Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
༜དབུས་ཀྱི་ཚོམ་བུའི་ནུབ་ཏུ་ཚོམ་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༜དབུས་ཀྱི་ཚོམ་བུའི་ནུབ་ཏུ་ཚོམ་བུ།next

༜དབུས་ཀྱི་ཚོམ་བུའི་ནུབ་ཏུ་ཚོམ་བུ།


GTN003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

༤༜ཡང་དབུས་ཀྱི་ཚོམ་བུའི་ནུབ་ཏུ་ཚོམ་བུ་འགོད་དེ། ནུབ་བ་ལང་སྤྱོད་པདྨ་རཱ་ག་ལས་གྲུབ་པ། དབྱིབས་ཟླུམ་པོ་སྟེ་ཕྱོགས་ནས་ཕྱོགས་ཀྱི་དབུས་སུ་དྲང་པོར་གཞལ་ན་དཔག་ཚད་སྟོང་ཕྲག་ཕྱེད་གསུམ་དང་། ཁོར་ཡུག་ཏུ་དཔག་ཚད་བདུན་སྟོང་ལྔ་བརྒྱ་ཡོད་ལ། འདོད་འཇོའི་བ་དང་སྟོབས་ཆེན་གྱི་གླང་པོ་ཆེ་ལ་ཤས་ཆེར་སྤྱོད་པས་བ་ལང་སྤྱོད་དམ། འདོད་འཇོའི་བ་ལང་མང་བས་ན་དེ་ལྟར་གྲགས་ལ། གླིང་དེའི་མི་རྣམས་ནི་རང་ཁྲུ་བཅུ་དྲུག་པ་ཚེ་ལོ་ལྔ་བརྒྱ་ཐུབ་པ་ཅན་ཡིན་ལ་གླིང་གི་དབྱིབས་ལྟར་མིའི་བྱད་དབྱིབས་ཀྱང་ཟླུམ་པོར་ཡོད་དོ། ། ༥༜ ཡང་དབུས་ཀྱི་ཚོམ་བུའི་བྱང་དུ་ཚོམ་བུ་འགོད་པ་དང་བསྟུན་ཏེ་བྱང་སྒྲ་མི་སྙན་གསེར་ལས་གྲུབ་པས་དབྱིབས་གྲུ་བཞི་པ་ངོས་རེ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད། མཐའ་སྐོར་དུ་དཔག་ཚད་བརྒྱད་སྟོང་ཡོད་པ་སྟེ། འཆི་བ་ལ་ཞག་བདུན་ཡོད་པའི་གོང་རོལ་དུ་ཁྱོད་འཆི་བར་འགྱུར་རོ་ཞེས་པའི་སྒྲ་མི་


GTN003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པ་དཔག་བསམ་གྱི་ཤིང་ལས་འབྱུང་བས་སྒྲ་མི་སྙན་པ་ཞེས་བྱ་ལ། གླིང་དེའི་མི་རྣམས་རང་ཁྲུ་སུམ་ཅུ་སོ་གཉིས་ཡོད་པ་ཚེ་ཚད་ནི་སྟོང་སྟེ། གླིང་གི་དབྱིབས་ཀྱིས་བྱད་དབྱིབས་ཀྱང་གྲུ་བཞི་པར་ཡོད་ལ། སྒྲ་མི་སྙན་པ་འདི་ལ་གླིང་གཞན་པ་ལྟར་གྱི་ཚེ་གྲངས་དང་ལོ་ལེགས་ཉེས་སོགས་བག་མ་གཏོང་ལེན་གྱི་མཚོན་པ་རྣམས་མེད་དོ། །གླིང་བཞིའི་ཁ་དོག་དང་དབྱིབས་སོགས་དུས་འཁོར་ནས་འདི་ལྟར་མ་བཤད་ཀྱང་འདིར་ཡོངས་གྲགས་ལྟར་བསྟན་པ་ཡིན། དུས་འཁོར་ནས་ཤར་ཟླུམ་པོ། ལྷོ་གྲུ་གསུམ། ནུབ་གྲུ་བཞི། བྱང་ཟླ་གམ་སྟེ་ཁམས་ཀྱང་ཤར་གླིང་གསུམ་རླུང་། ལྷོ་གླིང་གསུམ་མེ། ནུབ་གླིང་གསུམ་ས། བྱང་གླིང་གསུམ་ཆུ་དང་། ཁ་དོག་ཀྱང་དེར་བསྟུན་ནག་པོ་དང་། དམར་པོ་དང་། སེར་པོ་དང་། དཀར་པོར་བཤད་པའི་ལུགས་ཀྱང་། ཤར་དུ་རླུང་གི་སོགས་གོང་དུ་དྲངས་པས་ཤེས་པར་བྱའོ། ། ༦--༧༜ ཡང་ཤར་གྱི་ཚོམ་བུའི་གཡས་དང་གཡོན་དུ་ཚོམ་བུ་འགོད་བསྟུན། ལུས་དང་ལུས་འཕགས་ཞེས་པས་ཤར་གྱི་གླིང་ཆེན་གྱི་གཡས་སུ་ལུས་དང་། གཡོན་དུ་ལུས་འཕགས་པོ་ཆུང་ངུ་བསམ། ༨--༩༜ ལྷོའི་ཚོམ་བུའི་གཡས་གཡོན་དུ་ཚོམ་བུ་འགོད་བསྟུན་རྔ་ཡབ་དང་རྔ་ཡབ་གཞན་ཞེས་པས་ལྷོའི་གླིང་ཆེན་གྱི་གཡས་སུ་རྔ་ཡབ་དང་། གཡོན་དུ་རྔ་ཡབ་གཞན་གཉིས་བཀྲམ་སྟེ། འདི་ནི་སྔར་སྟོན་པ་ལངྐའི་རྒྱལ་པོ་མགྲིན་བཅུའི་བུ་སྒྲ་སྒྲོགས་ཀྱིས་སྤྱན་དྲངས་ཏེ་བློ་གྲོས་མི་ཟད་པ་དང་ལངྐར་གཤེགས་པའི་


GTN003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སོགས་གསུངས་པའི་གནས་དེ་ཡིན་ནོ། ། ༡༠--༡༡༜ ཡང་ནུབ་ཀྱི་ཚོམ་བུའི་གཡས་གཡོན་དུ་ཚོམ་བུ་འགོད་བསྟུན་གཡོ་ལྡན་དང་ལམ་མཆོག་འགྲོ་ཞེས་པས་ནུབ་ཀྱི་གླིང་ཆེན་གྱི་གཡས་སུ་གཡོ་ལྡན་དང་། གཡོན་དུ་ལམ་མཆོག་འགྲོ་གཉིས་དང་། ༡༢--༡༣༜ བྱང་གི་ཚོམ་བུའི་གཡས་གཡོན་དུ་ཚོམ་བུ་འགོད་བསྟུན་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླར་ཞེས་པས། བྱང་གི་གླིང་ཆེན་གྱི་གཡས་སུ་སྒྲ་མི་སྙན་དང་། གཡོན་དུ་སྒྲ་མི་སྙན་གྱི་ཟླ་གཉིས་བསམ་སྟེ། དེ་ཡང་གླིང་ཕྲན་དེ་རྣམས་རྒྱུ་དབྱིབས་སོགས་གླིང་ཆེན་རྣམས་ཇི་བཞིན་པ་ལས་ཚད་ནི་རང་རང་གི་གླིང་ཆེན་གྱི་ཕྱེད་ཕྱེད་ལས་ཆུང་བ་ཡིན་ལ། དེ་དག་གི་བར་མཚམས་ཐམས་ཅད་རྒྱ་མཚོ་ཆེན་པོ་ནས་གང་བའི་ཕྱི་རོལ་ཏུ་ལྕགས་ལས་གྲུབ་པའི་རི་ཆེན་པོ་ཆུ་ནང་དུ་དཔག་ཚད་བརྒྱད་ཁྲི་ཚུད་དེ་དབང་ཆེན་གསེར་གྱི་ས་གཞི་ལ་ཟུག་ཅིང་། སྟེང་དུ་དཔག་ཚད་སུམ་བརྒྱ་དང་ཕྱེད་བཅུ་གསུམ་འཕགས་པས་ཆུ་མཚམས་ནས་གྱེན་དུ་འཕགས་པ་དང་མཚུངས་པས། ཞེང་དང་ལྡན་པ་ལས་རྟ་གདོང་གི་མེ་ཞེས་པ་མེ་དཔུང་ཆེན་པོ་འབར་ཞིང་འཁྱིལ་བའི་བསྐོར་བ་སྟེ། གཏམ་རྒྱུད་རྣམས་སུ་ཐ་སྐར་ཉི་མའི་ཆུང་མ་ཡིན་པ་ལ་དེའི་འོད་མ་བཟོད་ནས་བྱང་སྒྲ་མིའི་སྙན་དུ་རྒོད་མའི་ཚུལ་བཟུང་ནས་དཀའ་ཐུབ་བྱེད་བཞིན་པས་གནས་པར་བཤད་པ་ཡང་འདི་ཡིན་པར་མཚུངས་པ་འདྲ་ལ། འཇིག་རྟེན་ཕལ་པ་རྣམས་མེ་འདིས་རྒྱ་མཚོ་འཕེལ་དུ་མི་བཏུབ་པར་འཐག་ཡིན་མ་གཏོགས་ཆུའི་འཇིག་པ་འབྱུང་བ་


GTN003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཟེར་བ་ནི་ཚིག་ཙམ་མོ། །གཞན་དུ་ཛམྦུ་གླིང་གི་ས་འོག་གངས་རི་ཏི་སེའི་ཐད་ནས་ཐུར་དུ་དཔག་ཚད་ཉིས་ཁྲི་ན་དམྱལ་བའི་གནས་སོགས་ཡོད་པར་གསུངས་པ་རྣམས་ནི་འདིར་མི་སྤྲོ་ལ། རི་རབ་ཀྱི་ཆུ་མཚམས་ནས་བརྩིས་པའི་བང་རིམ་དང་པོ་ན་གནོད་སྦྱིན་ལག་ན་རིན་པོ་ཆེའི་གཞོང་པ་ཐོགས་པ་གནས་པས་ལག་ན་རིན་པོ་ཆེའི་གཞོང་ཐོགས་ཀྱི་གནས་ཞེས་བྱ་ལ། བང་རིམ་གཉིས་པ་ན་གནོད་སྦྱིན་ལག་ན་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་ཐོགས་པ་དང་། བང་རིམ་གསུམ་པ་ན་སྦྲང་ཆང་གིས་རྟག་ཏུ་མྱོས་པ་དང་། བང་རིམ་བཞི་པའི་སྟེང་དུ་རྒྱལ་ཆེན་སྡེ་བཞི་གནས་ཏེ། དེ་དག་གི་འཁོར་དུ་ཤར་ན་དྲི་ཟ། ལྷོར་གྲུལ་བུམ། ནུབ་ཏུ་ཀླུ། བྱང་ན་གནོད་སྦྱིན་གྱི་རིགས་རྣམས་གནས་སོ། །དེ་ཡང་ཤར་ཕྱོགས་སུ་རྒྱལ་པོ་ཡུལ་འཁོར་སྲུང་གི་ཕོ་བྲང་ཡུལ་འཁོར་སྲུང་དང་། ལྷོ་ཕྱོགས་སུ་འཕགས་སྐྱེས་པོའི་ཕོ་བྲང་འཕགས་སྐྱེས་ཞེས་གྲགས་པ་དང་། ནུབ་ན་སྤྱན་མི་བཟང་གི་ཕོ་བྲང་སྣ་ཚོགས་གཟུགས་ཞེས་པ་དང་། བྱང་ན་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་ཞེས་བྱ་བ་ཡོད་དེ། ཚད་ནི་ཀུན་གྱི་ངོས་རེར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་རེ་ཡོད་པ་ནང་གི་ས་གཞི་ཚོན་སྣ་བརྒྱན་བཀྲ་བར་བྱས་པ། ཤིང་བལ་གྱི་འདབ་མ་ལྟར་རྐང་པ་བཞག་ན་ནེམ་ཞིང་། བཏེགས་ན་འཕར་བ་སྙམས་བྱེད་པ། གསེར་གྱི་བྱེ་མ་བརྡལ་བ་ལ་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ། ལྷའི་མནྡ་ར་བས་པུས་ནུབ་ཙམ་དུ་ཁེབས་ཤིང་། རིན་ཆེན་སྣ་བཞིའི་རྩིག་པའི་རྫིང་ན་ཆུ་སྦྲང་རྩི་ལྟ་བུའི་གང་བ། རྫིང་གི་འགྲམ་ན་མེ་ཏོག་དང་གོས་རྣམ་བཞི་འབྱུང་བའི་


GTN003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་བསམ་གྱི་ཤིང་དང་། ཆུ་དང་། ཐང་དང་དེ་ལས་སྐྱེས་པའི་མེ་ཏོག་དང་། དེ་ལ་གནས་པའི་བྱ་དང་། བུང་བ་སྐད་སྙན་སྙན་ལྟར་སྒྲོགས་པས་མཛེས་པར་བྱས་པ་ལ་སོགས་པ་ལོངས་སྤྱོད་དཔག་ཏུ་མེད་པས་བརྒྱན་པ། བང་རིམ་བཞི་ལ་གནས་པའི་ལྷ་རྣམས་དང་། གསེར་གྱི་རི་བདུན་ལ་ལྷའི་གྲོང་ཁྱེར་བསམ་གྱིས་མི་ཁྱབ་པ་ཡོད་པས། དེ་དག་དང་གླིང་བཞི་གླིང་ཕྲན་ཁོར་ཡུག་དང་བཅས་པའི་འབྱུང་བ་བཞིའི་ལྷ་ཐམས་ཅད་རྒྱལ་ཆེན་རིགས་བཞིའི་ལྷར་གཏོགས་སོ། ། ༡༤༜ ཡང་ཤར་གྱི་ཚོམ་བུ་དབུས་མའི་མདུན་དུ་ཚོམ་བུ་འགོད་དེ་རིན་པོ་ཆེའི་རི་བོ་ཞེས་པས། ཤར་གླིང་གི་ནང་དུ་རིན་པོ་ཆེའི་རི་བོ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ཅན་རྒྱ་དཔངས་ལ་ཚད་བཟུང་མེད་པ་དེ་བཞིན་གླིང་གཞན་གསུམ་པོའི་མདུན་དུ་ཡང་ཚོམ་བུ་སོ་སོར་འགོད་དེ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པ་ཡི་ལོ་ཐོག་ཞེས་པས། ༡༥༜ ལྷོ་གླིང་གི་ནང་དུ་དཔག་བསམ་གྱི་ཤིང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན། རྩ་བ་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ལ་སོགས་པ་ཕུན་སུམ་ཚོགས་པ་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འབྱུང་བའི་རང་བཞིན་ཅན། ༡༦༜ ནུབ་གླིང་གི་ནང་དུ་འདོད་འཇོའི་བ་དམར་སེར་གཟུགས་བཟང་ཞིང་བལྟ་ན་སྡུག་པ་འདོད་དགུ་འབད་མེད་དུ་འབྱུང་བ། ༡༧༜ བྱང་གླིང་གི་ནང་དུ་མ་རྨོས་པའི་ལོ་ཐོག་རོ་བཅུད་ཕུན་སུམ་ཚོགས་པའི་འབྱུང་ཁུངས་ཅན་ཏེ། དེ་བཞི་ཀས་མཚོན་གླིང་བཞིའི་ལོངས་སྤྱོད་ཀྱི་དཔལ་


GTN003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་ཐམས་ཅད་མ་སྒྲུབ་འབད་མེད་དུ་རང་བྱུང་བས་ཕྱུར་བུར་གང་བ་བསམ་མོ། ། དེ་ཡང་ཡོངས་གྲགས་ཀྱིས་མཎྜལ་ཚོམ་བུ་ཉེར་གསུམ་དུ་བྱས་ན་རིན་པོ་ཆེའི་རི་བོ་སོགས་བཞི་དང་། སྒེག་སོགས་བརྒྱད་གདུགས་དང་རྒྱལ་མཚན་རྣམས་མེད་ཀྱང་འདི་རྣམས་ཚོམ་བུ་སོ་བདུན་མའི་སྒེར་ཆོས་ཡིན་ལ། རིན་པོ་ཆེ་སྣ་བདུན་དང་གཏེར་བུམ་ཉི་ཟླ་རྣམས་ནི་གོང་ལྟར་འགོད་པས་མཚོན། འདུལ་བ་ལུང་དང་། མདོ་དྲན་པ་ཉེར་བཞག །མངོན་པ་འབྱུང་བའི་མདོ་སོགས་དང་རྗེས་མཐུན་གྱི་བཤད་པས་རིན་པོ་ཆེ་སྣ་བདུན་གྱི་དབྱེ་བ་ཅུང་ཟད་སྤྲོ་ན། དེ་ཡང་མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྟག་ངུ་ནི། །ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞེས་གསུངས་པ་ལྟར་བྱང་སེམས་འཕགས་པ་རྣམས་ཐབས་ལ་མཁས་པས་སེམས་ཅན་རྣམས་འདུལ་བའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་གང་ལ་གང་འདུལ་གྱི་རྣམ་པར་རོལ་པ་མཐའ་ཡས་པར་སྟོན་པར་མཛད་པ་ནི་ཆོས་ཉིད་ཡིན་ལ། དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་ནམ་འབྱུང་བའི་དུས་ནི། མངོན་པ་མཛོད་ལས། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱིས། །ཞེས་པས་ཚེ་ལོ་དཔག་ཏུ་མེད་པ་ནས་སྟོང་ཕྲག་བརྒྱད་ཅུ་ཐུབ་པའི་བར་འབྱུང་གི །དེ་ལས་ཐུང་བའམ་འཕྱིས་པ་ལ་འབྱུང་བ་མ་ཡིན་ཏེ། ལོངས་སྤྱོད་མི་རྫོགས་པའི་ཕྱིར་སྙམ་དུ་དགོངས་སོ། །


GTN003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ལ་རིགས་དུ་ཙམ་ཞིག་ཡོད་ཅེ་ན། མཛོད་ལས། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་ལས་རིམ་བཞིན། །ཞེས་པས་ཐམས་ཅད་ཀྱི་མཆོག་གསེར་གྱི་འཁོར་ལོས་སྒྱུར་བས་ནི་གླིང་བཞི་དང་། ལྷ་གནས་སུམ་ཅུ་རྩ་གསུམ་མན་ལ་དབང་བསྒྱུར་བ་སྟེ་རྒྱལ་པོ་ང་ལས་ནུ་ལྟ་བུའོ། །དེ་བཞིན་དུ་ཉེ་བའི་མཆོག་དངུལ་གྱི་འཁོར་ལོས་སྒྱུར་བས་ནི་གླིང་གསུམ་ལ་དབང་བ་སྟེ་དེའི་བུ་མཛེས་པ་ལྟ་བུ་དང་། འབྲིང་ཟངས་ཀྱི་འཁོར་ལོས་སྒྱུར་བས་ནི་གླིང་གཉིས་ལ་དབང་བསྒྱུར་བ་སྟེ་དེའི་བུ་ཉེར་མཛེས་ལྟ་བུའོ། །ཐ་མ་ལྕགས་ཀྱི་འཁོར་ལོས་སྒྱུར་བ་ནི་གླིང་གཅིག་ཁོ་ནར་དབང་བ་སྟེ་དེའི་བུ་མཛོད་ལྡན་ལྟ་བུ་ཡིན་ཞིང་། དེ་ཡང་གླིང་གང་དུ་སངས་རྒྱས་གཅིག་ཁོ་ནས་མཛད་པ་བཅུ་གཉིས་སྟོན་པ་ལ། དེ་དང་ལྷན་དུ་སངས་རྒྱས་གཉིས་པ་ཞིག་མི་འབྱུང་བ་བཞིན་དུ་གླིང་གཅིག་ཏུ་འཁོར་ལོས་སྒྱུར་བའང་གཉིས་ལ་སོགས་པ་དུས་གཅིག་ཏུ་མི་འབྱུང་བ་བཞིན་ཡིན་ལ། དེ་བཞི་པོའང་བསོད་ནམས་མཆོག་དམན་གྱི་ཁྱད་པར་ལས་དབང་བསྒྱུར་ཚུལ་ཡང་། མདུན་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་རྩོན་རྒྱ་ལ་གནོད་པ་མེད། །ཅེས་པས་གསེར་གྱི་འཁོར་ལོས་སྒྱུར་བ་ནི། ཕོ་བྲང་རྒྱལ་ཕྲན་རྣམས་ཀྱིས་མདུན་བསུ་བའི་ཚུལ་གྱིས་ཕྱོགས་ལས་རྒྱལ་བར་བྱེད་པ་དང་། དེ་བཞིན་དུ་དངུལ་གྱི་རང་འགྲོ་བ་དང་། ཟངས་ཀྱི་གཡུལ་བཤམས་ཙམ། ལྕགས་ཀྱི་མཚོན་ཆའི་བཀོད་པ་རྩོམ་པས་འདུད་ཅིང་རྒྱལ་བར་བྱེད་པ་


GTN003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཆབ་འབངས་རྣམས་དགེ་བཅུའི་ལམ་ལ་འགོད་པར་མཛད་པས་ཕ་རོལ་པོའི་སྲོག་གཅོད་པ་སོགས་གནོད་པར་གྱུར་པ་ནི་མེད་དོ། །འཁོར་ལོས་སྒྱུར་བ་དེའི་ཡོན་ཏན་གྱི་ཁྱད་པར་ནི། མཛོད་འགྲེལ་ལས། དེ་དག་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱང་ཡོད་དེ། དཔེར་ན་སངས་རྒྱས་རྣམས་ཇི་བཞིན་ནོ། །ཞེས་གསུངས་ལ། འོ་ན་སངས་རྒྱས་ཀྱི་མཚན་བཟང་དང་ཁྱད་པར་ཆེ་སྟེ། ཐུབ་པའི་མཚན་བཟང་དང་དཔེ་བྱད་ནི་ཤིན་ཏུ་མཛེས་ཤིང་གསལ་བས། འཁོར་ལོས་སྒྱུར་བ་ནི་དེ་ལྟར་མ་ཡིན་ནོ་སྙམས་ན། དེ་ནི་ཕྱོགས་མཚུངས་པས་སྦྱར་བ་ཡིན་ཏེ། མངོན་འབྱུང་ལས། མཚན་འདི་གསལ་ལ་ལྡན་པ་མིའི་དབང་པོ། །གླིང་བཞི་རྣམས་ཀྱི་བདག་པོ་དབང་ཕྱུག་འགྱུར། །ཐུབ་དབང་མཚན་ནི་ཤིན་ཏུ་གསལ་བས་ན། །མི་མཆོག་སངས་རྒྱས་ཆོས་འཁོར་བསྐོར་བ་འགྱུར། །ཞེས་དང་། མཛོད་ལས། ཐུབ་མཚན་ཡུལ་ལ་གནས་པ་དང་། །གསལ་བར་སྟོན་པས་འཕགས་པ་ཡིན། །ཞེས་གསུངས་ཤིང་། དེ་ཡང་སྔོན་འཇིག་རྟེན་དུ་འཁོར་ལོས་སྒྱུར་བ་འབྱུང་བའི་ཚེ། གླང་ཆེན་ས་སྲུང་གི་བུའི་སྣས་རྒྱལ་པོ་ཉིད་བླངས་ཏེ་གསེར་གྱི་ཁྲིར་བཞག་པ་ལ། སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷའི་ཆུ་བོ་དྲི་མ་མེད་པས་ཡོངས་སུ་གང་བའི་བདུད་རྩིའི་བུམ་པ་བླངས་ཏེ། སྤྱི་བོ་ནས་ཁྲུས་གསོལ་བས་འཁོར་ལོས་སྒྱུར་བའི་རྒྱལ་པོར་དབང་བསྐུར་དགོས་པ་ཡིན་ཏེ། དེ་ལྟ་བུའི་འཁོར་ལོས་སྒྱུར་བ་འཇིག་རྟེན་དུ་བྱུང་བ་ན་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དག་ཀྱང་འཇིག་རྟེན་དུ་འབྱུང་བ་ཡིན་པ་ནི། འདུལ་བ་ལུང་ལས། ཀུན་དགའ་བོས་སྨྲས་པ། སྲིང་མོ་འཁོར་ལོས་སྒྱུར་བ་འཇིག་
རྟེན་དུ་བྱུང་ན་རིན་ཆེན་སྣ་བདུན་དག་ཀྱང་འཇིག་རྟེན་དུ་འབྱུང་བ་ཡིན་ཏེ། ཞེས་གསུངས་ཤིང་། དེ་དག་གི་གོ་རིམ་ཀྱང་འདུལ་བ་ལུང་ལས་ཡུལ་དགྲ་མཐར་བྲམ་ཟེའི་ཁྱེའུ་མེས་བྱིན་གྱི་གཏམ་རྒྱུད་ལས་བརྩམས་ཏེ། ཀུན་དགའ་བོས་འཁོར་ལོས་སྒྱུར་བའི་གཏམ་བཤད་པར། འཁོར་ལོ། གླང་པོ་ཆེ། རྟ་མཆོག །ནོར་བུ། བུད་མེད་ལྔ་རྒྱས་པར་བཤད། ཕྱི་མར་བློན་པོ་དམག་དཔོན་གཉིས་ཀྱི་མིང་ཙམ་སྨོས་པ་དང་། མདོ་དྲན་པ་ཉེར་བཞག་ལས། བུད་མེད། ནོར་བུ། འཁོར་ལོ། གླང་པོ། རྟ་མཆོག །བློན་པོ། ཁྱིམ་བདག་བདུན་གྲལ་རིམ་མཛད་པ་ལ། འདིའི་བློན་པོ་ཞེས་པ་དམག་དཔོན་དང་། ཁྱིམ་བདག་བློན་པོར་ངོས་འཛིན་ལ། མངོན་འབྱུང་གི་མདོ་དང་། དེའི་རྗེས་སུ་འབྲངས་པའི་བསྟན་བཅོས་འགར། འཁོར་ལོ། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག །དམག་དཔོན་ཏེ་བདུན་དུ་བཞག་པ་སོགས་སྣ་ཚོགས་སྣང་ཡང་། རེ་ཞིག་ཕྱི་མ་དང་མཐུན་པར་འཆད་ན་སྤྱི་འགྲོ་ཡང་ཡིན་ལ། འདིར་བཤད་པ་དང་མཐུན་པ་ཡིན་པས།


previous༜དབུས་ཀྱི་ཚོམ་བུའི་ནུབ་ཏུ་ཚོམ་བུ།next