Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
༜དབུས་ཀྱི་ཚོམ་བུའི་ལྷོར་ཚོམ་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༜དབུས་ཀྱི་ཚོམ་བུའི་ལྷོར་ཚོམ་བུ།next

༜དབུས་ཀྱི་ཚོམ་བུའི་ལྷོར་ཚོམ་བུ།


GTN003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

༣༜ ཡང་དབུས་ཀྱི་ཚོམ་བུའི་ལྷོར་ཚོམ་བུ་འགོད་དེ། ལྷོ་འཛམ་བུའི་གླིང་ཞེས་བརྗོད་པས། ལྷོ་འཛམ་བུའི་གླིང་བཻ་ཌཱུརྱ་སྔོན་པོ་ལས་གྲུབ་པ་དབྱིབས་སོག་ཁའི་རྣམ་པ་ལ་ངོས་རིང་བ་གསུམ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་དང་། ངོས་ཐུང་བ་ལྷོ་ཕྱོགས་ཀྱི་ཁོར་ཡུག་ལ་དཔག་ཚད་ཕྱེད་བཞི་ཡོད་པ་སྟེ། འདིའི་དབུས་སུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་བཞུགས་གནས་རྡོ་རྗེ་གདན་དང་བཅས་པ་སྙིང་པོ་བྱང་ཆུབ་ཀྱི་ཤིང་གིས་བརྒྱན་པ་སྟེ། དེ་ཡང་ཉན་ཐོས་པ་ལྟར་ན་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་བསླངས་པའི་དབུས་མ་ལ་ཤིང་ཡོད་པས་རྭ་བཞི་ལ་མཆོད་རྟེན་རེ་རེ་ལྟེ་བ་རྒྱང་གྲགས་ཕྱེད་ཡོད་པར་འདོད་ལ། ཐེག་ཆེན་པ་ལྟར་ན་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཤིང་སྐྱེས་པ་རྭ་བཞི་ལ་རྡོ་རྗེ་ཕུར་པའི་མཆོད་རྟེན་རེ་ཡོད་པ། བར་གྱི་ཐང་དུ་རྒྱང་གྲགས་རེ་རེ་ཡོད་པར་འདོད་ཅིང་དེར་ནི་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་བླ་ན་མེད་པར་སངས་རྒྱས་པའི་གནས་ཏེ། མེ་བདུན་དང་ཆུ་གཅིག་གིས་བསྐལ་པ་སྟོང་པའི་དུས་ཀྱང་མི་གནོད་པར་འདོད། ཤིང་གཅིག་པུ་དེ་ཉིད་དུས་སྔ་ཕྱིར་མིང་འགྱུར་བས་ཤིང་སྟོང་དུ་ཡོད་པ་ལྟར་བྱུང་སྟེ། སྔོན་འོད་སྲུང་སངས་རྒྱས་པ་ན་ཤིང་ནྱ་གྲོ་ཏ་དང་། ད་ལྟ་ཤཱཀྱ་ཐུབ་པ་སངས་རྒྱས་པའི་ཚེ་མྱ་ངན་མེད། མ་འོངས་པ་ན་བྱམས་པ་སངས་རྒྱས་པའི་ཚེ་ཀླུ་ཤིང་མེ་ཏོག་ལ་སོགས་པའོ། །


GTN003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་འཛམ་བུའི་གླིང་ཞེས་བྱ་བའི་ངེས་ཚིག་ནི། ཛམྦུ་ཏྲི་ཤ་ཞེས་བྱ་བའི་ཤིང་གིས་ཉེ་བར་བརྒྱན་པས་འཛམ་བུ་ཡིན་ལ། གླིང་ཞེས་པ་ནི་མཐར་ཁོ་ར་ཁོར་ཡུག་རྒྱ་མཚོ་ཆེན་པོའི་ཆུ་བོ་གདལ་བའི་ཁྱབ་པའི་དབུས་སམ་བར་ན་སའི་ཕྱོགས་ཅུང་ཟད་ཆུ་ལ་ཞིབ་ལ་བཀྲམ་པ་ལྟ་བུར་གནས་པས་དེ་ལྟར་ཞེས་བཏགས་པ་ཡིན་ལ། འཛམ་བུ་ཏྲི་ཥའི་ཤིང་དེ་གང་ཞིག་ན་ཡོད་ཅེ་ན། གླིང་འདིའི་དབུས་ན་མ་གཱ་དྷ་རྡོ་རྗེའི་གདན་ཡོད་པ་ནས་བྱང་དུ་རི་ནག་པོ་དགུ་འདས་པའི་ས་ན་གངས་རིའི་རྒྱལ་པོ་ཏི་སེ་ཡོད་ཅིང་། དེའི་བྱང་ན་རི་བོ་སྤོས་ངད་ལྡན་པ་ཡོད་པས། གངས་རིའི་བྱང་སྤོས་ངད་ལྡན་གྱི་ལྷོ་གཉིས་གྱི་བར་ན་མཚོ་ཆེན་པོ་མ་དྲོས་པ་ཡོད་དེ། ཀུན་ནས་གྲུ་བཞི་པ་ཆུ་དང་ཞེང་དུ་དཔག་ཚད་ལྔ་བཅུའི་ནང་ཆུ་བསིལ་བའི་གང་བ། དེའི་ནང་ན་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པས་དེ་སྐད་ཅེས་གྲགས་ལ། མཚོ་དེ་ཡང་དབྱིབས་ལྟ་ན་སྡུག་པ། འཇུག་ངོགས་དང་རྒྱུན་ལ་དྲི་ང་བ་ལ་སོགས་པ་མི་གཙང་བ་མེད་པས་ཡིད་ལ་འཐད་པའི་ཕྱིར་གཙང་བ་བསིལ་དྲོད་སྙོམས་པ་ལ་སྤྱོད་པ་དག་གིས་ཁམས་བཟང་བར་བྱེད་པས་འཇམ་པ། སྲོག་ཆགས་ཕྲ་མོ་དང་རགས་པས་ཆུ་བཙོག་པར་བྱེད་པ་མེད་པས་དག་པ་དང་། ཁ་གཏིང་མེད་པར་རབ་ཏུ་གསལ་བ། ཚ་བའི་རེག་པ་དང་གདུང་བ་སེལ་བས་བསིལ་ལ། དྲི་མས་རྙོགས་པ་ལྟ་བུ་མེད་པས་རྙོགས་པ་མེད་པ། འཐུང་བའི་ཚེ་ཞིམ་ལ་མགྲིན་པར་འབད་རྩོལ་མེད་པར་ཁོང་དུ་འཇུག་པས་བདེ་བ། ཁོག་པར་སོང་ན་སྔ་མ་དང་འཐབས་པའི་ནད་མི་སྐྱེད་པར་རྟག་ཏུ་བདེ་བ་སྐྱེད་པས་ལྟོ་བར་


GTN003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནོད་པ་སྟེ། མིའི་ཡན་ལག་བརྒྱད་ལྡན་གྱི་ཆུ་དང་ཁ་གཏིང་མེད་པར་གསལ་བ། རྙོགས་པ་མེད་པས་དྭངས་པ། ཚ་གདུང་སེལ་བས་བསིལ་བ། མིའི་ཆུ་ལས་བརྒྱད་འགྱུར་གྱི་ལྗིད་ཡང་བ། རོ་མངར་བ་སྦྲང་རྩི་ལྟར་དྲོ་བས་ཞིམ་པ་རེག་ན་འཇམ་པ། གྲང་བའི་ཚེ་དྲོ་བའི་རྣམ་པར་འགྱུར་བ། སྔོ་སེར་དམར་དང་དཀར་པོའི་ཁ་དོག་གསལ་བ་ཚོན་གྱིས་བསྒྱུར་བ་ལྟར་སོ་སོ་ན་གསལ་བ། ཁོང་དུ་སོང་བ་ན་བདེ་བ་མཆོག་ཏུ་འཕགས་པ་བསྐྱེད་པ་སྟེ། འདུལ་བ་ལུང་ལས། དྭངས་དང་གསལ་དང་ཡང་དང་ཞིམ། །འཇམ་དང་དྲོ་དང་བསིལ་དང་བདེ། །འདི་དག་དྲི་མེད་ལྷ་ཡི་ཆུ། །ཡིད་འོང་ཡན་ལག་བརྒྱད་དུ་འདོད། །ཅེས་པ་ལྟར་ལྷའི་ཆུ་ཡན་ལག་བརྒྱད་དང་ལྡན་པ་སྟེ། གནས་དེར་རྫུ་འཕྲུལ་དང་ལྡན་པ་མ་གཏོགས་བགྲོད་དཀའ་བ་ཡིན་ནོ། །མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུད་དང་། པདྨའི་སྡོང་པོ་ཡལ་ག་གཤོལ་མདའ་ཙམ་དང་། འདབ་མ་གླང་གི་ཀོ་བ་ཙམ་དུ་རྒྱས་པ་ཁ་དབྱེ་བས་མཚོ་དེར་ཁེབས་པ་ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོགས་པ། རིན་པོ་ཆེ་སྣ་ལྔའི་བྱེ་མ་འདྲེན་པ། དེ་དག་གི་ཤར་དུ་བྲག་གླང་པོ་ཆེའི་ཁ་འདྲ་བ་ལས་ཆུ་བོ་གངྒཱ་བབས་ཏེ་མ་དྲོས་པ་ལ་ལན་བདུན་བསྐོར་ཏེ་ཆུ་བྲན་ལྔ་བརྒྱའི་འཁོར་དང་བཅས་ཏེ་ཤར་གྱི་རྒྱ་མཚོར་འབབས་པ། དེ་བཞིན་ཆུ་བྲན་ལྔ་བརྒྱའི་འཁོར་བསྐོར་བ་ལན་བདུན་སོགས་འདྲ་བར་ལྷོ་ཕྱོགས་ཀྱི་བྲག་ཁྱུ་མཆོག་གི་ཁ་འདྲ་བ་ནས་ཆུ་བོ་སིནྡྷུ་ལྷོ་ཕྱོགས་ཀྱི་རྒྱ་མཚོར་འབབས་པ། ནུབ་ཀྱི་བྲག་རྟའི་ཁ་འདྲ་བ་ནས་ཆུ་བོ་པཀྵུ་ནུབ་ཕྱོགས་ཀྱི་རྒྱ་མཚོར་འབབས་པ། བྱང་ཕྱོགས་ཀྱི་བྲག་སེངྒེའི་ཁ་འདྲ་


GTN003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནས་ཆུ་བོ་སི་ཏ་བྱང་ཕྱོགས་ཀྱི་རྒྱ་མཚོར་འབབས་པ། དེ་ཡང་ཆུ་བོ་རྣམས་རང་རང་གི་གནས་ལས་བབས་པ་ནས་ཕྱིའི་རྒྱ་མཚོར་མ་སླེབས་ཀྱི་བར་ལ་འཁྱོགས་ཆེན་པོ་བདུན་རེ་ཡོད་པས་གཡས་སུ་འཁྱོགས་པ་ལ་སྐོར་བའི་ཐ་སྙད་མཛད་པར་བཤད་ལ། ཆུ་བྲན་ལྔ་བརྒྱས་བསྐོར་བ་ཡང་ཕྱོགས་སོ་སོའི་ལུང་པ་ཐ་དད་པ་ཆེ་བ་ལྔ་བརྒྱའི་ཆུ་རེ་དེར་བབས་ནས་ཆུ་ཆེན་བཞི་སོ་སོ་དང་འདྲེས་ནས་འགྲོ་བའི་དོན་ཡིན་ལ། འགའ་ཞིག་གིས་ཤར་ཕྱོགས་རྟ་མཆོག་གི་ཁ་ནས་ཆུ་བོ་ཆེན་པོ་ལོ་ཧིར་དངུལ་གྱི་བྱེ་མ་འདྲེན་པ། ལྷོ་ཕྱོགས་གླང་པོ་ཆེའི་ཁ་ནས་གངྒཱ་གསེར་གྱི་བྱེ་མ་འདྲེན་པ། ནུབ་ཕྱོགས་རྨ་བྱའི་ཁ་ནས་ཆུ་བོ་སིནྡྷུ་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་མ་འདྲེན་པ། བྱང་ཕྱོགས་སེངྒེའི་ཁ་ནས་པཀྵུ་རྡོ་རྗེའི་བྱེ་མ་འདྲེན་པ་སོགས་སྔར་ལྟར་དུ་བཤད་པ་ཡོད་ཀྱང་། འདི་གཉིས་ཀ་ལུང་ནས་བཤད་པ་ཅན་ཡིན་པས་གང་ལྟར་ཡང་མི་འགལ་ལ། དེང་བོད་ཀྱི་གཙང་པོ་འདི་ཆུ་བོ་ལོ་ཧིར་ཡིན་པར་བཤད་ཅིང་། རྟ་མཆོག་གི་ཁ་ནས་འབབས་པའི་དབང་གིས་ཡུལ་དེའི་གྲུ་རྣམས་ལ་རྟ་མགོ་བྱེད་པའི་དོན་དེ་ཡིན་ལ། མཚོ་དེའི་འགྲམ་གཡས་རོལ་ན་ཤིང་ཛམྦུ་ཏྲི་ཤའི་སྡོང་པོ་དཔངས་དང་རྒྱ་ཁྱོན་ཚད་མེད་པ་ལ། འབྲས་བུ་རོ་བཅུད་ཕུན་སུམ་ཚོགས་པ་དེའི་ནང་དུ་ལྷུང་བ་ན་ཆུའི་རྐྱེན་དང་ཤིང་ཐོག་འཛོམས་པ་ལས་འཛམ་བུ་ཆུ་བོའི་གསེར་དུ་འགྱུར་ཏེ། གསེར་གཞན་ལས་བཅུ་དྲུག་ཏུ་བཞུ་བཏུལ་བྱས་པའི་ཞུན་མར་གྱུར་པ་ལྟ་བུའི་བཅུད་དང་ཁ་དོག་དང་འོད་ཡོད་པ་འབྱུང་ལ། འགའ་ཞིག་གིས་ཤིང་ཐོག་མཚོར་ལྷུང་བ་ཉས་ཟོས་པས་


GTN003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བྲུན་ཡིན་པར་ཡང་བཤད་ལ། མཚོ་དེའི་བྱང་ན་ཤིང་ཤམ་པ་ལའི་སྡོང་པོ་ཤིན་ཏུ་མཐོ་བ་ལ་ནམ་མཁའ་ལྡིང་རྣམས་ས་གཞིའི་ཚང་ཡོད་པར་མངོན་པ་ལས་གསུངས་པ་ལྟར་ན་རི་བོ་སྤོས་ངད་ལྡན་ནས་བྱང་དུ་དཔག་ཚད་ཉི་ཤུའི་སར་བྲག་གསེར་གྱི་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་ལ། ངོས་རེར་དཔག་ཚད་ལྔ་བཅུ་ཡོད་པ་དཔངས་སུ་དཔག་ཚད་ཕྱེད་དང་བཞི་པ་མཛེས་ཤིང་བལྟ་ན་སྡུག་པ་ཁོར་ཡུག་ཏུ་གསེར་གྱི་བྲག་བྱ་སྐྱིབས་ཅན་བརྒྱ་སྟོང་ཡོད་པ། དེ་ནས་བྱང་དུ་དཔག་ཚད་ཉི་ཤུ་ཕྱིན་པ་ན་ཤིང་སྔ་མའི་རྒྱལ་པོ་རབ་བརྟན་ཞེས་བྱ་བ་རྩ་བ་འདོམ་བཞི་བཅུ་ཐུར་དུ་ཟུག་ཅིང་གྱེན་དུ་འཕགས་པའི་ཡལ་ག་ལོ་འདབ་ཀྱིས་རིམ་པར་ནོན་པས་ནམ་མཁའ་ཁྱབ་པ་ལྟ་བུར་གནས་པ་དང་། དེ་ནས་ཤར་ཕྱོགས་དཔག་ཚད་ཉི་ཤུའི་ས་ནས་རྫིང་བུ་དལ་འབབ་ཞེས་བྱ་བ་མཚོ་མ་དྲོས་པ་དང་རྒྱ་ཁྱོན་འདྲ་བ་ཁོར་ཡུག་ཏུ་རྫིང་བུ་བརྒྱ་སྟོང་ཡོད་པ་དེ་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་གླང་པོ་ཆེ་ས་ལ་རབ་བརྟན་ཞེས་བྱ་བ། ལུས་དཀྱུས་ལ་དཔག་ཚད་ཕྱེད་གསུམ། དཔངས་ལ་དཔག་ཚད་ཕྱེད་གཉིས། ཞེང་ལ་དཔག་ཚད་གཅིག་ཡོད་པ་འཁོར་གླང་པོ་ཆེ་བརྒྱ་སྟོང་གིས་བསྐོར་བ་གནས་པར་གསུངས་ཏེ། འདི་ནི་གླང་པོ་ཆེའི་རྣམ་པར་བསྟན་པ་ཙམ་མ་གཏོགས་དོན་དུ་ལྷའི་བུ་ཡིན་པར་ཕལ་པོ་ཆེ་ལས་བཤད་ཅིང་། མངོན་པ་ནས་ཀྱང་གླང་པོ་ཆེ་སུམ་ཅུ་རྩ་གསུམ་གྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་འགྲམ་དུ་ཨར་མོ་ནི་ཀ་ལྟ་བུའི་རྡོ་ལེབ་ངོས་དེ་ན་དཔག་ཚད་ལྔ་བཅུ་ཡོད་པ། དཔངས་ལ་དཔག་ཚད་ཕྱེད་དྲུག་དང་གཅིག་གི་བཅོ་བརྒྱད་ཆ་གཅིག་


GTN003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དེའི་སྟེང་དུ་ལྷའི་དབང་པོ་བརྒྱ་བྱིན་དབྱར་ཟླ་བ་བཞིའི་བར་དུ་གནས་དུས་གླང་པོ་ཆེ་འདིའི་མགོ་བོ་སུམ་ཅུ་རྩ་གསུམ་དུ་སྤྲུལ་ནས། དབུས་མ་ལ་གཡུའི་མགོ་བོ་ལ་བརྒྱ་བྱིན་བསྐྱོན་ནས། གཞན་སོ་གཉིས་ལ་ཉེ་དབང་སོ་གཉིས་འདུག་སྟེ་གདུགས་དང་རྒྱལ་མཚན་བསྒྲེངས་ཤིང་། ལུས་གཞན་ལ་ལྷ་གཞན་རྣམས་བསྐྱོན་ནས་རྡོ་ལེབ་ཀྱི་སྟེང་དུ་བསྐལ་པའི་རླུང་བཞིན་དུ་རྒྱུག་ཅིང་། ཡང་དེའི་ལུས་བསྒྱུར་དེ་ལྷའི་བུའི་ཚུལ་གྱིས་སྡོད་པ་དང་། ལྷ་མ་ཡིན་དང་འཐབ་པའི་དུས་སུ་ལུས་སྔ་མ་ལྟར་གླང་པོ་ཆེ་སྤྲུལ་པའི་མགོ་རེ་རེ་ཡང་བདུན་བདུན་དུ་སྤྲུལ་ཏེ། དེའི་སྟེང་ན་ལྷའི་དཔུང་དང་བརྒྱ་བྱིན་ཉེ་དབང་སོ་གཉིས་སོགས་གང་སྨོས་ལྟར་ཡོད་ལ་མགོ་དེ་དག་ལ་མཆེ་བ་བདུན་བདུན། མཆེ་བ་རེ་རེ་ན་སྐྱེད་མོས་ཚལ་དང་རྫིང་བུ་བདུན་བདུན། དེ་ན་ལྷའི་བུ་མོ་ཤིན་ཏུ་མཛེས་པ་གླུ་གར་བྱེད་པ་བདུན་བདུན། དེ་རེ་རེ་ལ་གཡོག་མོ་བདུན་བདུན། དེ་རེ་རེ་ལའང་སིལ་སྙན་པ་བདུན་བདུན་རེ་སྤྲུལ་པར་བཤད་ལ། གངས་རི་ཏི་སེའི་འདབས་ན་གསེར་གྱི་བྲག་བྱ་སྐྱིབས་ཅན་ལ་དགྲ་བཅོམ་པ་ལྔ་བརྒྱའི་ཕུག་པ་ཡང་ཡོད་པར་བཤད་དོ། །འཛམ་བུ་གླིང་པ་རྣམས་ནི་ཚེ་ཚད་ལ་ངེས་པ་མེད་ཅིང་གླིང་གི་དབྱིབས་ཀྱི་མིའི་བྱད་དབྱིབས་ཀྱང་སོག་ཁར་ཡོད་པ་ཡིན་ལ། དེ་ཡང་བོད་རྣམས་སོག་ཁའི་ཐོག་ཁར་ཡོད་པས་དྲང་ཞིང་དབུལ་ཕོངས་དྲན་པ་གསལ་བ་དང་། རྒྱ་གར་ཁ་ཆེ་སྟག་གཟིག་གསུམ་སོག་པའི་ཡུ་བར་ཡོད་པས་སེམས་ཆུང་། བློ་སྲབ་འབྱོར་བ་དང་ལྡན། རྒྱ་ནག་ཧོར་འཇང་གསུམ་སོག་པའི་ཁ་གདང་ལ་ཡོད་པས་རྒྱ་ཆེ་ཁོང་ཡངས། རིག་པ་རྣོ།
ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། སོག་པའི་ཁ་སྐོར་ལ་མཐའ་ཁོབ་དྲུག་ཅུ་རྩ་དྲུག་ཅེས་བྱ་བ། གློ་དང་རྡོ་དང་ཁ་ཁྲ་དང་ཁ་སོག་དང་གཞན་དང་ཁ་སུ་ར་དང་དམར་དང་རྩ་ཞུང་དང་རྡོ་བོ་ཏོ་དང་བྲམ་ཚོ་དང་ཧུ་ཐུག་དང་ཁ་གླིང་དང་སྤྲེལ་སླག་དང་ཁྱི་ཁྱོ་དང་དར་སློག་དང་ཞང་ཚ་བྱ་སོགས་འདི་དག་ནི་མུན་པའི་གླིང་དང་། སངས་རྒྱས་བསྟན་པའི་མིང་ཡང་མེད་པ་སྟེ། དཀོན་མཆོག་གི་མིང་མི་ཤེས། དགེ་སྡིག་རྒྱུ་འབྲས་མི་ཤེས་པས་ཤ་ཁྲག་ལ་དགའ་ཞིང་གསོད་གཅོད་ཁོ་ནར་བརྩོན་པ་ཡིན་པར་བཤད་པ་སོགས་མང་ཡང་འདིར་མི་སྤྲོའོ། །


previous༜དབུས་ཀྱི་ཚོམ་བུའི་ལྷོར་ཚོམ་བུ།next