Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཎྜལ་གྱི་དབུས་སུ་ཚོམ་བུ་ཆེ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཎྜལ་གྱི་དབུས་སུ་ཚོམ་བུ་ཆེ་བ།next

མཎྜལ་གྱི་དབུས་སུ་ཚོམ་བུ་ཆེ་བ།


GTN003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

༡༜ དེ་ནས་མཎྜལ་གྱི་དབུས་སུ་ཚོམ་བུ་ཆེ་བ་གཅིག་བཀོད་ནས་རི་ཡི་རྒྱལ་པོ་རི་རབ་ཅེས་བརྗོད་པའི་ཚེ་རི་རབ་དང་། དེའི་རྗེས་འབྲངས་སུ་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན་སོགས་ཀྱང་བསྒོམ་པར་འབྲེལ་ཞིང་། དེ་ཡང་སྔར་བསྐལ་པའི་ཆགས་ཚུལ་བཤད་པའི་འཕྲོས་དང་སྦྲེལ་ནས་རིའི་རྒྱུ་ནི། གསེར་གྱི་ས་གཞིའི་སྟེང་དུ་སྨིན་པར་བྱེད་པའི་རླུང་གིས་ཆུ་དང་སའི་དཀྱིལ་འཁོར་བསྲུབས་ཤིང་ནམ་མཁའ་ལས་ཁམས་སྣ་ཚོགས་པ་ཅན་གྱི་སྤྲིན་ལས་ཆུའི་རྒྱུན་ཡུན་རིང་པོར་བབས་པ་ལས་གྲུབ་སྟེ། དེ་ཡང་ཁམས་དང་པོ་འབྱེད་སྡུད་ཀྱི་རླུང་ལས་རི་རབ་ལྷུན་པོ་བྱེ་བ་ཕྲག་བརྒྱར། ཁམས་འབྲིང་པོ་འབྱེད་སྡུད་ཀྱི་རླུང་ལས་གསེར་གྱི་རི་བདུན་བྱེ་བ་ཕྲག་བརྒྱ་ཁམས་ཐ་མ་འབྱེད་སྡུད་ཀྱི་རླུང་ལས་ཕྱི་རོལ་ཁོར་ཡུག་ལྕགས་རི་གླིང་བཞི་གླིང་ཕྲན་དང་བཅས་པ་བྱེ་བ་ཕྲག་བརྒྱ་གྲུབ་པར་འགྱུར་ལ། དེ་ནས་དབུས་ཀྱི་རི་རྒྱལ་ལྷུན་པོ་དེའི་མཚན་ཉིད་གང་ཞིག་ཞེ་ན། ཇི་སྐད་དུ། རི་རབ་


GTN003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ལས་གྲུབ་ནི། །ཤར་ཤེལ་ལྷོ་ཕྱོགས་བཻ་ཌཱུརྱ། །ནུབ་ཕྱོགས་པདྨ་རཱ་ག་ལས། །དེ་བཞིན་བྱང་ཕྱོགས་གསེར་ལས་གྲུབ། །ཅེས་པས་རི་རབ་ཀྱི་ཤར་ཕྱོགས་དངུལ་ལམ་ཤེལ་ལས་གྲུབ་པས་དཀར་པོ། ལྷོ་ཕྱོགས་བཻ་ཌཱུརྱ་ལས་གྲུབ་པས་སྔོན་པོ། ནུབ་པདྨ་རཱ་གའི་ཆུ་ཤེལ་དམར་པོ་ལས་གྲུབ་པས་དམར་པོ། བྱང་གསེར་ལས་གྲུབ་པས་སེར་པོ། ཕྱོགས་བཞིའི་ནམ་མཁའ་དང་ཆུ་ཡང་དེ་དང་དེའི་མདོག་ཏུ་སྣང་བ་དབྱིབས་གྲུ་བཞི་དཔངས་སུ་དཔག་ཚད་འབུམ་ཕྲག་གཅིག་དང་དྲུག་ཁྲི་ཡོད་པ། འོག་གི་རྩ་བ་དབང་ཆེན་གསེར་གྱི་ས་གཞི་ལ་ཟུག་ཅིང་། དཔག་ཚད་བརྒྱད་ཁྲིར་རྒྱ་མཚོ་ཆེན་པོའི་ཆུ་ནང་དུ་ཚུད་པ་ནི་རི་རབ་ཁོ་ནར་མ་ཟད་རི་དགུ་དང་། གླིང་བཅུ་གཉིས་པོ་ཐམས་ཅད་ལ་མཚུངས་ཤིང་། ལྷུན་པོ་ཆུ་ལས་སྟེང་དུ་བརྒྱད་ཁྲི་འཕགས་པས་ཆུ་ཡི་སྟེང་དུ་བང་རིམ་བཞི་ཡོད་པས། བང་རིམ་འོག་མ་རླུང་གི་ནང་རིམ་གཡུའི་རྡོ་རྗེ་ཅན་ཞེས་བྱ་བ། རི་རབ་ལས་ཕྱིར་དཔག་ཚད་ཆིག་ཁྲི་དྲུག་སྟོང་ལྷག་པའི་ཟུར་ནས་ཟུར་གྱི་རིང་ཚད་ལ་ཞེང་ལས་སུམ་འགྱུར་དུ་ཡོད་པ་བང་རིམ་ཕྱི་མ་གསུམ་ཀར་ཡང་འདྲེས་ལ། དེའི་སྟེང་དུ་བང་རིམ་གཉིས་པ་ཆུའི་བང་རིམ་རྣམ་པར་སྲུང་བ་ཞེས་བྱ་བ་དཔག་ཚད་སྟོང་ཕྲག་བརྒྱད། རི་རབ་ལས་ཕྱིར་རོལ་དུ་ལྷག་པ། དེའི་སྟེང་དུ་བང་རིམ་གསུམ་པ་ཤེལ་འོད་འབར་བ་ཞེས་བྱ་བ་དཔག་ཚད་སྟོང་ཕྲག་བཞི་ཕྱིར་ལྷག་པ། དེའི་སྟེང་དུ་བང་རིམ་བཞི་པ་འཁོར་ལོ་རྣམ་པར་བརྩེགས་པ་ཞེས་བྱ་བས་སྟོང་ཕྲག་གཉིས་ཕྱིར་འཕགས་པ་བང་རིམ་རེ་རེའི་དཔངས་ལ་དཔག་ཚད་སྟོང་ཕྲག་བཅུ་རེ་ཡོད་པས་ཆུ་མཚམས་ཡན་ཆད་ཀྱི་རི་


GTN003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕྱེད་ཁར་སླེབས་པ་སྟེ། རི་འདི་ཤིན་ཏུ་ལྷུན་ཆགས་ཤིང་མཛེས་པས་རི་དབང་ལྷུན་པོ་ཞེས་བྱའོ། ། དེའི་ཕྱི་རོལ་དུ་གསེར་གྱི་རི་བདུན་གྱིས་གྲུ་བཞིར་བསྐོར་བའི་ནང་མ་གཉའ་ཤིང་འཛིན་ནི། ཤིང་རྟའི་གཉའ་ཤིང་ལྟར་རྩེ་མོ་དྲང་བས་ན་དེ་སྐད་ཅེས་བྱ་བ་ལ་དེ་ནས་ཕྱི་རོལ་དུ་རིམ་པ་བཞིན་གཤོལ་མདའ་ལྟར་དྲང་བས་གཤོལ་མདའ་འཛིན་རྩ་བར་སེང་ལྡེང་གི་ནགས་ཚལ་ཡོད་པས་སེང་ལྡེང་ཅན། རིའི་རྩེ་མོ་ཤིན་ཏུ་མཛེས་པ་ཡོད་པས་བལྟ་ན་སྡུག །རྩེ་མོར་བྲག་རྟའི་རྣ་བ་ལྟ་བུ་ལོགས་སུ་ཆད་པ་ཅིག་ཡོད་པས་རྟ་རྣ་ཅན། རིའི་རྩེ་མོ་ནང་དུ་ཅུང་ཟད་འདུད་པས་རྣམ་འདུད་དང་། རི་དྲུག་པོ་ཐམས་ཅད་ཀྱི་མཐའ་བསྐོར་དུ་འཁོར་ལོའི་མུ་ཁྱུད་བཞིན་དུ་བསྐོར་ནས་ཡོད་པས་མུ་ཁྱུད་འཛིན་ཞེས་བྱ་ལ། དེ་ཡང་རྒྱགས་བརྔན་གྱི་བསངས་གཞུང་ཕལ་ཆེ་བ་རྣམས་སུ། རྩ་བ་མཁན་པ་གསེར་གྱི་མེ་ཏོག་ཅན། །སྐྱེད་པ་ཤིང་སྐྱེས་གཡུ་ཤུག་རལ་པ་འཛིན། །རྩེ་མོར་བ་ལུ་དུང་གི་མེ་ཏོག་ཅན། །སོགས་ཡོད་པར་བཤད་པས་རྟ་རྣ་ཞེས་པ་དེའང་འདིའི་རྟ་རྣ་ཅན་འདི་ཡིན་ལ། དེ་ཡང་རི་ཐམས་ཅད་ནང་མ་ལ་ཇི་ཙམ་འཕགས་པའི་ཕྱེད་ཕྱེད་ཀྱིས་ཕྱི་མ་རྣམས་དམའ་བས་ཏེ། གསེར་རི་དང་པོ་ཆུ་མཚམས་ནས་གྱེན་དུ་དཔག་ཚད་བཞི་ཁྲིར་ཐོན་པ་དང་། གཉིས་པར་ཉི་ཁྲི། གསུམ་པར་ཁྲི། བཞི་པར་ལྔ་སྟོང་། ལྔ་པ་ལ་ཉིས་སྟོང་ལྔ་བརྒྱ། དྲུག་པ་ལ་སྟོང་དང་ཕྱེད་ལ་སུམ་བརྒྱ། བདུན་པ་ལ་དྲུག་བརྒྱ་དང་ཉི་ཤུ་རྩ་ལྔ་སྟེ། ཞེང་དུ་སོ་སོའི་ཆུ་ལས་གྱེན་དུ་འཕགས་པའི་དཔངས་ཇི་སྙེད་པ་དེ་སྙེད་དོ། །


GTN003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ནས་མུ་ཁྱུད་འཛིན་གྱི་བར་སྟོང་ཆ་ཐམས་ཅད་དུ་བསིལ་བ། ཞིམ་པ། འཇམ་པ། ཡང་བ། དྭངས་ཤིང་སྤྲོ་བ། དྲི་ང་བ་མེད་པ། འཐུང་ན་ལྟོ་བར་མི་གནོད་པར་མགྲིན་པར་ཡང་མི་གནོད་པ་སྟེ་རོལ་མཚོ་ཡན་ཡག་བརྒྱད་ལྡན་པས་གང་བ་སྟེ། འདུལ་བ་ལུང་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་དང་། །འཐུང་ན་ལྟོ་བར་འཇམ་པ་དང་། །མགྲིན་པ་ལ་ཡང་མི་གནོད་དང་། །ཡན་ལག་བརྒྱད་ལྡན་ཆུར་འདོད་དོ། །ཞེས་གསུངས་པ་ལྟར་ཏེ། དེ་ཡང་རོལ་མཚོ་དང་པོའི་ཞེང་ལ་དཔག་ཚད་བརྒྱད་ཁྲི། གཉིས་པར་བཞི་ཁྲི། གསུམ་པར་སུམ་ཁྲི། བཞི་པར་ཆིག་ཁྲི། ལྔ་པར་ལྔ་སྟོང་། དྲུག་པར་ཉིས་སྟོང་ལྔ་བརྒྱ། བདུན་པར་སྟོང་དང་ཕྱེད་སུམ་བརྒྱ། མུ་ཁྱུད་འཛིན་ནས་མུ་ཁྱུད་འཛིན་ཆེན་པོའི་བར་ལ་རྒྱ་མཚོའི་ཁ་ཞེང་དུ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཡོད་ལ། མཚོ་དེ་དག་ལ་ཀླུ་ཆེན་པོ་བརྒྱད་བསྐལ་པར་གནས་ཤིང་རྩེ་བ་དང་རོལ་པའི་གནས་ཡིན་པས་རོལ་མཚོ་ཞེས་གྲགས་ཏེ། ཀླུ་བརྒྱད་ནི་དགའ་བོ་དང་། ཉེ་དགའ་དང་། རྟའི་གཞི་དང་། བཏང་བཟུང་དང་། གཟི་ཅན་དང་། ཡུལ་འཁོར་སྲུང་དང་། ནག་པོ་ཆེན་པོ་དང་། ཨེ་ལའི་འདབ་བོ། །དེ་དག་ཀྱང་ལྷ་མ་ཡིན་དང་གཡུལ་འགྱེད་པ་ན་བརྒྱ་བྱིན་གྱི་དམག་དཔུང་བྱེད་ཅིང་སྐྱེ་བ་རྣམ་པ་བཞི་ཀ་ལ་སྐྱེའོ། །མུ་ཁྱུད་འཛིན་ནས་ཕྱིའི་ལྕགས་རི་ཁོར་ཡུག་གི་བར་གྱི་རྒྱ་མཚོ་ནི་མཐའི་རྒྱ་མཚོ་སྟེ་ལན་ཚྭའི་ཆུར་བཤད་ལ། རི་རབ་ཀྱི་དཔངས་ཚད་སོགས་ལ་དུས་འཁོར་དང་མངོན་པ་དགོངས་གཞི་ཐ་དད་ཀྱང་འདིར་མངོན་པའི་


GTN003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་དང་ཕལ་ཆེར་བསྟུན་པ་ཡིན་ལ། དུས་འཁོར་ལྟར་ན་གླིང་དྲུག་དང་། རིགས་དྲུག་དང་། མཚོ་དྲུག་རྣམས་ཀྱང་བསྒོམ་པར་བཤད་དེ། རྒྱུད་(དུས་འཁོར་)ལས། ལན་ཚྭ་ཆང་དང་ཆུ་དང་འོ་མ་དང་ཞོ་དང་མར་དང་སྦྲང་རྩིའི་རྒྱ་མཚོ་བདུན་ཏེ། རི་བོ་ནི་འོད་སྔོན་མནྡྷ་ར་རི་ནི་ཥ་ཊ་དང་ནོར་བུའི་འོད་དང་དྲོ་ཎ་བསིབས་རི་རྡོ་རྗེའོ། །གླིང་ནི་ཟླ་བར་འོད་དཀར་དག་དང་རབ་མཆོག་ཀུ་ཤ་དང་ནི་མིའམ་ཅི་དང་ཁྲུང་ཁྲུང་དང་། དྲག་པོ་ཡང་ནི་ལོངས་སྤྱོད་ས་སྟེ་བདུན་པ་འཛམ་བུའི་མི་རྣམས་གནས་པ་དག་ནི་ལས་ཀྱི་ས། ཤར་དུ་རླུང་ནི་ཤིན་ཏུ་ཟླུམ་པོར་འགྱུར་ཏེ་མི་ཡི་བདག་པོ་ལྷོ་རུ་མེ་ནི་གྲུ་གསུམ་མོ། །བྱང་དུ་ཆུ་ནི་ཕྱེད་ཀྱི་ཟླ་བ་དག་དང་ནུབ་ཏུ་གསེར་མཆོག་ས་ནི་ཆུ་ཡི་གཏེར་གྱི་ཟུར། ཞེས་པ་དང་། ཆུ་གཏེར་དྲུག་པོ་ཐམས་ཅད་དག་ཀྱང་ཟླ་བ་ཟླ་ཕྱེད་པ་གཅིག་གིས་དམན་པས་སྟོང་ཕྲག་རེ་རེ་དང་། གླིང་རྣམས་དང་རི་རྒྱུད་མཆོག་དག་ཀྱང་དེ་ལྟའི་སྟོང་ཕྲག་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི། ཛམྦུའི་གླིང་གི་ཡང་པ་དག་དང་ལན་ཚྭའི་ཆུ་ཡི་གཏེར་ནི་འབུམ་ཕྲག་ཕྱེད་ཀྱི་ཚད་ཡིན་ཏེ། ཞེས་གསུངས་ཏེ་ལར་འདིའི་ལུགས་ལ་རི་རབ་ཀྱི་ཁ་དོག་ཀྱང་ཤར་ཨིནྡྲ་ནི་ལ་སྟེ་སྔོན་པོ། ལྷོ་པདྨ་རཱ་ག་སྟེ་དམར་པོ། བྱང་ཟླ་བ་ཆུ་ཤེལ་ཏེ་དཀར་པོ། ནུབ་ཀརྐེ་ཏ་ན་སྟེ་སེར་པོ། དབུས་མརྒཱརྡྷ་སྟེ་ལྗང་གུར་གསུངས་པ་དང་དེ་བཞིན་རི་རབ་ཀྱི་རྒྱ་དཔངས་ཀྱི་ཚད་སོགས་ཀྱང་གོང་དུ་བཤད་པ་དང་མི་མཚུངས་པའི་རྣམ་བཞག་མཛད་ཀྱང་རེ་ཞིག་བཏང་སྙོམས་སུ་བཞག་ལ། སྐབས་དོན་རི་མཚོ་གླིང་རྣམས་ནི། དུས་འཁོར་རང་ལུགས་ལ། རི་རབ་ཀྱི་


GTN003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་འགྲམ་སྟེ་ཟླུམ་པོར་བཤད་པས་ཁོར་ཡུག་ཏུ་དཔག་ཚད་སྟོང་ལྔ་བཅུ་ང་བཞི། དེའི་རྒྱ་ལ་སྟོང་ཕྲག་བཅོ་བརྒྱད་ཡོད་པས། དེའི་འོག་གཞི་རི་རབ་ཀྱི་འགྲམ་སྟེང་ལ་འབྲེལ་བའི་ཚུལ་གྱིས་ཁོར་ཡུག་ཏུ་བསྐོར་བའི་ས་གཞི། ཞེང་དུ་དཔག་ཚད་བརྒྱད་བརྒྱ་དགུ་བཅུ་པ་གཅིག་ཡོད་པ་ནི་ཟླ་བའི་གླིང་ཞེས་བྱ་ལ། གླིང་དེའི་ཕྱིའི་ཁོར་ཡུག་ལ་འོབས་ཀྱི་ཚུལ་དུ་བསྐོར་ཏེ་སྦྲང་རྩིའི་རྒྱ་མཚོའི་ཁ་ཞེང་ལ་དཔག་ཚད་བརྒྱད་བརྒྱ་དགུ་བཅུ་པ་དང་། དེའི་ཕྱི་རོལ་ཁོར་ཡུག་ཏུ་ལྕགས་རི་ཟླུམ་པོའི་སྐོར་བ་ལྟ་བུར། འོད་སྔོན་ཞེས་བྱ་བའི་རིས་བསྐོར་བ་སྟེ། རི་དེའི་ས་མཚམས་ཀྱི་རྩ་བའི་ཞེང་སྲབ་མཐུག་ལ་ཡང་དཔག་ཚད་བརྒྱད་བརྒྱ་དགུ་བཅུར་བཤད་ལ། དེའི་ཕྱི་རོལ་ནས་རིམ་པས་འོད་དཀར་གྱི་གླིང་དང་། མར་གྱི་རྒྱ་མཚོ་དང་། མནྡྷ་ར་བའི་རི། ཀུ་ཤའི་གླིང་། ཞོའི་རྒྱ་མཚོ། རི་བོ་ནི་ཥ་ཊ། མིའམ་ཅིའི་གླིང་། འོ་མའི་རྒྱ་མཚོ། རི་ནོར་བུའི་འོད། ཁྲུང་ཁྲུང་གི་གླིང་། ཆུའི་རྒྱ་མཚོ། རི་བོ་དྲོ་ཎ། དྲག་པོའི་གླིང་། ཆང་གི་མཚོ། བསིལ་བའི་རིའམ་ཁ་བའི་རི་སྟེ། རི་རབ་མ་གཏོགས་པའི་རི་དྲུག །མཚོ་དྲུག །གླིང་དྲུག་སྟེ་བཅོ་བརྒྱད་པོ་དེ་དག་གི་ཞེང་དུ་དཔག་ཚད་བརྒྱད་བརྒྱ་དགུ་བཅུར་མཉམ་ཞིང་། དཔངས་ཀྱི་ཚད་ནི་གསལ་བ་གསུངས་པ་མེད་ལ། བསིལ་རིའི་ཕྱི་རོལ་རིའི་རྩ་བ་དང་འབྲེལ་བར། འཛམ་གླིང་ཆེན་པོའི་ཁོར་ཡུག་བསྐོར་བ་ཡིན་ཅིང་། གླིང་ཆུང་བཅུ་གཉིས་པོ་གླིང་ཆུང་མང་པོ་ཡོད་པ་མ་གཏོགས་པར་ལན་ཚྭའི་རྒྱ་མཚོའི་ཆུ་ལག་གིས་ཁྱབ་པ་ཡིན་ལ། འདི་རྣམས་གོ་བ་སློང་བའི་ཆེད་ཙམ་གྱི་ཕྱིར་དུ་འཕྲོས་དོན་དུ་སྨོས་པ་ཡིན་ལ། འདི་ནི་རི་གླིང་


GTN003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སོགས་སྒོམ་མིན་གང་ལྟར་ཡང་མི་འགལ་ལོ། ། ༢༜ དེ་ནས་དབུས་ཀྱི་ཚོམ་བུའི་ཤར་དུ་ཚོམ་བུ་དགོད་པ་དང་བསྟུན། ཤར་ལུས་འཕགས་པོ་ཞེས་བརྗོད་ནས་གསེར་རི་རོལ་མཚོ་དང་བཅས་པའི་ཕྱི་རོལ་ཏུ་རྒྱ་མཚོ་ཆེན་པོའི་དབུས་རི་རབ་ཀྱི་ཤར་ཕྱོགས་སུ་འཛམ་བུ་གླིང་ལས་ལུས་ཆེར་འཕགས་པས་ལུས་འཕགས་ཀྱི་གླིང་དུ་གྲགས་པ། གླིང་དབྱིབས་ཟླ་གམ་ཆུ་ཤེལ་གྱི་རང་བཞིན་ཅན་བཅད་ཁ་རི་རབ་ལ་བསྟན་པའི་ངོས་གཞན་གསུམ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་པ་འབུར་གྱི་ངོས་ཆུང་རི་རབ་ཀྱི་ཕྱོགས་ལ་བསྟན་པ་དཔག་ཚད་སུམ་བརྒྱ་ལྔ་བཅུ་པ་སྟེ། གླིང་འདིའི་མི་རྣམས་ནི་ལུས་རང་ཁྲུ་བརྒྱད་དང་། ཚེ་ཉིས་བརྒྱ་ལྔ་བཅུའི་ཚད་ཡིན་ལ། གླིང་གི་དབྱིབས་ལྟར་མིའི་བྱད་དབྱིབས་ཀྱང་ཟླ་གམ་དུ་ཡོད་ཅིང་། ཀུན་སྤྱོད་ཀྱི་ཆོས་ཉིད་ཕལ་ཆེ་བ་ནི་བྱང་གླིང་མ་གཏོགས་པའི་གླིང་གསུམ་ཕྱོགས་མཚུངས་དང་། འཛམ་གླིང་འདིའི་ཤར་ཕྱོགས་ལ་ལུས་འཕགས་པོ་ཡོད་ལ། ལར་མཎྜལ་གྱི་ཤར་འབུལ་མི་རང་ལ་བསྟན་ནས། འདོན་ཚིག་རྫོགས་པའི་རྗེས་ལ་ཕྱོགས་བསྒྱུར་བ་དང་། འབུལ་ཡུལ་ལ་སྟོན་པ་གང་རུང་དེང་སང་བྱེད་སྲོལ་འདུག་ཀྱང་། ཕྱག་ལེན་ལ་འབུལ་ཡུལ་ལ་ཤར་སྟོན་པ་ཡིན་ལ། གླིང་རྣམས་ཀྱི་ཁ་ནི་ཕྱིར་བསྟན་ཏེ་རི་རབ་ལ་རྒྱབ་ཕྱོགས་པར་བཤད་དེ། དེ་ཡང་གླིང་སོ་སོའི་མདུན་གང་ཡིན་ལྷོ་དང་གཡས་གང་ཡིན་ནུབ། གཡོན་གང་ཡིན་ཤར། རྒྱབ་གང་ཡིན་བྱང་དུ་བཤད་པས། དབུས་ཀྱི་རི་རབ་ནི་གླིང་བཞི་ཀའི་བྱང་དུ་ཡོད་པ་ཡིན་ཏེ། ཇི་སྐད་དུ། དབུས་ཀྱི་རི་
རྒྱལ་ལྷུན་པོ་ནི། །གླིང་བཞི་ཀུན་གྱི་བྱང་ན་ཡོད། །ཅེས་པས་གསལ་ལ་རི་རབ་ཀྱི་མདུན་ནི་ཤར་གྱི་ལུས་འཕགས་ལ་བསྟན་པར་སྨོས་མ་དགོས་སོ། །


previousམཎྜལ་གྱི་དབུས་སུ་ཚོམ་བུ་ཆེ་བ།next