Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
༜ཤར་གླིང་གི་རིན་པོ་ཆེའི་རི་བོའི་མདུན་དུ་ཚོམ་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༜ཤར་གླིང་གི་རིན་པོ་ཆེའི་རི་བོའི་མདུན་དུ་ཚོམ་བུ།next

༜ཤར་གླིང་གི་རིན་པོ་ཆེའི་རི་བོའི་མདུན་དུ་ཚོམ་བུ།


GTN003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༡༨༜ དེ་ཡང་ཤར་གླིང་གི་རིན་པོ་ཆེའི་རི་བོའི་མདུན་དུ་ཚོམ་བུ་འགོད་དེ། འཁོར་ལོ་རིན་པོ་ཆེ་ཞེས་པས། ཤར་གླིང་གི་མདུན་གྱི་ནམ་མཁར་འཛམ་བུ་ཆུ་བོའི་གསེར་སྦྱངས་ལས་གྲུབ་པའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་ཞིང་ཉི་མའི་གཟི་བྱིན་འཕྲོག་པ་ཞིག་བསམ་སྟེ། དེ་ལྟ་བུའི་འཁོར་ལོ་དེ་ལ་ཡོན་ཏན་རྣམ་ལྔ་ཡོད་པ་ནི། རྒྱ་ཆེར་རོལ་པ་ལས། རྒྱུ་འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ་རྒྱར་དཔག་ཚད་ལྔ་བརྒྱ་ལ། མདོག་ཉི་མ་ལྟར་མཛེས་པ། ནམ་མཁའ་ལ་


GTN003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཚད་འབུམ་དུ་ཉི་མ་གཅིག་གིས་ཐོགས་པ་མེད་པར་འགྲོ་བ། རྒྱལ་པོ་གླིང་སོགས་གང་དུ་འགྲོ་བའི་ཚེ་འཁོར་ལོ་དེ་ཡང་ནམ་མཁའ་ལ་འགྲོ་ཞིང་། དེའི་མཐུས་རྒྱལ་པོ་དཔུང་ཚོགས་ཡན་ལག་བཞི་ཡང་ནམ་མཁའ་ལ་འགྲོ་ལ། རྒྱལ་པོ་མི་ཐོས་པ་ཐམས་ཅད་དེས་གྲོགས་བྱས་ན་ཐོས་པ། བསྔོ་བ་གང་ཡང་མེད་པར་རྒྱལ་པོ་བློན་པོ་སོགས་གྲོགས་སོ་སོའི་འདོད་པ་ཐམས་ཅད་འགྲུབ་པའོ། །ཞེས་བཤད་ལ་ལུང་འདི་ལྟར་ན་འཁོར་ལོ་དེའི་རྒྱུའང་སྔར་བཤད་ལྟར་འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ་ཡིན་ལ། མངོན་པར་འབྱུང་བའི་མདོར། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་ཞེས་པས་འཁོར་ལོའི་རྒྱུ་ནི་མི་དང་ཀླུའི་འཇིག་རྟེན་དུ་བྱུང་བ་ལྟ་བུའི་དངོས་པོ་མ་ཡིན་པར་ལྷ་རྫས་ཀྱི་དྭངས་མའི་གསེར་བཟང་པོ་ལས་བྱས་པ། དབྱིབས་ཀྱང་ལྟེ་བ་ཟླུམ་པོ་ཕྱོགས་དང་ཕྱོགས་བྲལ་དུ་རྩིབས་སྟོང་རྣམ་པར་བཀྲ་ཞིང་། ཁོར་ཡུག་ཏུ་མུ་ཁྱུད་མཉམ་ཞིང་བཟང་བ། བྱེད་ལས་ནི་དེ་ལྟ་བུའི་འཁོར་ལོ་དེ་ཉིད་མངོན་དུ་ཕྱོགས་པ་ཙམ་གྱིས་ཕྱིར་རྒོལ་བའི་དགྲ་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཐོབ་པ་སྟེ་ཁྱད་ཆོས་གསུམ་ལྡན་ནོ། ། འཁོར་ལོ་དེ་ཇི་ལྟར་བྱུང་ཞེ་ན། དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཉིད་བཙུན་མོའི་ཚོགས་དང་བཅས་ཚེས་བཅོ་ལྔའི་ཉིན་ཁྲུས་བྱས་ཏེ་གསོ་སྦྱོང་ལ་གནས་པའི་ཚེ། ཤར་ཕྱོགས་ཀྱི་ནམ་མཁའ་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་ཞིང་མུ་ཁྱུད་དང་བཅས་པ་ཐམས་ཅད་གསེར་ལས་གྲུབ་པ་མགར་


GTN003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བས་མ་བྱས་པ་ཞིག་ཤིང་ཏ་ལ་བདུན་ཙམ་གྱི་འཕང་ཐད་ནས་བྱུང་བར་མདོ་སྡེ་རྒྱ་ཆེར་རོལ་པ་ལས་གསུངས་ཤིང་། མདོ་གཞན་དུ་བརྒྱ་བྱིན་གྱིས་བྱིན་པ་དང་། ལ་ལར་བསོད་ནམས་ཀྱི་མཐུས་རི་རབ་ཀྱི་ཁོངས་གསེང་ནས་རང་ཤུགས་ཀྱིས་བྱུང་བ་སོགས་བཤད་ཚུལ་མང་དུ་མཆིས་ཤིང་། གང་ལྟར་ཡང་དེའི་ཚེ་རྒྱལ་པོའི་བསམ་པ་ལ། བདག་ནི་སྔོན་གྱི་བསོད་ནམས་ཀྱི་མཐུས་འཁོར་ལོས་སྒྱུར་རྒྱལ་དུ་འགྱུར་རོ་སྙམས་ནས་འཁོར་ལོ་བརྟགས་པར་འདོད་དེ། དེའི་ལག་པ་གཉིས་ཀྱིས་བླངས་ནས་གཡོན་པར་བཞག་སྟེ་གཡས་པས་བསྐོར་ཞིང་ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པའི་ལམ་སྲོལ་གང་ཡིན་པར་རྣམ་པར་རྒྱལ་བར་གྱུར་ཅིག །ཅེས་སྨྲས་ནས་འཁོར་ལོ་དེ་རྒྱལ་པོས་བསྐོར་བ་དང་། སྟེང་གི་ནམ་མཁའ་ལ་འཕགས་ཏེ་ཤར་ཕྱོགས་སུ་སྔོན་གྱི་འཁོར་ལོས་སྒྱུར་བའི་ལམ་སྲོལ་གང་ཡིན་པ་དེར་འགྲོའོ། །དེའི་རྗེས་སུ་འཁོར་ལོས་སྒྱུར་བའི་དཔུང་ཚོགས་ཡན་ལག་བཞི་པའི་ཚོགས་དང་བཅས་པས་བགྲོད་པ་ལས། འཁོར་ལོ་དེ་གང་དུ་སྡོད་པར་རྒྱལ་པོ་འཁོར་དང་བཅས་པས་གནས་འདེབས་ཤིང་ཤར་ཕྱོགས་ཀྱི་ཁམས་ཀྱི་རྒྱལ་ཕྲན་ཅི་བགྱིའི་འབངས་སུ་མཆིས་ཤིང་དབང་འདུའོ། །དེ་བཞིན་ལྷོ་ནུབ་བྱང་གི་ཕྱོགས་རྣམས་སུའང་སྔར་བཞིན་འགྲོ་ཞིང་རྒྱལ་ཕྲན་རྣམས་འདུས་པའི་བྱ་བ་འཁོར་ལོ་དེའི་ནུས་པའི་བྱེད་པས་ཕྱིར་འཁོར་ལོས་སྒྱུར་རྒྱལ་ཞེས་གྲགས་པ་ཡིན་ལ། ལུང་གི་སྤྲོས་པ་ནི་ཚིག་མང་བར་དོགས་ཏེ་མ་སྤྲོས་སོ། །དེ་ལྟ་བུའི་འཁོར་ལོ་དེ་མཆོད་པའི་རྫས་སུ་ཕུལ་བས་དགོས་ཆེད་ཅི་ཞིག་ཞེ་ན། འཁོར་བ་


GTN003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ལུ་གུ་རྒྱུད་དུ་འཁྲུལ་པའི་རྒྱུ་བདག་འཛིན་གཉིས་སྣང་གི་བག་ཆགས་རྩད་ནས་བཅད་དེ། བདག་དོན་དུ་དག་པ་གཉིས་ལྡན་གྱི་སྐུ་མངོན་དུ་བྱས། གཞན་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་འགྲོ་བའི་དོན་བླ་ན་མེད་པར་བྱེད་ནུས་པའི་བདག་ཉིད་ཅན་དུ་འགྱུར་བའི་དོན་ནོ། ། ༡༩༜ ཡང་ལྷོ་གླིང་གི་དཔག་བསམ་ཤིང་གི་མདུན་དུ་ཚོམ་བུ་འགོད་དེ་ནོར་བུ་རིན་པོ་ཆེ་ཞེས་པས། ལྷོ་གླིང་དཔག་བསམ་ཤིང་གི་མདུན་དུ་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་ཟུར་བརྒྱད་པ་འོད་ཟེར་གྱིས་དཔག་ཚད་བརྒྱའི་བར་གྱི་ཁོར་ཡུག་ཀུན་གྱི་མུན་པའི་གོ་སྐབས་འཕྲོག་པར་བྱེད་ཅིང་། ཚ་བས་གདུང་ན་བསིལ་བའི་ནུས་པ། གྲང་བས་གདུང་ན་དྲོ་བའི་ནུས་པ། གང་དུ་གནས་ཀྱང་ས་ཕྱོགས་དེའི་སྐྱེ་བོ་ཀུན་གྱི་མི་དགེ་བའི་རྒུད་ཚོགས་མཐའ་དག་སེལ་བར་ནུས་ཤིང་ཡིད་ལ་སྨོན་ཚད་གྲུབ་པའི་རང་བཞིན་ཅན་ཞིག་བསམ་སྟེ། དེ་ལྟ་བུའི་ཚེ་ནོར་བུ་རིན་པོ་ཆེ་དེ་ལ་མདོར་བསྡུ་ན་ཡོན་ཏན་རྣམ་པ་བརྒྱད་དེ། མདོ་དྲན་པ་ཉེར་བཞག་ལས། ནོར་བུ་རིན་པོ་ཆེ་ཆེན་པོ་མིའི་བརླ་ཤ་ཙམ་བརྒྱད་པ། མཚན་མོ་སྟོན་ཀའི་ཟླ་བ་ཉ་གང་བ་ལྟར་གསལ་བའི་འོད་དཔག་ཚད་བརྒྱད་འབྱུང་ཞིང་། ཚ་བས་གདུང་བ་ལ་འོད་བསིལ་བ་ཅན་དང་། ལམ་དུ་ཞུགས་པ་ན་ཆུ་དང་བྲལ་བར་སྐོམ་པའི་གདུང་བ་རྣམས་ལ་ཡན་ལག་བརྒྱད་ལྡན་གྱི་ཆུ་བྱུང་ནས་སྐོམ་པ་སེལ་བ། རྒྱལ་པོའི་ཅི་བསམ་པ་ཐམས་ཅད་ནོར་བུ་དེ་ལས་འབྱུང་བ་དེའི་ཆ་བརྒྱད་པའི་ཆ་རེ་རེ་ནས་འོད་དཀར་སྔོ་སེར་དམར་ཙོད་ཁ་ལྟ་བུ་སྣ་ཚོགས་པ་འཕྲོ་བས་ནོར་


GTN003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གང་དུ་ཡོད་པའི་དཔག་ཚད་བརྒྱའི་འཁོར་སར་ནད་མེད་ཅིང་རྟག་ཏུ་ཡིད་ལ་མཉམ་པར་བཞག་པ་དང་འདོད་པའི་འབྲས་བུ་མེད་པ་མ་ཡིན་པ། རླུང་ངན་པའི་ཆར་མི་བཟད་པར་འབེབས་མི་ནུས་པ། མྱ་ངམ་དང་གཡང་ས་སོགས་མེད་ཅིང་། མཚེའུ། ཚལ། སྨན། ནགས། ནེའུ་གསིང་ཕུན་སུམ་ཚོགས་པ་འབྱུང་བ། དུས་མ་ཡིན་པའི་འཆི་བ་མི་འབྱུང་ཞིང་དུད་འགྲོའི་རིགས་ཀྱིས་མི་གནོད་པར། རྒྱལ་པོ་དེ་ལ་བུ་དཔའ་ཞིང་བརྟུལ་ཕོད་པ་སྟོང་འབྱུང་བ་སྟེ་བརྒྱད་དོ། །ཞེས་བཤད་པ་མངོན་འབྱུང་གི་མདོར། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་པོ་ཆེ་ཞེས་པས། ནོར་བུ་དེའི་རྒྱུ་ནི་རིན་པོ་ཆེ་བཻ་ཌཱུརྱ་བཟང་པོ་སྟེ། དེ་ལ་ཡང་སྤྱིར་མཆོག་དམན་གཉིས་ལས་མཆོག་ནི་དེ་བཞིན་གཤེགས་པའི་གདུང་དང་རིང་བསྲེལ་ནོར་བུར་གྱུར་པ་ལ་བཻ་ཌཱུརྱ་ཏོག་གི་བློ་གྲོས་ཞེས་བྱ་སྟེ། མཆོག་དམ་པ་དང་ནམ་མཁའ་ལྡིང་གིས་དུག་སྦྲུལ་ཟོས་པས་དེ་ཡི་དུག་གིས་མཁའ་ལྡིང་གི་ལུས་བསྲེགས་སྙིང་བཻ་ཌཱུརྱར་གྱུར་པ་ཡང་མཆོག་ཏུ་གྲགས་པ་དང་། བཻ་ཌཱུརྱ་ཕལ་པ་ལ། མཉྫུ་རེ་ཞེས་པ་བཻ་ཌཱུརྱ་སེར་པོ་པུ་ཀ་ར་ཞེས་པ་ལྗང་གུ་ལ་པུ་བྱ་ཞེས་པ་དཀར་པོ་སྟེ། རིགས་གསུམ་ལ་སོགས་པར་བཤད་ཚོད་མང་ཡང་། འདི་ནི་དེ་འདྲ་ལ་མ་ལྟོས་པར་རྒྱལ་པོ་དེའི་བསོད་ནམས་ཀྱི་དཔལ་ལས་གྲུབ་པ་སྟེ། བྱེད་ལས་ནི་དེའི་འོད་ཀྱིས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཙམ་དུ་སྣང་བ་ཆེན་པོས་ཁྱབ་སྟེ། མུན་པའི་རབ་རིབ་ཞི་བས་མཚན་མོ་ཡང་ཉིན་བཞིན་དཀར་ཞིང་
གསལ་ཏེ་ཁྱད་ཆོས་གསུམ་ལྡན་ནོ། །དེ་ལྟ་བུའི་ནོར་བུ་རིན་པོ་ཆེ་དེ་མཆོད་པའི་རྫས་སུ་ཕུལ་བས་ན་ཀུན་རྫོབ་ཏུ་ཟང་ཟིང་གི་དངོས་པོ་གྱ་ནོམ་པ་དང་། དོན་དམ་དུ་ཡང་དག་དང་ལྟར་སྣང་འབྱེད་པའི་བློ་གྲོས་ཀྱི་མཐུས་བཀྲ་ཤིས་ཤིང་ཕོངས་པ་དག་བསལ་ནས། དད་པ་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ཐོས་པ་དང་། ཁྲེལ་ཡོད་དང་། ངོ་ཚ་ཤེས་པ། ཤེས་རབ་སྟེ་འཕགས་ནོར་བདུན་ལ་སོགས་པའི་འབྱོར་པས་ཕྱུག་པ། ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་བའི་རྟེན་འབྲེལ་ཡིན་ནོ། །


previous༜ཤར་གླིང་གི་རིན་པོ་ཆེའི་རི་བོའི་མདུན་དུ་ཚོམ་བུ།next