Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉེ་བའི་རིན་ཆེན་བདུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉེ་བའི་རིན་ཆེན་བདུན།next

ཉེ་བའི་རིན་ཆེན་བདུན།


GTN003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཉེ་བའི་རིན་ཆེན་བདུན་ནི། མདོ་དྲན་པ་ཉེར་བཞག་ལས། རྒྱལ་པོའི་ཁབ་ན་ལ་ཏིའི་བྲམ་ཟེའི་གྲོང་དུ། མ་རྒྱབ་ཀྱང་དགྲ་རྣམས་འདུལ་བའི་གྲི། མེ་ཆུ་རླུང་གིས་མི་གནོད་པར་ཁྱིམ་གྱི་བྱ་བ་བྱེད་པའི་ཀླུའི་པགས་པ། འདོད་ཆགས་མི་སྐྱེ་བས་མལ་ཆ། བསམ་གཏན་གྱི་བདེ་བའི་ཚལ། མཚན་མོའི་ཐུན་གཅིག་ལ་དགེ་བའི་ཆོས་ལ་གནས་པའི་ཁྱིམ། གྲང་དྲོ་བཀྲེས་སྐོམ་མེད་ཅིང་མེ་མཚོན་གྱིས་མི་ཆོད་པའི་གོས། དཔག་ཚད་བརྒྱར་འགྲོ་ནུས་ཤིང་ཆུར་མི་བྱིངས་པའི་ལྷམ་ཞེས་གསུངས་པ། དེ་ཡང་རལ་གྲི་ཉེ་བའི་རིན་ཆེན་ནི།༡ ཡུལ་འཁོར་གང་དག་རྒྱལ་པོའི་ཡིད་ཚིག་དང་འགལ་བར་བྱེད་འདོད་པ་ཅན་དེར་རལ་གྲི་ཉེ་བའི་རིན་ཆེན་དེར་འགྲོ་སྟེ། དེས་བཏབ་པ་མེད་ཀྱང་དེ་ཡུལ་འཁོར་ཀུན་གྱིས་མཐོང་ནས་འདུད་པར་བྱེད་དོ། །ཉེ་བའི་རིན་པོ་ཆེའི་ཡོན་ཏན་ནི་འདི་ཡིན་ཏེ། བཟང་བ་མི་ཟད་པ། ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ཀྱང་འཁོར་དེ་དག་འདུད་པར་བྱེད་པ་དེ་ནི་རལ་གྲི་ཉེ་བའི་རིན་པོ་ཆེའི་ཡོན་ཏན་ཡིན་ནོ། ། (པགས་པ་ཉེ་བའི་རིན་པོ་ཆེ་ནི།) ༢ པགས་པ་རིན་ཆེན་རྒྱ་མཚོ་ནས་འབྱུང་སྟེ། དེ་བྱུང་བར་གྱུར་པ་ཚོང་པ་དག་གིས་རྒྱལ་པོ་ལ་འབུལ་བར་བྱེད་དོ། །དེའི་ཡོན་ཏན་ནི་འདི་དག་ཡིན་ནོ། །དེ་རྒྱ་མཚོ་ཀླུའི་པགས་པ་ཡིན་ཏེ། ཞེང་དུ་དཔག་ཚད་ལྔ་ལ་ཆུར་བཅུ་སྟེ། དེ་ཆར་གྱིས་མི་བརླན། རླུང་གིས་མི་སྐྱོད། མེས་མི་འཚིག །གྲང་


GTN003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ན་དྲོ་བར་བྱེད་ཅིང་། (དྲོ་ན་བདེ་བ་བསིལ་བར་བྱེད་ལ།) འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དུ་འགྲོ་བ་དེར་པགས་པ་རིན་པོ་ཆེ་དེས་ཁྱབ་པར་བྱེད་ཅིང་། དེ་ཇི་ལྟར་སོ་སོ་ནས་བྱེད་པ་ལྟར་རྒྱལ་པོ་འཁོར་བཅས་ཀྱི་ཁྱིམ་གྱི་བྱ་བ་ཐམས་ཅད་བྱེད་དོ། །བུད་མེད་མི་སྡུག་པ་མི་མཐོང་ཞིང་། དཀར་བ་དེ་དང་ལྡན་པར་འགྱུར་ལ། ཟླ་བ་དང་ཉི་མའི་འོད་སྣང་བ་དེ་དང་ཡང་ལྡན་པར་འགྱུར་རོ། །ཞེས་བཤད། གཟིམས་ཆ་ཉེ་བའི་རིན་པོ་ཆེ་ནི།༣ རྒྱལ་པོའི་མལ་ཆ་རིན་པོ་ཆེ་ཡང་ཞིང་འཇམ་ལ་མཐོ་དམའ་ཅན་ཡིན་ཏེ། (བཏེགས་ན་འཕར་བ་དང་མནན་པ་ནེམ་བྱེད་པ་ཡིན་ནོ། །)གལ་ཏེ་བསམ་གཏན་སེམས་ན་བསམ་གཏན་རྣམ་པར་གྲོལ་ཞིང་བློ་གྲོས་གསལ་བར་བྱེད། གལ་ཏེ་འདོད་ཆགས་ཟིལ་གྱིས་ནོན་པ་ཡིན་ན་དེ་མལ་ཆའི་སྟེང་དེར་འདུག་ན། དེའི་ཚེ་འདོད་ཆགས་དང་བྲལ་ཞིང་ཆགས་པ་མེད་པར་བྱེད་དོ། །ཞེ་སྡང་དང་གཏི་མུག་དག་ལའང་དེ་བཞིན་ཏེ། མལ་ཆ་ཉེ་བའི་རིན་པོ་ཆེ་ནི་བསམ་གཏན་གྱི་གནས་དང་འདྲའོ། །རྒྱལ་པོའི་མལ་ཆ་རིན་པོ་ཆེ་དེ་ཡི་ནང་ན་འདུག་པ་བུད་མེད་ཀྱིས་མཐོང་ལ། དེའི་ཚེ་མཆོག་ཏུ་དགའ་བ་སྐྱེད་ཀྱང་ཡིད་ལ་འདོད་ཅིང་ཆགས་པར་མི་འགྱུར་ཏེ། གསུམ་པོ་འདི་ནི་མལ་ཆ་ཉེ་བའི་རིན་པོ་ཆེ་ཡིན་ནོ། །ཞེས་བཤད་ལ། ནགས་ཚལ་ཉེ་བའི་རིན་པོ་ཆེའི་ཡོན་ཏན་ནི།༤ གལ་ཏེ་རྒྱལ་པོ་ཚལ་དུ་བསམ་གཏན་ལ་དགའ་བར་གྱུར་ཏེ། དེ་དེར་ཉེ་བར་འགྲོ་ན་ཚལ་དེའི་མཐུ་དང་། རྒྱལ་པོའི་དགེ་བའི་ལས་ཀྱིས་ལྷའི་འཇིག་རྟེན་གྱི་ཚལ་གྱི་དགའ་བའི་རྣམ་པ་མེ་


GTN003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་དང་། འབྲས་བུ་དང་། བྱ་དང་། པདྨ་དང་། ལྟེང་ཀ་དང་། འབབ་པའི་ཆུ་ངོགས་བདེ་བ་དང་། ལྷའི་བུ་མོ་དག་རོལ་མོ་བྱེད་ཅིང་། དགོད་ལ་མཛེས་པ། དེ་དག་ཐམས་ཅད་ལྷའི་རིགས་དེ་ནས་ཚལ་དེར་ཉེ་བར་འོང་སྟེ། རྒྱལ་པོ་དེ་ཡང་ལྷ་བཞིན་དུ་ལྷའི་འདོད་པའི་ཡོན་ཏན་ལྔ་དག་དང་ལྡན་པར་འགྱུར་རོ། །ཚལ་ཉེ་བའི་རིན་པོ་ཆེ་དེར་བུད་མེད་དང་ལྷན་ཅིག་ཤིན་ཏུ་དགའ་ཞིང་དགའ་མགུར་སྤྱོད་པར་བྱེད་དོ། །དགེ་བའི་ལས་ཀྱིས་རྣལ་འབྱོར་སྤྱོད་པ་དེ་བཞིན་ཚལ་ཉེ་བའི་རིན་པོ་ཆེ་མཐོང་ནས་གནས་སོ། །ཞེས་བཤད། ཁྱིམ་ཉེ་བའི་རིན་པོ་ཆེ་ནི།༥ གང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁྱིམ་ཉེ་བའི་རིན་པོ་ཆེའི་ནང་དུ་ཉལ་བར་གྱུར་ན། མཚན་མོ་ཉལ་བ་དེའི་ཚེ་ཟླ་བ་ལྟར་འདོད་ན་འོང་ཞིང་། གཟའ་དང་རྒྱུ་སྐར་དང་སྐར་མདའ་དག་ཀྱང་དེའི་ཁྱིམ་དེར་ཉེ་བར་འོང་བར་འགྱུར་རོ། །དེའི་ནོར་བུའང་མཐོང་ན་དགའ་བར་འགྱུར་རོ། །ལྷ་མོ་དག་ཀྱང་ལྷའི་རོལ་མོ་བྱེད་པར་འགྱུར་རོ། །གང་མྱ་ངན་མང་པོ་དང་བྲལ་བས་བདེ་བར་གཉིད་ལོག་པར་འགྱུར། གཉིད་ལོག་པ་ན་རྨི་ལམ་དགེ་བ་མཆོག་ཏུ་དགའ་བ་དག་མཐོང་བར་འགྱུར། གྲང་བའི་དུས་སུ་ནི་རླུང་དྲོ་བ་དང་ལྡན་ཞིང་། དྲོ་བའི་དུས་སུ་ནི་རླུང་བསིལ་བ་རེག་ན་བདེ་ཞིང་འཇམ་པ་ལྡང་ངོ་། །མཚན་མོ་ཐུན་གསུམ་ལས་ཐུན་གཉིས་ཉལ་ཞིང་ཐུན་གསུམ་པ་ལ་གཉིད་དང་བྲལ་ཞིང་ལངས་ནས་བདེ་བའི་ཆོས་ལ་གནས་པར་འགྱུར་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་ཉེ་བའི་རིན་པོ་ཆེ་ཡིན་ནོ། །


GTN003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ཉེ་བའི་རིན་པོ་ཆེ་ནི།༦ ཐགས་བཟང་ཞིང་མཆོག་ཏུ་འཇམ་ལ་དྲི་མས་མ་གོས་པ་ཞིག་ཡིན་ཏེ། གྱོན་ན་གྲང་བ་དང་དྲོ་བ་དང་བཀྲེས་པ་དང་སྐོམ་པ་དང་ཉམ་ཆུང་བ་དང་ངལ་བ་དང་དུབ་པའི་གནོད་པ་མེད་ལ། མེ་དང་མཚོན་གྱིས་བསྲེགས་པ་དང་བཅད་པར་མི་ནུས་སོ། །ཞེས་བཤད། མཆིལ་ལྷམ་ཉེ་བའི་རིན་ཆེན་ནི།༧ འཁོར་ལོས་སྒྱུར་བའི་རྐང་ལ་གྱོན་ན། སྐམ་ས་ལ་རྐང་པ་ས་ལ་མི་འབྱིང་བ་དེ་བཞིན་དུ་ཆུ་ལའང་མི་བྱིང་པར་འགྱུར་རོ། །གལ་ཏེ་དལ་གྱིས་སྔོན་དུ་འགྲོ་བར་འདོད་ན་དཔག་ཚད་བརྒྱར་ཡང་འགྲོ་བར་འགྱུར་ཞིང་ལུས་ལ་ངལ་བ་མེད་དོ། །ཞེས་བཤད་དོ། ། ནོར་གྱི་རིན་ཆེན་བདུན་ནི། དཀོན་མཆོག་བརྩེགས་པའི་ལེའུ་བཅོ་ལྔ་པ་ཡབ་སྲས་མཇལ་བའི་མདོར། རིན་ཆེན་སྣ་བདུན་འདི་ལྟར་ཏེ། གསེར་དང་། དངུལ་དང་། བཻཌཱུརྱ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། སྤུག་དང། རྡོ་རྗེའི་སྙིང་པོ་དང་བདུན་ནོ། །ཞེས་དང་། སྙིང་པོ་རྒྱན་ལས། རྡོ་རྗེ་པདྨ་རཱ་ག་དང་། མརྒཱཏྟ་དང་ནི་ཀརྐེ་ར། ཆུ་ཤེལ་སྤུག་དང་། བཻ་ཌཱུརྱ། དབང་སྔོན་པོ་དང་ལྡན་པ་འབུལ། ཞེས་དང་། སྒྲོན་གསལ་ལས། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་བཻ་ཌཱུརྱ་དང་། མརྒཱཏྟ་དང་། རྡོ་རྗེ་དང་། མུ་ཏིག་དང་། བྱུ་རུ་ཞེས་བྱ་བ་རིན་ཆེན་སྣ་བདུན་གྱིས་ཡོངས་སུ་གང་བའི་ཞིང་འདི་ཉིད་ཉིན་རེ་བཞིན་འབུལ་བར་བྱ། ཞེས་བཤད་པས། པདྨ་རཱ་ག་ནི། རིན་ཆེན་ཕྲེང་བ་ལས། པདྨ་རཱ་ག་དམར་པོ་སྟེ། དབྱིབས་ནི་ཟླུམ་པོ་ལྟ་བུ་ལ། །རབ་ནི་ཀཱརྵཱ་པ་ཎ་ཙམ། །ཞེས་ཁ་དོག་དམར་གསལ་དབྱིབས་


GTN003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པོ་ཆེ་ཚད་མགྲོན་བུ་ཙམ་འབྱུང་སྟེ། ཕྱིའི་རྒྱ་མཚོའི་གླིང་བར་སིང་ག་ལ་སོགས་ནས་འབྱུང་བར་བཤད་ལ། རིན་ཐང་གི་ཚད་ནི་གླང་པོ་ཆེའི་སྟེང་ནས་རྡེའུ་བསྐུར་བ་ས་ལ་བབ་པའི་ཚད་ཙམ་པའི་གསེར་རི་བར་བཤད་པ་དང་། ཨིནྡྲ་ནཱི་ལ་སྟེ། དབང་སྔོན་ནི། བློན་པོ་ངག་གི་དབང་ཕྱུག་གྲགས་པས། ཨིནྡྲ་ནཱི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང་། །འཆང་བར་བྱེད་པས་འཆི་བ་ཀུན། །ཟློག་པར་བྱེད་པར་ཐེ་ཚོམ་མེད། །ཅེས་རི་བོ་བྷེ་དུ་རྟ་ལས་འབྱུང་བ་དང་། གཞན་དག་རྒྱུའི་ངོ་བོ་བཻ་ཌཱུརྱ་དང་འདྲ་བ་ལ་ཅུང་ཟད་ཁ་དོག་སྔོ་ཤས་ཆེ་བས་མདོག་མཚུངས་ཀྱི་དབང་སྔོན་དུ་འབོད་པར་བཞེད་ཅིང་། བཻ་ཌཱུརྱ་ནི། སངས་རྒྱས་རྗེས་སུ་དྲན་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། གླིང་བཞི་ན་གནས་པའི་ནམ་མཁའ་ལྡིང་གི་རྒྱལ་པོ་ཡང་དག་དབྱངས་ཞེས་བྱ་བ་དེས་ཉིན་རེ་ལ་ཀླུའི་རྒྱལ་པོ་གཅིག་དང་། ཀླུ་ཕྲན་ལྔ་བརྒྱ་རེ་གླིང་བཞི་གང་མོས་ནས་ཟ་བ་ལས། རེ་ཞིག་ན་བྱ་དེ་ལ་ཚེའི་འཕེན་པ་རྫོགས་པས་འཆི་བའི་ལྟས་བྱུང་བར་གྱུར་པས་དེས་ཟས་མི་རྙེད་དེ་ལྟོགས་པས་རི་གཟར་པོ་ཀུན་ལ་རྒྱུ་ཞིང་། ཤིན་ཏུ་མི་བདེ་བར་འགྱུར་ཞིང་རྡོ་རྗེའི་རི་ལ་ཕྱིན་ནས་ཅུང་ཟད་ཅིག་ནས་དེ་ལས་བབས་ཏེ་ཆུ་ཆེན་པོའི་གཏིང་དུ་ཕྱིན་པར་སོང་ངོ་། །དེ་ནས་རླུང་གི་འཁོར་ལོར་ཐུག་པས་སླར་ཡང་ཕྱིར་བཟློགས་ཏེ་རྡོ་རྗེའི་རི་ལ་ཕྱིན་པར་གྱུར་ཏོ། །དེ་བཞིན་ཡས་མས་ལན་བདུན་སོང་ནས་གདོད་འཆི་བའི་དུས་བྱེད་དོ། །དེ་ཤི་བ་དང་དེ་ཉིད་ཀྱི་གདུག་པས་རིན་པོ་ཆེའི་རི་བཅུ་ལ་མེ་འབར་བ་དང་། དེའི་ཚེ་


GTN003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུའི་རྒྱལ་པོ་དགའ་བོས་བརྟག་པས་ཁྱུང་གི་མཐུས་དེ་ལྟར་མེ་འབར་བ་མཐོང་ནས་ཤིང་རྟའི་འཁོར་ལོ་ཙམ་གྱི་ཆར་ཆེན་པོ་ཕབ་སྟེ་མེ་དེ་ཞི་བར་བྱེད་དོ། །ཆར་དེས་བྱའི་ཕུང་པོ་ཡང་ཞིག་ནས་སྙིང་འབའ་ཞིག་ལུས་པ་དེ་ཡང་། སྔར་ལྟར་རྡོ་རྗེའི་རི་ནས་རླུང་དཀྱིལ་གྱི་བར་ལན་བདུན་དུ་ཡས་མན་དུ་ཕྱིན་ནས་གདོད་རྡོ་རྗེའི་རིའི་རྩེ་མོ་ཆགས་སོ། །དེ་ལྟ་བུ་དེ་ཀླུའི་རྒྱལ་པོ་དགའ་བོས་རྙེད་ན་གཙུག་གི་ནོར་བུར་འདོགས་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོས་རྙེད་ན་ནོར་བུ་རིན་པོ་ཆེར་འགྱུར་རོ། །ཞེས་བཤད་པ་དང་། ཡང་སངས་རྒྱས་རྨ་ག་ཆད་པའི་མདོར། རྒྱ་མཚོ་ཆེན་པོའི་ནང་རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་འགྲོ་བ་ཐམས་ཅད་ཀྱི་རྒྱན་གྱི་སྙིང་པོ་ཞེས་བྱ་བ་ཡོད་དེ། རིན་པོ་ཆེའི་རྒྱལ་པོ་དེ་ནི་ཡོན་ཏན་བརྒྱ་སྟོང་ཕྲག་བཅུ་དང་ལྡན་པ་སྟེ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་གང་ན་འདུག་པ་དེའི་འཁོར་གྱིས་སེམས་ཅན་ཀུན་གྱི་ནད་དང་སྡུག་བསྔལ་ཐམས་ཅད་མེད་པར་འགྱུར་རོ། །སེམས་ཅན་ཇི་སྙེད་ཅིག་ནོར་བུ་རིན་པོ་ཆེ་དེ་ལ་གསོལ་བ་བཏབ་པས། དེ་དག་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དོ། །རིན་པོ་ཆེའི་རྒྱལ་པོ་ཆེན་པོ་དེ་ནི་བསོད་ནམས་མ་བྱས་པའི་སེམས་ཅན་རྣམས་ཀྱི་མིག་ལམ་དུ་སྣང་བར་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་ལ། དེ་ཡང་རྩོད་ལྡན་གྱི་དུས་འདིར་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དངོས་སུ་མི་འབྱུང་ཡང་། དེ་ཉིད་ཀྱི་འདྲའམ་གཙོ་ཕལ་གྱི་དབྱེ་བས་དེང་སྐབས་ཡོངས་སུ་གྲགས་པ་ནི། རིན་ཆེན་ཕྲེང་བའི་རྒྱུད་ལས། བཻ་ཌཱུརྱ་ནི་སྔོན་པོ་ཉིད། །རིན་ཆེན་འབྱུང་ལྡན་བྱིན་


GTN003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཏེ། །དབྱིབས་ནི་སོག་ཁ་ལྟ་བུ་ལས། །རབ་ཀྱི་ཚད་ནི་གླང་པོའི་མིག །ཅེས་པས་ཁ་དོག་སྔོན་པོ་ཤིན་ཏུ་དྭངས་པ་དབྱིབས་སོག་ཁ། ཆེ་ཚད་གླང་པོའི་མིག་ཙམ་འབྱུང་བར་བཤད་པ་དང་། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་མིའི་སོག་པ་རིན་པོ་ཆེར་བསྒྱུར་བ་དང་། འགའ་ཞིག་གིས་འདི་ནི་བཻ་ཌཱུརྱ་ལས་བྱུང་བས་དེ་ལྟར་གྲགས་ཤིང་ཁ་དོག་སྔོན་པོ་ཞེས་འདུལ་འགྲེལ་ཡོན་ཏན་འོད་ཀྱིས་མཛད་པ་སོགས་ལས་བཤད་ལ། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ཌཱཀྐ་རྒྱའི་མཁན་པོ་ཝན་བརྩེགས་ཀྱི་མཛད་པ་ལས་ནམ་མཁའ་ལྡིང་བརྫུས་སྐྱེས་རྣམས་ཀྱིས་སྦྲུལ་ཟོས་པའི་སྙིང་པོ་བཻ་ཌཱུརྱར་གྱུར་པ་ཀླུའི་གཙུག་ནོར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ནོར་བུ་རིན་ཆེན་དེ་མཆོག་དང་། གཞན་ཕྱིའི་རྒྱ་མཚོའི་སིང་ག་ལའི་ནང་གི་ཆུ་བོ་མ་ཡི་གངྒཱའི་ཀླུང་སོགས་ལས་འོང་བ་སྟེ་རིགས་གསུམ་ཡོད་པར་བཞེད་དོ། །མརྒ་ཏི་ཟུར་ཆགས་པས་མརྒད་ནི། རིན་ཆེན་ཕྲེང་བ་ལས། མརྒད་དེ་ནི་ལྗང་གུ་སྟེ། །དབྱིབས་ནི་གྲུ་བཞི་ལྟ་བུ་ལ། །རབ་ནི་བེ་ཅོན་དབྱུག་པ་ཙམ། །ཞེས་དབྱིབས་གྲུ་བཞི་ཤས་ཆེ་བ། ཆེ་ཚད་བེ་ཅོན་ཙམ་འབྱུང་བ་སྟེ། འདི་དག་སིང་ག་ལ་དང་ལགྣན་ཞེས་པ་ནུབ་བྱང་མཚམས་ཀྱི་ཡུལ་ནས་འོང་བར་བཤད་དོ། ། རྡོ་རྗེ་ནི་བྲམ་ཟེ་ཞོ་འཐུང་དུ་གྲགས་པ་ལྷའི་ལོ་བྱེ་བ་ཕྲག་བདུན་གྱི་བར་དུ་དཀའ་ཐུབ་ལ་གནས་པ་དེའི་རུས་པ་རྣམས་རྡོ་རྗེ་རིན་ཆེན་དུ་གྱུར་པ་དྲང་སྲོང་ལྷའི་བླ་མས་ལུང་བསྟན་པ་བཞིན་སྐབས་གསུམ་པ་རྣམས་བླངས་ཏེ། རྩིབས་མ་ལས་ལྷའི་དབང་པོ་བརྒྱ་བྱིན་གྱི་རྡོ་རྗེ་རྩེ་བརྒྱ་པ་བྱིན་པ་ལས་ཁྱབ་འཇུག་གི་དབྱུག་པ།


GTN003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དེའི་དུམ་བུ་ཕྲ་མོའི་བར་ཐམས་ཅད་མི་ཆོད་པར། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་རྡོ་རྗེར་གྱུར་པ་མིའི་འཇིག་རྟེན་དུ་ལྷུང་བ་ལས་རྡོ་རྗེ་ཕ་ལམ་དུ་གྲགས་ཤིང་། དེ་ཡང་བྲམ་ཟེ། རྒྱལ་པོ། རྗེ། དམངས་རིགས་ཏེ་དབྱེ་སྒོ་བཞིར་ཡོད་ཅིང་། པཎྜི་ཏའི་གསུང་རྒྱུན་ལས་ལྷོ་ཕྱོགས་ཨ་བྷཻ་ར་གི་རི་སྟེ། འཇིགས་མེད་གྱི་རི་ལས་བྱུང་བ་མཆོག་དང་། ཆུ་ལས་བྱུང་བ་ཅུང་ཟད་དམར་ཞིང་དམན་པ། ཡོན་ཏན་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ། བསྲེགས་པས་མི་ཚིག །བརྡུང་བས་མི་འཇིག །བཅད་པས་མི་ཆོད། བརྡར་བས་མི་མཛད་པ་སྟེ་བཞི་དང་ལྡན་ཞིང་། ཕར་འདི་ཉིད་ཀྱིས་གཅོད་པར་མི་ནུས་པའི་རིགས་གང་ཡང་མེད་པ་བཅང་བས་གདུག་པ་ཀླུའི་དུག་མ་ལུས་པ་སེལ་བའི་མཐུ་དང་ལྡན་པ་སྟེ། རིན་ཆེན་ཕྲེང་བའི་རྒྱུད་ལས། རིན་ཆེན་བཟང་ངན་བརྟག་པའི་སྐབས། །བརྟག་པ་རྣམ་པ་གཉིས་ཡིན་ཏེ། །མངོན་སུམ་དང་ནི་མཚན་མའོ། །རྡོ་རྗེ་ཕ་ལམ་ལ་སོགས་དང་། །ཨེ་རནྡྷ་ལ་སོགས་པ་ཡི། །ཞེས་དང་། ཡོན་ཏན་ཡང་། གདོན་རྣམས་ཐུབ་ཅིང་ལྷ་རྣམས་སྐྱོབ། །དམ་ཚིག་མ་ཉམས་ལ་སོགས་པ། །ཚེ་ཡང་རིང་བ་ལ་སོགས་པའོ། །ཞེས་བཤད། མུ་ཏི་ཀ་ཟུར་ཆག་པའི་མུ་ཏིག་ནི་འཕགས་ཡུལ་ལྷོ་ཕྱོགས་ཀྱི་ནགས་མའི་འདབ་མར་ཆར་གྱི་རྒྱུན་བབས་པས་རྐྱེན་ལས་རིམ་པར་ཆགས་པ་མུ་ཏིག་ཏུ་གྲགས་པ་དང་། དབང་ཕྱོགས་ཀྱི་གླིང་ཕྲན་ཛ་ལ་དྲིངས་ཞེས་བྱ་བར་ཤིང་ཏ་ལའི་


GTN003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མར་ཆར་ཕོག་པ་ལས་བྱུང་བར་རམ་མུ་ཏིག །གླང་པོ་ཆེ་མཆོག་ལས་བྱུང་བ་ག་ཛ་མུ་ཏིག །ནུབ་ཕྱོགས་ཧོར་ཡུལ་ནས་བྱུང་བ་སྦྲུལ་གྱི་ཀླད་པ་ལས་བྱུང་བ་པརྣ་མུ་ཏིག །སིངྒ་ལའི་གླིང་ལ་སོགས་པར་ཉ་ཕྱིའི་ཁོག་པའི་ནང་དུ་སྐྱེ་བ་ཤ་མུ་ཏིག་སྟེ་ལྔར་བཤད་པ་དང་། བདུན་དུ་བཤད་པ་སོགས་སྣང་ངོ་། ། བྱུ་རུ་ནི། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོའི་ལེའུ་ཞེ་དགུ་པ་ལས། བྲག་སེར་པོ། ཆུ་སེར་པོར་འབབས་པ་ལས་ནི་བྱུ་རུ་དང་། བཙག་དང་། བརྒྱ་བྱིན་གྱི་གཞུ་ལྟ་བུའི་ནོར་བུ་དང་། ནོར་བུ་ཛི་བ་ནི་ཏི། དམར་པོ་གང་སྐྱེ་བར་འགྱུར་རོ། །ཞེས་དང་། འགྲེལ་པ་འགོས་འགྱུར་ལས། བྲག་སེར་གངས་ཆུ་སེར་པོའི་ཆུ་རླབས་དང་འཐབ་པ་ཡོད་པ་སྟེ། དེ་ལྟར་འཐག་པས་བསྲུབས་པ་ལས་ནི་བྱུ་རུ་འབྱུང་བ་ཡིན་ལ། བྲག་སེར་པོ་དངོས་ལས་ནི་བཙག་སྟེ་གསེར་བཙོག་ཞེས་རྒྱ་མཚོའི་བྲག་སེར་པོ་དང་ཆུ་འཐག་པའི་སར་སྐྱེ་བར་གསུངས་པ་དང་། གཞན་དག་གྲུ་གུའི་ཡུལ་གྱི་བས་མཐའ་བྱེ་མའི་གསེབ་ཏུ་རྡོ་རིགས་ཤིང་སྡོང་གི་དབྱིབས་ཅན་དུ་སྐྱེ་བར་འདོད་པ་བྱུ་རུ་ཞེས་གྲགས་པ་བཅངས་པས་ཟས་གོས་འཕེལ་བས་ཡོན་ཏན་དང་ལྡན་པར་རིགས་དཀར་དམར་ནག་གསུམ་དུ་ཡོད་པར་བཤད་དོ། །དེ་ལྟར་ཉེ་བའི་རིན་པོ་ཆེ་དང་། རིན་ཆེན་སྣ་བདུན་འདི་རྣམས་འཁོར་ལོས་སྒྱུར་བའི་ཡོན་ཏན་དང་འབྲེལ་བ་ཅན་ཡིན་པས་འཕྲོས་དོན་གྱི་ཆར་སྨོས་ལ། མཎྜལ་སྐབས་འདིར་ཡང་དམིགས་པས་ནུས་ན་སྔར་བཤད་ཐམས་ཅད་ཡོན་ཏན་གྱི་ཆ་དུ་མའི་ཀུན་ནས་ཁྱད་པར་དུ་འཕགས་པའི་ལྷ་མིའི་ལོངས་སྤྱོད་ཀྱི་


GTN003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་རིན་ཆེན་སྣ་བདུན་དུ་འབྲེལ་བར་མཆོད་པའི་རྫས་སུ་སྤྲོས་པས་ཆོག་ལ། འདིར་དེ་དག་གི་རྒྱུ་མཚན་སྨྲོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། འབུལ་རྒྱུའི་ཡོན་ཏན་གྱི་ཆ་ཀུན་བློ་ལ་མངའ་བར་གྱུར་པས། ཚིག་ཤར་བཏོན་པའི་ཕན་ཡོན་ཙམ་ལ་མི་རེ་བ། ཚོགས་ཞིང་ལ་དགྱེས་པ་ཁྱད་པར་ཅན་བསྐྱེད་ཅིང་། དེའི་མཐུ་ལས་ཚོགས་གཉིས་ཟུང་འབྲེལ་དུ་རྫོགས་པའི་དགོས་པ་ཡོད་དོ། ། དེ་ནས་མཆོད་ལྷ་ནི་ཚིག་གིས་དངོས་བསྟན་དུ་ཟིན་པ་བརྒྱད་ཙམ་འབྱུང་བས། དེ་ཡང་ཤར་དང་ལྷོ་དང་ནུབ་དང་བྱང་གི་གླིང་དང་མཚམས་བཞིར་རྣམས་སུ་འཁོར་ལོ་རིན་པོ་ཆེ་དང་གཏེར་བུམ་བར་གྱི་སོ་སོའི་མདུན་རྣམས་སུ་ཚིག་བསྟུན་ནས་ཚོམ་བུ་འགོད་དོ། །སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ་ཞེས་པས། ༢༦༜ དེ་ཡང་ཤར་གླིང་གི་འཁོར་ལོ་རིན་པོ་ཆེའི་མདུན་དུ་སྒེག་མོ་མ་ དཀར་མོ་ཕྱག་གཉིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྙེམས་པའི་ཚུལ་གྱིས་འཛིན་ཞིང་མཛེས་ཤིང་བལྟ་ན་སྡུག་པ་ལང་ཚོའི་ལྷག་པར་སྒེག་པའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པར་སྟོན་ཞིང་འགྱིངས་པ། ༢༧༜ ལྷོ་གླིང་གི་ནོར་བུ་རིན་པོ་ཆེའི་མདུན་དུ་ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ་དེ་བཞིན་གཤེགས་པ་རྣམས་ལ་དབང་བསྐུར་བར་མཛད་པ། ༢༨༜ ནུབ་གླིང་གི་བཙུན་མོ་རིན་པོ་ཆེའི་མདུན་དུ་གླུ་མ་དཀར་དམར་ཕྱག་གཉིས་རྡོ་རྗེའི་མཚན་པའི་པི་ཝཾ་བརྡུང་བ་ལ་བརྩོན་ཞིང་ཤིན་ཏུ་ཡིད་འཕྲོག་པར་
བྱེད་པའི་གླུ་དབྱངས་ཀྱི་ངེས་པ་བདུན་དང་ལྡན་པ་སྟེ། དེ་རེ་རེ་ལའང་འགྱུར་ཁུག་འདེག་འཇོག་སྦོམ་ཕྲ་དྲུག་དང་ལྡན་པའི་གླུ་དབྱངས་ཅན་ཡིན་ལ།


previousཉེ་བའི་རིན་ཆེན་བདུན།next