Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབྱངས་བདུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབྱངས་བདུན།next

དབྱངས་བདུན།


GTN003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དབྱངས་བདུན་ནི། གུར་གྱི་རྒྱུད་ལས། དྲུག་ལྡན་གྱི་རྗེས་སུ་འགྲོ་བའི་གླུ་དང་། དྲང་སྲོང་གི་རྗེས་སུ་འགྲོ་བའི་གླུ་དང་། ས་འཛིན་གྱི་རྗེས་སུ་འགྲོ་བའི་གླུ་དང་། བར་མའི་རྗེས་སུ་འགྲོ་བའི་གླུ་དང་། ལྔ་པའི་རྗེས་སུ་འགྲོ་བའི་གླུ་དང་། བློ་གསལ་བའི་རྗེས་སུ་འགྲོ་བའི་གླུ་དང་། འཁོར་ཉན་གྱི་རྗེས་སུ་འགྲོ་བའི་གླུ་དང་། གཞུགས་ལ་དལ་བར་བྱེད་པ་དང་། མྱུར་བར་རབ་ཏུ་ཕྱེ་བ་དང་། དྲག་པོ་རབ་ཏུ་ཕྱེ་བ་དང་། ལྷུག་པར་རབ་ཏུ་ཕྱེ་བ་དང་། ཕྱེད་བཅག་རབ་ཏུ་ཕྱེ་བ་དང་། དེ་རྣམས་རྣམ་པར་བསྲེག་པ་དང་། ཆགས་པ་གཉིས་མངོན་པར་འདུ་བྱ་བ་དང་། གསུམ་ཆགས་པར་སོ་སོར་ཕྱེད་པ་དང་། གྲེ་ཕུག་འབའ་ཞིག་ཙམ་དུ་བསྡམས་ཏེ་མནན་པ་དང་། སྐན་འབའ་ཞིག་ཙམ་དུ་བསྡམས་ཏེ་མནན་པ་དང་། ལྕེ་མནན་པ་དང་། སོ་མནན་པ་རྣམས་ནི་ཀླུའི་ནོར། ཞེས་རྩ་བའི་གླུ་བདུན་ཡན་ལག་གི་གླུ་བཅུ་གཉིས་སུ་གསུངས་པ་དང་། རྩ་བའི་གླུ་བདུན་འདི་དང་ཕྱོགས་མཚུངས་པ། འཆི་མེད་མཛོད་ལས་ཀྱང་། འཁོར་བསྟན་དྲང་སྲོང་ས་འཛིན་དང་། །དྲུག་སྐྱེས་བར་མ་བློ་གསལ་དང་། །ལྔ་པ་ཞེས་བྱ་{དབྱངས་}བདུན་པོ་འདི། །རྒྱུད་དང་མགྲིན་ལས་སྐྱེད་པའི་དབྱངས། །ཞེས་དང་། དྲུག་ལས་སྐྱེད་པ་རྨ་བྱའི་དབྱངས། །བ་ལང་དགའ་དབྱངས་རི་ཥི་བྷ། །གནྡྷ་རྦ་ནི་ར་སྐྱེའི་སྒྲ། །ཁྲུང་ཁྲུང་བར་མའི་དབྱངས་སུ་སྒྲོགས། །མེ་ཏོག་ཐུན་མོང་སྐྱེས་པའི་ཚེ། །རྟ་ནི་བློ་གསལ་དབྱངས་སུ་འཚེར། །འཁོར་སྙན་པ་ནི་གླང་


GTN003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྒྲ། །རྨ་བྱ་ལ་སོགས་དེ་དག་རྣམས། །མྱོས་པའི་ཚེ་ན་ལྔ་བར་སྒྲོག །ཅེས་དང་། སྣ་དང་མགྲིན་པ་བྲང་དང་རྐན། །ལྕེ་དང་སོ་རྣམས་ལ་བརྟེན་ནས། །དྲུག་པོ་དག་ལས་ཡོངས་སྐྱེས་པས། །དེ་ཕྱིར་དྲུག་ལས་སྐྱེས་ཞེས་བྱ། །རྣམ་པ་ཀུན་ཏུ་སེམས་འཇུག་ཕྱིར། །།ཆ་ཤས་འཛིན་ཞིང་གནྡྷ་རྦའི། །ཡུལ་ལས་ལོན་ཕྱིར་གནྡྷ་རྦ། །བར་མ་ཞེས་བྱའི་འདྲེན་པ་ལས། །བྱུང་བ་བར་མ་ཞེས་སུ་གྲགས། །འབྱུང་བ་ལྔ་ཡི་རྫོགས་བྱེད་པས། །དེས་ན་ལྔ་པ་ཞེས་སུ་སྨྲ། །བློ་གསལ་རྣམས་ཀྱིས་བྱས་པའི་ཕྱིར། །བློ་གསལ་ཞེས་ནི་ཤེས་པར་བྱ། །གང་ཕྱིར་དབྱངས་རྣམས་འདྲེན་གྱུར་པ། །དེ་ཡི་ཕྱིར་ན་བྐ་དང་། །ཞེས་བཤད་ལ། འགྲེལ་བ་འདོད་འཇོར་ཡང་། རྒྱུད་ལས་བྱུང་བ། མགྲིན་པ་ལས་བྱུང་བའི་སྒྲ་ནི་འཁོར་ཉན་ལ་སོགས་པ་རྣམས་སོ། །ཞེས་དང་། ཐུབ་པ་མེས་བྱིན་གྱི་བུས། རྨ་བྱའི་སྒྲོག་པ་དྲུག་སྐྱེད་དེ། །བ་ལང་སྐད་ནི་ཁྱུ་མཆོག་ཅེས། །ས་འཛིན་སྐྱེས་ནི་ར་ཡི་སྟེ། །ཁྲུང་ཁྲུང་སྐད་ནི་བར་མའོ། །མེ་ཏོག་བདོ་བའི་དུས་སུ་ནི། །ཁུ་བྱུག་སྒྲོག་པ་ལྔ་པ་སྟེ། །བློ་ལྡན་སྐྱེས་ནི་རྟ་ཡི་སྐད། །འཁོར་ཉན་གླང་པོའི་སྒྲ་ཡིན་ནོ། །ཞེས་འབྱུང་ལ། དེ་རྣམས་དུས་གང་དང་གང་གི་ཚེ་བླངས་པ་ནི། སྔོན་གྱི་གཙུག་ལག་ལས། རྩེ་མོ་རློམ་པར་བླངས་པ་ནི། །ལྔ་པ་དང་ནི་བར་མའི་དབྱངས། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་ཉན་དབྱངས། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལས། །བློ་གསལ་དབྱིངས་ནི་བླང་བར་བྱ། །ཞེས་སློབ་དཔོན་ཡེ་ཤེས་རྡོ་རྗེས་


GTN003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལང་གཤེགས་ཀྱི་གླེང་གཞིའི་འགྲེལ་པར་དྲངས་པ་ལྟར། གཞོན་ནུ་མའི་ཚོགས་དང་རྩེ་ཞིང་རོལ་པ་དང་རློམ་སེམས་ཀྱི་ཚུལ་དང་མཐུན་པར་བསྟན་པའི་ཚེ། ལྔ་པ་ཁུ་བྱུག་གི་སྒྲ་ལྟ་བུ་དང་། བར་མ་ཁྲུང་ཁྲུང་གི་སྐད་ལྟར་བླང་ངོ་། །གཞན་ནི་དྲག་པོའི་ཚུལ་གྱིས་ཚར་གཅོད་པ་དང་། ངོ་མཚར་གྱི་ཁྱད་པར་སྟོན་པའི་ཚེ། དེ་དང་མཐུན་པར་དྲུག་སྐྱེས་རྨ་བྱའི་སྐད་ལྟ་བུ་དང་། ཁྱུ་མཆོག་བ་ལང་གི་སྐད་ལྟ་བུར་བླང་ངོ་། །ཡང་སྙིང་རྗེའི་ཉམས་དང་ལྡན་པའི་ཚེ། དེ་དང་མཐུན་པ་ས་འཛིན་ནི། དྲི་འཛིན་ཏེ་རའི་སྐད་ལྟར་དང་། འཁོར་ཉན་གླང་པོའི་སྒྲ་ལྟར་བླང་ངོ་། །རྩོད་པའི་འཁོར་ལོ་གཤོམ་པ་ལྟ་བུ་འཐབ་མོ་འཇིགས་པ་དང་བཅས་པའི་ཚེ། དེ་དང་མཐུན་པའི་གླུ་བློ་གསལ་ཞེས་པ་ཅང་ཤེས་རྟའི་སྐད་འཚེར་བ་ལྟར་བླང་བར་བྱ་བ་ཡིན་ནོ། །དེ་ལ་སོགས་པ་གླུ་དབྱངས་ཀྱི་རྣམ་པ་མང་པོ་དྲང་སྲོང་བྷ་ར་ཏ་དང་། བི་ཤ་ཁི་ལའི་གཞུང་ལས་བཤད་ཅེས་འབྱུང་ཞིང་། གཞན་ཡང་དབྱངས་བདུན་གྲོང་གསུམ་དང་། །རྒྱལ་བ་ཉི་ཤུ་རྩ་གཅིག་དང་། །ཏ་ན་བཞི་བཅུ་དགུ་རྣམས་ཏེ། །དབྱངས་ཀྱི་དཀྱིལ་འཁོར་དེ་ཙམ་མོ། །ཞེས་སོགས་འབྱུང་ཡང་མ་སྤྲོས་སོ། ། ༢༩༜ བྱང་གླིང་གི་བློན་པོ་རིན་པོ་ཆེའི་མདུན་དུ་གར་མ་ལྗང་གུ་རྣམ་འགྱུར་བརྗོད་ཀྱིས་མི་ལང་བའི་གར་རྩེ་བ་ཕྱག་གཉིས་རྡོ་རྗེ་རྩེ་གསུམ་པ་བསྣམས་པ་སྟེ། རང་བཞིན་གཅིག་ཉིད་དུ་མའི་ཚུལ་བསྒྱུར་ནས། །འགྲོ་བའི་དགའ་བསྐྱེད་གར་གྱིས་མཆོད་པ་ཡིས། །ཞེས་པ་སྟེ། དེ་ཡང་གར་གྱི་ཆ་བྱད་དགུ་ནི་ཤྲྀངྒ་ཞེས་པ་སྒེག་པ་སྟེ། བུད་མེད་སྐྱེད་ཚལ་སོགས་ལ་རྩེ་ཞིང་རོལ་པ་ལོངས་སྤྱོད་ཀྱི་འབྱོར་པ་


GTN003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ངོ་མཚར་བའི་ལྟད་མོ་མཐོང་བས་དགའ་བའི་འབྱོར་པ་མྱོང་བའི་འཆོར་སྒེག་སྟེ། མཆོག་གི་རང་བཞིན་མང་པོ་ཅན། །དེ་ནི་སྐྱེ་བ་བུད་མེད་རྒྱུ། །ལོངས་སྤྱོད་དང་ནི་ལྟད་མོ་སྟེ། །སྒེག་པ་རྣམ་པར་གཉིས་སུ་འདོད། །ཅེས་འདོད་འཇོར་དྲངས་པ་ཝི་ར་ཞེས་པ་དཔའ་བ་ནི་སྦྱིན་པ་དང་། ཆོས་དང་། གཡུལ་དང་དཔའ་བ་སྟེ་སྤྲོ་བའི་བདག་ཉིད་དོ། །ཀཱ་རུ་ཎ་ཞེས་པ་སྙིང་རྗེ་ནི་འདོད་པ་ཉམས་པ་དང་ནོར་ཉམས་པ་སོགས་སྡུག་བསྔལ་གྱིས་ཉེ་བར་གདུང་བ་ལས་སྐྱེས་པའི་ཉམས་སོ། །ཨརྦྷུ་ར་ཞེས་པ་རྨད་བྱུང་ངམ་རྔམས་པ་ནི། ཡུལ་བཟང་པོ་དང་འཁྲུལ་པའི་རྣམ་འགྱུར་སྣ་ཚོགས་མཐོང་བས་སྙིང་ལ་འདོད་པའི་འབྱོར་པ་ཐོབ་པ་ལས་འབྱུང་བའོ། །ཧཱ་རྒྱ་ཞེས་པ་རྒོད་པ་ནི། སྦ་བར་བྱ་བའི་གནས་མཐོང་བའམ་ཚོགས་སུ་སྒྲོགས་པར་མིང་འོས་པ་ཐོས་པ་ལ་སོགས་པའི་དགོད་བྲོ་བའི་ཉམས་སོ། །བྷཱ་མ་ན་ག་ཞེས་པ་འཇིགས་རུང་གི་ཉམས་ནི་སྲིན་པོ་དང་སྟག་གཟིག་སོགས་མཐོང་བའམ་མི་བཟད་པའི་སྒྲ་ཐོས་པས་སྐྲག་པ་ལ་སོགས་ལས་སྐྱེད་པའི་ཉམས་སོ། །བཱི་བྷརྦ་ཞེས་མི་སྡུག་པའི་ཉམས་ནི། གཟུགས་ངན་པ་དང་ཤ་རུས་པ་སོགས་སྨད་པའི་གནས་མཐོང་ཐོས་སྐྱུག་བྲོ་ཉམས་སྐྱེས་པའོ། །རཱུ་ཏྲ་ཞེས་པ་དྲག་ཤུལ་གྱི་ཉམས་ནི། ལུས་ངག་གི་སྤྱོད་པ་དྲག་པོས་སྤྱོད་ཅིང་བརྡེག་པ་སོགས་ཁྲོ་བོ་ཉེ་བར་བསྡུད་པའི་ཉམས་སོ། །ཤནྟ་ཞེས་པ་ཞི་བའི་ཉམས་ནི། དཀའ་ཐུབ་དང་བརྟུལ་ཞུགས་ལ་སོགས་པས་བདག་ཉིད་ལ་ཕན་པའི་རྒྱུ་བྱེད་པ་སྟེ། སྒེག་པའི་ཉམས་ཀྱི་རྗེས་སུ་འབྱུང་ངོ་། །དེ་ལྟར་ཡང་རིན་པོ་ཆེའི་མཛོད་ལས། སྒེག་པ་དཔའ་བ་


GTN003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྡུག་པ། །དྲག་ཤུལ་དགོད་དང་འཇིགས་སུ་རུང་། །སྙིང་རྗེ་རྔམས་དང་ཞི་བ་སྟེ། །དེ་རྣམས་གར་གྱི་ཉམས་དགུའོ། །ཞེས་གསུངས་ཤིང་གཞན་དུ་ཉམས་བཅུར་བཤད་པའང་སྣང་ངོ་། ། ༣༠༜ ཤར་ལྷོའི་གླང་པོ་རིན་པོ་ཆེའི་མདུན་དུ་མེ་ཏོག་མ་སེར་མོ་མེ་ཏོག་གི་ཟ་མ་ཏོག་ཕྱག་གཡོན་པས་འཛིན་ཅིང་གཡས་མེ་ཏོག་གི་ཆར་འབེབས་པ། ༣༡༜ ལྷོ་ནུབ་ཀྱི་རྟ་མཆོག་རིན་པོ་ཆེའི་མདུན་དུ་བདུག་སྤོས་མ་དཀར་མོ་ཕྱག་གཉིས་རྡོ་རྗེ་རྩེ་ལྔ་པའི་མཚན་པའི་སྤོས་སྣོད་བསྣམས་པ། དེ་བཞིན་གཤེགས་པ་རྣམས་ཚིམ་པར་མཛད། ༣༢༜ ནུབ་བྱང་གི་དམག་དཔོན་རིན་པོ་ཆེའི་མདུན་དུ་སྣང་གསལ་མ་དཀར་དམར་ཕྱག་གཉིས་མར་མེའི་སྡོང་བུ་འཛིན་པས་དེ་བཞིན་གཤེགས་པ་རྣམས་སྣང་བའི་ཚོགས་ཀྱིས་མཆོད་པར་མཛད་པ། ༣༣༜ བྱང་ཤར་གཏེར་བུམ་གྱི་མདུན་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་བསྣམས་ཤིང་དྲིའི་སྤྲིན་གྱིས་དེ་བཞིན་གཤེགས་པ་རྣམས་མཆོད་པར་མཛད་པ་སྟེ། དེས་མཚོན་ཏེ་རྡོ་རྗེའི་པི་ཝཾ་མ་སྐད་ཀྱི་རྣམ་འགྱུར་བརྗོད་ཀྱིས་མི་ལང་པའི་པི་ཝཾ་རྡུང་བ། རྡོ་རྗེ་གླིང་བུ་མ་ལག་གི་སྦྱོར་བའི་འགྱུར་ཁུག་གི་གླུ་ལེན་པ། རྡོ་རྗེ་རྔ་ཟླུམ་མ་རྔ་གྲྀ་ཏཾ་གེ་ལ་ལག་གཉིས་ཀྱིས་བསྣོལ་མར་བརྡུང་བ། རྡོ་རྗེ་རྫ་རྔ་མ་སོ་སོར་རྣམས་ཀྱིས་མཆན་ཁུང་གི་ཐད་དུ་རྫ་རྔའི་སྒྲ་བསྐྱེད་པ། རྡོ་རྗེ་གཟུགས་མ་དངུལ་དཀར་ཞུན་མའི་མེ་ལོང་ཐོགས་པ། རྡོ་རྗེ་རེག་བྱ་མ་རིན་
ཐང་དང་བྲལ་བའི་ལྷའི་གོས་པཉྩ་ལི་ཀ་ཐོགས་པ། རྡོ་རྗེ་རོ་མ་རོ་བརྒྱའི་བཅུད་དང་ལྡན་པའི་ཞལ་ཟས་འཛིན་པ། ཆོས་ཀྱི་རྡོ་རྗེ་མ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་འཛིན་པ་སོགས་དང་། གཞན་ཡང་རྔ་སྦུབ་སིལ་ཤང་འཁར་རྔ་དུང་ལ་སོགས་པ་རོལ་མོའི་བྱེ་བྲག་བཅོ་བརྒྱད་ཀྱི་སྐད་རིགས་སྣ་ཚོགས་སུ་སྒྲོགས་པ་འབུད་དཀྲོལ་བརྡུང་སྒྲེང་ལ་སོགས་པའི་ལས་ལ་དགོས་པའི་མཆོད་པའི་ལྷ་མོ་ནམ་མཁའ་ཁེངས་པ་ཙམ་སྤྲོས་པས་ཆོག་ལ། དེ་དག་ཐམས་ཅད་ཀྱང་བཅུ་དྲུག་ལོན་པའི་ན་ཚོད་ཅན་དུ་མཛེས་ཤིང་ཡིད་དུ་འོང་བའི་མཆོད་ཡུལ་གྱི་དབང་པོའི་གནས་སོ་སོར་དགྱེས་པ་ཁྱད་པར་ཅན་སྐྱེད་པར་བྱེད་པའོ། ། ༣༤༜ ཡང་ཤར་ནུབ་ཀྱི་སྒེག་མོ་དང་གླུ་མའི་མདུན་དུ་ཚོམ་བུ་འགོད་ལ་ཉི་མ་ཟླ་བ་ཞེས་པས། ཤར་གླིང་གི་སྒེག་པ་མའི་མདུན་གྱི་སྟེང་གི་ནམ་མཁར་མེ་ཤེལ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་འོད་འབར་བ།


previousདབྱངས་བདུན།next