིའི་ཨ་བི་མ་བི། ཛྭ་ཏི་ཏྭ་ར་རྣམས་ཀྱི་ཨུད་པ་དྷཱའིའང་ངོས་ཨའང་ཨཱུཊ། ཨ་ཡིག་ལས་ཨཱུཊའི་འཕེལ་བ་འོས་ཊ་གཉིས་ཕྱིས་མཚུངས་འདྲ་དང་། ནཱ་མིན྄་མཐའི་བྱིངས་ཡོན་ཏན་བྱས་པས་ཨོ་འཇིག་རྟེན་


GTN003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉེར་སྤྱོད་ཀྱིས་མ་ང་རོ་བྱས་པས་ༀ་ཞེས་གྲུབ་སྟེ། རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པ་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བ་བཟང་པོ་རྣམས་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་གསུངས་ཏེ། མཆོག་དང་། ནོར་དང་། དཔལ་དང་། གཏེར་དང་། གཡང་རྣམས་རིམ་བཞིན་དངོས་གྲུབ་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། བསོད་ནམས་དང་། ལུས་སེམས་བདེ་བར་མྱོང་བ་ལྟར་སྒྲུབ་པ་དང་དམ་བཅའ་བ་སྟེ་མི་འགྱུར་བ་དང་། བཀྲ་ཤིས་པ་དང་། རིགས་སྔགས་ཀྱི་ནོར་བུ་འཛིན་པ་སྟེ། སྙིང་རྗེ་རྟག་ཏུ་དགེ་བས་སྔགས་སྤྲུལ་ཞིང་སྔགས་བཟླས་པ་དེ་རྟོགས་པར་བྱེད་པའི་ཕྱིར། དོན་མཐར་ཕྱིན་པར་འགྱུར་བས་ན་སྔགས་ཀྱི་འགོ་འདྲེན་སུ་སྨོས་སོ་ཞེས་ཀྱང་ལ། ཡང་གཏེར་གཞུང་རྣམས་སུ། ཨཱ་ཟླ་ཚེས་འ་ཆུང་དང་བཅས་སྦྱར་བའི་ཡེ་ཤེས་ལྔར་བཤད་དེ། ཐིག་ལེ་མེ་ལོང་། ཟླ་ཚེས་སོར་རྟོག །ན་རོ་མཉམ་ཉིད། འ་བྱ་གྲུབ། ཨ་ཁོག་ཆོས་དབྱིངས་ཡེ་ཤེས་ཏེ། བཀའ་བརྒྱད་གསང་ཆེན་རིགས་གཅིག་གི་རྒྱུད་ལས། ཡེ་ཤེས་ཆོས་ཀྱི་དབྱིངས་ཡེ་ཤེས། རིགས་དེ་བཞིན་གཤེགས་པའི་རིགས། ཐིག་ལེ་སྤྲོས་པ་དང་བྲལ་བ་སྟེ། ཡེ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས། རིགས་རྡོ་རྗེའི་རིགས། ན་རོ་སྐྱེ་བ་མེད་པ་ལས་སྐྱེ་བས་ཆོ་འཕྲུལ་འབྱུང་བས། ཡེ་ཤེས་མཉམ་པ་ཉིད་ཀྱི་ཡེ་ཤེས། རིགས་རྡོ་རྗེའི་རིགས། ཟླ་ཚེས་གསལ་བ་མ་འདྲེས་པས། ཡེ་ཤེས་སོ་སོར་རྟོག་པའི་ཡེ་ཤེས། རིགས་པདྨའི་རིགས། འ་ལས་


GTN003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པ། ཡེ་ཤེས་བྱ་བ་ནན་ཏན་ཡེ་ཤེས། རིགས་ལས་ཀྱི་རིགས་སོ། །དེ་ལྟར་ཡེ་ཤེས་ལྔ་དང་སྐུ་ལྔ་ཨཱ་ལ་ཚང་བས། ཡེ་ཤེས་ལྔ་དང་སྐུ་ལྔས་མ་ཁྱབ་པའི་སངས་རྒྱས་ཡོད་པ་མ་ཡིན་ནོ། །ཞེས་སོགས་གསུངས་ཀྱང་། འདིར་ནི་བཀྲ་ཤིས་པའི་ཡི་གེས་མགོ་དྲངས་ཏེ་མཆོད་རྫས་ཀྱི་རང་བཞིན་ལ་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱོང་བར་བྱེད་པ་ལ་བཤད་དོ། ། བཛྲ་ནི་ཊུ་ཨོ་སྥུརྫི་རྡོ་རྗེ་ངེས་པར་འཐག་པའི་བྱིངས་ལ་ཙནྟྲའི་ཨུནྟྲ་མདོར་རཀྕི་བཀྕི་ཤ་ཀི་སོགས་ལས་རཀ྄་རྐྱེན་དབྱིངས་ཀྱི་རྒྱུ་ཨོ་འབྲོ་བ་དང་། རྐྱེན་གྱི་ཀ྄ིར་ཕྱིས། སྥུརྫིའི་བ་རྫི་འོས་དེར་བསྒྱུར་ཨིརྡ་ཕྱིས་དྲངས་པས་བཛྲ་གྲུབ་རྡོ་རྗེ་སྟེ། འོག་གཞིའི་ས་གཞི་དེ་ཉིད་སྲ་ཞིང་བརྟན་པའི་ཕྱིར་རྡོ་རྗེའི་སྒྲས་བཏགས་ཏེ། རྡོ་རྗེ་ནི་མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་ཞེས་ཆོས་བདུན་ལྡན་དུ་བཤད་དེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མེད། །སྲེགས་པར་བྱེད་དང་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་པ་ལྟར་ཏེ། དེ་ཡང་སྔོན་གྱི་བྱུང་བ་བརྗོད་ན། རི་རབ་ཀྱི་ཁོང་སེང་དུ་གནས་པའི་བྲམ་ཟེ་ཞོ་འཐུང་གི་རུས་པ་རྡོ་རྗེའི་རང་བཞིན་གྱི་ཡོན་ཏན་རྣམས་ཚངས་པ་ལ། ལྷའི་དབང་པོས་མཚོན་ཆ་བརྡར་བའི་ཕྱེ་མ་རྒྱ་གར་རྡོ་རྗེ་གདན་སོགས་སུ་འཐོར་བས་བསྐལ་པ་འཇིག་དུས་ཀྱང་སྟོང་པར་མི་ནུས་པ་དང་། འཛམ་གླིང་གི་ས་སྤྱིས་སངས་


GTN003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཞབས་མི་ཐེག་ལ་དེར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་འབྱོན་ནུས་པ་སོགས་ཀྱི་དོན་དུ་འཇིག་རྟེན་ན་སོ་སྐྱེས་ཕལ་པ་རྣམས་ལ་གྲགས་པ་ལྟར་དང་། འདི་ཡང་སྟོང་ཉིད་ཀྱི་རང་བཞིན་ཅི་ཡང་འཕྲུལ་བའི་སྣོད་བཅུད་ཀྱི་བཀོད་པ་ལ་མཚན་མའི་བགེགས་ཀྱིས་འཇིག་པར་མི་ནུས་པས་རྡོ་རྗེར་བཤད་ལ། བྷུ་མི་ནི་ཨ་མ་ར་ཀོ་ཥར། ས་གཞི་གཡོ་མེད་མཐའ་ཡས་གཞི། །བཅུད་ལྡན་ཀུན་འགེངས་བརྟན་མ་དང་། །འཛིན་མ་འཛིན་བྱེད་འཆིང་བྱེད་གནས། །སྒྲ་ལྡན་རྒ་གནས་འོས་སྲུང་ཕྱིན། །ཀུན་བཟོད་ནོར་ལྡན་དབྱིག་འཛིན་དང་། །ཡང་ལྡན་ནོར་འཛིན་ཆུ་སྐྱོབ་པ། །རྒྱ་ཆེན་ཡང་མ་བཟོད་ལྡན་དང་། །སྲུང་བྱེད་ཞག་ལྡན་མཆོད་བྱེད་དོ། །ཞེས་ས་གཞིའི་མིང་གི་མངོན་བརྗོད་ཀྱི་རྣམ་གྲངས་མང་དུ་གསུངས་ལ། དེ་འབྲེལ་འདོད་འཇོར། བྷུ་ཞེས་པ་འདི་ལས་འབྱུང་པོ་རྣམས་འབྱུང་བས་ན་ས་གཞི་སྟེ། སམ་པད྄་སོགས་ཀྱིས་ཀྭ྄ཀོ་བྷཱུ་མི་སྐྲུན་བྱེད་དོ། །ཨཱུརྨྨི། རཤླི། བྷཱུ་མི་རྣམས་སོ། །ཞེས་པས་མིང་དང་། ཨར྄་ཨིང྄་ལིད་པའོ། །ཞེས་བཤད་པ་ལྟར། བྷཱུ་ཡོད་པ་ལ། ཙཱནྟྲའི་ཨུཎ་མདོར་བྱུང་བ་ལྟར་མི་བྱིན་པས་བྷུ་མི་ཞེས་གྲུབ་པས་ས་གཞི་ལ་འཇུག་སྟེ། དེ་ཡང་བསྐལ་པའི་ཆགས་ཚུལ་དང་བསྟུན་ན། སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་ཞེས་པས། གང་གི་ཚེ་འཇིག་རྟེན་སྟོང་པའི་བར་བསྐལ་ཉི་ཤུ་རྫོགས་པའི་རྗེས་ལ། དང་པོ་མཁའ་ནི་རྒྱུ་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་གྲུབ་སྟེ། འདིའི་དུས་ན་ཡིད་རྣམ་པར་དྭངས་པ་ཞེས་བྱ་བའི་ནམ་མཁའ་དཀར་པོའི་འོད་དང་ལྡན་པ་ཆོས་སྟོང་


GTN003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་གི་སྣོད་བརྟེན་པར་བྱེད་པ་ཆགས་སོ། །དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཏེ། རིང་བའི་རྒྱུ་འདིར་སྐྱེ་བའི་སེམས་ཅན་ཐུན་མོང་གི་ལས་དང་། ཉེ་བའི་རྒྱུ་ནི་རླུང་ལྔ་སྟེ། དེ་ཡང་རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་སྔོ་ལ་འཕྱུར་བ་ལངས་པ་ལས་ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ཞེས་བྱ་བས་ཕྱོགས་ཀུན་ཏུ་བརྡལ་ཏེ་ནམ་མཁའ་ལ་ན་བུན་ལྟར་འཁྲིགས། རྩུབ་འགྱུར་གྱི་རླུང་ཡཾ་ཞེས་བྱ་བའི་རང་སྒྲ་བཅས་པས་ནམ་མཁའ་ལ་སྤྲིན་བཞིན་གཏོར། རྣམ་པར་སྡུད་བྱེད་ཀྱི་རླུང་གིས་དེ་དག་བསྡུས་པས་རྒྱ་ཆེ་ལ་དཔངས་མཐུག་པར་བྱས། སྨིན་བྱེད་མེའི་རླུང་དམར་གསལ་ལས་མེ་མཆེད་ནས་བསྲེགས་པས་རླུང་གི་དཀྱིལ་འཁོར་འཇམ་ཞིང་ཁོད་སྙོམས་པར་ཆགས། འབྱེད་བྱེད་རླུང་གི་རླུང་ཞེས་བྱ་བས་ཁ་དོག་སྣ་ཚོགས་པར་འུར་གྱིས་ལངས་པ་ལས་དེ་དག་སོ་སོར་གཏོར། དེ་ནས་སྲུབ་བྱེད་གྱི་རླུང་གིས་བསྲུབས་པས་ལེགས་པར་ཆགས་པ་ཡིན་ལ། རླུང་གི་ཁ་དོག་ནི་ནོར་བུ་ཨིནྡྲ་ནཱི་ལའི་རྣམ་པ་ལྟ་བུའོ། །དབྱིབས་ནི་རྡོ་རྗེ་རྒྱ་གྲམ་ལ་མུ་ཁྱུད་ཟླུམ་པོས་བསྐོར་བ་ལྟ་བུའོ། །ཚད་ནི་རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་དང་། རྒྱར་གྲངས་མེད་པར་ཡོད་དོ། །བྱེད་ལས་སྲ་ཞིང་མཁྲེགས་པ་དེས་ཆུ་ལ་སོགས་པ་བརྟེན་པའི་ལས་བྱེད་དོ། །དེ་ལྟར་རླུང་གི་དཀྱིལ་འཁོར་ཆགས་པའི་རྗེས་ལ། ཆུའི་དཀྱིལ་འཁོར་ནི་སྟེང་གི་ནམ་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་དུ་བབས་པས་ཞི་བ་གསལ་དག་གི་ཆུ་ཞེས་བྱ་བ་དབྱིབས་ཟླུམ་པོ་ཟླ་བ་རྒྱས་པ་ལྟ་


GTN003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་ཉི་ཁྲི་པ་ལས་གཞན་དུ་མི་འཁོ་བའི་ཕྱིར། མཐའ་བསྐོར་རྣམས་ནས་བརྟེན་པར་བྱེད་པའི་རླུང་གིས་བསྐོར་བའོ། །དེའི་སྟེང་གི་དཀྱིལ་འཁོར་གྱི་རྒྱུ་ནི་ཆུའི་འོག་གཞི་རླུང་གི་དཀྱིལ་འཁོར་ལས་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་གཟེར་བའི་སྒྲ་དང་བཅས་པ་ཞིག་བྱུང་ནས་ཆུ་དེ་དག་ཀུན་ནས་བསྡུས་ཤིང་བསྲུབས་པ་ལས་གསེར་གྱི་ས་གཞི་མཚོ་ལ་དར་ཆགས་པ་ལྟར་གྲུབ་སྟེ་དབྱིབས་གྲུ་བཞི་ཁ་དོག་སེར་པོ་དང་། ཆུ་ཡི་ཟབས་སུ་དཔག་ཚད་སུམ་འབུམ་དང་ཉི་ཁྲི་ཆུ་དང་ས་གཉིས་ཀའི་རྒྱར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ། བརྒྱ་ཕྲག་ཕྱེད་ལྔ་སྟེ། མཐར་བསྐོར་ནི་སུམ་འགྱུར་རོ། །དེས་བརྟེན་པ་ས་གཞིའི་རྣམ་བཞག་ཅུང་ཟད་འཕྲོས་དོན་དུ་སྨོས་པ་སྟེ། ད་ལམ་གྱི་སྐབས་སུ་ནི་སྐད་ཅིག་གིས་ཐོལ་བྱུང་དུ་དབང་ཆེན་གསེར་གྱི་ས་གཞིར་བསྐྱེད་པ་ཡིན་པས་འདིར་བརྗོད་པ་མི་འབྲེལ་ལོ་སྙམ་ན། གོ་བ་སློང་བའི་ཕྱིར་ཟུར་ཙམ་སྨྲས་པ་ལ་འགལ་བར་མི་སེམས་ཏེ། ཇོ་ནང་རྗེ་བཙུན་གྱིས་དུས་འཁོར་སྦྱོར་དྲུག་གི་ཁྲིད་ཡིག་ཏུ། མཎྜལ་གྱི་གཞི་རྟེན་དུ་རླུང་མེ་ཆུའི་དཀྱིལ་འཁོར་རྣམས་བསྒོམ་ནུས་ནའང་ལེགས་ལ་མ་བསྒོམས་ཀྱང་མི་འགལ་ཞེས་གསུངས་པའི་ཕྱིར་རོ། ། ཨཱཿ ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེར་མཚོན་པའི་ས་བོན་ཡིན་ལ། འདིར་ནི་སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་གནས་པ་ལ། དེ་ལྟ་བུར་རྟོགས་པ་ཏིང་ངེ་འཛིན་གྱི་སྤེལ་བའི་དགོས་


GTN003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏེ། སྒྱུ་འཕྲུལ་གསང་སྙིང་ལས། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །ཞེས་བཤད། ཧཱུྃ་ཡིག་ནི་གཏེར་གཞུང་རྣམས་སུ་ཟླ་ཚེས་སྦྱར་ནས་ཞབས་ཀྱུ་མཉམ་ཉིད་དང་། གཞན་ༀ་ལྟར་ཡེ་ཤེས་ལྔ་སྦྱར་བ་དང་། ཡང་ན་བྱང་ཆུབ་ཀྱི་སེམས་ལྔར་སྦྱར་བ་ཡང་ཡོད་དེ། བཀའ་བརྒྱད་བདེ་འདུས་གསང་ཆེན་རིགས་གཅིག་གི་རྒྱུད་ལས། ཧ་དོན་དམ་བྱང་ཆུབ་ཀྱི་སེམས་མཚོན་པ་མྱ་ངན་ལས་འདས་པ་བྱང་ཆུབ་ཀྱི་སེམས་དང་། ཟླ་ཚེས་ནི་རང་བཞིན་མེད་པ་བྱང་ཆུབ་ཀྱི་སེམས་སོ། །ཞབས་ཀྱུ་མཁའ་ཀློང་ཡངས་པ་བྱང་ཆུབ་ཀྱི་སེམས་སོ། །འ་མ་ཚང་བ་མེད་པ་བྱང་ཆུབ་ཀྱི་སེམས་སོ། །ཐིག་ལེ་ནི་མ་བཅོས་པའི་མཐའ་གང་ལའང་མི་གནས་པའི་བྱང་ཆུབ་ཀྱི་སེམས་སོ། །ཞེས་དང་། ཞལ་ལུང་འགྲེལ་བ་སྨན་ཞབས་ཀྱིས་མཛད་པར་ནི་རིགས་ལྔའི་མཚོན་བྱར་མཛད་དེ་ཇི་སྐད་དུ། ཟླ་ཕྱེད་ཐིག་ལེ་རྣམས་སྒེག་པ། །མགོ་བོ་ཨེ་ཡིག་མཐུར་དུ་བལྟས། །མི་བསྐྱོད་པ་ཡི་ངོ་བོ་འོ། །དྲིལ་བུ་ལྟ་བུའི་ལུས་ཉིད་ནི། །རིན་ཆེན་རྟགས་ཀྱི་ངོ་བོ་འོ། །དེ་ཡི་ཕྱི་རོལ་དབྱུག་པ་ནི། །ཚེ་དཔག་མེད་ཀྱི་ངོ་བོ་འོ། །རིང་པོ་ཨཱུ་ནི་ཕྱི་ཕྱོགས་འགྱུར། །དོན་ཡོད་གྲུབ་པའི་ངོ་བོ་འོ། །ཞེས་རྒྱ་ཡིག་གི་ཧཱུྃ་སྦྱར་བ་ལྟར། ཟླ་ཚེས་ཐིག་ལེ་རྣམ་སྣང་། མགོ་བོ་མི་བསྐྱོད་པ། ཧའི་ཁོག་པ་རིན་འབྱུང་། འ་ཚེ་དཔག་མེད། ཨུ་དོན་གྲུབ་དང་སྦྱར་ནས་བཤད་པ་སོགས་ཡོད་ཀྱང་འདིར་ནི་ཧཱུྃ་ཡིག་མི་བསྐྱོད་པའི་ས་བོན། མེ་ལོང་


GTN003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱིས་མེ་ལོང་གི་ངོས་སུ་ཅི་ཡང་འཆར་བ་ལྟར་མཆོད་རྫས་རྣམ་པ་གང་འདོད་པའི་དངོས་པོ་ཅི་ཡང་བསྒྱུར་བར་བྱེད་པའི་དགོས་ཆེད་དོ། ། དེ་ནས་སྔར་གྱི་དྲིའི་ཐིག་ལེ་བྱུགས་བཞིན་པའི་ལག་པ་མ་བཏེགས་པའི་འཕྲོ་དེར་སྲིན་ལག་གིས་མཎྜལ་གྱི་མཐའ་ནས་སྐོར་ཞིང་། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ་ཕྱིའི་ལྕགས་རི་ཁོར་ཡུག་གིས་སྐོར་བའི་དབུས་སུ་ཧཱུྃ་ཞེས་བརྗོད་ནས། དབུས་སུ་ནས་འཐོར་ལ། སྔགས་ཀྱི་སྒྲ་དོན། ༀ་ཨཱཿཧཱུྃ་སྐུ་གསུམ་གྱི་ས་བོན་ཏེ་ཕྱི་སྣོད་བཅུད་སྤྲུལ་སྐུའི་མཎྜལ་དང་། ནང་རྟོག་ཚོགས་མཆོད་པའི་ཕྱག་རྒྱར་སྤྲོ་བ་ལོངས་སྐུའི་མཎྜལ། གསང་བ་འབུལ་བྱ་འབུལ་བྱེད་འབུལ་ཡུལ་སོགས་མི་དམིགས་པའི་རྩིས་ཟིན་པ་ཆོས་སྐུའི་མཎྜལ་ཏེ་རྣམ་པ་གསུམ་ཀའི་མཎྜལ་འདུ་བར་མཚོན་པ་དང་། བཛྲ་རྡོ་རྗེ་སྟེ་དེ་གསུམ་ཀ་དབྱེར་མེད་རྡོ་རྗེའི་རང་བཞིན་དུ་ཟུང་དུ་འཇུག་པའམ། ཡང་ན་བཛྲ་རེ་ཁེ་ཞེས་རྡོ་རྗེའི་རི་མོ་ཞེས་པར་འགྱུར་བས། དོན་དུ་སྔར་བཤད་ལྟར་གྱི་ས་གཞིའི་མཐའ་ནས་མུ་ཁྱུད་ལྕགས་ལས་གྲུབ་པའི་བསྐོར་བ་ལ་བཤད་ལ། ལར་གླིང་བཞི་རི་རབ་འདོད་ལྷའི་གནས་དྲུག་ཚངས་པའི་འཇིག་རྟེན་དང་བཅས་པ་གཅིག་གི་མཐར་ཁོར་ཡུག་མུ་ཁྱུད་དཔག་ཚད་བཞི་ཁྲི་འཕགས་པའི་བསྐོར་བ་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ། དེ་འདྲ་བ་སྟོང་གི་མཐའ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་གནས་དང་མཉམ་པའི་ལྕགས་རིས་བསྐོར་བ་ལ་སྟོང་དང་པོ་སྤྱི་ཕུད་དང་། དེ་འདྲ་བ་སྟོང་གི་མཐའ་ལ་གཞན་འཕྲུལ་


GTN003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་པའི་ལྕགས་རིས་བསྐོར་བ་ལ་སྟོང་བར་མ། དེ་འདྲ་བ་སྟོང་གི་མཐར་ཚངས་རིས་དང་པོ་དང་མཉམ་པའི་མཐོ་ཁྱད་པར་ཅན་གྱི་ལྕགས་རི་མུ་ཁྱུད་དང་བཅས་པས་བསྐོར་བ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་སྟེ། དེའི་ནང་ན་ནི། རི་དང་། གླིང་དང་། ཉི་མ། ཟླ་བ་སོགས་ཐེར་འབུམ་ཆེན་པོ་བྱེ་བ་ཕྲག་བརྒྱར་གནས་པར་བཤད་ཅིང་། དུང་ཕྱུར་ནས་བཅུ་འགྱུར་གྱིས་འགྲེ་བས་གོང་འཕེལ་དུ་འགྱུར་བའི་མིང་ལ་ཐེར་འབུམ་དང་། ཐེར་འབུམ་ཆེན་པོ་སོགས་སུ་བགྲངས་པ་ཡིན་ལ། དེས་ན་སྟོང་གསུམ་གྱི་འཇིག་རྟེན་འདི་དག་ཐ་དད་པ་ལྟར་སྣང་ཡང་འོག་གཞི་རླུང་གི་དཀྱིལ་འཁོར་གཅིག་གི་རང་བཞིན་དུ་རྩ་བ་རྟེན་པ་གཅིག་པས་ཆགས་པ་ན། ཤར་དང་ལྷོ་ནུབ་བྱང་མཚམས་རྣམས་སུ་སྟེང་ནས་ཆར་བབས་པ་ལ་སོགས་པའི་རྐྱེན་གྱིས་རྡུལ་ཕྲན་འདུས་པ་ལས་ཆགས་པས་འགལ་བར་མི་འགྲོ་ལ། འདི་ནི་ལམ་པའི་བློ་ཁྱད་ཀྱི་དམིགས་པའི་གང་འཚམས་པར་བསྒོམ་པས་ས་གཞིའི་མཐར་ལྕགས་རིས་བསྐོར་བར་བསྒོམ་པ་ཡིན་པས་མཐའ་གཅིག་ཏུ་ལྕགས་རིའི་རྒྱ་དཔངས་སོགས་ཁ་ཚོན་གཅོད་དུ་མེད་ལ། དེའི་དབུས་སུ་ཧཱུྃ་ཞེས་བརྗོད་པ་ནི། རྡོ་རྗེ་རྩེ་མོ་ལས། སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་ཅིང་། །སྲིད་པའི་ཞགས་པ་གཅོད་པར་བྱེད། །གདུག་པ་སྔངས་ཤིང་གསོད་བྱེད་པར། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་བཤད་ལ། འདི་ནི་ཁྲོ་བོ་ཐམས་ཅད་འདུས་པའི་ཡང་སྙིང་བརྗོད་པས་བགེགས་བསལ་བ་ཡིན་པར་བཤད་ལ།
འདིར་འགའ་ཞིག་གིས་ཧཱུྃ་ལས་ཞེས་རི་རབ་བསྐྱེད་པའི་ས་བོན་དུ་འདོད་པ་མང་ཡང་། རྗེ་ཏཱ་ར་ན་ཐས་ནི་འདིར་སྐད་ཅིག་གིས་བསྐྱེད་པ་ལ་ས་བོན་མི་དགོས་ཏེ། གལ་སྲིད་ས་བོན་དགོས་པའི་དབང་དུ་བགྱིས་ཀྱང་ཧཾ་ལས་རི་རབ་བསྐྱེད་པ་ཡིན་པས་ཧཱུྃ་མིན་ལ། དེའི་ཚེ་ལ་ལས་ལུས་འཕགས་པོ་བསྐྱེད་པ་སོགས་ཚོམ་བུ་ཐམས་ཅད་ལ་ས་བོན་ཡོད་དགོས་པར་འགྱུར་ཞེས་གསུངས་ཀྱང་མཐའ་གཅིག་ཏུ་འདི་ཡིན་ལ་འདི་མིན་ཞེས་ངོས་གཟུང་བྱར་མེད་ཀྱང་བདག་གི་བླ་མ་རྣམས་ནི་བགེགས་སྐྲོད་བྱེད་དུ་བཞེད་དོ། །


previousསྔགས་ཀྱི་སྒྲ་དོན།next