Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
༜བྱང་གླིང་གི་མ་རྨོས་པའི་ལོ་ཏོག་གི་མདུན་དུ་ཚོམ་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༜བྱང་གླིང་གི་མ་རྨོས་པའི་ལོ་ཏོག་གི་མདུན་དུ་ཚོམ་བུ།next

༜བྱང་གླིང་གི་མ་རྨོས་པའི་ལོ་ཏོག་གི་མདུན་དུ་ཚོམ་བུ།


GTN003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

༢༠༜ ཡང་བྱང་གླིང་གི་འདོད་འཇོའི་བའི་མདུན་དུ་ཚོམ་བུ་འགོད་དེ་བཙུན་མོ་རིན་པོ་ཆེ་ཞེས་པས། ནུབ་གླིང་གི་འདོད་འཇོའི་བའི་མདུན་དུ་བཙུན་མོ་རིན་པོ་ཆེ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་ཡོན་ཏན་བརྒྱད་དང་ལྡན་པ་མཛེས་ཤིང་བལྟ་བས་ཆོག་མི་ཤེས་པ་རེག་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་རྩོལ་མེད་དུ་འཆར་བར་ནུས་པ་ཞིག་བསམ་སྟེ། དེ་ལྟ་བུའི་བཙུན་མོ་དེ་ལ་ཡོན་ཏན་དུ་མར་བཤད་ཀྱང་འདོམས་ཏེ་བཤད་ན་ལྔ་ཡིན་ཏེ། མདོ་དྲན་པ་ཉེར་བཞག་ལས། བུད་མེད་རིན་ཆེན་ཁ་ན་ཨུཏྤལ་ལའི་དྲི་འབྱུང་ཞིང་།༡ བྱ་ཀ་ལ་པིང་ཀ་ཞེས་རྒྱ་མཚོ་ན་གནས་པ་དེས་རེག་པ་ལྟར་རེག་ན་བདེ་བ།༢ དེས་རེག་པས་ཡིད་ལུས་དང་ཉོན་མོངས་པ་མེད་པར་གྱུར་པ།༣ བཀྲེས་པ་དང་། སྐོམས་པ་དང་། མྱ་ངན་དང་བྲལ་བར་འགྱུར་ཞིང་།༤ རྒྱལ་པོ་ལ་དེས་རེག་པས་གྲང་དུས་དྲོ་བ་དང་། དྲོ་དུས་བསིལ་བར་བྱེད་པ།༥ དེ་ལ་མི་གཞན་གྱིས་རེག་པར་མི་ནུས་ཤིང་། བུད་


GTN003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་སྐྱོན་ལྔ་ནི། སྐྱེས་པ་གཞན་སེམས་པ། སེར་སྣ་མི་རིགས་པ་ཆགས་པ། མི་རིགས་པའི་གནས་ལ་རྗེས་སུ་ཆགས་པར་མི་དགའ་བར། ཁྱིམ་ཐབ་ཀྱི་སྲོག་གཅེས་པར་མི་འཛིན་པ་རྣམས་སྤང་བ། ཡོན་ཏན་ལྔ་ནི། གང་དུ་རྒྱལ་པོའི་བསམ་པ་དང་མཐུན་པ། བུ་མང་པོ་བཙས་པར་ནུས་པ། ཁྱིམ་ཐབ་ཀྱི་བུད་མེད་གཞན་ལ་ཕྲག་མི་དོགས་པ། མ་དང་སྲིང་མོ་ལྟ་བུར་མཐོང་བ། ཚིག་ཆལ་ཆོལ་མི་སྨྲ་ཞིང་རྒྱལ་པོའི་སྲིད་མཐོ་བར་འགྱུར་བ། ལོག་ལྟ་མེད་པའོ། །ཞེས་བཤད་ལ། མངོན་འབྱུང་གི་མདོར། གཟུགས་མཛེས་བལྟ་ན་སྡུག་ཅིང་ཚུལ་བཟང་བ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་ཞེས་པས་གཟུགས་ཀྱི་སྐྱེ་མཆེད་ཤིན་ཏུ་མཛེས་ཤིང་བལྟ་ན་སྡུག་པ། ངང་ཚུལ་བཟང་ཞིང་རང་བཞིན་གྱིས་ཤེས་རྒྱུད་དུལ་བ། པགས་པའི་མདོག་དཀར་ལ་དམར་བའི་མདངས་ཀྱིས་ལེགས་ཤིང་འཇམ་པ། ཡིད་དུ་འོང་ཞིང་སིམ་པ་སྐྱེད་པའི་རེག་བྱ་མཆོག་དང་ལྡན་པ་སྟེ་ཁྱད་ཆོས་དྲུག་ལྡན་ཏེ། བཙུན་མོ་རིན་ཆེན་དེ་མཆོད་པའི་རྫས་སུ་ཕུལ་བས་ཐེག་པ་འོག་མ་ལྟར་ཐབས་ལ་མི་རྨོངས་ཤིང་། ཟབ་མོ་སྟོང་པ་ཉིད་ཀྱི་ཤེས་རབ་རྣམ་པར་དག་པ་རྟོགས་པ་ཐབས་སྣང་བའི་ཆ་གང་དུའང་མ་སྤངས་ཤིང་། ཅིར་ཡང་མ་བསྒྱུར་པར་ཤེས་རབ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་དབང་འབྱོར་ནས་སྣང་སེམས་དབྱེར་མེད་དུ་དག །ཕྱི་ཀུན་རྫོབ་ཀྱི་ཐབས་ཤེས་ལ་མཉམ་པར་སྦྱར་པའི་དགའ་བ་བཞི་ལུགས་འབྱུང་ལུགས་ལྡོག་གི་རྩལ་སྦྱངས། ཨ་བ་དྷཱུ་ཏིའི་རྩ་མདུད་ཉི་ཤུ་རྩ་གཅིག་དུས་


GTN003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་གྲོལ་ཏེ། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ཡིན་ནོ། ། ༢༡༜ ཡང་བྱང་གླིང་གི་མ་རྨོས་པའི་ལོ་ཏོག་གི་མདུན་དུ་ཚོམ་བུ་འགོད་དེ། བློན་པོ་རིན་པོ་ཆེ་ཞེས་པས། བྱང་གླིང་གི་མ་རྨོས་པའི་ལོ་ཏོག་གི་མདུན་དུ་བློན་པོ་རིན་པོ་ཆེ་གཟུགས་བཟང་ཞིང་སྟོབས་ཆེ་བ་རྩལ་དང་ལྡན་ཞིང་བྱ་བ་ཐམས་ཅད་ལ་དཔྱད་བཟོད་པ། ས་ཡི་བདག་པོ་ལ་སྙིང་ཉེ་ཞིང་ངང་གིས་བརླིང་པ་དང་དཔོན་བཞིན་བཟང་ལྟ་བུ་ཞིག་བསམ་སྟེ། བློན་པོ་རིན་པོ་ཆེ་དེ་ལ་ཡོན་ཏན་བཞི་སྟེ། རྡོ་རྗེ་དང་། མཐོན་ཀ་དང་། མརྒཱཏྟཱ་དང་། སྤུག་དང་། གསེར་དངུལ་ལ་སོགས་པའི་རིན་པོ་ཆེའི་ནོར་རྫས་རྩོལ་བ་མ་བྱས་ཀྱང་མོད་ལ་ཟད་པ་མེད་པ། རྒྱལ་པོའི་བཀའ་ཅི་གསུངས་ལ་ཡིད་གཞུང་བ། རྒྱལ་པོའི་བསམ་པ་ཇི་ལྟར་བློན་པོས་རྟོགས་ནས་མ་བསྒོས་ཀྱང་ལས་བྱེད་ལ་ཆོས་ཀྱི་བྱ་བ་དང་ལྡན་པ། ཉོན་མོངས་པས་འཁོར་གཞན་ལ་ཕྲག་དོག་མེད་ཅིང་རྒྱལ་པོའི་དོན་ལ་མ་གཏོགས་གཞན་ལ་གནོད་པ་མེད་པ་རྣམས་ཏེ། མངོན་འབྱུང་གི་མདོར། གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་ཞེས་པས་སྔོན་རྒྱལ་བ་མུ་ཏིག་མདངས་ལྡན་ཞེས་བྱ་བས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པ་ན། གསེར་དང་སོགས་ཀྱི་སྒྲས་ནོར་གྱི་རིགས་ཇི་སྙེད་པ་ཐུབ་པ་སྟེ་སངས་རྒྱས་ལ་ཕུལ་བ་ལྟར་དང་། སྔོན་གྱི་ཁྱིམ་བདག་བཟོད་ལྡན་དང་མཚུངས་པས་ཁྱིམ་བདག་ནོར་དང་ལྡན་པ་


GTN003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། རྒྱལ་པོའི་བྱ་བ་བདག་གི་ཁ་ལོ་བསྒྱུར་བའི་བློན་པོ་རིན་ཆེན་ཞེས་སྔོན་བྱུང་གི་གཏམ་དང་སྦྱར་ཞིང་། འདིར་ཁྱིམ་བདག་དང་བློན་པོ་གཅིག་པར་བྱས་པ་སྟེ། གཞན་དུ་ཁྱིམ་བདག་དམག་དཔོན་ལ་སྦྱར་བའང་མཐོང་ངོ་། །མདོ་དྲན་པ་ཉེར་བཞག་མ་གཏོགས་འདུལ་བར་འདིའི་གཏམ་རྒྱུད་མ་བྱུང་ཡང་དོན་ཐོག་ལ་རྒྱུད་དྲང་བ་སྟེ། ཕུར་བུའི་བློ་གྲོས་ལྟར་དཀྱིལ་ཆེ་བ། མཛངས་ཤིང་ཡིད་གཞུང་བ། རྒྱལ་པོའི་དཀོར་ནོར་བསགས་པ་ལ་མཁས་པ་ངག་སྙན་ཞིང་ཡིད་དེས་པ་ལྷའི་མིག་དང་ལྡན་པས། ས་འོག་གི་གཏེར་ཐམས་ཅད་མཐོང་བ་ཞིག་ཡིན་པར་མཆིས་སོ། །དེ་ལྟ་བུའི་བློན་པོ་རིན་པོ་ཆེ་དེ་མཆོད་པའི་རྫས་སུ་ཕུལ་བས། ཕྱི་སྐུའི་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག །ནང་གསུང་གི་རྒྱུད་ལུང་ཨ་ནུ་ཡོ་ག །གསང་བ་ཐུགས་ཀྱི་རྒྱུད་རྫོགས་ཆེན་ཨ་ཏི་ཡོ་ག་སྟེ། ཐེག་པ་རྣམ་པ་གསུམ་གྱི་དོན་ལ་མ་རྨོངས་ཤིང་། དེ་ཁོ་ན་ཉིད་ཀྱི་དོན་བློ་བྲལ་བསམ་དཔྱོད་ལས་འདས་པའི་བསྟན་པ་རིན་ཆེན་འཛིན་སྐྱོང་སྤེལ་བར་བྱེད་པའི་ཡོན་ཏན་ཅན་དུ་འགྱུར་བའི་རྟེན་འབྲེལ་ཡིན་ནོ། ། ༢༢༜ ཡང་ཤར་དང་ལྷོའི་གླིང་ཕྲན་རྔ་ཡབ་གཞན་དང་ལུས་ཀྱི་བར་དེར་ཚོམ་བུ་འགོད་ནས། གླང་པོ་རིན་པོ་ཆེ་ཞེས་པས། ཤར་ལྷོ་མཚམས་ན་གླང་པོ་རིན་པོ་ཆེ་ཁ་དོག་ཐལ་སྐྱ་མཆེ་བ་དྲུག་ལྡན། སྤྱི་གཙུག་དམར་ཞིང་དཔངས་མཐོ་བ་གདོང་ནོར་བུའི་རྭ་བས་གཡོགས་པ་གླང་ཆེན་ཕལ་པ་སྟོང་གི་སྟོབས་ཤུགས་དང་ལྡན་ཞིང་གངས་ལྡན་གྱི་ས་འཛིན་ཐང་ལ་བབ་པ་ལྟར་དལ་གྱིས་འགྲོ་བ། དོན་མེད་པར་གཞན་ལ་མི་གནོད་ཅིང་། ཕ་རོལ་གྱི་གཡུལ་ལས་རྒྱལ་


GTN003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ་ཞིག་བསམ་སྟེ། དེ་ལྟ་བུའི་གླང་པོ་རིན་པོ་ཆེ་དེ་ལ་ཡོན་ཏན་བརྒྱད་དེ། དྲན་པ་ཉེར་བཞག་ལས། གླང་པོ་ཆེ་ནི་བཀའ་མཉན་པ། ཅང་ཤེས་པ། ཡན་ལག་བདུན་ལེགས་པར་གནས་པ། གླང་ཆེན་སྟོང་གི་སྟོབས་དང་ལྡན་པས་བརྒྱ་བྱིན་གྱི་གླང་པོ་ཆེ་ལྟ་བུ་སྟེ། དེའི་དྲི་ཚོར་བས་གླང་པོ་ཆེ་ཕལ་པ་དག་ཀླད་པ་འགེམས་ཤིང་། ཕ་རོལ་གྱི་སྡེ་ལས་རྒྱལ་བ། མདོག་དངུལ་ལྟར་དཀར་བ། ཆུ་དང་སྐམ་དང་བར་སྣང་ལ་གཡུལ་འབྱེད་ནུས་པ་ཉིན་གཅིག་གིས་འཛམ་གླིང་བསྐོར་ནུས་པ། སྐུད་པས་ཀྱང་དཀྲིར་རུང་བ། རྒྱལ་པོས་བཞོན་ཚེ་གང་དུ་འགྲོ་བར་འདོད་པ་དེར་མ་བསྐུལ་ཡང་འཇུག་པ། གཙུག་ན་གསེར་གྱི་རྒྱན་གྱིས་བརྒྱན་ཞིང་། གསེར་གྱི་དྲྭ་བས་གཡོགས་པའོ། །ཞེས་བཤད་ལ། མངོན་འབྱུང་གི་མདོར། ཡན་ལག་ཐམས་ཅད་རབ་སྐྱེས་ས་ལ་ནི། །རབ་གནས་རི་འདྲ་གངས་ཆེན་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལས་རབ་འགྲོ་བའི། །གླང་པོ་རིན་པོ་ཆེ་ཞེས་པས། རྒྱལ་པོའི་བསོད་ནམས་ཀྱི་སྟོབས་ལས་དུས་སུ་བྱུང་བའི་གླང་ཆེན་རྐང་ལག་བཞི། མཇུག་མ། མཚན་མ། སྣ་ཞགས་ཏེ་ཡན་ལག་བདུན་པོ་ཐམས་ཅད་ས་ལ་ལེགས་པར་གནས་པ་གཟུགས་ཆེ་ཞིང་བརྟན་པ་རི་དང་འདྲ་བ། རི་བོ་གངས་ཅན་ལས་འོང་བའི་གླང་པོ་ཆེ་བཞིན་ཡིད་དུ་འོང་བའོ། །ཡང་ན་འགའ་ཞིག་ཏུ། གངས་ཅན་རི་འདྲ་གླང་པོ་ཆེ། ཞེས་པ་ལྟར་ན་གླང་པོ་ཆེ་ཐལ་དཀར་གངས་ཅན་ནམ་གངས་རི་འགྲོ་ཞེས་པ་ལྟ་བུ་གསུངས་སམ་སྙམ་སྟེ། དེ་ལྟར་ན་མེ་ཏོག་ཀུ་མུད་དའི་མདངས་སམ། གངས་རི་ལྟར་དཀར་ཞིང་མཁའ་ལ་འགྲོ་ནུས་པ་སོགས་རྒྱལ་པོ་ལ་ཤིན་ཏུ་


GTN003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འོས་པ་ཞིག་སྟེ། དེ་ལྟ་བུའི་གླང་པོ་ཆེ་དེ་མཆོད་པའི་རྫས་སུ་ཕུལ་བས་མུ་སྟེགས་བྱེད་ཀྱི་རྟག་ཆད་དང་། ཉན་ཐོས་ཀྱི་དངོས་ཞེན་ལ་སོགས་པ་ཐེག་པ་དམན་པའི་ལྟ་ངན་གྱི་རི་དྭགས་ཕལ་པ་དག་ཟིལ་གྱིས་མནན་ནས་བླ་མེད་རྡོ་རྗེ་ཐེག་པའི་གླང་པོ་ལ་བཞོན་ནས། རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་དུ་ཕྱིན་པ་མེད་པ་བགྲོད་པའི་རྟེན་འབྲེལ་ཡིན་ནོ། ། ༢༣༜ཡང་ལྷོ་དང་ནུབ་ཀྱི་གླིང་ཕྲན་རྔ་ཡབ་དང་། ལམ་མཆོག་འགྲོའི་བར་དེར་ཚོམ་བུ་བཀོད་ནས་རྟ་མཆོག་རིན་པོ་ཆེ་ཞེས་པས། ལྷོ་ནུབ་མཚམས་ན་རྟ་མཆོག་རིན་པོ་ཆེ་ཁ་དོག་སྔོན་པོ་སྤུ་རྨ་བྱའི་མགྲིན་པ་ལྟར་སྡུག་པ། ནད་གཅོང་མེད་ཅིང་ཡིད་དུ་འོང་བ། བཞོན་པའི་ཚེ་འཛམ་གླིང་ཉིན་གཅིག་ལ་ལན་གསུམ་བསྐོར་ནུས་པའི་བང་འགྲོས་ཅན་རྟའི་རྒྱལ་པོ་ཅང་ཤེས་བྷ་ལ་ཧ་ལྟ་བུ་ཞིག་བསམ་སྟེ། དེ་ལྟ་བུའི་རྟ་མཆོག་དེ་ཡོན་ཏན་རྣམ་པ་བརྒྱད་ལྡན་པ་ཏེ། ཁ་དོག་ཤིན་ཏུ་མཚར་བ་རྨ་བྱའི་མགྲིན་པ་ལྟ་བུ་རྔམས་པ་མཛེས་པ་སྟེ་དབྱིབས་ཕུན་སུམ་ཚོགས་པ། བསྒོ་བ་ན་འཛམ་གླིང་ཉིན་གཅིག་ལན་གསུམ་བསྐོར་བར་ནུས་པ། ལུས་ལ་ནད་གཅོང་མེད་པ་ནོར་བུའི་གཙུག་ལ་སོགས་མཚན་མ་བཟང་པོ་ཡོད་པ། ནམ་མཁའ་ལ་རྫུ་འཕྲུལ་གྱིས་འགྲོ་བ། རྒྱལ་པོས་བཞོན་ཚེ་གུས་པར་བྱེད་པ། རྣམ་འཕྲུལ་དུ་མ་དང་ལྡན་པ་ཡིན་ལ། མངོན་འབྱུང་གི་མདོར། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་ཞེས་པས་སྔར་


GTN003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཀྱི་ཡོན་ཏན་རྣམས་དང་ཆ་མཚུངས་ཤིང་། འདུལ་བ་ལུང་ལས་ཀྱང་། སྲིང་མོ་རྟ་རིན་པོ་ཆེ་ནི་མགོ་བོ་ནག་ཅིང་རྔོག་མཇུག་ལེགས་པ། གཟུགས་བཟང་ཞིང་མཛེས་པར་མཐོང་ནས། རྟ་མཁན་བཀུག་ནས་འདུལ་དུ་བཅུག་པས་ཞེས་སོགས་དང་། ཉི་མ་འཆར་ཀའི་ཚེ་བཞོན་ནས་རྒྱ་མཚོའི་མཐའ་ཀླས་པའི་ས་ཆེན་པོ་བསྐོར་ཏེ་ཞག་ཚུར་ཕོ་བྲང་དུ་བབ་ནས་ཞེས་གསུངས་པས་མཚོན། དེ་ལྟ་བུའི་རྟ་མཆོག་དེ་ཉིད་མཆོད་པའི་རྫས་སུ་ཕུལ་བས་ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞིའི་ཤུགས་ཐོབ་ཅིང་སྦྱོར་ལམ་དང་མཐོང་ལམ་གྱི་རིམ་པར་རྣམ་པར་མི་རྟོག་པའི་གོམས་སྟོབས་ཆེན་པོས་སྐད་ཅིག་ཉིད་ལ་བརྒལ་ནས་སྒོམ་ལམ་དང་མི་སློབ་པའི་ལམ་མངོན་དུ་གྱུར་ནས་མྱུར་དུ་སངས་རྒྱས་ཀྱི་ཞིང་ཁམས་བགྲོད་པར་འགྱུར་བའི་དགོས་ཆེད་དོ། ། ༢༤༜ཡང་ནུབ་དང་བྱང་གི་གླིང་ཕྲན་གཡོ་ལྡན་དང་སྒྲ་མི་སྙན་གྱི་ཟླའི་བར་དུ་ཚོམ་བུ་འགོད་དེ་དམག་དཔོན་རིན་པོ་ཆེ་ཞེས་པས། ནུབ་བྱང་གི་མཚམས་སུ་དམག་དཔོན་རིན་པོ་ཆེ་སྙིང་སྟོབས་དང་ལྡན་ཞིང་། སྒྱུ་རྩལ་དང་གཡུལ་གྱི་བྱ་བ་ལ་མཁས་པས་དཔུང་གི་ཚོགས་ཡན་ལག་བཞི་པའི་འགྲོ་ལྡོག་ལ་གོམས་ཤིང་གོ་ཞུབ་ཀྱིས་སྤྲས་པ། གཟི་བྱིན་བཟོད་པར་དཀའ་བ་རྒྱལ་ཆེན་མིག་མི་བཟང་ལྟ་བུའམ། ལུགས་གཞན་དུ་ཁྱིམ་བདག་རིན་པོ་ཆེར་བཤད་པ་ལྟར་ན། སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་བར་བྱེད་པའི་བསོད་ནམས་ཀྱི་མཐུ་ཕུན་སུམ་ཚོགས་པ།


GTN003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་སྒྱུ་མེད་ཅིང་བྱས་པ་ཤེས་ལ་དྲིན་བཟོ་བ། རྡོ་རྗེ་དང་། རིན་པོ་ཆེ་དང་། མཐོན་ཀ་དང་། མརྒད་དང་། སུ་ཝར་ཎ་དང་། དངུལ་དང་། སྤུག་ལ་སོགས་པའི་བང་མཛོད་ཀྱིས་ཕྱུག་པ་རྣམ་ཐོས་ཀྱི་བུ་ལྟ་བུ་ཞིག་བསམ་སྟེ། དེ་ཡང་དམག་དཔོན་རིན་པོ་ཆེ་དེ་ལ་ཡོན་ཏན་བརྒྱད་དེ། རྒྱལ་པོའི་ཡིད་ལ་བསམ་པའི་བྱ་བ་སྤྱི་དང་བྱེ་བྲག་ཏུ་དྲག་པོའི་ལས་རྣམས་མ་བསྒོས་ཀྱང་བྱེད་པ། དཔལ་རྩལ་གྱི་ཡོན་ཏན་མ་ལུས་པ་རྫོགས་པ། རང་དོན་ལ་ཆོས་མིན་རྣམ་པར་སྤང་བ། གཞན་གྱིས་བརྔན་པའི་ནོར་སོགས་ལ་མ་ཆགས་པར་རྒྱལ་པོའི་བྱ་བ་ཚུལ་བཞིན་དུ་བྱེད་པ། གཞན་གྱིས་གླགས་ལྟ་བའི་འགྲོ་ལྡོག་མ་ལུས་པ་འཇོམས་པར་བྱེད་ཅིང་། མཐུ་སྟོབས་ཀྱི་དཔལ་དང་ལྡན་པས་གང་ཡང་ཤིན་ཏུ་འོས་པར་སྤྱོད་པ་ཉོན་མོངས་པའི་དུག་གསུམ་སྤང་བ། རྒྱལ་པོའི་བྱ་བ་མ་ཡིན་པར་སྐྱེ་བོ་གཞན་ལ་མི་འཚེ་བ་སྟེ། དེ་ཡང་མངོན་འབྱུང་གི་མདོར། འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་བའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་ཞེས་བཤད་ལ། དེ་ལྟ་བུའི་དམག་དཔོན་དེ་མཆོད་པའི་རྫས་སུ་སྤྲོས་པས་རྣམ་རྟོག་ཕལ་བས་ཡེ་ཤེས་ལ་རྒོལ་བའི་དགྲ་བོ་རྩད་ནས་བཅད་དེ། བདག་འཛིན་གྱི་ཉོན་མོངས་པའི་གཡུལ་ལས་རྒྱལ་ནས་གང་ལའང་སྙེང་འཕྲིག་དང་བྲལ་བ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་འགྲོ་དོན་ཕྱོགས་མེད་དུ་སྤྱོད་པའི་རྟེན་འབྲེལ་ཡིན་ནོ། ། ༢༥༜ཡང་བྱང་དང་ཤར་གྱི་གླིང་ཕྲན་སྒྲ་མི་སྙན་དང་ལུས་འཕགས་ཀྱི་


GTN003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བར་དེར་ཚོམ་བུ་འགོད་དེ། གཏེར་ཆེན་པོའི་བུམ་པ་ཞེས་པས། བྱང་ཤར་གྱི་མཚམས་སུ་དགོས་འདོད་ཐམས་ཅད་འབད་མེད་དུ་སྟེར་བར་ནུས་པའི་གཏེར་གྱི་བུམ་པ་བཟང་པོ་ཞིག་བསམ་སྟེ། དེ་ཡང་བུམ་པ་སྤྱིའི་རྒྱུ་དང་རྒྱ་དཔངས། རིགས་པས་བཤད་པ་ཅུང་ཟད་སྤྲོས་པར་བྱར་ཡོད་ཀྱང་སྐབས་དང་མི་འབྲེལ་ལ། དེ་ལྟ་བུའི་བུམ་པ་དེ་མཆོད་པའི་རྫས་སུ་ཕུལ་བས་གཞན་དོན་དུ་འཁོར་བ་དོང་ནས་སྤྲུགས། རང་དོན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་རྫོགས་པས་ཆོས་སྐུ་མངོན་དུ་བྱས་ཏེ། འདི་ཕྱིའི་དོན་ཀུན་འབད་མེད་དུ་འགྲུབ་པའི་རྟེན་འབྱུང་ཡིན་ལ་མཆོད་པའི་ཡོན་ཏན་འདི་རྣམས་ཐེག་པ་མཐོ་བའི་དབང་དུ་བྱས་ནས་འབུལ་ཡུལ་ཁྱད་པར་ཅན་ལ་སྦྱར་བ་ཡིན་ནོ། །དེ་ལྟར་སྔར་བཤད་ཀྱི་རྒྱལ་སྲིད་སྣ་བདུན་པོ་དེ་ཀུན་རྒྱལ་པོ་དེའི་བསོད་ནམས་ཀྱི་མཐུ་ལས་རང་བཞིན་གྱི་ནམ་མཁའ་ནས་བྱུང་བར་མདོ་སྡེ་རྒྱ་ཆེར་རོལ་པ་ལས་གསུངས་ལ། གཏེར་ཆེན་པོའི་བུམ་པ་ནི། དེའི་ཚེ་རྒྱལ་པོ་དེའི་ཅི་འདོད་ཐམས་ཅད་རྐྱེན་ལ་མ་ལྟོས་པར་འབད་མེད་དུ་འབྱུང་བའི་འདོད་དགུའི་ལོངས་སྤྱོད་ཐམས་ཅད་མ་ཚང་བར་མེད་པར་ཕུན་སུམ་ཚོགས་པའི་མཚོན་བྱ་ཡིན་ལ། གཞན་དུ་མངོན་འབྱུང་གི་མདོར། དཔའ་ཞིང་བརྟུལ་ཕོད་ཡན་ལག་མཆོག་གཟུགས་ལྡན། །བུ་སྟོང་དག་ཀྱང་འདི་ལས་འབྱུང་འགྱུར་ཞིང་། །ཞེས་པས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ། ཕས་རྒོལ་འཇོམས་པར་བྱེད་ཅིང་སྲིད་སྡེ་སྐྱོང་བར་ནུས་པའི་བུ་སྟོང་རེེ་འབྱུང་བ་དང་། དགྲ་ཟིལ་གྱིས་གནོན་པའི་མདའ་གཞུ་སོགས་དང་། ཉེ་བའི་རིན་ཆེན་བདུན་དང་། ནོར་གྱི་རིན་ཆེན་བདུན་སོགས་ཀྱིས་ཤུགས་འབྱུང་དུ་གྲུབ་པས།


previous༜བྱང་གླིང་གི་མ་རྨོས་པའི་ལོ་ཏོག་གི་མདུན་དུ་ཚོམ་བུ།next